Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 027_ཉི་ཁྲི།_ཁ
Văn bản gốc(Tây Tạng)
Trang 21 / 24 (50.000 ký tự/trang)
ས་ཉིད་ཀྱང་མི་དམིགས་ན། གཟུགས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་མི་དམིགས། རྣམ་པར་ཤེས་པའི་ དེ་བཞིན་ཉིད་མི་དམིགས་ཏེ། རྣམ་པར་ཤེས་པ་ཉིད་ཀྱང་མི་དམིགས་ན། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་མི་དམིགས། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་མི་ དམིགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱང་མི་དམིགས་ན། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ དང་འཕགས་པའི་བདེན་པ་དང་། བསམ་གཏན་དང་ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་ མེད་པ་དང་། མངོན་པར་ཤེས་པ་དང་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མི་དམིགས། སངས་རྒྱས་ཀྱི་ཆོས་ མ་འདྲེས་པའི་དེ་བཞིན་ཉིད་མི་དམིགས་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་ཀྱང་མི་དམིགས་ན། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་དམིགས། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མི་དམིགས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏི་བུ་དེ་དེ་བཞིན་ནོ། །དེ་དེ་ བཞིན་ཏེ་དེ་བཞིན་ཉིད་འདི་ནི་ཟབ་པ་སྟེ། དེ་ལ་གཟུགས་མི་དམིགས་གཟུགས་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། གཟུགས་ཉིད་ཀྱང་མི་དམིགས་ན། གཟུགས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་ པར་ཤེས་པ་རྣམས་མི་དམིགས། རྣམ་པར་ཤེས་པའི་དེ་བཞིན་ཉིད་མི་དམིགས་ཏེ། རྣམ་པར་ཤེས་པ་ཉིད་ཀྱང་མི་དམིགས་ན། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་མི་དམིགས་ རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་མི་དམིགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱང་མི་དམིགས་ན། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་སྟོང་པ་ཉིད་ ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མི་དམིགས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཉིད་ཀྱང་མི་དམིགས་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ ག་ལ་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་དམིགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་མི་དམིགས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མི་དམིགས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་ དམིགས་པར་ག་ལ་འགྱུར། དེ་བཞིན་ཉིད་དང་མ་ནོར་བ་དེ་བཞིན་ཉིད་དང་གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་ལེའུ་འདི་བཤད་པའི་ཚེ། དགེ་སློང་ཉིས་བརྒྱ་ཉེ་བར་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་མ་ལྔ་བརྒྱ་ནི་ཆོས་རྣམས་ལ་ཆོས་ཀྱི་ མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །བྱང་ཆུབ་སེམས་དཔའ་ལྔ་སྟོང་དང་། ལྷ་དང་མི་རྣམས་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་བོ། །བྱང་ཆུབ་སེམས་དཔའ་ཡོངས་སུ་ཉམ་པའི་ཆོས་ཅན་དྲུག་ཅུ་ནི་ཉེ་བར་ལེན་པ་མེད་པར་ཟག་པ་ལས་སེམས་ རྣམ་པར་གྲོལ་ཏེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ནི་སངས་རྒྱས་ལྔ་བརྒྱ་བསྙེན་བཀུར་ཏེ། ཐམས་ཅད་དུ་ཡང་སྦྱིན་པ་བྱིན། ཚུལ་ཁྲིམས་བསྲུངས་བཟོད་པ་བསྒོམས། བརྩོན་འགྲུས་བརྩམས། བསམ་གཏན་ བསྒྲུབས། ཤེས་རབ་བསྒོམས་ཀྱང་དེ་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་ཡོངས་སུ་མ་བཟུང་ཞིང་ཐབས་མཁས་པས་ཡོངས་སུ་མ་བཟུང་བས་སྦྱིན་པ་བྱིན་ཏོ། །འདི་ནི་སྦྱིན་པའོ། །འདི་ལ་བདག་གིས་སྦྱིན་པར་བྱའོ། །འདི་ནི་ཚུལ་ཁྲིམས་སོ། །བདག་གིས་ནི་ བསྲུང་བར་བྱའོ། །འདི་ནི་བཟོད་པའོ། །བདག་གིས་ནི་བསྒོམ་པར་བྱའོ། །འདི་ནི་བརྩོན་འགྲུས་སོ། །བདག་གིས་ནི་བརྩམ་པར་བྱའོ། །འདི་ནི་བསམ་གཏན་ནོ། །བདག་གིས་ནི་མཉམ་པར་གཞག་པར་བྱའོ་འདི་ནི་ཤེས་རབ་བོ་བདག་གིས་ནི་བསྒོམ་པར་བྱའོ། ཞེས་ ཐ་དད་པར་སྤྱོད་པས་དེ་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་བྲལ་ཞིང་ཐབས་མཁས་པས་ཡོངས་སུ་མ་བཟུང་བར་སྦྱིན་པ་གཏོང་། ཚུལ་ཁྲིམས་སྲུང་། བཟོད་པ་སྒོམ། བརྩོན་འགྲུས་རྩོམ། བསམ་གཏན་ལ་མཉམ་པར་གཞོག་ཤེས་རབ་ལ་གོམས་པར་བྱེད་ཅིང་། དེ་དག་ འདུ་ཤེས་སྣ་ཚོགས་ཀྱིས་སྤྱོད་པས་ཐ་མི་དད་པས་མ་དམིགས་པའི་ཕྱིར། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་མ་ཞུགས་སོ། །དེ་དག་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་མ་ཞུགས་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ། དགྲ་བཅོམ་པ་ཉིད་ཀྱི་བར་དུ་ཐོབ་བོ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་སྟོང་པ་ཉིད་དམ་མཚན་མ་མེད་པའམ་སྨོན་པ་མེད་པ་ཡོད་མོད་ཀྱི། དེ་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་བྲལ་ཞིང་ཐབས་མཁས་པས་ཡོངས་སུ་མ་བཟུང་ན་ཡང་དག་པའི་མཐའ་ མངོན་དུ་བྱས་ནས། ཉན་ཐོས་སམ། རང་སངས་རྒྱས་སུ་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་སྟོང་པ་ཉིད་དང་མཚན་མ་མ་མཆིས་པ་དང་། སྨོན་པ་མ་མཆིས་པའི་ཆོས་དེ་དག་ཉིད་ལ་བསྒོམ་དུ་འདྲ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་ བྲལ་ཞིང་ཐབས་མཁས་པ་དང་བྲལ་བ་རྣམས་ནི་ཡང་དག་པའི་མཐའ་སྔོན་དུ་བགྱིས་ཤིང་ཉན་ཐོས་དང་། རང་སངས་རྒྱས་སུ་འགྱུར་ལ། བྱང་ཆུབ་སེམས་དཔའ་ཐབས་མཁས་པས་ཡོངས་སུ་བཟུང་བ་དག་ནི། སྟོང་པ་ཉིད་དང་མཚན་མ་མ་མཆིས་པ་དང་ སྨོན་པ་མ་མཆིས་པའི་ཆོས་དེ་དག་ཉིད་ལ་བསྒོམ་དུ་བས་ཀྱང་། ཐབས་མཁས་པ་ལ་རྟེན་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ ལ་ཁ་ཅིག་རྣམ་པ་ཐམས་ཅད་མཁྱེན་པའི་སེམས་དང་བྲལ་བ། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་འབའ་ཞིག་བསྒོམ་པ་ནི་ཐབས་མཁས་པ་མ་ཐོབ་པས་ཉན་ཐོས་དང་། རང་སངས་རྒྱས་སུ་འགྱུར་རོ། །ཤ་ར་དྭ་ ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བ་རྣམས་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་རྣམས་ལ་སྒོམ་ཞིང་ཐབས་མཁས་པ་ཐོབ་པས་བྱང་ཆུབ་སེམས་དཔའི་སྐྱོན་མེད་ པར་འཇུག་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན། བྱ་ཞིག་ལ་ལུས་དཔག་ཚད་བརྒྱ་པའམ། དཔག་ཚད་ཉིས་བརྒྱ་པ་འམ་དཔག་ཚད་སུམ་བརྒྱ་པའམ། དཔག་ཚད་ བཞི་བརྒྱ་པ་འམ། དཔག་ཚད་ལྔ་བརྒྱ་པ་ཞིག་ཡོད་ལ། དེ་སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་ནས་འདིར་འོང་བར་འདོད་ལ། བྱ་དེ་ལ་ཡང་འདབ་མ་མེད་པ་ཞིག་སྟེ། དེ་འཛམ་བུའི་གླིང་དུ་གནས་སོ་སྙམ་ནས། སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་ནས་བདག་ཉིད་ མཆོངས་ཏེ། གལ་ཏེ་བྱ་དེས་ལམ་ནས་ག་རེ་བདག་གིས་སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་སུ་གནས་པར་བྱའོ་སྙམ་དུ་བསམས་ན། ཤ་ར་དྭ་ཏའི་བུ་དེ་ལ་ཇི་སྙམ་དུ་སེམས། བྱ་དེས་ཕྱིར་སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་སུ་གནས་པར་ནུས་སམ་གསོལ་པ། བཅོམ་ ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་ལམ་ནས་འདི་སྙམ་དུ་མ་ལ་བདག་གིས་ཅི་ནས་ཀྱང་མ་སྨས་མ་སྣད་པར་འཛམ་བུའི་གླིང་དུ་འདུག་པར་བྱའོ་སྙམ་ན། ཤ་ར་དྭ་ཏིའི་བུ་དེ་ལ་ཇི་སྙམ་དུ་སེམས། བྱ་དེ་འཛམ་བུའི་ གླིང་དུ་མ་སྨས་མ་སྣད་པར་འདུག་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་དེ་ནི་འཛམ་བུའི་གླིང་དུ་ལྷུང་ནས་སྨས་པ་འམ་སྣད་པར་ཡང་འགྱུར། འགུམ་པའམ། གུམ་ལ་ཐུག་པར་སྡུག་བསྔལ་བར་ཡང་ འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ལྟར་ལུས་ཆེ་ལ་འདབ་མ་མ་མཆིས་པ་དེ་ནི་དེ་ལྟར་འགྱུར་དུ་གདོན་མི་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བསྐལ་པ་གང་གཱའི་ཀླུང་གི་བྱེ་ མ་སྙེད་ཏུ་སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་སྲུང་། བཟོད་པ་བསྒོམ། བརྩོན་འགྲུས་རྩོམ། བསམ་གཏན་ལ་མཉམ་པར་གཞོག་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར་དེའི་སྨོན་པ་ཡང་ཆེ། དེའི་ སེམས་བསྐྱེད་པ་ཡང་ཆེ། ཡོངས་སུ་འཛིན་པ་ཡང་ཚད་མེད་དུ་ཟིན་ཀྱང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་བྲལ་ཞིང་ཐབས་མཁས་པས་ཡོངས་སུ་མ་བཟུང་ན་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་ལྟུང་ངོ་། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་ དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མི་ལྡན་པར་སྦྱིན་པ་བྱིན། ཚུལ་ཁྲིམས་བསྲུངས། བཟོད་པ་བསྒོམས། བརྩོན་འགྲུས་བརྩམས། བསམ་གཏན་བསྒྲུབས་པས། བྱང་ཆུབ་སེམས་དཔའ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་བྲལ་ ཞིང་ཐབས་མཁས་པས་ཡོངས་སུ་མ་བཟུང་བའི་ཕྱིར། ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སར་ལྟུང་ངོ་། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་སེམས་ཤིང་འཛིན་ལ་མཚན་མར་བྱེད་ཀྱང་། དེ་བཞིན་གཤེགས་པ་རྣམས་ཀྱི་ཚུལ་ཁྲིམས་མི་ཤེས། ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ ཡེ་ཤེས་གཟིགས་པ་མི་ཤེས་ན། དེ་མི་ཤེས་ཁོང་དུ་མ་ཆུད་པས་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་སྒྲ་ཐོས་ནས་དེ་ནི་དེ་དག་ལ་ཞི་བར་མཚན་མར་འཛིན་ཏེ། དེ་དག་ལ་ཞི་བར་མཚན་མར་བཟུང་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དེ་ལྟར་ཡོངས་སུ་བསྔོ་བའི་བྱང་ཆུབ་སེམས་དཔའ་ནི་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱིས་ལ་གནས་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་ཐབས་ མཁས་པ་དང་བྲལ་བས་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ནི་དེ་ལྟར་འགྱུར་དུ་གདོན་མི་ཟའོ། །ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐོག་མ་སེམས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་རྣམ་པ་ ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ་བར་སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་སྲུང་བ་དང་བཟོད་པ་སྒྲུབ་པ་དང་། བརྩོན་འགྲུས་རྩོམ་པ་དང་བསམ་གཏན་ལ་མཉམ་པར་གཞོག་པ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་ཐབས་མཁས་པ་དང་མ་བྲལ་བ་སྟེ། འདས་པ་ དང་། མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་དེ་ལ་མཚན་མར་མི་བྱེད་དེ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་མཚན་ མར་མི་འཛིན་མཚན་མ་འཛིན། མཚན་མ་མེད་པའི་ཏིང་ངེ་འཛིན་ལ་མཚན་མར་མི་འཛིན། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་མཚན་མར་མི་འཛིན་ན། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་གནས་པར་ མི་འགྱུར་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཐོག་མ་སེམས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྦྱིན་པ་བྱིན་ཡང་མཚན་མར་མ་བཟུང་། ཚུལ་ཁྲིམས་བསྲུངས་ཀྱང་མཚན་མར་མ་བཟུང་ བཟོད་པས་བསྒྲུབས་ཀྱང་མཚན་མར་མ་བཟུང་། བརྩོན་འགྲུས་བརྩམས་ཀྱང་མཚན་མར་མ་བཟུང་། བསམ་གཏན་ལ་མཉམ་པར་གཞག་ཀྱང་མཚན་མར་མ་བཟུང་། ཤེས་རབ་བསྒོམས་ཀྱང་མཚན་མར་མ་བཟུང་། འདས་པ་དང་མ་བྱོན་པ་དང་ད་ལྟར་ བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་མཚན་མར་མ་བཟུང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་སྨོན་པ་མེད་པའི་ཏིང་ངེ་འཛིན་བསྒོམས་ ཀྱང་མཚན་མར་མ་བཟུང་ངོ་། །ཤ་ར་དྭ་ཏིའི་བུ་དེ་ལྟར་ན་མཚན་མ་དང་བྲལ་བའི་སེམས་ཀྱིས། སྦྱིན་པ་ཡོངས་སུ་གཏོང་བ་དང་ཚུལ་ཁྲིམས་སྲུང་བ་དང་བཟོད་པ་སྒྲུབ་པ་དང་། བརྩོན་འགྲུས་རྩོམ་པ་དང་། བསམ་གཏན་ལ་མཉམ་པར་གཞོག་པ་དང་། ཤེས་རབ་ བསྒོམ་པ་དང་། ནང་སྟོང་པ་ཉིད་སྒོམ་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་སྒོམ་པ་དང་། དྲན་པ་ཉེ་བར་གཞག་པ་སྒོམ་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པ་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་སྒོམ་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་ སྙོམས་པར་འཇུག་པ་དགུ་དང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་སྒོམ་པ་དང་མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་ དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་སྒོམ་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྒོམ་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་མཁས་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་ལྔ་བཅུ་པ། གསོལ་པ། བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། ཐབས་མཁས་པ་དང་མ་བྲལ་ན། དེའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཐེ་ཚོམ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་དང་པོ་ བསྐྱེད་པ་ནས་ཉེ་བར་བཟུང་སྟེ། གང་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བའི་གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། སྐྱེ་མཆེད་དམ། ཁམས་སམ། རྟེན་ཅིང་ འབྲེལ་བར་འབྱུང་བའམ། ཕ་རོལ་དུ་ཕྱིན་པ་རྣམས་སམ། སྟོང་པ་ཉིད་རྣམས་སམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སམ། འཕགས་པའི་བདེན་པའམ། བསམ་གཏན་ནམ། ཚད་མེད་པའམ། གཟུགས་མེད་པའི་སྙོམས་པར་འཇུག་པའམ། རྣམ་པར་ ཐར་པའམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པའམ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའམ། མངོན་པར་ཤེས་པའམ། ཏིང་ངེ་འཛིན་ཏམ། གཟུངས་ཀྱི་སྒོ་འམ། དེ་བཞིན་གཤེགས་པའི་སྟོབས་སམ། མི་འཇིགས་པ་འམ། སོ་ སོ་ཡང་དག་པར་རིག་པའམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམ། ཆོས་གང་ཡང་དམིགས་སུ་མ་མཆིས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་ པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། ཐབས་མཁས་པ་དང་བྲལ་བ་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཐེ་ཚོམ་མ་མཆིས་པ་ལགས། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་བྱང་ ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གིས་སྦྱིན་པ་ཅི་དང་ཅི་བཏང་བ་དེ་དག་ཐམས་ཅད་མཚན་མར་བཟུང་སྟེ་བཏང་། དེ་བཞིན་དུ་ཚུལ་ཁྲིམས་གང་དང་གང་བསྲུངས་པ་དང་། བཟོད་པས་ཅི་དང་ཅི་བསྒྲུབས་པ་དང་། བརྩོན་འགྲུས་གང་དང་གང་བརྩམས་པ་དང་། བསམ་གཏན་གང་དང་གང་ལ་མཉམ་པར་བཞག་པ་དང་། ཤེས་རབ་གང་དང་གང་ལ་བསྒོམས་པ་དེ་དག་ཐམས་ཅད་མཚན་མར་བཟུང་སྟེ་བསྒོམས་པས། དེའི་སླད་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཐེ་ཚོམ་མཆིས་པར་རིག་པ་ལགས་སོ། །བཅོམ་ལྡན་འདས་དེའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་རྒྱ་བར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་ཐབས་མཁས་པ་དང་མ་བྲལ་བར་བགྱིའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་ཐབས་མཁས་པ་ལ་གནས་ཏེ། མི་དམིགས་པའི་ཚུལ་གྱིས་མཚན་མ་མེད་པ་དང་ལྡན་པའི་སེམས་ ཀྱིས་སྦྱིན་པ་ཡོངས་སུ་གཏང་བར་བགྱིའོ། །ཚུལ་ཁྲིམས་བསྲུང་བར་བགྱིའོ། །བཟོད་པ་བསྒྲུབ་པར་བགྱིའོ། །བརྩོན་འགྲུས་བརྩམ་པར་བགྱིའོ། །བསམ་གཏན་ལ་མཉམ་པར་གཞག་པར་བགྱིའོ། །ཤེས་རབ་བསྒོམ་པར་བགྱིའོ། །ནང་སྟོང་པ་ ཉིད་ལ་སྤྱད་པར་བགྱིའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སྤྱད་པར་བགྱིའོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱད་པར་བགྱིའོ། །ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱད་པར་བགྱིའོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་སྤྱད་པར་བགྱིའོ། །རྣམ་པར་ཐར་པ་བརྒྱད་དང་། མཐར་ གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ལ་སྤྱད་པར་བགྱིའོ། །དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་ པ་དང་སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སྤྱད་པར་བགྱིའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱད་པར་བགྱིའོ། །དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དེ་ དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱིད་ལ། ཆོས་དེ་དག་ཀྱང་མ་མཆིས་ཤིང་མི་དམིགས་པས། བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འབྱུང་བར་དཀའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ལྷའི་བུ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འབྱུང་བར་དཀའོ། །ལྷའི་བུ་དག་ངས་ཀྱང་ཆོས་ ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དོན་དམ་པར་ན་གང་མངོན་པར་རྫོགས་པར་འཚང་རྒྱ་བའམ། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བའམ། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཆོས་གང་ཡང་མི་ དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དག་ཆོས་ཐམས་ཅད་ཤིན་དུ་རྣམ་པར་དག་པའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ནི་འབྱུང་བར་དཀའོ་ཞེས་གསུངས་པ། བཅོམ་ལྡན་འདས་ཀྱིས་ཇི་ལྟར་གསུངས་པའི་དོན་བདག་གིས་འཚལ་བ་དང་། བདག་སེམས་པ་ལྟར་ན་བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་ རྒྱ་བར་བགྱི་བར་ནི་མི་དཀའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གང་ཡང་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས། གང་གིས་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས། གང་ཡང་མངོན་པར་རྫོགས་པར་འཚང་རྒྱ་ བར་བགྱི་བ་མ་མཆིས་ཏེ། ཆོས་ཐམས་ཅད་ནི་སྟོང་པའོ། །ཆོས་ཐམས་ཅད་སྟོང་པ་ལ་ནི་གང་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བའི་ཆོས་དེ་ལྟ་བུ་མ་མཆིས་སོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་ཆོས་ཐམས་ཅད་ནི་སྟོང་པ་སྟེ། ཆོས་གང་འཕེལ་བར་བགྱི་བའམ། ཡོངས་སུ་འགྲིབ་པར་བགྱི་བའི་སླད་དུ་སྦྱིན་པ་ཡོངས་སུ་གཏང་བའམ། ཚུལ་ཁྲིམས་བསྲུང་བ་འམ། བཟོད་པ་བསྒོམ་པའམ། བརྩོན་ འགྲུས་བརྩམ་པའམ། བསམ་གཏན་ལ་མཉམ་པར་གཞག་པའམ། ཤེས་རབ་བསྒོམ་པའམ། ནང་སྟོང་པ་ཉིད་བསྒོམ་པའམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་བསྒོམ་པ་འམ། དྲན་པ་ཉེ་བར་གཞག་པ་རྣམས་བསྒོམ་པ་འམ། ཡང་ དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ ཀྱི་བར་དུ་བསྒོམ་པའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དོན་དུ་བསླབ་པར་བགྱི་བའི་ཆོས་དེ་དག་ཀྱང་མ་མཆིས་པ་སྟེ། གང་མངོན་པར་རྫོགས་པར་འཚང་རྒྱ་བའམ། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བའམ། གང་མངོན་པར་རྫོགས་ པར་འཚང་རྒྱ་བར་བགྱི་བའི་ཆོས་དེ་དག་ཐམས་ཅད་ཀྱང་སྟོང་པ་སྟེ། བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་སླའོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས་སྟོང་ངོ་། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་རང་བཞིན་གྱིས་སྟོང་ངོ་། །སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་ འབྲེལ་བར་འབྱུང་བ་ནི། རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་གྱིས་སྟོང་ངོ་། །ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་རང་ བཞིན་གྱིས་སྟོང་ངོ་། །འཕགས་པའི་བདེན་པ་དང་བསམ་གཏན་དང་། ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་ པ་མེད་པ་དང་མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་རང་བཞིན་གྱིས་ སྟོང་ངོ་། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་རང་བཞིན་གྱིས་སྟོང་ངོ་། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་རྣམ་གྲངས་ དེས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་དཀའ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་འདི་ལྟར་ནམ་མཁའ་ནི་འདི་སྙམ་དུ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་མི་སེམས་སོ། །ཚེ་དང་ལྡན་པ་རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འདི་སྙམ་དུ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ འཚང་རྒྱ་བར་བྱའོ་སྙམ་དུ་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པའི་ཕྱིར་ཏེ། འོན་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་མོས་ནས་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་མོས་པར་མི་བྱེད་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ འཚང་རྒྱ་བར་སླ་སྟེ། མངོན་པར་རྫོགས་པར་འཚང་རྒྱ་བར་དཀའ་བ་མེད་ན་ནི། བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གི་བྱེ་མ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་ཡང་མི་འགྱུར་རོ། །ཚེ་དང་ལྡན་པ་རབ་འབྱོར་རྣམ་གྲངས་ དེས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ནི་དཀའ་སྟེ། མངོན་པར་རྫོགས་པར་འཚང་རྒྱ་བར་སླ་བ་མ་ཡིན་པར་ཤེས་སོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། གཟུགས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། སྐྱེ་མཆེད་དང་། ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་ པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་ པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། གཟུགས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་ བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལས་གུད་ན། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་ སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་ པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། གཟུགས་ ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྐྱེ་མཆེད་དང་ཁམས་ དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་ བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་མངོན་པར་ ཤེས་པ་དང་། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། གཟུགས་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གུད་ ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྐྱེ་མཆེད་དང་ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་ བུ་ཡོད་དམ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་དང་བསམ་གཏན་དང་ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་ བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་ སེམས། དེ་བཞིན་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། ཆོས་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ལས་ལྡོག་གམ། ཆོས་ཀྱི་དབྱིངས་དང་ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་ རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། ། སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཇི་སྙམ་དུ་སེམས། ཆོས་ཉིད་དང་ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་དེ་ལྟར་བདེན་པའི་ཚུལ་བཞིན་དུ་ཆོས་དེ་དག་མི་དམིགས་ན། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་གང་ ཞིག་ཡོད། སྨྲས་པ་གནས་བརྟན་རབ་འབྱོར་གྱིས་ཆོས་ཀྱི་ཚུལ་དང་རྣམ་པ་དེས་བསྟན་པ་ལྟར་ན། བྱང་ཆུབ་སེམས་དཔའ་གང་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པ་མེད་དེ། དེ་ལྟར་ན་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གསུམ་ དེ་བཞིན་གཤེགས་པས་བསྟན་པའི་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་གསུམ་པོ་དེ་དག་གི་བྱང་ཆུབ་རྣམ་པར་དགོད་པར་ཡང་མི་འགྱུར་ཏེ་ཚེ་དང་ལྡན་པ་རབ་འབྱོར་འདིས་བྱང་ཆུབ་སེམས་དཔའི་ཐེག་པ་བསྟན་པ་ལྟར་ན། འདི་ལྟ་སྟེ། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ནི་སངས་རྒྱས་ཀྱི་ཐེག་པ་པ་གཅིག་པུར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་བྱམས་གང་གི་བུས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གནས་བརྟན་རབ་འབྱོར་འདི་བྱང་ཆུབ་སེམས་དཔའ་ གཅིག་ཏུ་ཡང་འདོད་དམ། གནས་བརྟན་རབ་འབྱོར་འདི་ལ་དྲི་དགོས་སོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཐེག་པ་པ་འདོད་དམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་ཐེག་པ་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་དང་། སངས་རྒྱས་ཀྱི་ཐེག་པ་པ་དང་། བྱང་ཆུབ་སེམས་དཔའ་གསུམ་དུ་འདོད་དམ། སྨྲས་པ། ཚེ་དང་ ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་གསུམ་དུ་དམིགས་སམ་སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྒྱུ་གཅིག་གམ། རྒྱུ་ གཉིས་སམ། རྒྱུ་གསུམ་གྱིས་དེ་བཞིན་ཉིད་དམིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་གཅིག་ཀྱང་ཡང་དག་པར་རྗེས་སུ་མཐོང་ངམ། སྨྲས་པ་ཚེ་དང་ལྡན་པ་ རབ་འབྱོར་དེ་ནི་མ་ཡིན་ནོ། །དེ་ལྟར་བདེན་པའི་ཚུལ་བཞིན་དུ་ཆོས་དེ་དག་མི་དམིགས་ན། ཅི་ལས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་འདི་ནི་ཉན་ཐོས་ཀྱི་ཐེག་པ་པའོ། །བྱང་ཆུབ་སེམས་དཔའ་འདི་ནི་རང་སངས་རྒྱས་ཀྱི་ཐེག་པ་པའོ། བྱང་ཆུབ་སེམས་དཔའ་འདི་ནི་སངས་རྒྱས་ཀྱི་ཐེག་པ་པའོ། །ཞེས་བྱ་བར་སེམས་པར་གྱུར། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱིས་བྱེ་བྲག་མེད་པར་རབ་ཏུ་ཕྱེ་བ་ལ། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སེམས་མི་འཇུམ་ཞིང་། འགོང་བ་མེད་ལ། ཡིད་ལ་འགྱོད་པ་མེད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །འདི་ལྟར་སངས་རྒྱས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕྱིར་ཁྱོད་ཀྱི་ཚིག་བརྗོད་པ་ལེགས་པར་སྦོབས་སོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་བྱེ་བྲག་མེད་པར་རབ་ཏུ་ཕྱེ་བ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་འཇུམ་ཞིང་འགོང་བ་མེད་ལ། ཡིད་ལ་འགྱོད་པ་མེད་ཅིང་། མི་འཇིགས་མི་སྡང་སྐྲག་པར་མི་འགྱུར་ན། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟ་བུའི་ཆོས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་གང་གིས་འབྱུང་བར་འགྱུར། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འབྱུང་བར་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འབྱུང་བར་འཚལ་བའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཇི་ལྟར་གནས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དུ་གནས་པར་བྱའོ། །སེམས་ཅན་ཐམས་ཅད་ལ་མཉམ་ པའི་སེམས་བསྐྱེད་པར་བྱ་སྟེ། མི་མཉམ་པའི་སེམས་བསྐྱེད་པར་མི་བྱའོ། །སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ཀྱིས་དམིགས་པར་བྱ་སྟེ། མི་མཉམ་པའི་སེམས་ཀྱིས་དམིགས་པར་མི་བྱའོ། །སེམས་ཅན་ཐམས་ཅད་ལ་བྱམས་པ་ཆེན་ པོ་དང་། སྙིང་རྗེ་ཆེན་པོ་བསྐྱེད་པར་བྱའོ། །སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་དམིགས་པར་བྱ་སྟེ། བརླང་བའི་སེམས་ཀྱིས་དམིགས་པར་མི་བྱའོ། །སེམས་ཅན་ཐམས་ཅད་ལ་ང་རྒྱལ་མེད་པར་བྱའོ། །སེམས་ཅན་ཐམས་ཅད་ ལ། གཡོ་མེད་པར་བྱའོ། །སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་བསྐྱེད་པར་བྱ་སྟེ། གནོད་པའི་སེམས་བསྐྱེད་པར་མི་བྱའོ། །སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་ཀྱིས་དམིགས་པར་བྱ་སྟེ། གནོད་པའི་སེམས་ཀྱིས་དམིགས་པར་ མི་བྱའོ། །སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་སེམས་བསྐྱེད་པར་བྱ་སྟེ། ཁོང་ཁྲོ་བའི་སེམས་མི་བསྐྱེད་དོ། །སེམས་ཅན་ཐམས་ཅད་ལ་མི་འཚེ་བའི་སེམས་བསྐྱེད་པར་བྱ་སྟེ། འཚེ་བའི་སེམས་མི་བསྐྱེད་དོ། །སེམས་ཅན་ཐམས་ཅད་ལ་མི་འཚེ་ བའི་སེམས་ཀྱིས་དམིགས་པར་བྱ་སྟེ། འཚེ་བའི་སེམས་ཀྱིས་དམིགས་པར་མི་བྱའོ། །སེམས་ཅན་ཐམས་ཅད་ལ་མའི་སེམས་དང་། ཕའི་སེམས་དང་། ཕུ་ནུའི་སེམས་དང་། སྲིང་མོའི་སེམས་དང་། གྲོགས་པོ་དང་། གཉེན་པ་དང་རུས་ གཅིག་པའི་སེམས་བསྐྱེད་པར་བྱའོ། །སེམས་ཅན་ཐམས་ཅད་ལ་མ་དང་ཕའི་སེམས་དང་། ཕུ་ནུ་དང་སྲིང་མོའི་སེམས་དང་། གྲོགས་པོ་དང་གཉེན་པ་དང་། རུས་གཅིག་པའི་སེམས་ཀྱིས་དམིགས་པར་བྱའོ། །བདག་གིས་ཀྱང་སྲོག་གཅོད་པ་སྤང་བར་བྱ། གཞན་ ཡང་སྲོག་གཅོད་པ་སྤང་བ་ལ་ཡང་དག་པར་བསྐུལ་བར་བྱ། སྲོག་གཅོད་པ་སྤངས་པའི་ལེགས་པ་བརྗོད་པར་བྱ། གཞན་གང་གིས་སྲོག་གཅོད་པ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་མ་བྱིན་པར་ལེན་པ་སྤང་བར་བྱ། གཞན་ཡང་མ་བྱིན་པར་ལེན་པ་སྤང་བ་ལ་ཡང་དག་པར་བསྐུལ་བར་བྱ། མ་བྱིན་པར་ལེན་པ་སྤང་བའི་ལེགས་པ་བརྗོད་པར་བྱ། གཞན་གང་གིས་མ་བྱིན་པར་ལེན་པ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་འདོད་ པས་ལོག་པར་གཡེམ་པ་སྤང་བར་བྱ། གཞན་ཡང་འདོད་པས་ལོག་པར་གཡེམ་པ་སྤང་བ་ལ་ཡང་དག་པར་བསྐུལ་བར་བྱ། འདོད་པས་ལོག་པར་གཡེམ་པ་སྤང་བའི་ལེགས་པ་བརྗོད་པར་བྱ། གཞན་གང་གིས་འདོད་པས་ལོག་པར་གཡེམ་པ་སྤངས་པ་དེ་དག་གིས་ ལེགས་པ་བརྗོད་ཅིང་། འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཞེ་གཅོད་པ་དང་། ཚིག་ཀྱལ་བ་དང་། ཆགས་སེམས་དང་གནོད་སེམས་དང་། ལོག་པར་ལྟ་བ་སྤང་བར་བྱ། གཞན་ཡང་ལོག་པར་ལྟ་བ་སྤང་བ་ལ་ཡང་ དག་པར་བསྐུལ་བར་བྱ། ལོག་པར་ལྟ་བ་སྤོང་བའི་ལེགས་པ་བརྗོད་པར་བྱ། གཞན་གང་གིས་ལོག་པར་ལྟ་བ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་མི་དམིགས་པའི་ཚུལ་གྱིས་གནས་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདག་གིས་ཀྱང་བསམ་གཏན་དང་པོ་ལ་མཉམ་པར་ གཞག་པར་བྱ། གཞན་ཡང་བསམ་གཏན་དང་པོ་ལ་ཡང་དག་པར་བསྐུལ་བར་བྱ། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པའི་ལེགས་པ་བརྗོད་པར་བྱ། གཞན་གང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པར་བརྗོད་ཅིང་ འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་བསམ་གཏན་གཉིས་པ་དང་། བསམ་གཏན་གསུམ་པ་དང་། བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པར་བྱ། གཞན་ཡང་བསམ་གཏན་བཞི་པ་ལ་ཡང་དག་པར་བསྐུལ་བར་བྱ། བསམ་གཏན་ བཞི་པ་ལ་སྙོམས་པར་འཇུག་པའི་ལེགས་པ་བརྗོད་པར་བྱ། གཞན་གང་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པར་བརྗོད་ཅིང་འཐུན་པས་དགའ་བར་བྱ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། དེ་མི་དམིགས་པའི་ཚུལ་གྱིས་གནས་པར་བྱའོ། །བདག་གིས་ཀྱང་བྱམས་པ་ལ་མཉམ་པར་གཞག་པར་བྱ། གཞན་ཡང་བྱམས་པ་ལ་ཡང་དག་པར་བསྐུལ་བར་བྱ། བྱམས་པའི་ལེགས་པ་བརྗོད་པར་བྱ། གཞན་གང་བྱམས་པ་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་མཉམ་པར་གཞག་པར་བྱ། གཞན་ཡང་བཏང་སྙོམས་ལ་ ཡང་དག་པར་བསྐུལ་བར་བྱ། བཏང་སྙོམས་ཀྱི་ལེགས་པ་བརྗོད་པར་བྱ། གཞན་གང་བཏང་སྙོམས་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་མཉམ་པར་ གཞག་པར་བྱ། གཞན་ཡང་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་ཡང་དག་པར་བསྐུལ་བར་བྱ། གཟུགས་མེད་པའི་སྙོམས་པར་འཇུག་པའི་ལེགས་པ་བརྗོད་པར་བྱ། གཞན་གང་གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་ བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ། གཞན་ཡང་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་ཡང་དག་པར་བསྐུལ་བར་བྱ། སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་ གང་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་ གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཡང་དག་པར་བསྐུལ་བར་བྱ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་ཤེས་ རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་བས་དགའ་བར་བྱ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། དེ་མི་དམིགས་པའི་ཚུལ་གྱིས་གནས་པར་བྱའོ། །བདག་གིས་ཀྱང་ནང་སྟོང་པ་ཉིད་ལ་མཉམ་པར་གཞག་པར་བྱ། གཞན་ཡང་ནང་སྟོང་པ་ཉིད་ལ་ཡང་དག་པར་བསྐུལ་བར་བྱ། ནང་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་ནང་སྟོང་པ་ ཉིད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་མཉམ་པར་གཞག་པར་བྱ། གཞན་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་ཡང་དག་པར་ བསྐུལ་བར་བྱ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་དྲན་པ་ཉེ་བར་ གཞག་པ་བཞི་བསྒོམ་པར་བྱ། གཞན་ཡང་དྲན་པ་ཉེ་བར་གཞག་པ་བཞི་ལ་ཡང་དག་པར་བསྐུལ་བར་བྱ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་པ་དེ་དག་གི་ལེགས་པ་ བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་ཡང་དག་པར་སྤོང་པ་དང་། རྫུ་འཕྲུལ་གྱི་རྐང་པ་དང་དབང་པོ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པར་བྱ། གཞན་ཡང་འཕགས་པའི་ལམ་ ཡན་ལག་བརྒྱད་པ་ལ་ཡང་དག་པར་བསྐུལ་བར་བྱ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། ། བདག་གིས་ཀྱང་འཕགས་པའི་བདེན་པ་དང་བསམ་གཏན་དང་ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བསྒོམ་པར་བྱ། གཞན་ཡང་མཐར་གྱིས་ གནས་པའི་སྙོམས་པར་འཇུག་པ་དགུ་ལ་ཡང་དག་པར་བསྐུལ་བར་བྱ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བསྒོམ་པ་དེ་དག་གི་ལེགས་ པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། བདག་གིས་ཀྱང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་བསྒོམ་པར་བྱ། གཞན་ཡང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་ཡང་དག་པར་བསྐུལ་བར་བྱ། སྟོང་པ་ཉིད་དང་མཚན་མ་ མེད་པ་དང་། སྨོན་པ་མེད་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་མངོན་པར་ཤེས་པ་ རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་བྱ་གཞན་ཡང་གཟུངས་ཀྱི་སྒོ་རྣམས་ལ་ཡང་དག་པར་བསྐུལ་བར་བར་བྱ། གཟུངས་ཀྱི་སྒོ་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་ པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་ པར་བྱ། གཞན་ཡང་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ལ་ཡང་དག་པར་བསྐུལ་བར་བར་བྱ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་ པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་བྱ། གཞན་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཡང་དག་པར་བསྐུལ་བར་བར་བྱ། སངས་རྒྱས་ཀྱི་ ཆོས་མ་འདྲེས་པ་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་ བ་ལུགས་དང་ལུགས་མ་ཡིན་པ་ལ་མཉམ་པར་གཞག་པར་བྱ། གཞན་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་དང་ལུགས་མ་ཡིན་པའི་སྙོམས་པར་འཇུག་པ་ལ་ཡང་དག་པར་བསྐུལ་བར་བྱ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སྙོམས་པར་འཇུག་པའི་ལེགས་ པ་བརྗོད་པར་བྱ། སེམས་ཅན་གཞན་གང་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་རྒྱ་བར་འདོད་པས། དེ་མི་དམིགས་པའི་ཚུལ་གྱིས་གནས་པར་བྱའོ། །བདག་གིས་ཀྱང་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ། ཀུན་འབྱུང་བ་རབ་ཏུ་སྤོང་བར་བྱ། འགོག་པ་མངོན་དུ་བྱ་ལམ་བསྒོམ་པར་བྱ། གཞན་ཡང་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་ བ་དང་། ཀུན་འབྱུང་བ་རབ་ཏུ་སྤོང་བ་དང་། འགོག་པ་མངོན་དུ་བྱ་བ་དང་། ལམ་བསྒོམ་པ་ལ་ཡང་དག་པར་བསྐུལ་བར་བྱ། སྡུག་བསྔལ་ཡོངས་སུ་ཤེས་པ་དང་། ཀུན་འབྱུང་བ་རབ་ཏུ་སྤོང་བ་དང་། འགོག་པ་མངོན་དུ་བྱེད་པ་དང་། ལམ་སྒོམ་པའི་ལེགས་པ་ བརྗོད་པར་བྱ། སེམས་ཅན་གཞན་གང་སྡུག་བསྔལ་ཡོངས་སུ་ཤེས་པར་བྱེད་པ་དང་། ཀུན་འབྱུང་བ་རབ་ཏུ་སྤོང་བ་དང་། འགོག་པ་མངོན་དུ་བྱེད་པ་དང་། ལམ་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་རྒྱུན་དུ་ཞུགས་ པའི་འབྲས་བུ་ཤེས་པ་མངོན་དུ་བྱ་བའི་ཕྱིར། ཤེས་པ་བསྐྱེད་དེ་ཡང་དག་པའི་མཐའ་མངོན་དུ་མི་བྱ། གཞན་ཡང་རྒྱུན་དུ་ཞུགས་པའི་འབྲས་བུ་ཤེས་པ་མངོན་དུ་བྱ་བ་ལ་ཡང་དག་པར་བསྐུལ་བར་བར་བྱ། རྒྱུན་དུ་ཞུགས་པའི་འབྲས་བུ་ཤེས་པ་མངོན་དུ་བྱ་བའི་ལེགས་ པ་བརྗོད་པར་བྱ། སེམས་ཅན་གཞན་གང་རྒྱུན་དུ་ཞུགས་པའི་འབྲས་བུ་ཤེས་པ་མངོན་དུ་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་ པའི་འབྲས་བུ་ཤེས་པ་མངོན་དུ་བྱ་བའི་ཕྱིར་ཤེས་པ་བསྐྱེད་དེ། ཡང་དག་པའི་མཐའ་མངོན་དུ་མི་བྱ། གཞན་ཡང་དགྲ་བཅོམ་པའི་འབྲས་བུ་ཤེས་པ་མངོན་དུ་བྱ་བ་ལ་ཡང་དག་པར་བསྐུལ་བར་བྱ། དགྲ་བཅོམ་པའི་འབྲས་བུ་ཤེས་པ་མངོན་དུ་བྱ་བའི་ལེགས་པ་བརྗོད་ པར་བྱ། སེམས་ཅན་གཞན་གང་དགྲ་བཅོམ་པའི་འབྲས་བུ་ཤེས་པ་མངོན་དུ་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་རང་བྱང་ཆུབ་ཤེས་པ་མངོན་དུ་བྱ་བའི་ཕྱིར་ཤེས་པ་བསྐྱེད་དེ། རང་བྱང་ཆུབ་ ཤེས་པ་མངོན་དུ་བྱ་བས་ཡང་དག་པའི་མཐའ་མངོན་དུ་མི་བྱ། གཞན་ཡང་རང་བྱང་ཆུབ་ཤེས་པ་མངོན་དུ་བྱ་བ་ལ་ཡང་དག་པར་བསྐུལ་བར་བྱ། རང་བྱང་ཆུབ་ཤེས་པ་མངོན་དུ་བྱ་བའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་རང་བྱང་ཆུབ་ཤེས་པ་མངོན་དུ་ བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པར་བྱ། གཞན་ཡང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པ་ལ་ཡང་དག་པར་བསྐུལ་བར་བྱ། བྱང་ཆུབ་སེམས་དཔའི་སྐྱོན་ མེད་པར་འཇུག་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འདོད་པས། དེ་མི་དམིགས་པའི་ཚུལ་གྱིས་གནས་པར་བྱའོ། །བདག་གིས་ཀྱང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ། གཞན་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ཡང་དག་པར་བསྐུལ་བར་བྱ། སེམས་ཅན་ ཡོངས་སུ་སྨིན་པར་བྱ་བའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བར་བྱ། གཞན་ཡང་ སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་ལ་ཡང་དག་པར་བསྐུལ་བར་བྱ། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། བདག་གིས་ཀྱང་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་བསྐྱེད་པར་བྱ། གཞན་ཡང་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་བསྐྱེད་པ་ལ་ཡང་དག་པར་བསྐུལ་བར་བྱ། མངོན་པར་ཤེས་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་བྱང་ཆུབ་སེམས་ དཔའི་མངོན་པར་ཤེས་པ་བསྐྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བསྐྱེད་པར་བྱ། གཞན་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་ཡང་དག་པར་བསྐུལ་བར་བྱ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བསྐྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་བག་ཆགས་ཀྱི་མཚམས་ སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་བར་བྱ། གཞན་ཡང་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་བ་ལ་ཡང་དག་པར་བསྐུལ་བར་བྱ། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་བའི་ལེགས་པ་བརྗོད་པར་ བྱ། སེམས་ཅན་གཞན་གང་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤོང་བ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་འབྱུང་བར་འདོད་པས། དེ་མི་དམིགས་པའི་ཚུལ་གྱིས་གནས་པར་བྱའོ། །བདག་གིས་ཀྱང་ཚེ་ཕུན་སུམ་ཚོགས་པ་ཡོངས་སུ་གཟུང་བར་བྱ། གཞན་ཡང་ཚེ་ཕུན་སུམ་ཚོགས་པ་ལ་ཡང་དག་པར་བསྐུལ་བར་བྱ། ཚེ་ཕུན་སུམ་ཚོགས་པའི་ལེགས་པ་ བརྗོད་པར་བྱ། སེམས་ཅན་གཞན་གང་ཚེ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་དམ་པའི་ཆོས་གནས་པ་ཡོངས་སུ་གཟུང་བར་བྱ། གཞན་ཡང་དམ་པའི་ཆོས་གནས་པ་ཡོངས་ སུ་གཟུང་བ་ལ་ཡང་དག་པར་བསྐུལ་བར་བྱ། དམ་པའི་ཆོས་གནས་པ་ཡོངས་སུ་གཟུང་བའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་དམ་པའི་ཆོས་གནས་པ་ཡོངས་སུ་འཛིན་པ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་ དགའ་བར་བྱ་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འདོད་པས། དེ་མི་དམིགས་པའི་ཚུལ་གྱིས་གནས་པར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ ཀྱི་ཕ་རོལ་དུ་ཕྱིན་པ་དང་ཐབས་མཁས་པ་ལ་བསླབ་པར་བྱའོ། །དེ་དེ་ལྟར་སློབ་ཅིང་དེ་དེ་ལྟར་གནས་པས། དེའི་གཟུགས་སྒྲིབ་པ་མེད་པར་འགྱུར་རོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་སྒྲིབ་པ་མེད་པར་འགྱུར་རོ། །སྐྱེ་མཆེད་དང་ཁམས་དང་རྟེན་ ཅིང་འབྲེལ་བར་འབྱུང་བ་སྒྲིབ་པ་མེད་པར་འགྱུར་རོ། །ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྒྲིབ་པ་མེད་པར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་དུ་སྒྲིབ་པ་ མེད་པར་འགྱུར་རོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཤེས་པ་སྒྲིབ་པ་མེད་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཤེས་པ་དང་། ཕྱིར་མི་འོང་བའི་འབྲས་བུ་ཤེས་པ་དང་། དགྲ་བཅོམ་པ་ཉིད་ཤེས་པ་སྒྲིབ་པ་མེད་པར་འགྱུར་རོ། །རང་བྱང་ཆུབ་ཤེས་པ་སྒྲིབ་ པ་མེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པ་སྒྲིབ་པ་མེད་པར་འགྱུར་རོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་སྒྲིབ་པ་མེད་པར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ སྒྲིབ་པ་མེད་པར་འགྱུར་རོ། །བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤོང་བ་སྒྲིབ་པ་མེད་པར་འགྱུར་རོ། །ཚེ་ཕུན་སུམ་ཚོགས་པ་སྒྲིབ་པ་མེད་པར་འགྱུར་རོ། །དམ་པའི་ཆོས་གནས་པ་སྒྲིབ་པ་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སྔོན་གྱི་མཐའ་ནས་ཀྱང་གཟུགས་ཡོངས་སུ་མ་བཟུང་། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་། སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡོངས་སུ་མ་བཟུང་ངོ་། །ཕ་ རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་མ་བཟུང་ངོ་། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་དུ་ཡོངས་སུ་མ་བཟུང་ངོ་། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་ སུ་མ་བཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གཟུགས་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི་གཟུགས་མ་ཡིན། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་མ་ཡིན། སྐྱེ་མཆེད་དང་། ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་མ་ཡིན། ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་གཟུང་དུ་ མེད་པ་གང་ཡིན་པ་དེ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་དུ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་ཆོས་རྣམས་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་ གཟུང་དུ་མེད་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་གནས་འདི་བཤད་པའི་ཚེ། བྱང་ཆུབ་སེམས་དཔའ་ཉིས་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ ཤུ་ལྔ་པ་ལས། ལེའུ་སུམ་ཅུ་བརྒྱད་པའོ།། །།དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་རྣམ་པ་ནི་གང་ལགས་ཚུལ་ནི་གང་ལགས་ཇི་ལྟར་བདག་ཅག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ཕྱིར་མི་ལྡོག་པའོ་ཞེས་བགྱི་བར་འཚལ་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་སོ་སོའི་སྐྱེ་བོའི་ས་དང་། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་ས་དང་། དེ་བཞིན་གཤེགས་པའི་སར་བཤད་པ་དེ་དག་ཐམས་ཅད་ཀྱང་། དེ་བཞིན་ ཉིད་ལ་འགྱུར་བ་མེད་ཅིང་། རྣམ་པར་རྟོག་པ་མེད་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །དེ་ནི་དེ་བཞིན་ཉིད་དེ་ཇི་ལྟ་བ་དེ་བཞིན་དུ་འཇུག་སྟེ། དེ་བཞིན་ཉིད་ལ་རྣམ་པར་མི་རྟོག་ཅིང་དེ་ལྟར་རྣམ་པར་མི་རྟོག་པས་འཇུག་སྟེ་དེ་ལྟར་ཞུགས་པ་ནི་དེ་བཞིན་ཉིད་དེ་ཇི་ལྟ་བ་དེ་ བཞིན་དུ་ཐོས་ནས། དེ་ལས་འདས་ཏེ་དེ་དག་དེ་བཞིན་ཉིད་ལ་རེ་རེ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པར་ཐེ་ཚོམ་ཟ་བ་གང་ཡང་མེད་དོ། །དེ་ནི་བྱུང་རྒྱལ་དུ་སྨྲ་བ་མ་ཡིན་ཏེ། དོན་དང་ལྡན་པར་སྨྲའི། དོན་དང་མི་ལྡན་པར་སྨྲ་བ་མ་ཡིན། གཞན་གྱིས་བྱས་པ་ དང་མ་བྱས་པ་ལ་མི་ལྟ་ཞིང་། ལེགས་པར་བརྗོད་པ་ཚོལ་བ་ཡིན་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །གསོལ་པ་བཅོམ་ལྡན་འདས་རྣམ་ པ་གང་དང་ཚུལ་གང་དང་མཚན་མ་གང་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པར་རིག་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ནི་རྣམ་པ་མེད་པ། ཚུལ་མེད་པ། མཚན་མ་མེད་པའོ། ། གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རྣམ་པ་མ་མཆིས་པ། ཚུལ་མ་མཆིས་པ། མཚན་མ་མ་མཆིས་པ། མཚན་མ་མ་མཆིས་པ་ལགས་ན། ཆོས་གང་རྣམས་ལས་སླར་ལྡོག་པའི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་ ཞེས་བསྟན་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གཟུགས་ལས་ཕྱིར་ལོག་པ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ལས་ཕྱིར་ལོག་པ། སྐྱེ་མཆེད་དང་ ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་ཕྱིར་ལོག་པ་དེ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལས་ཕྱིར་ལོག་པ། ཚུལ་ཁྲིམས་ ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་ཕྱིར་ལོག་པ། ནང་སྟོང་པ་ཉིད་ལས་ཕྱིར་ལོག་པ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་ པ་ཉིད་ཀྱི་བར་ལས་ཕྱིར་ལོག་པ། དྲན་པ་ཉེ་བར་གཞག་པ་རྣམས་ལས་ཕྱིར་ལོག་པ། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་དབང་པོ་དང་། སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་ཕྱིར་ལོག་པ། འཕགས་ པའི་བདེན་པ་དང་། བསམ་གཏན་དང་ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ལས་ཕྱིར་ལོག་པ་རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་ལས་ཕྱིར་ལོག་པ། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་ བརྒྱད་ལས་ཕྱིར་ལོག་པ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ཕྱིར་ལོག་པ། ལམ་གྱི་རྣམ་པ་ཤེས་པ་ཉིད་ལས་ཕྱིར་ལོག་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལོག་པ་དེ་ནི། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཕྱིར་མི་ལྡོག་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་གཟུགས་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ གནས་པར་འགྱུར་བའི་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྐྱེ་མཆེད་དང་། ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་ངོ་བོ་ཉིད་མེད་དོ། །གང་ ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ གནས་པར་འགྱུར་བའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་གྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ངོ་བོ་ཉིད་མེད་དོ། །རབ་འབྱོར་གཞན་ ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་སྦྱོང་དང་བྲམ་ཟེ་འདི་དག་ནི་ཤེས་པར་བྱ་བ་ཤེས་པའོ། །བལྟ་བར་བྱ་བ་མཐོང་བའོ། །ཡང་དག་པར་ལྟ་བའི་གདགས་པ་འདོགས་སོ་ཞེས་འདི་ལས་ཕྱི་རོལ་པའི་དགེ་སྦྱོང་དང་བྲམ་ཟེ་གཞན་དག་གི་ངོར་ མི་ལྟ་སྟེ། དེ་ནི་གནས་མེད་ཅིང་ཐེ་ཚོམ་མི་ཟའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མི་སྙེམས་ལྟ་བ་ངན་པར་མི་ལྟུང་། བཀྲ་ཤིས་དང་ལྟས་ཀྱིས་གཙང་བར་མི་འདོགས་ཏེ། ལྷ་གཞན་ལ་ཕྱག་མི་འཚལ་ཞིང་། མེ་ཏོག་གམ་ཕྲེང་བའམ་སྤོས་སམ་བྱུག་པའམ་ཕྱེ་མ་ འམ་གོས་སམ། གདུགས་སམ་རྒྱལ་མཚན་ནམ། བ་དན་དག་དེ་ལ་སྦྱིན་ཞིང་བྱ་བར་མི་སེམས་ཏེ། རབ་འབྱོར་རྣམ་པ་དེ་དག་དང་མཚན་མ་དེ་དག་དང་། ཚུལ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་དམྱལ་བར་མི་སྐྱེ། བྱོལ་སོང་གི་སྐྱེ་གནས་སུ་མི་སྐྱེ། གཤིན་རྗེའི་འཇིག་རྟེན་དུ་མི་སྐྱེ། མི་ཁོམ་པ་བརྒྱད་པོའི་བར་གྱི་ནང་དུ་མི་སྐྱེ་ཞིང་། བུད་མེད་དུ་འགྱུར་ བ་ཡོངས་སུ་མི་འཛིན་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ནི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བཟུང་ཞིང་སྤྱོད་དེ། བདག་གིས་ཀྱང་སྲོག་གཅོད་པ་སྤངས་ཤིང་གཞན་ཡང་སྲོག་གཅོད་པ་སྤོང་བ་ལ་ཡང་དག་པར་བསྐུལ་བ་ཡིན། སྲོག་གཅོད་པ་སྤང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་ གིས་སྲོག་གཅོད་པ་སྤངས་བ་དེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་བ་ཡིན། བདག་གིས་ཀྱང་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་ཞེ་གཅོད་པ་དང་། ཚིག་ཀྱལ་པ་དང་། ཆགས་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་སྤོངས་ཤིང་གཞན་ཡང་ལོག་པར་ལྟ་བ་སྤོང་བ་ལ་ཡང་དག་པར་བསྐུལ་བ་ཡིན། ལོག་པར་ལྟ་བ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་ལོག་པར་ལྟ་བ་སྤངས་བདེ་དག་གི་ལེགས་པ་བརྗོད་ཅིང་འཐུན་པས་དགའ་ བ་ཡིན་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ རྨི་ལམ་ན་ཡང་མི་དགེ་བ་བཅུའི་ལས་ཀྱི་ལམ་མི་དམིགས་ན། སད་པ་ན་ལྟ་ཅི་སྨོས་ཏེ། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་ གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ནམ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་ཤིང་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་པ་དེའི་ཚེ། སེམས་ཅན་ཐམས་ཅད་ཀྱི་ཕྱིར་སྦྱིན་པ་དེ་ཡོངས་སུ་གཏོང་ངོ་། །ཚུལ་ཁྲིམས་སྲུང་ངོ་། །བཟོད་པ་བསྒོམ་མོ། །བརྩོན་འགྲུས་རྩོམ་མོ། །བསམ་གཏན་ལ་མཉམ་པར་ གཞོག་གོ། །ཤེས་རབ་བསྒོམ་མོ་རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ནི་མདོ་དང་། དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། འདི་ལྟར་འདས་པ་དང་། སྐྱེས་པའི་རབས་དང་། ཤིན་དུ་རྒྱས་པ་དང་། ཆོས་རྨད་དུ་བྱུང་བ་དང་། རྟོགས་པ་བརྗོད་པ་དང་། གཏན་ལ་དབབ་པ་བསྟན་པའི་ཆོས་དེ་དག་ཆོས་ཀྱི་སྦྱིན་པ་བྱ་བའི་དོན་དུ་ཀུན་ཆུབ་པར་བྱས་ནས། དེ་ཆོས་ཀྱི་སྦྱིན་པ་དེ་ཡོངས་སུ་གཏོང་བའི་ཚེ་འདི་སྙམ་དུ་ཆོས་ཀྱི་སྦྱིན་པ་འདིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་བསམ་ ནས། དེ་ཆོས་ཀྱི་སྦྱིན་པ་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་སྟེ། རབ་འབྱོར་རྣམ་པ་དེ་དག་དང་ཚུལ་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཟབ་མོ་ལ་ནེམ་ནུར་མེད། ཐེ་ཙོམ་མེད། ཡིད་གཉིས་མེད་དོ། །གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ་ན་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཆོས་ཟབ་མོ་ལ་ནེམ་ནུར་མ་མཆིས། ཐེ་ཙོམ་མཆིས། ཡིད་གཉིས་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཆོས་གང་ཡང་ ཡང་དག་པར་རྗེས་སུ་མཐོང་བ་མེད་དེ། གང་ལ་ནེམ་ནུར་རམ། ཡིད་གཉིས་སམ། ཐེ་ཙོམ་དུ་འགྱུར་བའི་གཟུགས་སམ། ཚོར་བ་འམ་འདུ་ཤེས་སམ་འདུ་བྱེད་དམ། རྣམ་པར་ཤེས་པའམ། སྐྱེ་མཆེད་དམ་ཁམས་སམ། རྟེན་ཅིང་འབྲེལ་བར་འབྱུང་བ་འམ། ཕ་རོལ་ དུ་ཕྱིན་པའམ། སྟོང་པ་ཉིད་དམ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སམ། འཕགས་པའི་བདེན་པའམ། བསམ་གཏན་ནམ་ཚད་མེད་པའམ། གཟུགས་མེད་པའི་སྙོམས་པར་འཇུག་པའམ། རྣམ་པར་ཐར་པའམ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པའམ། སྟོང་པ་ཉིད་དམ། མཚན་མ་མེད་པ་དང་སྨོན་པ་མེད་པ་དང་། མངོན་པར་ཤེས་པའམ་ཏིང་ངེ་འཛིན་ཏམ། གཟུངས་ཀྱི་སྒོ་འམ། དེ་བཞིན་གཤེགས་པའི་སྟོབས་སམ། མི་འཇིགས་པའམ། སོ་སོ་ཡང་དག་པར་རིག་པའམ། བྱམས་པ་ཆེན་པོའམ་སྙིང་རྗེ་ཆེན་ པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པའམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལུས་ཀྱི་ལས་འཇམ་པ་དང་ལྡན་པ་ཡིན། ངག་གི་ལས་འཇམ་པ་དང་ལྡན་པ་ཡིན། ཡིད་ཀྱི་ལས་འཇམ་པ་དང་ལྡན་པ་ཡིན་ཏེ། རབ་འབྱོར་ རྣམ་པ་དེ་དག་དང་། ཚུལ་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ