Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 027_ཉི་ཁྲི།_ཁ

Văn bản gốc(Tây Tạng)

Trang 9 / 24 (50.000 ký tự/trang)
་རོལ་དུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་བསྟན་པར་
བགྱིའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱིའོ། །ནང་སྟོང་པ་ཉིད་ལ་
གདམས་ཤིང་རྗེས་སུ་བསྟན་པར་བགྱིའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱིའོ། །དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་།
སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱིའོ། །འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་
འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ལ་གདམས་ཤིང་རྗེས་སུ་བསྟན་པར་
བགྱིའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱིའོ། །གོས་

དང་བསོད་སྙོམས་དང་མལ་ཆ་དང་ནད་ཀྱི་རྐྱེན་སྨན་དང་ཡོ་བྱད་ཀྱིས་ཀྱང་རྗེས་སུ་གཟུང་བར་བགྱི་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་ཆོས་ཀྱིས་བསྡུ་བ་དང་། ཟང་ཟིང་གིས་བསྡུ་བས་རྗེས་སུ་འཛིན་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གི་
བསོད་ནམས་ནི་ཆེས་མང་དུ་འཕེལ་གྱི། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་སྔ་མ་དག་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་ཡོད་ཡང་དེ་ལྟར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལགས་པ་དེ་ནི་ཕ་རོལ་དུ་ཕྱིན་པ་རྣམས་ལ་གདམས་ཤིང་
རྗེས་སུ་བསྟན་པའོ། །སྟོང་པ་ཉིད་ཐམས་ཅད་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་དང་། འཕགས་པའི་བདེན་པ་རྣམས་དང་བསམ་གཏན་རྣམས་དང་ཚད་མེད་པ་རྣམས་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་གདམས་ཤིང་རྗེས་སུ་བསྟན་པའོ། །རྣམ་པར་ཐར་པ་
བརྒྱད་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་རྣམ་པར་ཐར་པའི་སྒོ་གསུམ་དང་མངོན་པར་ཤེས་པ་རྣམས་དང་ཏིང་ངེ་འཛིན་རྣམས་དང་གཟུངས་ཀྱི་སྒོ་རྣམས་ལ་གདམས་ཤིང་རྗེས་སུ་བསྟན་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་སོ་སོ་
ཡང་དག་པར་རིག་པ་བཞི་དང་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་གདམས་ཤིང་རྗེས་སུ་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། ལྷའི་དབང་པོ་བརྒྱ་བྱིན་ལ་སྨྲས་པ། ཀཽ་ཤི་ཀ་དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའ་
རྣམས་ཀྱིས་མོས་པ་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་འདོགས་པ་དང་ཡོངས་སུ་སྐྱོང་བ་ལེགས་སོ། ལེགས་སོ། །ཀཽ་ཤི་ཀ་ཁྱོད་ཀྱིས་དེ་བཞིན་དུ་བྱའོ། །འཕགས་པ་ཉན་ཐོས་གང་སེམས་ཅན་རྣམས་ལ་ཕན་འདོགས་པར་འདོད་པ་དེས་ཀྱང་། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མོས་པ་བསྐྱེད་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཟང་ཟིང་དང་། ཆོས་ཀྱིས་ཕན་གདགས་པས་ཕན་གདགས་ཤིང་ཡོངས་སུ་བསྐྱང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་བཅོམ་ལྡན་འདས་ཀྱི་ཉན་ཐོས་

ཀྱི་དགེ་འདུན་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལས་འབྱུང་ངོ་། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་བསྐྱེད་ན། བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཕ་རོལ་དུ་ཕྱིན་པ་དྲུག་པོ་འདི་དག་ལ་སློབ་པ་མ་ཡིན། ནང་སྟོང་པ་ཉིད་དང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་འཕགས་པའི་བདེན་པ་རྣམས་དང་བསམ་གཏན་རྣམས་དང་ཚད་མེད་པ་རྣམས་དང་
གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་མངོན་པར་ཤེས་པ་རྣམས་དང་ཏིང་ངེ་འཛིན་རྣམས་དང་གཟུངས་ཀྱི་སྒོ་རྣམས་དང་དེ་བཞིན་གཤེགས་
པའི་སྟོབས་རྣམས་དང་མི་འཇིགས་པ་རྣམས་དང་སོ་སོ་ཡང་དག་པར་རིག་པ་རྣམས་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སློབ་པ་མ་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ། །བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ན། རང་སངས་རྒྱས་དང་། ཉན་ཐོས་རྣམས་ཀྱང་ཡོད་པར་མི་འགྱུར་རོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་དུ་ཕྱིན་པ་དྲུག་པོ་འདི་དག་ལ་ཡང་སློབ་ལ། སྟོང་
པ་ཉིད་ཐམས་ཅད་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་དང་འཕགས་པའི་བདེན་པ་རྣམས་དང་བསམ་གཏན་རྣམས་དང་ཚད་མེད་པ་རྣམས་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་རྣམ་པར་ཐར་པ་བརྒྱད་དང་མཐར་གྱིས་གནས་པའི་སྙོམས་
པར་འཇུག་པ་དགུ་དང་རྣམ་པར་ཐར་པའི་སྒོ་གསུམ་དང་མངོན་པར་ཤེས་པ་རྣམས་དང་ཏིང་ངེ་འཛིན་རྣམས་དང་གཟུངས་ཀྱི་སྒོ་རྣམས་དང་དེ་བཞིན་གཤེགས་པའི་སྟོབས་རྣམས་དང་མི་འཇིགས་པ་རྣམས་དང་སོ་སོ་ཡང་དག་པར་རིག་པ་རྣམས་དང་སངས་རྒྱས་ཀྱི་ཆོས་མ་

འདྲེས་པ་བཅྭོ་བརྒྱད་ལ་ཡང་སློབ་པས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་
སངས་རྒྱས་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་དམྱལ་བ་རྣམས་རྒྱུན་ཆད་པར་འགྱུར་རོ། །བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་རྣམས་རྒྱུན་ཆད་པར་འགྱུར་རོ། །ལྷ་མ་ཡིན་གྱི་རིས་ཀྱང་ཡོངས་སུ་འགྲིབ་པར་འགྱུར་རོ། །ལྷའི་རིས་ཀྱང་
མངོན་པར་འཕེལ་བར་འགྱུར་རོ། །རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་དང་། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་
འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་། མཚེ་མ་དང་དགའ་ལྡན་དང་འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚངས་རིས་དང་ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་ཚངས་
ཆེན་དང་སྣང་བ་དང་ཆུང་སྣང་དང་ཚད་མེད་སྣང་བ་དང་ཀུན་སྣང་དང་བ་དང་དགེ་བ་དང་ཆུང་དགེ་དང་ཚད་མེད་དགེ་བ་དང་དགེ་རྒྱས་དང་ཆེ་བ་དང་ཆུང་ཆེ་དང་ཚད་མེད་ཆེ་བ་དང་འབྲས་བུ་ཆེ་བ་དང་མི་ཆེ་བ་དང་མི་གདུང་བ་དང་ཤིན་དུ་མཐོང་བ་དང་གྱ་ནོམ་སྣང་བ་དང་འོག་མིན་གྱི་ལྷ་རྣམས་འཇིག་རྟེན་
དུ་འབྱུང་བར་འགྱུར་རོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་ཅུང་ཟད་མེད་པའི་སྐྱེ་མཆེད་དང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྦྱིན་པའི་ཕ་རོལ་དུ་ཕྱིན་པ་འཇིག་རྟེན་དུ་འབྱུང་
བར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ནང་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་

འགྱུར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་ཚད་མེད་པ་རྣམས་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་
དང་། རྣམ་པར་ཐར་པ་བརྒྱད་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་གཟུངས་ཀྱི་སྒོ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་
བཅུ་དང་མི་འཇིགས་པ་བཞི་དང་སོ་སོ་ཡང་དག་པར་རིག་པ་བཞི་དང་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཉན་ཐོས་ཀྱི་ཐེག་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་
འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཐེག་པ་ཆེན་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། བརྒྱ་བྱིན་གྱི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་བྱམས་པས། གནས་བརྟན་རབ་འབྱོར་ལ་སྨྲས་པ། བཙུན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་བསོད་ནམས་བྱ་བའི་དངོས་པོ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། དེ་མི་དམིགས་པའི་ཚུལ་གྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྡོ་བ་གང་ཡིན་པ་དང་། སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་
ནམས་བྱ་བའི་དངོས་པོ་དང་ཉན་ཐོས་ཀྱི་ཐེག་པ་པ་རྣམས་དང་རང་སངས་རྒྱས་ཀྱི་ཐེག་པ་བ་རྣམས་ཀྱི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་དེ་

དག་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་འདི་ཉིད་རབ་
ཅེས་བྱའོ། །དམ་པ་ཞེས་བྱའོ། །གཙོ་བོ་ཞེས་བྱའོ། །མཆོག་ཅེས་བྱའོ། །ཕུལ་ཞེས་བྱའོ། །གྱ་ནོམ་པ་ཞེས་བྱའོ། །བླ་ན་མེད་པ་ཞེས་བྱའོ། །གོང་ན་མེད་པ་ཞེས་བྱའོ། །མཉམ་པ་མེད་པ་ཞེས་བྱའོ། །མི་མཉམ་པ་དང་མཉམ་པ་ཞེས་བྱའོ།། །།
ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་སུམ་ཅུ་དྲུག་པ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་ཚུལ་ཁྲིམས་ལས་བྱུང་བ་དང་བསྒོམ་པ་ལས་
བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ནི་བདག་གདུལ་བ་དང་། བདག་ཞི་བར་བྱ་བ་དང་བདག་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་ཉེ་བར་གནས་པ་སྟེ། དྲན་པ་ཉེ་བར་གཞག་པ་རྣམས་དང་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང་། འཕགས་པའི་བདེན་པ་བཞི་དང་།
བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་རྣམ་པར་ཐར་པ་བརྒྱད་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སོ་སོ་ཡང་དག་པར་
རིག་པ་བཞི་དང་མངོན་པར་ཤེས་པ་དྲུག་དག་ཀྱང་། བདག་གདུལ་བ་དང་། བདག་ཞི་བར་བྱ་བ་དང་བདག་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་ཉེ་བར་གནས་པར་ཟད་ཀྱི། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་གདུལ་བ་དང་། ཞི་བར་བྱ་བ་དང་། ཡོངས་སུ་མྱ་ངན་
ལས་བཟླ་བའི་ཕྱིར་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། མི་དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་སྨྲས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གྲངས་མེད་ཚད་མེད་དཔག་ཏུ་མེད་པ་དག་གི། འཇིག་རྟེན་གྱི་ཁམས་རེ་རེར་ཡང་
སངས་རྒྱས་བཅོམ་ལྡན་འདས་ཚད་མེད་གྲངས་མེད་པ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དེ་དག་དང་། ལྷོ་དང་ནུབ་དང་བྱང་དང་བྱང་ཤར་དང་ཤར་ལྷོ་དང་ལྷོ་ནུབ་དང་ནུབ་བྱང་དང་འོག་དང་སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་། འཇིག་རྟེན་གྱི་ཁམས་གྲངས་མེད་
ཚད་མེད་དཔག་དུ་མེད་པ་དག་གི། །འཇིག་རྟེན་གྱི་ཁམས་རེ་རེར་ཡང་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་ཚད་མེད་པ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དེ་དག་ཐུགས་དང་པོ་བསྐྱེད་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་
པར་སངས་རྒྱས་པའི་བར་དང་། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་བར་གྱི་དམ་པའི་ཆོས་ཀྱི་བར་དུ་དགེ་བའི་རྩ་བ་ཕ་རོལ་དུ་ཕྱིན་པ་དྲུག་དང་ལྡན་པ་གང་ཇི་སྙེད་ཅིག་ཡོད་པ་དང་། ཉན་ཐོས་ཀྱི་ཐེག་པ་ལ་ཡང་
དག་པར་ཞུགས་པ་དེ་དག་གི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་སློབ་པ་དེ་དག་གི་དགེ་བའི་རྩ་བ་ཟག་པ་མེད་པ་དག་དང་མི་སློབ་པ་དེ་དག་གི་
དགེ་བའི་རྩ་བ་ཟག་པ་མེད་པ་དག་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་ཤེས་རབ་ཀྱི་ཕུང་པོ་དང་རྣམ་པར་གྲོལ་བའི་ཕུང་པོ་དང་རྣམ་པར་གྲོལ་
བའི་ཡེ་ཤེས་གཟིགས་པའི་ཕུང་པོ་དང་ཕན་པར་བཞེད་པ་དང་ཐུགས་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་གྲངས་མེད་ཚད་མེད་པ་དང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་གང་བསྟན་པ་དང་ཆོས་བསྟན་པ་དེ་ལ་བསླབས་ཤིང་རྒྱུན་ཏུ་ཞུགས་པའི་

འབྲས་བུ་ཐོབ་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པ་དང་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པ་དང་དགྲ་བཅོམ་པ་ཉིད་དང་རང་བྱང་ཆུབ་ཐོབ་པ་དང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་པ་དེ་དག་གི་དགེ་བའི་རྩ་བ་གང་ཇི་སྙེད་པ་དང་། གང་གིས་
དེ་བཞིན་གཤེགས་པ་དེ་དག་བཞུགས་ཀྱང་རུང་། ཡོངས་སུ་མྱ་ངན་ལས་འདས་ཀྱང་རུང་སྟེ། དེ་དག་ལ་དགེ་བའི་རྩ་བ་གང་ཇི་སྙེད་ཅིག་བསྐྱེད་པ། དེ་ཐམས་ཅད་གཅིག་ཏུ་བསྡུས་ཏེ། རྗེས་སུ་ཡི་རང་བའི་མཆོག་གཙོ་བོ་དམ་པ། རབ་ཕུལ་གྱ་ནོམ་པ་བླ་ན་མེད་པ། གོང་
ན་མེད་པ། མཉམ་པ་མེད་པ། མི་མཉམ་པ་དང་མཉམ་པས་རྗེས་སུ་ཡི་རང་སྟེ། དེ་ལྟར་རྗེས་སུ་ཡི་རང་ནས། རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དེ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་སྒྲུབ་པར་གྱུར་ཅིག་ཅེས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། དེ་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་དེས་དེ་སྐད་དུ་སྨྲས་ཏེ། སེམས་ཀྱི་རྣམ་པ་དེ་ལྟ་བུས་ཡོངས་སུ་བསྔོས་ན། དམིགས་
པ་གང་དང་དངོས་པོ་གང་དག་གིས་སེམས་དེ་ལྟ་བུ་སྐྱེས་པར་གྱུར་པའི་དངོས་པོ་དེ་དག་དང་། དམིགས་པ་དེ་དག་རིགས་ཀྱི་བུ་དེ་དག་གིས་ཇི་ལྟར་མཆན་མར་བྱས་པ་དེ་བཞིན་དུ་དམིགས་སུ་ཡོད་པ་ཡིན་ནམ། བྱམས་པས་སྨྲས་པ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་
བུ་དེ་དག་གིས་ཇི་ལྟར་མཚན་མར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་དེ་བཞིན་དུ། དངོས་པོ་དེ་དག་དང་། དམིགས་པ་དེ་དག་དམིགས་སུ་ཡོད་པ་མ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། གལ་ཏེ་དེ་ལྟར་དངོས་པོ་མེད་པ་དེ་དག་
དམིགས་སུ་མེད་ན། སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པ་དེ་དག་དང་། དེ་དག་གི་ཐུགས་དང་པོ་བསྐྱེད་པ་ནས། དམ་པའི་ཆོས་གནས་པའི་བར་གྱི་དགེ་བའི་རྩ་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་གནས་པའི་རིགས་

ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གི་དགེ་བའི་རྩ་བ་གང་ཇི་སྙེད་པ་དང་། སློབ་པ་རྣམས་ཀྱི་དགེ་བའི་རྩ་བ་གང་ཇི་སྙེད་པ་དང་། མི་སློབ་པ་རྣམས་ཀྱི་དགེ་བའི་རྩ་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་གཅིག་ཏུ་གསོགས་བསྡུས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
མཚན་མའི་ཚུལ་གྱིས་ཡོངས་སུ་བསྔོས་ན། ཇི་ལྟར་མི་རྟག་པ་ལ་རྟག་གོ་ཞེས་བྱ་བར་འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་པ་དང་། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་དང་། སྡུག་བསྔལ་བ་ལ་བདེ་ཞེས་བྱ་བ་དང་། བདག་མེད་པ་ལ་བདག་ཅེས་བྱ་བ་དང་། མི་
གཙང་བ་ལ་གཙང་ཞེས་བྱ་བར་འདུ་ཤེས་ཕྱིན་ཅི་ལོག་པ་དང་། སེམས་ཕྱིན་ཅི་ལོག་པ་དང་། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་དེ་ལྟར་དེའི་འདུ་ཤེས་ཕྱིན་ཅི་ལོག་ཏུ་མ་གྱུར་ཏམ། དེ་ལྟ་ཡིན་ཡང་ཐམས་ཅད་དངོས་པོ་ཇི་ལྟ་བ་དང་། དམིགས་པ་ཇི་ལྟ་བར་བྱང་ཆུབ་ཀྱང་དེ་བཞིན།
སེམས་ཀྱང་དེ་བཞིན་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་དེ་བཞིན། གཟུགས་དང་
ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་དེ་བཞིན། མྱིག་དང་། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་། ཡིད་ཀྱང་དེ་བཞིན། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་དང་ཆོས་ཀྱང་དེ་བཞིན། ཁམས་དང་སྐྱེ་མཆེད་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་དེ་བཞིན།
ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཡང་དེ་བཞིན། དྲན་པ་ཉེ་བར་གཞག་པ་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ཡང་དེ་བཞིན། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་ཚད་མེད་པ་རྣམས་
དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་།

ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱང་དེ་བཞིན་ཏེ། གལ་ཏེ་དེ་ལྟར་
དངོས་པོ་ཇི་ལྟ་བ་དང་། དམིགས་པ་ཇི་ལྟ་བར་བྱང་ཆུབ་ཀྱང་དེ་བཞིན། སེམས་ཀྱང་དེ་བཞིན། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡང་དེ་བཞིན། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་
གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་དེ་བཞིན། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཡང་དེ་བཞིན། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་
དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་
པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་
སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱང་དེ་བཞིན་ན་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་དངོས་པོ་དེ་ནི་
གང་ཞིག་ཡིན། དམིགས་པ་དེ་ནི་གང་ཞིག་ཡིན། བྱང་ཆུབ་དེ་ནི་གང་ཞིག་ཡིན། སེམས་དེ་ནི་གང་ཞིག་ཡིན། དགེ་བའི་རྩ་བ་དེ་དག་ནི་གང་ཞིག་ཡིན། རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དེ་ནི་གང་ཞིག་ཡིན། བྱམས་པས་སྨྲས་པ། གལ་

ཏེ་བྱང་ཆུབ་སེམས་དཔའ་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་སྤྱོད་པ། སངས་རྒྱས་མང་པོ་ལ་བསྙེན་བཀུར་ཅིང་དགེ་བའི་རྩ་བ་བསྐྱེད་པར་འགྱུར་བ་དང་། དགེ་བའི་བཤེས་གཉེན་གྱིས་ཀྱང་ཡོངས་སུ་ཟིན་པ་དང་། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་བསླབ་པ་དེ་
དག་ནི། དངོས་པོ་དེ་དག་དང་། དམིགས་པ་དེ་དག་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། དགེ་བའི་རྩ་བ་དེ་དག་དང་། རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་དེ་དག་མཚན་མར་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་ཏུ་ཡོངས་སུ་མི་བསྔོའོ། །དེ་དག་ནི་འདི་ལྟར་ཡོངས་སུ་བསྔོ་སྟེ་གཉིས་ཀྱི་ཚུལ་གྱིས་མ་ཡིན་ནོ། །གཉིས་སུ་མེད་པའི་ཚུལ་གྱིས་མ་ཡིན་ནོ། །མཚན་མའི་ཚུལ་གྱིས་མ་ཡིན་ནོ། །མཚན་མ་མེད་པའི་ཚུལ་གྱིས་མ་ཡིན་ནོ། །དམིགས་པའི་ཚུལ་གྱིས་མ་ཡིན་ནོ། །
དམིགས་སུ་མེད་པའི་ཚུལ་གྱིས་མ་ཡིན་ནོ། །ཉོན་མོངས་པའི་ཚུལ་གྱིས་མ་ཡིན་ནོ། །རྣམ་པར་བྱང་པའི་ཚུལ་གྱིས་མ་ཡིན་ནོ། །སྐྱེ་བའི་ཚུལ་གྱིས་མ་ཡིན་ནོ། །འགག་པའི་ཚུལ་གྱིས་མ་ཡིན་ནོ། །གལ་ཏེ་བྱང་ཆུབ་སེམས་དཔའ་དེ་དག་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་སྤྱོད་པ་
ཡང་མ་ཡིན། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱེད་བྱེད་པ་ཡང་མ་ཡིན། དགེ་བའི་རྩ་བ་བསྐྱེད་པར་གྱུར་པ་ཡང་མ་ཡིན། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ཡང་མ་ཡིན། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་བསླབས་པར་གྱུར་བ་ཡང་མ་
ཡིན། དེ་དག་ནི་དངོས་པོ་དེ་དག་དང་། དམིགས་པ་དེ་དག་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། དགེ་བའི་རྩ་བ་དེ་དག་དང་། རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་དེ་དག་ལ་མཚན་མར་བྱས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་འགྱུར་ཏེ།
བཙུན་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མི་བཤད་དོ། །བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་

ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མི་བཤད་དོ། །ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་།
དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་
དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མི་བཤད་དོ། །འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་
སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་།
སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མི་བཤད་དོ། །ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་
རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའི་མདུན་དུ་མི་བཤད་དོ། །རང་གི་མཚན་ཉིད་ཀྱིས་སྟོང་བའི་ཆོས་རྣམས་དེ་ལྟར་བསྟན་པ་ནི། ཐེག་པ་ལ་གསར་དུ་ཞུགས་པའི་
བྱང་ཆུབ་སེམས་དཔའི་མདུན་དུ་མི་བཤད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་དེ་ལ་དད་པ་ཙམ་འམ། དགའ་བ་ཙམ་འམ། མོས་པ་ཙམ་འམ། གུས་པ་ཙམ་ཞིག་ཡོད་པ་དེ་ཡང་མེད་པར་འགྱུར་བའི་ཕྱིར་ཏེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོའི་མདུན་དུ་བཤད་ཅིང་བསྟན་ཏོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དང་། སྔོན་གྱི་རྒྱལ་བ་ལ་བྱ་བ་བྱས་པ་དང་། དགེ་བའི་རྩ་བ་བསྐྱེད་པ་དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱེད་བྱེད་པའི་མདུན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་ལྟར་བསྟན་པ་
འདི་བཤད་པར་བྱའོ། །བསྟན་པར་བྱའོ། །བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དེ་ལྟར་བསྟན་པ་བཤད་པར་བྱའོ། །
བསྟན་པར་བྱའོ། །ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་
དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་
པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་
བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དེ་ལྟར་བསྟན་པ་བཤད་པར་བྱའོ། །བསྟན་པར་བྱའོ། །ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་
པ་ཐམས་ཅད་མཁྱེན་པ་ཉིད་དེ་ལྟར་བསྟན་པར་བཤད་པར་བྱའོ། །བསྟན་པར་བྱའོ། །དེའི་མདུན་དུ་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་བཤད་པར་བྱའོ། །བསྟན་པར་བྱའོ། །དེས་ནི་དེ་ཐོས་ན་མི་འཇིགས་མི་དངང་སྐྲག་པར་མྱི་འགྱུར་ཏེ། རབ་འབྱོར་

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ། །རབ་འབྱོར་གྱིས་སྨྲས་པ། བྱམས་པ་
སེམས་གང་གིས་རྗེས་སུ་ཡི་རང་ཞིང་། དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་བའི་སེམས་དེ་ནི་ཟད་ཅིང་འགགས་ལ་མེད་དེ་རྣམ་པར་གྱུར་ལ། དངོས་པོ་དེ་དག་དང་། དམིགས་པ་དེ་དག་དང་། དགེ་བའི་རྩ་བ་དེ་དག་ཀྱང་
ཟད་ཅིང་འགགས་ལ་མེད་དེ་རྣམ་པར་གྱུར་ན། རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་དེ་ནི་གང་ཞིག །དངོས་པོ་དེ་དག་ནི་གང་ཞིག །དམིགས་པ་དེ་དག་ནི་གང་ཞིག །དགེ་བའི་རྩ་བ་དེ་དག་ནི་གང་ཞིག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་
བར་བྱ། ཅི་སེམས་ཀྱིས་སེམས་ཡོངས་སུ་བསྔོའམ། དེ་ལྟར་སེམས་ཀྱིས་སེམས་ཡོངས་སུ་བསྔོ་ན་ནི། སེམས་གཉིས་འཕྲད་པར་འགྱུར་བ་མེད་དེ། སེམས་ཀྱི་རང་བཞིན་གང་ཡིན་པ་དེ་ཡང་ཡོངས་སུ་བསྔོ་བར་མི་ནུས་སོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་དངོས་པོ་མེད་པའོ། །བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་།
སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ནི་དངོས་པོ་མེད་པའོ། །ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི་དངོས་པོ་མེད་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་
རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་དངོས་པོ་མེད་པའོ། །འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་

པ་རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་ནི་དངོས་པོ་མེད་པའོ། །ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་
སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་དངོས་པོ་མེད་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་།
ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དངོས་པོ་མེད་པའོ་ཞེས་བྱ་བར་ཤེས་ན། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །གལ་ཏེ་དེ་ལྟར་ཡོངས་སུ་བསྔོ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པར་འགྱུར་རོ། །
དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། གནས་བརྟན་རབ་འབྱོར་ལ་སྨྲས་པ། བཙུན་པ་རབ་འབྱོར་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསྟན་པ་འདི་ཐོས་ན། འཇིགས་ཤིང་སྡང་བའམ། སྐྲག་པར་མི་འགྱུར་རམ།
བཙུན་པ་རབ་འབྱོར་ཇི་ལྟར་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ། ཇི་ལྟར་ན་དེས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་
བྱ་བའི་དངོས་པོ་ཡོངས་སུ་བཟུང་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་མ་ཡིན། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་དམིགས་ནས། ལྷའི་དབང་པོ་བརྒྱ་བྱིན་ལ་

འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་གལ་ཏེ་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་ཡང་མི་དམིགས་པའི་ཚུལ་དང་། མཚན་
མ་མེད་པའི་ཚུལ་གྱིས་འཛིན་པར་བྱེད། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། །བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་སྦྱིན་པའི་ཕ་རོལ་
དུ་ཕྱིན་པ་དེ་ཡང་མི་དམིགས་པའི་ཚུལ་དང་། མཚན་མ་མེད་པའི་ཚུལ་གྱིས་འཛིན་པར་བྱེད། ནང་སྟོང་པ་ཉིད་ལ་སྤྱོད་ཅིང་། ནང་སྟོང་པ་ཉིད་དེ་ཡང་མི་དམིགས་པའི་ཚུལ་དང་། མཚན་མ་མེད་པའི་ཚུལ་གྱིས་འཛིན་པར་བྱེད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་
བར་ལ་སྤྱོད་ཅིང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་ཡང་མི་དམིགས་པའི་ཚུལ་དང་། མཚན་མ་མེད་པའི་ཚུལ་གྱིས་འཛིན་པར་བྱེད། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྤྱོད་ཅིང་། དྲན་པ་ཉེ་བར་གཞག་པ་དེ་དག་ཀྱང་མི་དམིགས་པའི་ཚུལ་དང་། མཚན་མ་མེད་པའི་
ཚུལ་གྱིས། འཛིན་པར་བྱེད། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་ཅིང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དེ་ཡང་མི་དམིགས་པའི་ཚུལ་དང་།
མཚན་མ་མེད་པའི་ཚུལ་གྱིས་འཛིན་པར་བྱེད། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་
པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་

དག་པར་རིག་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་པོ་དེ་ཡང་མི་དམིགས་པའི་ཚུལ་དང་། མཚན་མ་མེད་པའི་ཚུལ་གྱིས་འཛིན་པར་བྱེད། ཐམས་ཅད་ཤེས་པ་ཉིད་དང་།
ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཡང་མི་དམིགས་པའི་ཚུལ་དང་། མཚན་མ་མེད་པའི་ཚུལ་གྱིས་འཛིན་པར་བྱེད་ན། དེས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མོས་པ་མང་བ་དང་། བསམ་
གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་མོས་པ་མང་བ་དང་། ནང་སྟོང་པ་ཉིད་ལ་མོས་པ་མང་བ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་
ཉིད་ཀྱི་བར་ལ་མོས་པ་མང་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་མོས་པ་མང་བ་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་མོས་པ་མང་བ་
དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་མོས་པ་མང་བ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་
གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་མོས་པ་མང་བ་དང་། ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་ལ་མོས་པ་མང་བར་འགྱུར་རོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པར་འགྱུར་རོ། །དགེ་བའི་བཤེས་གཉེན་དེ་དག་ཀྱང་ཕ་རོལ་དུ་ཕྱིན་པ་དྲུག་པོ་འདི་དག་དོན་དང་ལྡན་ཡི་གེ་དང་ལྡན་པར་སྟོན་པར་འགྱུར་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་

ཆུད་ཀྱི་བར་དུ། ཅི་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་བྲལ་བར་མི་འགྱུར་བ་དེ་ལྟར་སྟོན་ཏོ། །བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་
ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་བྲལ་བར་མི་འགྱུར་བ་དེ་ལྟར་སྟོན་ཏོ། །སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་
མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་ལྔ་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་
རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་བྲལ་བར་མི་འགྱུར་བ་དེ་ལྟར་སྟོན་ཏོ། །དེ་ལ་བདུད་ཀྱི་
ལས་རྣམས་ཀྱང་སྟོན་པར་འགྱུར་རོ། །དེས་བདུད་ཀྱི་ལས་དེ་དག་ཐོས་ནས་འགྲིབ་པའམ། འཕེལ་བ་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བདུད་ཀྱི་ལས་དེ་དག་ལ་ངོ་བོ་ཉིད་མེད་དོ། །དེ་ནི་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཆུད་ཀྱི་བར་དུ། སངས་རྒྱས་བཅོམ་
ལྡན་འདས་རྣམས་དང་བྲལ་བར་མི་འགྱུར་ཏེ། དེ་དག་ལ་ཡང་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །དགེ་བའི་རྩ་བ་དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའི་རིགས་ཡོངས་སུ་འཛིན་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་རིགས་དེ་དག་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་བྲལ་བར་མི་འགྱུར་རོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པའི། ཤར་ཕྱོགས་དང་། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། བྱང་ཤར་

དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གྲངས་མེད་ཚད་མེད་པ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད་གྲངས་མེད་པ་བཞུགས་ཤིང་འཚོ་སྐྱོང་བ་
དང་། ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་སྤྲོས་པའི་ཚུལ་ཆད་པར་གྱུར་པ། ཚིག་གི་ལམ་ཉམས་པ་མི་མངའ་བ། ཁུར་བོར་བ། གྲོང་གི་ཚེར་མ་རབ་ཏུ་བསལ་བ། སྲིད་པ་ཀུན་དུ་སྦྱོར་བ་ཡོངས་སུ་ཆད་པ། ཡང་དག་པར་ཡོངས་སུ་མཁྱེན་པས། ཐུགས་ཤིན་དུ་
རྣམ་པར་གྲོལ་བའི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་གིས་བསོད་ནམས་མངོན་པར་འདུ་མཛད་པ་དང་། དེ་དག་དུ་རྒྱལ་རིགས་ཆེ་ཞིང་མཐོ་བའམ། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བའམ། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་འམ། རྒྱལ་
ཆེན་བཞིའི་རིས་ཀྱི་ལྷ་འམ། སུམ་ཅུ་རྩ་གསུམ་འམ། མཚེ་མ་འམ། དགའ་ལྡན་ནམ་འཕྲུལ་དགའ་འམ། གཞན་འཕྲུལ་དབང་བྱེད་དམ། ཚངས་རིས་སམ། ཚངས་ལྷ་ཉེ་ཕན་ནམ། ཚངས་པ་ཀུན་འཁོར་ཏམ། ཚངས་ཆེན་ནམ། སྣང་བའམ། ཆུང་སྣང་ངམ། ཚད་
མེད་སྣང་བའམ། ཀུན་སྣང་དང་བའམ། དགེ་བའམ། ཆུང་དགེ་འམ། ཚད་མེད་དགེ་བའམ། དགེ་རྒྱས་སམ། ཆེ་བའམ། ཆུང་ཆེ་འམ། ཚད་མེད་ཆེ་བའམ། འབྲས་བུ་ཆེ་བའམ། མི་ཆེ་བའམ། མི་གདུང་བའམ། ཤིན་ཏུ་མཐོང་བའམ། གྱ་ནོམ་སྣང་བའམ། འོག་
མྱིན་གྱི་ལྷ་རྣམས་སམ། སུས་ཀྱང་རུང་སྟེ། དགེ་བའི་རྩ་བ་ཇི་སྙེད་ཅིག་བསྐྱེད་པ་དེ་དག་ཐམས་ཅད་མངོན་པར་བསྡུས་ཏེ་གཅིག་ཏུ་བརྟུལ་ནས་ཚད་བཟུང་སྟེ། རྗེས་སུ་ཡི་རང་བའི་རབ་དམ་པ། མཆོག་ཕུལ། གཙོ་བོ་གྱ་ནོམ་པ་བླ་ན་མེད་པ། གོང་ན་མེད་པ། མཉམ་པ་མེད་པ།
མི་མཉམ་པ་དང་མཉམ་པས་རྗེས་སུ་ཡི་རང་བར་བྱས་ཏེ། རྗེས་སུ་ཡི་རང་བར་བྱས་ནས་ཀྱང་། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་བྱམས་པས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། སངས་རྒྱས་བཅོམ་ལྡན་
འདས་དེ་དག་གི་ཉན་ཐོས་ཀྱི་དགེ་འདུན་རྣམས་ཀྱི་དགེ་བའི་རྩ་བ་དེ་དག་ཐམས་ཅད་ལ་སེམས་ཤིང་བསམས་ནས། རྗེས་སུ་ཡི་རང་བའི་རབ་དམ་པ། མཆོག་ཕུལ་གཙོ་བོ་གྱ་ནོམ་པ། བླ་ན་མེད་པ། གོང་ན་མེད་པ། མཉམ་པ་མེད་པ། མི་མཉམ་པ་དང་མཉམ་པས་
རྗེས་སུ་ཡི་རང་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུ་ཤེས་ཕྱིན་ཅི་ལོག་ཏུ་མི་འགྱུར་བ་ཡིན། སེམས་ཕྱིན་ཅི་ལོག་ཏུ་མི་འགྱུར་བ་ཡིན། ལྟ་བ་ཕྱིན་ཅི་ལོག་ཏུ་མི་
འགྱུར་བ་ཡིན། རབ་འབྱོར་གྱིས་སྨྲས་པ། བྱམས་པ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་དང་བཅས་པ་དེ་དག་ལ་སེམས་ཀྱང་། དེ་ལ་སངས་རྒྱས་སུ་འདུ་ཤེས་པར་མི་འགྱུར། ཉན་ཐོས་སུ་འདུ་ཤེས་
པར་མི་འགྱུར། དགེ་བའི་རྩ་བར་འདུ་ཤེས་པར་མི་འགྱུར་ཞིང་། སེམས་གང་གིས་ཡོངས་སུ་བསྔོ་བའི་སེམས་དེ་ལ་ཡང་སེམས་ཀྱི་འདུ་ཤེས་སུ་མི་འགྱུར་ན། དེ་ལྟར་ཡོངས་སུ་བསྔོ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་འདུ་ཤེས་ཕྱིན་ཅི་ལོག་
ཏུ་འགྱུར་བ་མེད་དོ། །སེམས་ཕྱིན་ཅི་ལོག་ཏུ་འགྱུར་བ་མེད་དོ། །ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར་བ་མེད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་དང་བཅས་པ་དེ་དག་དང་། དགེ་བའི་རྩ་བ་དེ་
དག་ལ་སེམས་ཤིང་། མཚན་མར་འཛིན་ལ་མཚན་མར་བཟུང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ན། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུ་ཤེས་ཕྱིན་ཅི་ལོག་ཏུ་འགྱུར་རོ། །སེམས་ཕྱིན་

ཅི་ལོག་ཏུ་འགྱུར་རོ། །ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་གང་གིས། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་དང་བཅས་པ་དེ་དག་དང་། དགེ་བའི་རྩ་བ་དེ་དག་ལ་སེམས་པའི་སེམས་དེ་ལ་ཡང་དག་པར་སེམས་ཤིང་།
འདི་ལྟར་ཟད་པ་ལ་ཟད་ཅེས་བྱ་བར་ཤེས་ལ་གང་ཟད་པ་དེས་ཡོངས་སུ་བསྔོ་བར་མི་ནུས་ཏེ། སེམས་གང་གིས་ཡོངས་སུ་བསྔོ་བའི་སེམས་དེ་ཉིད་ཀྱི་ཆོས་ཉིད་ཀྱང་དེ་ཡིན་ལ། ཆོས་གང་ལ་ཡོངས་སུ་བསྔོ་བའི་ཆོས་དེའི་ཆོས་ཉིད་ཀྱང་དེ་ཡིན་ནོ་ཞེས། གལ་ཏེ་དེ་ལྟར་ཡོངས་སུ་བསྔོ་
ན། ཡང་དག་པར་ཡོངས་སུ་བསྔོ་བ་སྟེ་ལོག་པ་མ་ཡིན་ནོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོ་བར་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་
རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་དང་པོ་བསྐྱེད་པ་ནས། དམ་པའི་ཆོས་གནས་པའི་བར་གྱི་དགེ་བའི་རྩ་བ་གང་ཇི་སྙེད་པ་དང་། ཉན་ཐོས་དང་། རང་སངས་རྒྱས་དེ་དག་གི་དགེ་བའི་རྩ་བ་གང་ཇི་སྙེད་པ་དང་། དེ་དག་ཏུ་སོ་སོའི་སྐྱེ་བོ་མང་པོས་དགེ་བའི་རྩ་བ་གང་ཇི་སྙེད་ཅིག་བསྐྱེད་
པ་དང་། ཆོས་བསྟན་པ་གང་ཇི་སྙེད་ཅིག་ཐོས་པ་དང་། དེ་དག་ཏུ་ལྷ་དང་། ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དག་གིས་དགེ་བའི་རྩ་བ་གང་ཇི་སྙེད་ཅིག་བསྐྱེད་པ་དང་། རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་
སམ། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་སམ། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་སམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་སམ། འོག་མིན་གྱི་བར་གྱི་ལྷ་རྣམས་ཀྱིས་དགེ་བའི་རྩ་བ་གང་ཇི་སྙེད་ཅིག་བསྐྱེད་པ་དང་། དམ་པའི་ཆོས་ཇི་སྙེད་ཅིག་ཐོས་ཏེ། བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ཐམས་ཅད་མངོན་པར་བསྡུས་ཏེ། གཅིག་ཏུ་བརྟུལ་ནས་ཚད་བཟུང་སྟེ། རྗེས་སུ་ཡི་རང་བའི་རབ། མཆོག་ཕུལ། དམ་པ། གྱ་ནོམ་པ། བླ་ན་མེད་པ། གོང་ན་མེད་པ། མཉམ་པ་མེད་པ། མི་མཉམ་པ་དང་།

མཉམ་པས་རྗེས་སུ་ཡི་རང་ནས། དེ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ཞིང་། གལ་ཏེ་འདི་ལྟར་ཆོས་དེ་དག་ནི་ཟད་དོ། །འགགས་སོ། མེད་དོ། རྣམ་པར་གྱུར་ཏོ། །གང་ལ་ཡོངས་སུ་བསྔོ་བའི་སེམས་དེ་ཡང་རང་བཞིན་གྱིས་སྟོང་པའོ་
ཞེས། གལ་ཏེ་དེ་ལྟར་ཡོངས་སུ་བསྔོ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཡིན་ནོ། །གལ་ཏེ་འདི་ལྟར་ཆོས་ཀྱིས་ཆོས་ཡོངས་སུ་བསྔོ་བར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བར་
ཤེས་ལ། གལ་ཏེ་དེ་ལྟར་ཡོངས་སུ་བསྔོ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་དེ་དག་ནི་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་
འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདུ་ཤེས་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ། །སེམས་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ། །ལྟ་བ་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ། །དེ་ཅིའི་
ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡོངས་སུ་བསྔོ་བ་ལ་མངོན་པར་ཆགས་པ་མེད་དོ། །དགེ་བའི་རྩ་བ་དེ་དག་ལ་ཡང་མངོན་པར་ཆགས་པ་མེད་དོ། །བྱང་ཆུབ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གང་ལ་ཆགས་པར་འགྱུར་བའི་
བྱང་ཆུབ་ཀྱི་སེམས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་བསྔོ་བ་བླ་ན་མེད་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད་ནམས་བྱ་བའི་དངོས་པོ་མངོན་པར་འདུ་བྱ་བ་དེ་ཕུང་པོ་དང་།
ཁམས་དང་། སྐྱེ་མཆེད་རྣམས་དབེན་པར་ཤེས་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་དབེན་པར་ཤེས། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་།

སྦྱིན་པའི་ཕ་རོལ་དུ་ཕྱིན་པས་དབེན་པར་ཤེས། ནང་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱིས་དབེན་པར་ཤེས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱིས་དབེན་པར་ཤེས། འཕགས་པའི་བདེན་པ་རྣམས་དང་། བསམ་
གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་
པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ཀྱིས་དབེན་པར་ཤེས། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་
ཀྱིས་དབེན་པར་ཤེས་ན། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། བསོད་ནམས་བྱ་བའི་དངོས་པོ་མངོན་པར་འདུ་བྱ་བ་རེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཡིན་ནོ། །གལ་ཏེ་དེ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་མངོན་པར་འདུ་བྱ་བ་དེ། རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་མངོན་པར་འདུ་བྱ་བ་དེ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་དབེན་པར་ཤེས་ཏེ། སངས་རྒྱས་བཅོམ་ལྡན་
འདས་དེ་དག་ནི་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱིས་དབེན་ནོ། །དགེ་བའི་རྩ་བ་དེ་དག་ནི་དགེ་བའི་རྩ་བའི་ངོ་བོ་ཉིད་ཀྱིས་དབེན་ནོ། །མངོན་པར་འདུ་བྱ་བ་དེ་དག་ནི་མངོན་པར་འདུ་བྱ་བའི་ངོ་བོ་ཉིད་ཀྱིས་དབེན་ནོ། བྱང་ཆུབ་ཀྱི་སེམས་དེ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ཀྱིས་
དབེན་ནོ། །ཡོངས་སུ་བསྔོ་བ་ནི་ཡོངས་སུ་བསྔོ་བའི་ངོ་བོ་ཉིད་ཀྱིས་དབེན་ནོ། བྱང་ཆུབ་ནི་བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱིས་དབེན་ནོ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ངོ་བོ་ཉིད་ཀྱིས་དབེན་ནོ། །བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ནི་

བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པའི་ངོ་བོ་ཉིད་ཀྱིས་དབེན་ནོ། །བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པའི་ངོ་བོ་ཉིད་ཀྱིས་དབེན་ནོ། །བཟོད་པའི་ཕ་རོལ་དུ་ཕྱིན་པ་ནི་བཟོད་པའི་ཕ་རོལ་དུ་ཕྱིན་པའི་ངོ་བོ་ཉིད་ཀྱིས་དབེན་ནོ། །ཚུལ་ཁྲིམས་
ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པའི་ངོ་བོ་ཉིད་ཀྱིས་དབེན་ནོ། །སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་ངོ་བོ་ཉིད་ཀྱིས་དབེན་ནོ། །ནང་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་དབེན་ནོ། །ཕྱི་སྟོང་པ་ཉིད་ནི་ཕྱི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་
དབེན་ནོ། །ཕྱི་ནང་སྟོང་པ་ཉིད་ནི་ཕྱི་ནང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་དབེན་ནོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ངོ་བོ་ཉིད་ཀྱིས་དབེན་ནོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི། བྱང་ཆུབ་ཀྱི་ཕྱོགས་
ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ངོ་བོ་ཉིད་ཀྱིས་དབེན་ནོ། །འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་
དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ནི་གཟུངས་ཀྱི་སྒོ་རྣམས་ཀྱི་ངོ་བོ་ཉིད་ཀྱིས་དབེན་ནོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་
བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ངོ་བོ་ཉིད་ཀྱིས་དབེན་ནོ་ཞེས་བྱ་བར་ཤེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་དེས་དབེན་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་དེ་ལྟར་སྤྱད་པར་བྱ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་

ཀྱི་དགེ་འདུན་དང་བཅས་པ་ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་གི་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་ན། འདི་ལྟར་ཡོངས་སུ་བསྔོ་བར་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཇི་ལྟར་ཡོངས་སུ་མྱ་ངན་ལས་འདས་པ་དེ་བཞིན་དུ། དགེ་བའི་རྩ་བ་འདི་དག་ཀྱང་ཡོངས་སུ་མྱ་ངན་
ལས་འདས་པ་སྟེ། དགེ་བའི་རྩ་བ་དེ་དག་ཇི་ལྟ་བ་བཞིན་དུ་ཡོངས་སུ་བསྔོ་བ་འདི་ཡང་ཡོངས་སུ་མྱ་ངན་ལས་འདས་པའོ། །སེམས་གང་གིས་བསྔོ་བའི་སེམས་དེ་ཡང་དེ་དང་ཚུལ་མཐུན་ཏེ། དེའི་ངོ་བོ་ཉིད་དོ་ཞེས། གལ་ཏེ་དེ་ལྟར་ཤེས་ན། བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཡིན་ཏེ། དེ་ལྟར་ཡོངས་སུ་བསྔོ་ན། འདུ་ཤེས་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ། །སེམས་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ། །ལྟ་བ་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་
པ་ལ་སྤྱོད་པའི་ཚེ། མཚན་མའི་ཚུལ་གྱིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་དགེ་བའི་རྩ་བ་དེ་དག་ཡོངས་སུ་ཤེས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་མ་ཡིན་ནོ། །འདས་པའི་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་པ་
དེ་དག་ཀྱང་མཚན་མ་མ་ཡིན། མཚན་མའི་ཡུལ་མ་ཡིན་ནོ། །དེས་གལ་ཏེ་དེ་ལྟར་སེམས་ན་ཡང་མཚན་མར་བྱེད་པ་ཡིན་གྱིས། དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་མ་ཡིན་ཏེ། དེ་ལྟར་ན་དེའི་འདུ་ཤེས་ཕྱིན་ཅི་ལོག་ཏུ་
འགྱུར་རོ། །སེམས་ཕྱིན་ཅི་ལོག་ཏུ་འགྱུར་རོ། །ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར་རོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། དགེ་བའི་རྩ་བ་དེ་དག་དང་མངོན་པར་འདུ་བྱ་བ་དེ་དག་དང་། སེམས་
བསྐྱེད་པ་དེ་དག་ཡོངས་སུ་ཤེས་པ་མེད་ཅིང་མཚན་མར་མི་བྱེད་ན། དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཡིན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུ་ཤེས་ཕྱིན་ཅི་ལོག་ཏུ་མི་

འགྱུར་རོ། །སེམས་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ། །ལྟ་བ་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ། །བྱམས་པས་སྨྲས་པ། བཙུན་པ་རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགེ་བའི་རྩ་བ་དེ་དག་ལ་མཚན་མར་མི་བྱེད་ཅིང་། བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཡིན། རབ་འབྱོར་གྱིས་སྨྲས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་ཐབས་མཁས་པ་དེ་དག་བསླབ་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོའི་ཐབས་མཁས་པ་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མ་རྟེན་པར་བསོད་ནམས་བྱ་བའི་དངོས་པོ་ཡོངས་སུ་བསྔོ་བར་མི་ནུས་སོ། །བྱམས་པས་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མེད་དེ་མི་
དམིགས་སོ་ཞེས་བྱ་བ་དང་། དགེ་བའི་རྩ་བ་དེ་དག་དང་། མངོན་པར་འདུ་བྱ་བ་དེ་དག་དང་། གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་སེམས་བསྐྱེད་པ་དེ་དག་ཀྱང་མེད་དེ་མི་དམིགས་སོ་ཞེས་བྱ་བ་འདི་སྐྱོན་དུ་སྨོས་པར་མི་འགྱུར་རམ་སྙམ་ན། དེ་ལ་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། བདག་གི་ལུས་དེ་དག་ཀྱང་འགགས་པར་གྱུར། དགེ་བའི་རྩ་བ་དེ་དག་དང་། མངོན་པར་འདུ་བྱ་བ་དེ་དག་དང་། སེམས་བསྐྱེད་པ་དེ་དག་ཀྱང་
འགགས་པར་གྱུར་ན། བདག་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། དགེ་བའི་རྩ་བ་དེ་དག་དང་། མངོན་པར་འདུ་བྱ་བ་དེ་དག་དང་། སེམས་བསྐྱེད་པ་དེ་དག་ལ་མཚན་མར་བྱས་ཤིང་རྣམ་པར་རྟོག་པ་ལྟ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་རྣམས་ཀྱིས་ནི། དེ་ལྟར་མཚན་མའི་ཚུལ་གྱིས་ཡོངས་སུ་བསྔོ་བ་ལ་རྗེས་སུ་དགྱེས་པ་དང་། མངོན་པར་བསྔགས་པ་མ་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་རྣམས་མཚན་མར་བྱས་ཤིང་། རྣམ་པར་

བརྟགས་ཏེ་དམིགས་པ་ནི། དེའི་དམིགས་པ་ཆེན་པོར་འགྱུར་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བར་འདོད་པས། མི་དམིགས་ཤིང་མཚན་མ་མེད་པར་བྱས་ཏེ་ཡོངས་སུ་བསྔོ་བར་བྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི་དམིགས་པའི་འདུ་ཤེས་ཅན་དང་། མཚན་མའི་འདུ་ཤེས་ཅན་གྱི་ཡོངས་སུ་བསྔོ་བ་དེ་ནི་དོན་ཆེ་བར་མ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཡོངས་སུ་བསྔོ་བ་དེ་ནི་དུག་ཅན་ཟུག་རྔུ་ཅན་ཏེ། འདི་ལྟ་སྟེ་དཔེར་ན་ཁ་ཟས་བསོད་
པ། ཁ་དོག་ཕུན་སུམ་ཚོགས་པ། དྲི་ཕུན་སུམ་ཚོགས་པ་ཞིག་ཡོད་ཀྱང་དུག་དང་འདྲེས་པར་གྱུར་ན། ཁ་དོག་དང་དྲི་དང་། རོ་ཡིད་དུ་འོང་བ་ཡང་ཡིན་མོད་ཀྱི་འོན་ཀྱང་དུག་ཅན་དུ་ཟད་ན། དེ་ལ་སྐྱེས་བུ་བྱིས་པའི་ངང་ཚུལ་ཅན། ཤེས་རབ་འཆལ་པའི་ངང་ཚུལ་ཅན་ནི་བཟའ་
བར་སེམས་ཏེ། དེས་དེ་ཟོས་ན་ཡང་ཁ་དོག་དང་། དྲི་དང་། རོ་ཞིམ་པར་ཚོར་མོད་ཀྱི། སྡུག་བསྔལ་དང་། སྡུག་བསྔལ་གྱི་རྣམ་པར་སྨིན་པར་འགྱུར་རོ། །དེ་བཞིན་དུ་འདི་ལ་ལོག་པར་རིག་པ་དང་། ལོག་པར་ཤེས་པ་དང་། ལོག་པར་བསླབས་པ་ལས་དོན་མ་རྟོགས་མི་ཤེས་
ཤིང་འདི་སྐད་དུ་སྟོན་ཏེ། ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་
ཀྱི་བར་དང་། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་ཀྱི་བར་དང་། དམ་པའི་ཆོས་ནུབ་པར་མ་གྱུར་གྱི་བར་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དེ། དགེ་བའི་རྩ་བ་གང་ཇི་སྙེད་ཅིག་མངོན་པར་འདུ་མཛད་པར་གྱུར་པ་དང་།
བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱད་དེ། དགེ་བའི་རྩ་བ་གང་ཇི་སྙེད་ཅིག་མངོན་པར་འདུ་མཛད་པར་གྱུར་པ་དང་།

མངོན་པར་འདུ་མཛད་པ་དང་། མངོན་པར་འདུ་མཛད་པར་འགྱུར་བ་དང་། བསམ་གཏན་བཞི་ལ་བསྒོམས་པ་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་
བདུན་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་
སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་བསྒོམས་ཏེ། དགེ་བའི་རྩ་བ་གང་ཇི་སྙེད་ཅིག་མངོན་པར་འདུ་མཛད་པར་གྱུར་པ་དང་། མངོན་པར་འདུ་མཛད་
པ་དང་། མངོན་པར་འདུ་མཛད་པར་འགྱུར་བ་དང་། དགེ་བའི་རྩ་བ་མངོན་པར་འདུ་མཛད་པ་གང་དག་གིས། སངས་རྒྱས་ཀྱི་ཞིང་མང་པོ་ཡོངས་སུ་དག་པར་གྱུར་པ་དང་། ཡོངས་སུ་དག་པ་དང་། ཡོངས་སུ་དག་པར་འགྱུར་བ་དང་། སེམས་ཅན་མང་པོ་ཡོངས་སུ་སྨིན་པར་མཛད་པར་གྱུར་
པ་དང་། ཡོངས་སུ་སྨིན་པར་མཛད་པ་དང་། ཡོངས་སུ་སྨིན་པར་མཛད་པར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་།
རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དང་། མི་ཉམ་པའི་ཆོས་ཉིད་དང་། རྟག་ཏུ་བཏང་སྙོམས་སུ་གནས་པ་དང་། ཉན་ཐོས་དེ་དག་གི་དགེ་བའི་རྩ་བ་ཟག་པ་མེད་པ་རྣམས་དང་། གང་གིས་དེར་དགེ་
བའི་རྩ་བ་དེ་དག་ལ་རྗེས་སུ་ཡི་རང་བར་གྱུར་པ་དང་། རྗེས་སུ་ཡི་རང་བ་དང་། རྗེས་སུ་ཡི་རང་བར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་རང་སངས་རྒྱས་རྣམས་ལུང་བསྟན་པར་གྱུར་པ་དང་། ལུང་བསྟན་པ་དང་། ལུང་བསྟན་པར་འགྱུར་བ་དང་།

དེར་ལྷ་དང་། ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དག་གིས་དགེ་བའི་རྩ་བ་བསྐྱེད་པར་གྱུར་པ་དང་། བསྐྱེད་པ་དང་། བསྐྱེད་པར་གྱུར་པ་དེ་དག་ཐམས་ཅད་མངོན་པར་བསྡུས་ཏེ། གཅིག་ཏུ་བརྟུལ་ལ་ཚད་
བཟུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ཤིག་ཅེས་བྱ་བར་སྟོན་ཏེ། དེ་ལྟར་བསྔོ་བ་དེས་མཚན་མའི་ཚུལ་དང་དམིགས་པའི་ཚུལ་གྱིས་ཡོངས་སུ་བསྔོས་ན། དུག་དུ་འགྱུར་བ་ཡིན་ནོ། འདི་ལྟ་སྟེ་དཔེར་ན། ཟས་དུག་
ཅན་དེ་དང་འདྲ་བར་དམིགས་པའི་འདུ་ཤེས་ཅན་ལ་ཡོངས་སུ་བསྔོ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དམིགས་པ་ནི་དུག་དང་བཅས་པ་སྟེ། མཚན་མ་དང་བཅས་པ། རྒྱུ་དང་བཅས་པ། རྐྱེན་དང་བཅས་པ་སྟེ། དེ་དེ་ལྟར་ཡོངས་སུ་བསྔོས་ན། དེ་བཞིན་གཤེགས་པ་
ལ་སྐུར་པར་འགྱུར། དེ་བཞིན་གཤེགས་པས་གསུངས་པ་བཞིན་དུ་སྨྲ་བ་ཡང་མ་ཡིན། ཆོས་བཞིན་དུ་སྨྲ་བ་ཡང་མ་ཡིན་པར་འགྱུར་ཏེ། དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་ཇི་ལྟར་ན་འདས་པ་དང་། མ་བྱོན་པ་དང་།
ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགེ་བའི་རྩ་བ་རྣམས་ལ་རྗེས་སུ་ཡི་རང་སྟེ། ཡོངས་སུ་བསྔོ་བར་བྱ། ཇི་ལྟར་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་
རྣམས་ཀྱིས་ཐུགས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དང་། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་བར་དང་། དམ་པའི་
ཆོས་ནུབ་པར་མ་གྱུར་གྱི་བར་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དེ། དགེ་བའི་རྩ་བ་གང་ཇི་སྙེད་ཅིག་མངོན་པར་འདུ་མཛད་པར་གྱུར་པ་དང་། མངོན་པར་འདུ་མཛད་པ་དང་། མངོན་པར་འདུ་མཛད་པར་འགྱུར་བ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་

འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དེ། དགེ་བའི་རྩ་བ་གང་ཇི་སྙེད་ཅིག་མངོན་པར་འདུ་མཛད་པར་གྱུར་པ་དང་། མངོན་པར་འདུ་མཛད་པ་དང་། མངོན་པར་འདུ་མཛད་པར་
འགྱུར་བ་དང་། བསམ་གཏན་བཞི་ལ་བསྒོམས་པ་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་།
མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་
པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་བསྒོམས་ཏེ། དགེ་བའི་རྩ་བ་གང་ཇི་སྙེད་ཅིག་མངོན་པར་འདུ་མཛད་པར་གྱུར་པ་དང་། མངོན་པར་འདུ་མཛད་པ་དང་། མངོན་པར་
འདུ་མཛད་པར་འགྱུར་བ་དང་། དགེ་བའི་རྩ་བ་མངོན་པར་འདུ་མཛད་པ་གང་དག་གིས། སངས་རྒྱས་ཀྱི་ཞིང་མང་པོ་ཡོངས་སུ་དག་པར་གྱུར་པ་དང་། ཡོངས་སུ་དག་པ་དང་། ཡོངས་སུ་དག་པར་འགྱུར་བ་དང་། སེམས་ཅན་མང་པོ་ཡོངས་སུ་སྨིན་པར་མཛད་པར་གྱུར་པ་དང་།
ཡོངས་སུ་སྨིན་པར་མཛད་པ་དང་། ཡོངས་སུ་སྨིན་པར་མཛད་པར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་
གཟིགས་པའི་ཕུང་པོ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དང་། མི་ཉམ་པའི་ཆོས་ཉིད་དང་། རྟག་ཏུ་བཏང་སྙོམས་སུ་གནས་པ་དང་། ཉན་ཐོས་དེ་དག་གི་དགེ་བའི་རྩ་བ་ཟག་པ་མེད་པ་རྣམས་དང་། གང་གིས་དེར་དགེ་བའི་རྩ་བ་དེ་དག་ལ་རྗེས་སུ་ཡི་

རང་བར་གྱུར་པ་དང་། རྗེས་སུ་ཡི་རང་བ་དང་། རྗེས་སུ་ཡི་རང་བར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས། རང་སངས་རྒྱས་རྣམས་ལུང་བསྟན་པར་གྱུར་པ་དང་། ལུང་བསྟན་པ་དང་། ལུང་བསྟན་པར་འགྱུར་བ་དང་། དེ་ལྟར་ལྷ་དང་ཀླུ་དང་གནོད་སྦྱིན་དང་
དྲི་ཟ་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དེ་དག་གིས་དགེ་བའི་རྩ་བ་བསྐྱེད་པར་གྱུར་པ་དང་། བསྐྱེད་པ་དང་། བསྐྱེད་པར་འགྱུར་བ་རྣམས་ལ་རྗེས་སུ་ཡི་རང་སྟེ། ཡོངས་སུ་བསྔོས་ན་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པར་འགྱུར་བ་སྙམ་དུ་བསླབ་པར་མི་བྱའོ། །རབ་འབྱོར་གྱིས་སྨྲས་པ། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ། དེ་བཞིན་གཤེགས་པ་
ལ་སྐུར་པར་འགྱུར་བ་མེད་པར་འདོད་པས། འདི་ལྟར་ཡོངས་སུ་བསྔོ་བར་བྱ་སྟེ། ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པས། དགེ་བའི་རྩ་བ་དེ་དག་གི་ངང་ཚུལ་གང་ཡིན་པ་དང་།
རང་བཞིན་གང་ཡིན་པ་དང་། མཚན་ཉིད་གང་ཡིན་པ་ཐུགས་སུ་ཆུད་དེ། མཁྱེན་ལ་རབ་ཏུ་མཁྱེན་ཅིང་ཆོས་ཉིད་གང་གིས་ཡོད་པ་དེ་བཞིན་དུ། བདག་གིས་རྗེས་སུ་ཡི་རང་བར་བྱའོ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཐུགས་སུ་ཆུད་པ་དེ་བཞིན་དུ།
བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ་ཞེས། དེ་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས། དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ།
དེ་ལྟར་ཡོངས་སུ་བསྔོས་ན། དེ་བཞིན་གཤེགས་པ་ལ་སྐུར་བར་མི་འགྱུར། དེ་བཞིན་གཤེགས་པས་གསུངས་པ་བཞིན་དུ་སྨྲ་བ་དང་། ཆོས་བཞིན་དུ་སྨྲ་བར་འགྱུར་རོ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་བསྔོ་བ་དེ་དུག་མེད་

ཅིང་བདུད་རྩིའི་མཐར་ཕྱིན་པར་འགྱུར་རོ། གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ། །རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། དགེ་བའི་རྩ་བ་རྣམས་འདི་ལྟར་ཡོངས་སུ་བསྔོ་བར་བྱ་སྟེ། ཇི་
ལྟར་གཟུགས་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་ཏེ། གང་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་
པར་ཤེས་པ་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་ཏེ། གང་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །སྐྱེ་མཆེད་རྣམས་དང་།
ཁམས་རྣམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་ཏེ། གང་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་
བྱུང་བ་ཡང་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་ཏེ། གང་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་
ལྟར་བྱུང་བ་ཡང་མ་ཡིན་ནོ། །བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་འདོད་པའི་ཁམས་དང་། གཟུགས་ཀྱི་
ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་ཏེ། གང་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་

བར་དུ་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་ཏེ། གང་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་
སུམ་ཅུ་རྩ་བདུན་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་ཏེ། གང་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །འཕགས་པའི་བདེན་
པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་།
མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་
བཅྭོ་བརྒྱད་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་ཏེ། གང་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །དེ་བཞིན་ཉིད་དང་། མ་ནོར་བ་
དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་
པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་ཏེ། གང་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་

མཐོང་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། མི་ཉམ་པའི་ཆོས་ཉིད་དང་། རྟག་ཏུ་བཏང་སྙོམས་སུ་གནས་པ་གང་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་ཁོངས་སུ་ཆུད་པ་མ་ཡིན་ཏེ། གང་ཁོངས་
སུ་ཆུད་པ་མ་ཡིན་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ཁོངས་སུ་མ་ཆུད་པའི་ཕྱིར་ཏེ། དེ་བཞིན་དུ་ཡོངས་སུ་བསྔོ་བ་ཡང་ཁོངས་སུ་ཆུད་པ་མ་ཡིན་ཏེ། གང་ཁོངས་སུ་ཆུད་པ་མ་
ཡིན་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །ཆོས་གང་ལ་ཡོངས་སུ་བསྔོ་བའི་ཆོས་དེ་ཡང་ཁོངས་སུ་ཆུད་པ་མ་ཡིན་ཏེ། གང་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་
ལྟར་བྱུང་བ་ཡང་མ་ཡིན་ནོ། །གང་ཡོངས་སུ་བསྔོ་བ་དེ་ཡང་ཁོངས་སུ་ཆུད་པ་མ་ཡིན་ཏེ། གང་ཁོངས་སུ་ཆུད་པ་མ་ཡིན་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡ