Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 027_ཉི་ཁྲི།_ཁ
Văn bản gốc(Tây Tạng)
Trang 4 / 24 (50.000 ký tự/trang)
སེམས་ཅན་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་དུ་ཕྱིན་པ་འདི་མཐའ་ཡས་སོ། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་རྣམ་པ་གང་གིས་ན། སེམས་ཅན་ཅན་མཐའ་ཡས་ པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་དུ་ཕྱིན་པ་འདི་མཐའ་ཡས་པ་ཡིན་ཞེས་བྱ། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། འདི་ལྟ་སྟེ་སེམས་ཅན་སེམས་ཅན་ཞེས་བྱ་བ་དེ་ཆོས་གང་གི་ཚིག་བླ་ དགས་ཡིན། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་ནི་ཆོས་ཀྱི་ཚིག་བླ་དགས་ཀྱང་མ་ཡིན། ཆོས་མ་ཡིན་པའི་ཚིག་བླ་དགས་ཀྱང་མ་ཡིན་ཏེ། འདི་ལྟར་སེམས་ཅན་སེམས་ཅན་ཞེས་བྱ་བ་འདི་ནི་བློ་བུར་དུ་མིང་དུ་བཏགས་པ། དངོས་པོ་ མེད་པར་མིང་དུ་བཏགས་པ། དམིགས་པ་མེད་པར་མིང་དུ་བཏགས་པའོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལས་སེམས་ཅན་དུ་བཤད་པ་གང་ཡང་ཡོད་དམ། བརྒྱ་བྱིན་གྱིས་སྨྲས་པ། བཙུན་ པ་རབ་འབྱོར་དེ་ནི་མེད་དོ། །རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གང་ལ་སེམས་ཅན་དུ་བཤད་པ་གང་ཡང་མེད་པ་དེ་ལ། སེམས་ཅན་མཐའ་ཡས་པ་ཡོད་དེ། ཀཽ་ཤི་ཀ་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བཞུགས་ཏེ། སེམས་ཅན་སེམས་ཅན་ ཞེས་གསུང་དུ་བརྗོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། དེ་ལ་སེམས་ཅན་གང་ཡང་སྐྱེ་བའམ། འགག་པར་འགྱུར་བ་ཡོད་དམ། སྨྲས་པ་བཙུན་པ་རབ་འབྱོར་དེ་ནི་མེད་དེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཐོག་མ་ནས་རྣམ་པར་དག་པའི་ཕྱིར་རོ། ། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་དེ་ལྟར་རྣམ་གྲངས་དེས་ན། སེམས་ཅན་མཐའ་ཡས་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མཐའ་ཡས་པར་རིག་པར་བྱའོ། །དེ་ནས་དབང་པོ་དང་བཅས་པའི་ལྷ་རྣམས་དང་། ཚངས་པ་དང་བཅས་པའི་ལྷ་རྣམས་དང་། སྐྱེ་ དགུའི་བདག་པོ་དང་བཅས་པའི་ལྷ་རྣམས་དང་། སྐྱེས་པ་དང་བུད་མེད་དུ་བཅས་པ་དག་གིས་ལན་གསུམ་དུ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དེ། གང་གནས་བརྟན་རབ་འབྱོར་གྱིས་འདི་ལྟར་དེ་བཞིན་གཤེགས་པ་འབྱུང་བའི་དོན་དུ། དེ་བཞིན་གཤེགས་པའི་བྱིན་གྱིས་ བརླབས་པ་དང་། མཐུས་བཤད་ཅིང་བརྗོད་པ་བསྟན་པའི་ཆོས་འདི་ནི་ཀྱེ་མ་ལེགས་པར་བཤད་དོ། །ཀྱེ་མ་ཆོས་འདི་ནི་ལེགས་པར་བཤད་དོ། །ཀྱེ་མ་ཆོས་ཀྱི་ཆོས་ཉིད་འདི་ནི་ལེགས་པར་བཤད་དོ། །བཅོམ་ལྡན་འདས་བདག་ཅག་གིས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་དང་མ་བྲལ་བ་དེ་ནི། དེ་བཞིན་གཤེགས་པ་ཉིད་དུ་གཟུང་བར་བགྱིའོ། །ཆོས་གང་ཡང་དམིགས་སུ་མ་མཆིས་ཏེ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ ཤེས་པའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་རམ། ཆོས་གང་ཡང་དམིགས་སུ་མ་མཆིས་ཀྱིས་ཀྱང་ཐེག་པ་གསུམ་རྣམ་པར་དགོད་པ་མཆིས་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དབང་པོ་དང་བཅས་པ་རྣམས་ལ་བཀའ་སྩལ་པ། ལྷའི་བུ་དག་དེ་དེ་བཞིན་ནོ། །ཇི་སྐད་དུ་སྨྲས་པ་དེ་དེ་བཞིན་ཏེ། ཆོས་གང་ཡང་དམིགས་སུ་མེད་དེ། གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་རམ། ཆོས་གང་ཡང་མི་དམིགས་མོད་ཀྱི་ཐེག་པ་གསུམ་རྣམ་པར་དགོད་པ་ཡང་ཡོད་དེ། གསུམ་གང་ཞེ་ན། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ ཐེག་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པའོ། །ལྷའི་བུ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་མི་དམིགས་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་དང་མ་བྲལ་བ་དེ་ནི། དེ་བཞིན་གཤེགས་པ་ཉིད་དུ་གཟུང་ བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏེ། གསུམ་གང་ཞེ་ན། འདི་ལྟར་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་ པ་བཤད་དོ། །ཕ་རོལ་དུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། འཕགས་པའི་བདེན་པ་དང་ བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལས་ གཞན་དུ་ཡང་དེ་བཞིན་གཤེགས་པ་མི་དམིགས་སོ། །ལྷའི་བུ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་འདི་དག་ཐམས་ཅད་ལ་སློབ་པ་སྟེ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སློབ་བོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སློབ་བོ། །ནང་སྟོང་པ་ཉིད་ལ་སློབ་བོ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སློབ་བོ། །དྲན་པ་ཉེ་བར་ གཞག་པ་ལ་སློབ་བོ། །ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་ རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་ སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སློབ་བོ། ལྷའི་བུ་དག་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ དང་མི་འབྲལ་བར། སྤྱོད་པ་དེ་ནི་དེ་བཞིན་གཤེགས་པ་ཉིད་ཅེས་བྱ་སྟེ། ལྷའི་བུ་དག་གང་གི་ཚེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱི་ཞབས་འབྲིང་བྱེད་ཅིང་། རྒྱལ་པོའི་ཁབ་པད་མོ་ཡོད་པའི་ནང་གི་ཚོང་ འདུས་ཀྱི་དབུས་ན་འདུག་པའི་ཚེ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་བྲལ་བར་མ་གྱུར་ཏོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་ རོལ་དུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ ཡན་ལག་རྣམས་དང་། ལམ་རྣམས་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་ཡང་བྲལ་བར་མ་གྱུར་ཏེ། དེ་མི་དམིགས་པའི་ཚུལ་གྱིས་སངས་རྒྱས་ཀྱི་ཆོས་ཚད་མེད་པ་གཞན་དག་དང་ཡང་བྲལ་བར་མ་གྱུར་ཏོ། ། ལྷའི་བུ་དག་དེའི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱིས། ང་ལ་ཁྱེའུ་ཁྱོད་ནི་མ་འོངས་པའི་དུས་ཀྱི་བསྐལ་པ་གྲངས་མེད་པ་ན། བསྐལ་པ་བཟང་པོའི་ཚེ། འཇིག་རྟེན་གྱི་ཁམས་འདི་ཉིད་དུ་ཤཱཀྱ་ཐུབ་པ་ ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་རྐང་པར་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་ རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ། །ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་ནས་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་དེ་ལྟར་གཟུགས་མི་ལེན་མི་འདོར་བའི་ཚུལ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མི་ལེན་མི་འདོར་བའི་ཚུལ་དང་། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ཕ་རོལ་དུ་ ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་ གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་ལེན་མི་འདོར་བའི་ཚུལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཐུན་པར་ཡོངས་སུ་འཛིན་པ་ནི་ངོ་མཚར་ཆེའོ། །དེ་ནས་ བཅོམ་ལྡན་འདས་ཀྱིས་དགེ་སློང་དང་དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་བཞི་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་དང་། འོག་མིན་གྱི་བར་གྱི་ལྷའི་བུ་དེ་དག་འདུས་ཤིང་ཚོགས་པར་ མཁྱེན་ནས། དེ་དག་ཐམས་ཅད་དཔང་དུ་བཅུགས་ཏེ། ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ། རིགས་ཀྱི་བུའམ་རིགས་ ཀྱི་བུ་མོའམ། ལྷའི་བུའམ་ལྷའི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། སྒོམ་པ་དང་། གཞན་ལ་རྒྱ་ཆེར་འཆད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཀྱི་སེམས་དང་ཡང་མི་འབྲལ་བ་དེ་དག་ནི། བདུད་སྡིག་ཏོ་ཅན་དང་། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་གླགས་རྙེད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས་གཟུགས་སྟོང་པ་ཉིད་ཤིན་དུ་བྱིན་གྱིས་བརླབས་པར་ འགྱུར། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་ཤིན་དུ་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མི་རྙེད། མཚན་མ་མེད་པས་མཚན་མ་མེད་པ་ལ་གླགས་མི་རྙེད། སྨོན་ པ་མེད་པས་སྨོན་པ་མེད་པ་ལ་གླགས་མི་རྙེད་དོ། །དེ་ནི་འདི་ལྟར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གིས་སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་དུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་ མེད་པ་དང་མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྟོང་པ་ཉིད་ཤིན་དུ་ བྱིན་གྱིས་བརླབས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་ལ་གླགས་མི་རྙེད། མཚན་མ་མེད་པས་མཚན་མ་མེད་པ་ལ་གླགས་མི་རྙེད། སྨོན་པ་མེད་པས་སྨོན་པ་མེད་པ་ལ་གླགས་མི་རྙེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་གིས་ གླགས་རྙེད་པར་འགྱུར་བ་དང་། གང་དུ་གླགས་རྙེད་པར་འགྱུར་བ་དང་། གང་ལ་གླགས་རྙེད་པར་འགྱུར་བ་དེ་དག་གིས་ངོ་བོ་ཉིད་མེད་དོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ལ་ནི་མིའམ། མི་མ་ཡིན་པ་གླགས་ལྟ་ཞིང་གླགས་ཚོལ་བ་དག་གིས་གླགས་རྙེད་པར་མི་འགྱུར་ རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་དེ་མི་དམིགས་པའི་ཚུལ་གྱིས། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཤིན་དུ་བསྒོམས་པའི་ཕྱིར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ ནི་ཉམ་ང་བ་མི་སྤོངས་པས་དུས་བྱེད་པར་ཡང་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དེ་དག་གིས། སེམས་ཅན་ཐམས་ཅད་ལ་ཡང་དག་པའི་རིམ་གྲོས་བསྙེན་བཀུར་བྱས་པའི་ཕྱིར་རོ། ། ཀཽ་ཤི་ཀ་གང་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་དང་། མཚེ་མ་དང་དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཀུན་སྣང་དང་བ་དང་། དགེ་རྒྱས་དང་། འབྲས་བུ་ཆེ་བའི་ལྷ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ཇི་སྙེད་ཅིག་ཡོད་པ་དང་། ལྷའི་བུ་གང་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་མ་ཐོས་པ་དང་། མ་བཟུང་བ་དང་། མ་བཅངས་པ་དང་། ཀུན་ཆུབ་པར་མ་བྱས་པ་དེ་དག་གིས་ ཀྱང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་མཉན་པར་བྱའོ། །གཟུང་བར་བྱའོ། །བཅང་བར་བྱའོ། །ཀླག་པར་བྱའོ། །ཀུན་ཆུབ་པར་བྱའོ། །ཚུལ་བཞིན་དུ་ཡིད་ལ་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ་བར་བྱའོ། །ཀཽ་ཤི་ཀ་གཞན་ཡང་རིགས་ ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་རྣམ་པ་ཐམས་ཅད་མཁྱེན་པའི་སེམས་དང་ཡང་མ་བྲལ་བར་བྱེད་ཅིང་དེ་དག་ནི་ཁྱིམ་སྟོང་པ་ན་འདུག་ཀྱང་རུང་། བླ་གབ་ མེད་པ་ན་འདུག་ཀྱང་རུང་། ལམ་གོལ་པ་ན་འདུག་ཀྱང་རུང་སྟེ། འཇིགས་པའམ་སྔང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གིས་ནང་སྟོང་པ་ཉིད་དེ་མི་དམིགས་པའི་ཚུལ་གྱིས་ཤིན་དུ་བསྒོམས་སོ། །ཕྱི་སྟོང་པ་ ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་དེ་མི་དམིགས་པའི་ཚུལ་གྱིས་ཤིན་དུ་བསྒོམས་སོ། །དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་ དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། གནས་གཙང་མའི་རིས་ཀྱི་བར་གྱི་ལྷ་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་རིགས་ཀྱི་བུ་དང་ རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་མོས་ཤིང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་ཅིང་། གཞན་ལ་ཡང་རྒྱ་ཆེར་སྟོན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡིད་ལ་བགྱིད་པ་ དང་། མི་འབྲལ་བ་དེ་དག་ལ་རྟག་ཏུ་རྒྱུན་མི་ཆད་པར་བསྲུང་བ་དང་། བསྐྱང་བ་དང་། བསྐྱབ་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཆིས་ན། སེམས་ཅན་དམྱལ་བ་རྣམས་ཀྱང་རྒྱུན་ཆད་པར་འགྱུར། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ལྷ་ལས་ཕོངས་པ་དང་། མི་ལས་དབུལ་བ་དང་། ནད་དང་གནོད་པ་དང་། འགོ་བའི་ནད་ཐམས་ཅད་ཀྱང་རྒྱུན་ཆད་ཅིང་འཇིག་པ་དང་མ་མཆིས་པར་འགྱུར། མུ་གེའི་མྱ་ངམ་ཐམས་ཅད་ཀྱང་རྒྱུན་ཆད་པར་འགྱུར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཆིས་ན། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར། བསམ་གཏན་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར། ཚད་མེད་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར། གཟུགས་མེད་པའི་སྙོམས་པར་འཇུག་པ་ བཞི་འཇིག་རྟེན་དུ་འབྱུང་བར་འགྱུར། མངོན་པར་ཤེས་པ་ལྔ་འཇིག་རྟེན་དུ་འབྱུང་བར་འགྱུར། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་འཇིག་རྟེན་དུ་འབྱུང་བར་འགྱུར། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་ གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འཇིག་རྟེན་དུ་འབྱུང་བར་འགྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཆིས་ན། རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་མཆིས་པར་འགྱུར། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་དང་། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། འོག་མིན་གྱི་བར་གྱི་ལྷ་ རྣམས་མཆིས་པར་འགྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཆིས་ན། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། རྒྱུན་དུ་ཞུགས་པ་མཆིས་པར་འགྱུར། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བ་མཆིས་པར་འགྱུར། ཕྱིར་མི་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བ་མཆིས་པར་འགྱུར། དགྲ་བཅོམ་པ་ཉིད་དང་། དགྲ་བཅོམ་པ་མཆིས་པར་འགྱུར། རང་བྱང་ཆུབ་དང་། རང་སངས་རྒྱས་མཆིས་པར་འགྱུར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཆིས་ན། སེམས་ཅན་ ཡོངས་སུ་སྨིན་པ་མཆིས་པར་འགྱུར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་མཆིས་པར་འགྱུར། འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྱུང་བར་འགྱུར། ཆོས་ཀྱི་འཁོར་ལོ་སྐོར་བ་མཆིས་པར་འགྱུར། སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་འབྱུང་བར་འགྱུར། བཅོམ་ལྡན་འདས་རྣམ་གྲངས་དེས་ན། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བསྲུང་བ་ དང་། བསྐྱང་བ་དང་། བསྐྱབ་པར་བགྱིའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོད་ན། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །ལྷ་ལས་ཕོངས་པ་དང་། མི་ལས་དབུལ་བ་དང་། ནད་དང་གནོད་པ་དང་། འགོ་བའི་ནད་ཐམས་ཅད་རྒྱུན་ཆད་པ་དང་། འཇིག་པ་དང་མེད་པར་འགྱུར་རོ། ། མུ་གེའི་མྱ་ངན་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོད་ན། དགེ་བ་བཅུའི་ལས་ཀྱི་ལམ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་ འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཕ་རོལ་དུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། འཕགས་པའི་བདེན་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་ གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་ དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཡོད་ན། རྒྱལ་རིགས་ཆེ་ཞིང་མཐོ་བ་དང་། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་དང་། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་ཡོད་པར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། འོག་མིན་ གྱི་བར་གྱི་ལྷ་རྣམས་ཡོད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོད་ན། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། རྒྱུན་དུ་ཞུགས་པ་ཡོད་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བ་ཡོད་པར་འགྱུར་ རོ། །ཕྱིར་མི་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བ་ཡོད་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་དང་། དགྲ་བཅོམ་པ་ཡོད་པར་འགྱུར་རོ། །རང་བྱང་ཆུབ་དང་རང་སངས་རྒྱས་ཡོད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོད་ན། སེམས་ཅན་ ཡོངས་སུ་སྨིན་པ་ཡོད་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡོད་པར་འགྱུར་རོ། །འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྱུང་བར་འགྱུར་རོ། །ཆོས་ཀྱི་འཁོར་ལོ་སྐོར་བ་ཡོད་པར་འགྱུར་རོ། །སངས་ རྒྱས་དང་ཆོས་དང་དགེ་འདུན་དཀོན་མཆོག་འབྱུང་བར་འགྱུར་རོ། །དེ་བས་ན་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་རིམ་གྲོར་བྱའོ། །བཀུར་སྟི་དང་བསྟི་སྟང་དུ་བྱའོ། །མཆོད་པར་བྱའོ། །རྟག་ཏུ་ རྒྱུན་མི་ཆད་པར་དེ་ལ་བསྲུང་བ་དང་། བསྐྱང་བ་དང་། བསྐྱབ་པར་བྱའོ། །ཀཽ་ཤི་ཀ་གང་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། བསྟི་སྟང་དུ་བྱ་བ་དང་། མཆོད་པར་བྱ་བར་སེམས་པ་དེ་ནི་ང་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། བསྟི་སྟང་དུ་བྱ་བ་དང་། མཆོད་པར་བྱ་བར་སེམས་སོ། །དེ་བས་ན་ལྷ་དང་། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་རིམ་གྲོར་བྱའོ། །བཀུར་སྟིར་བྱའོ། །བསྟི་སྟང་དུ་བྱའོ། མཆོད་པར་བྱའོ། །རྟག་ཏུ་རྒྱུན་མི་ཆད་པར་དེ་ལ་བསྲུང་བ་དང་། བསྐྱང་བ་དང་། བསྐྱབ་པར་བྱའོ། །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ལྟ་སྟེ་དཔེར་ན་འདམ་བུའི་ཚལ་ལམ། སྨྱིག་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། འོད་མའི་ཚལ་ ལམ། ཅི་སྐྱང་གི་བྱིངས་སམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་ཀྱིས་གང་བར་གྱུར་ལ་དེ་དག་ལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། ནམ་འཚོའི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱས་པ་དང་། བཀུར་སྟིར་བྱས་པ་དང་། བསྟི་སྟང་དུ་བྱས་པ་དང་། མཆོད་པར་བྱས་པ་བས། གང་ལ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ཕ་རོལ་དུ་ཕྱིན་པ་དྲུག་དང་མ་བྲལ་བ་ཞིག་ལ། རིམ་གྲོར་བྱས། བཀུར་སྟིར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་ན། དེ་ནི་དེ་བས་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཀཽ་ཤི་ཀ་ཉན་ཐོས་དང་། རང་སངས་རྒྱས་དེ་དག་ཡོད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་དུ་འབྱུང་བར་འགྱུར་བ་མ་ཡིན། དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་བར་འགྱུར་བ་མ་ཡིན་གྱི། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོད་ན། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་འཇིག་རྟེན་ན་ཡོད་པར་འགྱུར་རོ། །དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཀཽ་ཤི་ཀ་དེ་བས་ན་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་རིམ་གྲོར་བྱའོ། །བཀུར་ སྟིར་བྱའོ། །བསྟི་སྟང་དུ་བྱའོ། །མཆོད་པར་བྱའོ། །རྟག་ཏུ་རྒྱུན་མི་ཆད་པར་དེ་ལ་བསྲུང་བ་དང་། བསྐྱང་བ་དང་། བསྐྱབ་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ལེའུ་བཅུ་དྲུག་པའོ།། །།དེ་ནས་ལྷའི་ དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་ དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་དག་གིས། ཚེ་འདི་ལ་འཐོབ་པའི་ཡོན་ཏན་འདི་དག་ཡོངས་སུ་ཟིན་པར་འགྱུར་ཞིང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིད་པ་དང་། སངས་རྒྱས་བཅོམ་ལྡན་འདས་ ལ་བསྙེན་བཀུར་བའི་སླད་དུ། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆི་བ་དང་། དགེ་བའི་རྩ་བ་གང་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་རིམ་གྲོར་བགྱི་བ་དང་། བཀུར་སྟིར་བགྱི་བ་དང་། བསྟི་སྟང་དུ་བགྱི་བ་དང་། མཆོད་པར་བགྱི་བར་ འཚལ་བ་དེ་ལྟ་བུའི་དགེ་བའི་རྩ་བ་དེ་དག་ཀྱང་ཕུན་སུམ་ཚོགས་པར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་གང་ཐོས་པ་དེ་དག་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་མ་གྱུར་གྱི་བར་དུ་ དྲན་པ་མི་ཉམས་པ་དང་། རིགས་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་། སྐྱིད་པ་ཕུན་སུམ་ཚོགས་པ་དང་། ཚེ་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པ་དང་། མཚན་ཕུན་སུམ་ཚོགས་པ་དང་། འོད་ཕུན་སུམ་ཚོགས་པ་དང་། མིག་ཕུན་སུམ་ ཚོགས་པ་དང་། དབྱངས་ཕུན་སུམ་ཚོགས་པ་དང་། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་དང་། གཟུངས་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་། ཐབས་མཁས་པས་བ་དག་ཀྱང་། སངས་རྒྱས་ཀྱི་སྐུར་མངོན་པར་སྤྲུལ་ཅིང་། འཇིག་རྟེན་གྱི་ཁམས་ནས་འཇིག་ རྟེན་གྱི་ཁམས་སུ་མངོན་པར་མཆི་བ་དང་། གང་དུ་སངས་རྒྱས་བཅོམ་ལྡན་འདས་སྐྱེ་ཞིང་འབྱུང་བར་མ་གྱུར་བ་དེ་དང་དེ་དག་དུ་མཆིས་ཤིང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་ཡོན་ཏན་རྗོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཡོན་ཏན་རྗོད་པ་དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཡོན་ཏན་རྗོད་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་ཡོན་ཏན་རྗོད་ པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་ སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་ཡོན་ཏན་རྗོད་པ་དང་། ཐབས་མཁས་པས་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། སེམས་ཅན་རྣམས་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་གསུམ་ལ་འདུལ་བ་ནི་ངོ་མཚར་ཆེའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཡོངས་ སུ་བཟུང་ན། ཕ་རོལ་དུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་བཟུང་བར་འགྱུར་བ་དང་། སྟོང་པ་ཉིད་ཐམས་ཅད་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་ པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་གཟུང་པར་འགྱུར་བ་ངོ་མཚར་ཆེའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་དེ་ དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་བཟུང་བས། ཕ་རོལ་དུ་ཕྱིན་པ་ཐམས་ཅད་ཡོངས་སུ་གཟུང་བར་འགྱུར་རོ། །སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། འཕགས་པའི་བདེན་པ་དང་། བསམ་ གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་གཟུང་བར་འགྱུར་རོ། །ཀཽ་ཤི་ཀ་ གཞན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བཟུང་བ་དང་། ཡོངས་སུ་བཟུང་བ་དང་། བཅངས་པ་དང་། བླགས་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་ཚེ་འདི་ལ་ཡོན་ཏན་གང་དང་གང་ཡོངས་སུ་ཟིན་ པར་འགྱུར་བ་དེ་དག་བསྟན་གྱིས། ཤིན་དུ་ལེགས་པར་ཉོན་ལ་ཡིད་ལ་གྱིས་ཤིག །བཅོམ་ལྡན་འདས་དེ་ལྟར་བགྱིའོ་ཞེས་ནས། ལྷའི་དབང་པོ་བརྒྱ་བྱིན་བཅོམ་ལྡན་འདས་ལ་ཕྱིར་ཉན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་མུ་ སྟེགས་ཅན་གཞན་དང་མུ་སྟེགས་སྤྱོད་པ་དང་། ཀུན་དུ་རྒྱུ་བ་དང་བདུད་དམ་བདུད་ཀྱི་རིས་སུ་གཏོགས་པའི་ལྷ་འམ། གང་ཟག་ང་རྒྱལ་ཅན་ལ་ལ་ཞིག །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་བརྒལ་བར་འདོད་པ་དང་། འདི་དང་དབྲལ་བར་འདོད་པ་དང་། འདི་ལ་བརྩད་པར་ འདོད་པ་དང་། དགལ་བར་འདོད་པ་ཞིག་བྱུང་ན། བརྒལ་བར་འདོད་པ་དང་། དབྲལ་བར་འདོད་པ་དང་། བརྩད་པར་འདོད་པ་དང་། དགལ་བར་འདོད་པ་དེ་དག་གིས་བརྒལ་བ་དང་། དབྲལ་བར་འདོད་པ་དང་། བརྩད་པར་འདོད་པ་དང་། དགལ་བར་འདོད་པ་དེ་དག་གི་རྒོལ་བ་དང་དབྲལ་ བར་བྱ་བ་དང་། བརྩད་པ་དང་། དགལ་བར་བྱེད་པ་གང་དང་གང་བྱུང་བ་ཀུན་ཀྱང་མྱུར་དུ་ནུབ་ཅིང་མེད་པར་གྱུར་ཏེ། བརྒལ་བར་དགའ་བ་དང་། དབྲལ་བར་དགའ་བ་དང་། བརྩད་པར་དགའ་བ་དང་། དགལ་བར་དགའ་བ་དེ་དག་གི་བསམ་པ་ཡང་ཡོངས་སུ་རྫོགས་པར་ མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡུན་རིང་པོར་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། གང་གི་དོན་དུ་སེམས་ཅན་རྣམས་ཡུན་རིང་པོར་འཐབ་པ་དང་། རྩོད་པ་དང་། འཁྲུག་པ་དང་། ཤགས་སུ་གྱུར་ པའི་ཕྱི་ནང་གི་ཆོས་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་བཏང་སྟེ། སེམས་ཅན་དེ་དག་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་རབ་ཏུ་བཀོད་པའི་ཕྱིར་རོ། །གང་གི་དོན་དུ་སེམས་ཅན་དེ་དག་ཡུན་རིང་པོར་ཚུལ་ཁྲིམས་ངན་པར་འགྱུར་བའི་ཕྱི་ནང་གི་ ཆོས་དེ་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་བཏང་སྟེ། སེམས་ཅན་དེ་དག་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་རབ་ཏུ་བཀོད་པའི་ཕྱིར་རོ། །གང་གི་དོན་དུ་སེམས་ཅན་དེ་དག་ཡུན་རིང་པོར་ཁྲོ་བ་དང་། གནོད་སེམས་དང་། འཚེ་བར་གྱུར་ བའི་ཕྱི་ནང་གི་ཆོས་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་བཏང་སྟེ། སེམས་ཅན་དེ་དག་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་རབ་ཏུ་བཀོད་པའི་ཕྱིར་རོ། །གང་གི་དོན་དུ་སེམས་ཅན་དེ་དག་ཡུན་རིང་པོར་ལེ་ལོ་བྱེད་པར་གྱུར་པའི་ཕྱི་ནང་གི་ཆོས་དེ་ དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་བཏང་སྟེ། སེམས་ཅན་དེ་དག་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་རབ་ཏུ་བཀོད་པའི་ཕྱིར་རོ། །གང་གི་དོན་དུ་སེམས་ཅན་དེ་དག་ཡུན་རིང་པོར་སེམས་གཡེངས་པར་གྱུར་པའི་ ཕྱི་ནང་གི་ཆོས་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་བཏང་སྟེ། སེམས་ཅན་དེ་དག་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་རབ་ཏུ་བཀོད་པའི་ཕྱིར་རོ། །གང་གི་དོན་དུ་སེམས་ཅན་དེ་དག་ཡུན་རིང་པོར་ཤེས་རབ་འཆལ་པར་གྱུར་པའི་ཕྱི་ནང་ གི་ཆོས་དེ་དག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་བཏང་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་རབ་ཏུ་བཀོད་པ་དང་། ཡང་དག་པར་བསྐུལ་བའི་ཕྱིར་རོ། །ཀཽ་ཤི་ཀ་གང་གི་དོན་དུ་སེམས་ཅན་དེ་དག་འདི་ལྟ་སྟེ། བག་ལ་ ཉལ་བ་དང་། ཀུན་ནས་ལྡང་བས་འཁོར་བ་ན་འཁོར་བར་གྱུར་བའི་བག་ལ་ཉལ་བ་དང་། ཀུན་ནས་ལྡང་བ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པར་བཅིལ་ཏེ། སེམས་ཅན་དེ་དག་བསམ་གཏན་བཞི་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། ། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། དྲན་པ་ཉེ་པར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་པའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །ཀཽ་ཤི་ཀ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། དེ་ལ་ཡོན་ཏན་དེ་དག་འབྱུང་སྟེ། ཚེ་རབས་གཞན་ལ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སེམས་ཅན་རྣམས། སྨོན་ལམ་ གྱི་ཚུལ་བཞིན་དུ་རབ་ཏུ་བཀོད་ནས། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་ཏེ། ཀཽ་ཤི་ཀ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚེ་རབས་གཞན་ལ་འབྱུང་བའི་ཡོན་ཏན་དང་། ལེགས་པ་དག་ གོ། །ཀཽ་ཤི་ཀ་གཞན་ཡང་སའི་ཕྱོགས་གང་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་ཡོད་པའི་སའི་ཕྱོགས་དེར་བདུད་དམ། བདུད་ཀྱི་རིས་སུ་གཏོགས་ པའི་ལྷ་འམ། མུ་སྟེགས་ཅན་གཞན་དང་ཀུན་དུ་རྒྱུ་བའམ། གང་ཟག་ང་རྒྱལ་ཅན་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་སེམས་གཡེང་བར་བྱ་བ་འམ། རྒལ་བའམ། བརྩད་པའམ། འགལ་བའམ། མེད་པར་བྱ་བའི་ཕྱིར་འོང་བར་མི་ནུས་ཏེ་དེའི་གོང་དུ་དེ་དག་ལ་ ཡོན་ཏན་དང་ལེགས་པར་འགྱུར་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཉན་པ་དང་གཟུང་བ་དང་བསྒོམ་པ་དང་། ཐེག་པ་གསུམ་གྱིས་བྱུང་ནས། སྡུག་བསྔལ་མཐར་འབྱིན་པར་འགྱུར་རོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། རྩི་མ་གྷི་ཞེས་བྱ་བ་དུག་ཐམས་ཅད་ཞི་བར་ བྱེད་པ་ཡོད་དེ། དེར་སྦྲུལ་ལམ་སྲོག་ཆགས་བཀྲེས་པས་མནར་ཅིང་། ཟས་ཚོལ་བ་ཞིག་གིས་སྲོག་ཆགས་ཀྱི་རིགས་ལ་ལ་མཐོང་བར་གྱུར་ཏེ། དེས་སྲོག་ཆགས་ཀྱི་རིགས་དེ་བཟའ་བའི་ཕྱིར། དེའི་རྗེས་སུ་འབྲངས་ཏེ་བསྙགས་པར་གྱུར་ན། དེ་ནས་སྲོག་ཆགས་ ཀྱི་རིགས་དེ་འཆི་བས་འཇིགས་ཤིང་སྐྲག་སྟེ། རྩི་མགྷི་གང་ན་ཡོད་པ་དེར་སོང་ན། དེ་ནས་སྦྲུལ་དེ་རྩི་དེའི་དྲི་ཚོར་བ་ཙམ་གྱིས་ཕྱིར་ལྡོག་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ལྟར་སྦྲུལ་གྱི་གདུག་པ་ཟིལ་གྱིས་གནོན་པ་དེ་ནི་རྩི་མ་གྷིའི་རྩིའི་ཡོན་ཏན་ ཏེ། ཀཽ་ཤི་ཀ་རྩི་མགྷི་དེ་ནི་དེ་ལྟ་བུའི་མཐུ་དང་ལྡན་ནོ། །ཀཽ་ཤི་ཀ་དེ་བཞིན་དུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ལ་ནི། ཀཽ་ཤི་ཀ་ རྒོལ་བ་དང་རྩོད་པ་དང་། འགལ་བར་བྱེད་པ་གང་དང་གང་བྱུང་བ་དེ་དག་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གཟི་བརྗིད་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མཐུས་དེ་དག་ཉེ་བར་ཞི་བ་དང་མེད་པར་འགྱུར་ཏེ། གང་དང་གང་ནས་བྱུང་བ་དེ་དང་དེ་ཉིད་དུ་མེད་པར་ འགྱུར་ཞིང་རྣམ་པར་འཕེལ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་སྡིག་ཏོ་མི་དགེ་བའི་ཆོས་ཐམས་ཅད་ཉེ་བར་ཞི་བར་བྱེད་པ་སྟེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །སྡིག་ཏོ་མི་དགེ་བའི་ཆོས་གང་ ཐམས་ཅད་ཉེ་བར་ཞི་བར་བྱེད་ཅིང་རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ཞེ་ན། འདི་ལྟ་སྟེ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཉེ་བར་ཞི་བར་བྱེད་དེ་རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །མ་རིག་པ་དང་འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་ གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དང་། སྡུག་བསྔལ་གྱི་ཕུང་ པོ་ཆེན་པོ་འབའ་ཤིག་གི་བར་དུ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །བར་དུ་གཅོད་པ་དང་། སྒྲིབ་པ་དང་། བག་ལ་ཉལ་བ་དང་། ཀུན་ནས་ལྡང་བ་དང་། བདག་ཏུ་ལྟ་བ་དང་། སེམས་ཅན་དང་། སྲོག་དང་། འགྲོ་བ་དང་། གསོ་བ་དང་། སྐྱེས་ བུ་དང་། གང་ཟག་དང་། ཤེད་ཅན་དང་། ཤེད་བདག་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོར་ལྟ་བ་དང་། ཆད་པར་ལྟ་བ་དང་། རྟག་པར་ལྟ་བ་དང་། ཡོད་པར་ལྟ་བ་དང་། མེད་པར་ལྟ་བ་དང་། ལྟ་བའི་རྣམ་པ་ཐམས་ཅད་དང་། སེར་སྣ་དང་ ཚུལ་ཁྲིམས་ངན་པ་དང་། གནོད་སེམས་དང་། ལེ་ལོ་དང་འཁྲུག་པ་དང་། ཤེས་རབ་འཆལ་པ་དང་། རྟག་པར་འདུ་ཤེས་པ་དང་། བདེ་བར་འདུ་ཤེས་པ་དང་། བདག་དུ་འདུ་ཤེས་པ་དང་། སྡུག་པར་འདུ་ཤེས་པ་དང་། སྲེད་པས་སྲེད་པའི་རྣམ་པར་སྤྱོད་པ་དང་། གཟུགས་སུ་འཛིན་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པར་འཛིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པར་འཛིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པར་འཛིན་པ་དང་། ནང་སྟོང་པ་ཉིད་དུ་འཛིན་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་འཛིན་པ་དང་། དྲན་པ་ཉེ་བར་གཞག་པར་འཛིན་པ་དང་། ཡང་དག་པར་སྤོང་པ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པར་འཛིན་པ་དང་། འཕགས་པའི་བདེན་པ་དང་བསམ་གཏན་དང་། ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་ མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པར་འཛིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འཛིན་པ་ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །མྱ་ངན་ལས་འདས་པར་འཛིན་པ་ ཉེ་བར་ཞི་བར་བྱེད་དེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་སྡིག་ཏོ་མི་དགེ་བའི་ཆོས་དེ་དག་ཐམས་ཅད་ཞི་བར་བྱེད་པ་ཡིན་ཏེ། རྣམ་པར་འཕེལ་བར་བྱེད་པ་མ་ཡིན་ནོ། །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་ པོའི་འཇིག་རྟེན་གྱི་ཁམས་ན། རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། འོག་མིན་གྱི་ལྷའི་བར་དེ་དག་ཐམས་ཅད་ཀྱང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ལ་རྟག་ཏུ་རྒྱུན་མི་ཆད་པར་བསྲུང་པ་དང་། བསྐྱབ་པ་དང་། བསྐྱང་པར་བྱེད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་སུམ་ཅུ་གཅིག་པ། ཕྱོགས་ བཅུའི་འཇིག་རྟེན་གྱི་ཁམས་ན། སངས་རྒྱས་བཅོམ་ལྡན་འདས་གང་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་ བྱེད་པ་དེ་ལ་རྟག་ཏུ་རྒྱུན་མི་ཆད་པར་བསྲུང་བ་དང་། བསྐྱབ་པ་དང་། བསྐྱང་བར་མཛད་དེ་དེ་ནི་མི་དགེ་བའི་ཆོས་རྣམས་ཡོངས་སུ་སྤངས་ཤིང་། དགེ་བའི་ཆོས་རྣམས་རྣམ་པར་འཕེལ་བར་འགྱུར་ཏེ་དེ་ལྟར་མི་དམིགས་པའི་ཚུལ་གྱིས། སྦྱིན་པའི་ཕ་རོལ་དུ་ཕྱིན་པས་རྣམ་ པར་འཕེལ་བར་འགྱུར་གྱི་ཡོངས་སུ་འགྲིབ་པར་མི་འགྱུར་རོ་མི་དམིགས་པའི་ཚུལ་གྱིས། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ ཕ་རོལ་དུ་ཕྱིན་པས་རྣམ་པར་འཕེལ་བར་འགྱུར་གྱི་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །མི་དམིགས་པའི་ཚུལ་གྱིས་ནང་སྟོང་པ་ཉིད་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མི་འགྱུར་རོ། །མི་དམིགས་པའི་ཚུལ་གྱིས་དངོས་པོ་མེད་པའི་ངོ་བོ་ཉིད་ སྟོང་པ་ཉིད་ཀྱི་བར་དུ་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མི་འགྱུར་རོ། །མི་དམིགས་པའི་ཚུལ་གྱིས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་པར་མི་འགྱུར་རོ། །མི་དམིགས་པའི་ཚུལ་གྱིས་ཡང་དག་པར་ སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་འཕགས་པའི་ལམ་ཡན་ལག་བརྒྱད་པས་རྣམ་པར་འཕེལ་བར་འགྱུར་གྱི་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་ མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་ འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་རྣམ་པར་འཕེལ་བར་འགྱུར་གྱི། ཡོངས་སུ་འགྲིབ་ པར་མི་འགྱུར་རོ། །དེའི་ཚིག་བླང་བར་འོས་པ་དང་ལྡན་པར་འགྱུར་རོ། །ཚིག་རན་པ་དང་ལྡན་པར་འགྱུར་རོ། །ཚིག་འཆལ་པ་མེད་པ་དང་ལྡན་པར་འགྱུར་རོ། །ཁྲོ་བས་ཟིལ་གྱིས་ནོན་པ་མེད་པར་འགྱུར་རོ། །ང་རྒྱལ་གྱིས་ཟིལ་གྱིས་ནོན་པ་མེད་པར་འགྱུར་རོ། ། སེར་སྣ་ཅན་དང་ཕྲག་དོག་ཅན་དུ་མི་འགྱུར་རོ། །བདག་ཀྱང་སྲོག་གཅོད་པ་སྤོང་བར་འགྱུར་རོ། །གཞན་ཡང་སྲོག་གཅོད་པ་སྤོང་བ་ལ་ཡང་དག་པར་སྐུལ་བར་འགྱུར་རོ། །སྲོག་གཅོད་པ་སྤོང་བའི་ལེགས་པ་རྗོད་པར་འགྱུར་རོ། །གཞན་གྱིས་སྲོག་གཅོད་པ་སྤངས་ན་ ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་ཕྲ་མ་དང་ཞེ་གཅོད་པ་དང་། ཚིག་ཀྱལ་པ་དང་ཆགས་སེམས་དང་། གནོད་སེམས་དང་ལོག་པར་ལྟ་བ་ སྤངས་བར་འགྱུར། གཞན་ཡང་ལོག་པར་ལྟ་བ་སྤོང་བ་ལ་ཡང་དག་པར་སྐུལ་བར་འགྱུར། ལོག་པར་ལྟ་བ་སྤོང་བའི་ལེགས་པ་རྗོད་པར་འགྱུར། གཞན་གྱིས་ལོག་པར་ལྟ་བ་སྤོངས་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་བརྗེས་སུ་དགའ་བར་འགྱུར་རོ། ། བདག་ཀྱང་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་འཇུག་པར་འགྱུར། གཞན་ཡང་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་ཡང་དག་པར་སྐུལ་བར་འགྱུར། སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་ལེགས་པ་རྗོད་པར་འགྱུར། གཞན་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་འཇུག་ན་ཡང་དེ་དག་གི་ལེགས་པ་ རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་འཇུག་པར་འགྱུར་རོ། །གཞན་ ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཡང་དག་པར་སྐུལ་བར་འགྱུར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ལེགས་པ་རྗོད་པར་འགྱུར། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ ནང་སྟོང་པ་ཉིད་སྒོམ་པར་འགྱུར། གཞན་ཡང་ནང་སྟོང་པ་ཉིད་སྒོམ་པ་ལ་ཡང་དག་པར་སྐུལ་བར་འགྱུར། ནང་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་ནང་སྟོང་པ་ཉིད་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་དངོས་ པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་སྒོམ་པར་འགྱུར། གཞན་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཡང་དག་པར་སྐུལ་བར་འགྱུར། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ཏིང་ངེ་འཛིན་ཐམས་ཅད་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་ཏིང་ངེ་འཛིན་ཐམས་ཅད་ལ་སྙོམས་པར་འཇུག་པར་ཡང་དག་པར་སྐུལ་བར་འགྱུར། ཏིང་ངེ་འཛིན་ཐམས་ཅད་ ལ་སྙོམས་པར་འཇུག་པའི་ལེགས་པ་རྗོད་པར་འགྱུར། གཞན་ཏིང་ངེ་འཛིན་ཐམས་ཅད་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་གཟུངས་རྣམས་ཐོབ་པར་འགྱུར། གཞན་ཡང་གཟུངས་རྣམས་ཐོབ་པར་ བྱ་བ་ལ་ཡང་དག་པར་སྐུལ་བར་འགྱུར། གཟུངས་རྣམས་ཐོབ་པར་བྱེད་པའི་ལེགས་པ་རྗོད་པར་འགྱུར། གཞན་གྱིས་གཟུངས་རྣམས་ཐོབ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ པར་འགྱུར། གཞན་ཡང་བསམ་གཏན་དང་པོ་ལ་ཡང་དག་པར་སྐུལ་བར་འགྱུར། བསམ་གཏན་དང་པོའི་ལེགས་པ་རྗོད་པར་འགྱུར། གཞན་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། ། བདག་ཀྱང་བསམ་གཏན་གཉིས་པ་དང་། གསུམ་པ་དང་བཞི་པ་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་བསམ་གཏན་བཞི་པ་ལ་ཡང་དག་པར་སྐུལ་བར་འགྱུར། བསམ་གཏན་བཞི་པའི་ལེགས་པ་རྗོད་པར་འགྱུར། གཞན་བསམ་གཏན་བཞི་ པ་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་བྱམས་པ་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་བྱམས་པ་ལ་སྙོམས་པར་འཇུག་པ་ལ་ཡང་དག་པར་སྐུལ་བར་འགྱུར། བྱམས་པ་ལ་ སྙོམས་པར་འཇུག་པའི་ལེགས་པ་རྗོད་པར་འགྱུར། གཞན་བྱམས་པ་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ལ་སྙོམས་པར་འཇུག་པར་འགྱུར། གཞན་ ཡང་བཏང་སྙོམས་ལ་སྙོམས་པར་འཇུག་པ་ཡང་དག་པར་སྐུལ་བར་འགྱུར། བཏང་སྙོམས་ལ་སྙོམས་པར་འཇུག་པའི་ལེགས་པ་རྗོད་པར་འགྱུར། གཞན་བཏང་སྙོམས་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ།། བདག་ཀྱང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པར་ཡང་དག་པར་སྐུལ་བར་འགྱུར། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་ པར་འཇུག་པའི་ལེགས་པ་རྗོད་པར་འགྱུར། གཞན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཆུང་ཟད་མེད་པའི་སྐྱེ་མཆེད་དང་ འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པར་ཡང་དག་པར་སྐུལ་བར་འགྱུར། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པའི་ ལེགས་པ་རྗོད་པར་འགྱུར། གཞན་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་དྲན་པ་ཉེ་བར་གཞག་པ་སྒོམ་པར་འགྱུར། གཞན་ཡང་དྲན་པ་ཉེ་བར་གཞག་པ་ སྒོམ་པ་ལ་ཡང་དག་པར་སྐུལ་བར་འགྱུར། དྲན་པ་ཉེ་བར་གཞག་པ་སྒོམ་པའི་ལེགས་པ་རྗོད་པར་འགྱུར། གཞན་དྲན་པ་ཉེ་བར་གཞག་པ་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་ གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་བསྒོམ་པར་འགྱུར། གཞན་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པ་ལ་ཡང་དག་པར་སྐུལ་བར་འགྱུར། འཕགས་པའི་ལམ་ཡན་ ལག་བརྒྱད་པ་སྒོམ་པའི་ལེགས་པ་རྗོད་པར་འགྱུར། གཞན་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་ན་ཡང་དེ་དག་གི་ལེགས་བརྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ སྒོམ་པར་འགྱུར། གཞན་ཡང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་ཡང་དག་པར་སྐུལ་བར་འགྱུར། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་ལེགས་པ་རྗོད་པར་འགྱུར། གཞན་སྟོང་པ་ཉིད་དང་མཚན་ མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་སྒོམ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་རྣམ་པར་ཐར་པ་བརྒྱད་ལ་ལུགས་དང་འཐུན་པ་དང་། ལུགས་དང་མི་འཐུན་པར་སྙོམས་པར་འཇུག་པར་འགྱུར། གཞན་ཡང་རྣམ་པར་ཐར་པ་ བརྒྱད་ལ་ཡང་དག་པར་སྐུལ་བར་འགྱུར། རྣམ་པར་ཐར་པ་བརྒྱད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་རྣམ་པར་ཐར་པ་བརྒྱད་ལ་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པར་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་ རོ། །བདག་ཀྱང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་པར་ཡང་དག་པར་སྐུལ་བར་འགྱུར། མཐར་གྱིས་གནས་པའི་སྙོམས་པར་འཇུག་ པ་དགུའི་ལེགས་པ་རྗོད་པར་འགྱུར། གཞན་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །བདག་ཀྱང་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྙོམས་པར་འཇུག་པར་འགྱུར། གཞན་ཡང་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཡང་དག་པར་སྐུལ་བར་འགྱུར། དེ་བཞིན་གཤེགས་པའི་སྟོབས་བཅུའི་ལེགས་པ་རྗོད་པར་འགྱུར། གཞན་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྙོམས་པར་འཇུག་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་ བར་འགྱུར་རོ། །བདག་ཀྱང་མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྒྲུབ་པར་འགྱུར། གཞན་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ སྒྲུབ་པ་ལ་ཡང་དག་པར་སྐུལ་བར་འགྱུར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྒྲུབ་པའི་ལེགས་པ་རྗོད་པར་འགྱུར། གཞན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྒྲུབ་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། ། བདག་ཀྱང་ཡོངས་སུ་མི་ཉམ་པའི་ཆོས་དང་། རྟག་ཏུ་བཏང་སྙོམས་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར། གཞན་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་ལ་ཡང་དག་པར་སྐུལ་བར་འགྱུར། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱི་ལེགས་པ་རྗོད་པར་འགྱུར། གཞན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་ན་ཡང་དེ་དག་གི་ལེགས་པ་རྗོད་ཅིང་རྗེས་སུ་དགའ་བར་འགྱུར་རོ། །དེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སྦྱིན་པ་ཡོངས་སུ་གཏོང་ཡང་སེམས་ཅན་ཐམས་ ཅད་དང་ཐུན་མོང་དུ་བྱས་ཤིང་། མི་དམིགས་པའི་ཚུལ་གྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་འགྱུར་རོ། །ཚུལ་ཁྲིམས་སྲུང་བ་དང་། བཟོད་པ་སྒོམ་པ་དང་། བརྩོན་འགྲུས་རྩོམ་པ་དང་། བསམ་གཏན་ལ་སྙོམས་པར་ འཇུག་པ་དང་། ཤེས་རབ་སྒོམ་ཡང་དེ་དག་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་། མི་དམིགས་པའི་ཚུལ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་འགྱུར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ལྟར་ཕ་རོལ་དུ་ ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། དྲན་པ་སྐྱེ་བར་འགྱུར་ཏེ། གལ་ཏེ་བདག་གིས་སྦྱིན་པ་མ་བཏང་ན་ངན་སོང་གི་རྒྱུད་དུ་སྐྱེ་བར་འགྱུར་ཏེ། བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་ཡང་མི་འགྱུར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ཡང་མི་འགྱུར། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཐོབ་པར་ཡང་མི་འགྱུར་རོ། །གལ་ཏེ་བདག་གིས་ཚུལ་ཁྲིམས་མ་བསྲུངས་ན་ངན་སོང་གསུམ་དུ་སྐྱེ་བར་འགྱུར་ཏེ། མིའི་ལུས་འཐོབ་པར་ཡང་མི་འགྱུར། བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་ཡང་མི་འགྱུར། སངས་རྒྱས་ཀྱི་ཞིང་ཡོངས་སུ་ དག་པར་ཡང་མི་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ཡང་མི་འགྱུར་རོ། །གལ་ཏེ་བདག་གིས་བཟོད་པ་མ་བསྒོམས་ན། བདག་གིས་དབང་པོ་རྣམས་ཀྱང་ཉམས་པར་འགྱུར། བདག་གི་བཞིན་གྱི་དཀྱིལ་འཁོར་ཡང་གཟི་མེད་པར་འགྱུར། གཟུགས་ཕུན་ སུམ་ཚོགས་པ་ཡང་འཐོབ་པར་མི་འགྱུར་ཏེ། གཟུགས་ཕུན་སུམ་ཚོགས་པ་གང་གིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། མཐོང་མ་ཐག་ཏུ་སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གདོན་མི་ཟ་བར་འགྱུར་བ་དེ་ལྟ་བུ་ཡང་མེད་པར་ འགྱུར་ཏེ། གཟུགས་ཕུན་སུམ་ཚོགས་པས་སེམས་ཅན་ཡོངས་སུ་སྨིན་པར་ཡང་མི་འགྱུར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ཡང་མྱི་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ཡང་མི་འགྱུར་རོ། །གལ་ཏེ་ལེ་ལོར་གྱུར་ན་བདག་གིས་བྱང་ཆུབ་ཀྱི་ལམ་ཐོབ་ པར་ཡང་མི་ནུས། སེམས་ཅན་ཡོངས་སུ་སྨིན་པར་ཡང་མི་འགྱུར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ཡང་མི་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ཡང་མི་འགྱུར་རོ། །གལ་ཏེ་སེམས་འཁྲུགས་པར་གྱུར་ན་བདག་གིས་ཏིང་ངེ་འཛིན་གང་གིས་ སེམས་ཅན་ཡོངས་སུ་སྨིན་པར་འགྱུར་བ་དེ་ལྟ་བུའི་ཏིང་ངེ་འཛིན་བསྐྱེད་པར་མི་ནུས། བདག་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་ཡང་མི་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ཡང་མི་འགྱུར་རོ། །གལ་ཏེ་ཤེས་རབ་འཆལ་པར་གྱུར་ན་བདག་ གིས་ཤེས་རབ་དང་ཐབས་མཁས་པས་ཉན་ཐོས་ཀྱིས་དང་། རང་སངས་རྒྱས་ཀྱི་ས་ལས་བཟླས་ཏེ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྦྱངས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བར་ཡང་མི་ནུས་ སོ་ཞེས་ཏེ། འདི་ལྟར་ཡང་དག་པར་སློབ་སྟེ། དེ་ལྟར་བདག་གིས་སེར་སྣའི་དབང་གིས་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་མི་བྱ་བ་ནི་མི་རིགས་མི་ཆའོ། །ཚུལ་ཁྲིམས་ངན་པའི་དབང་གིས་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། གནོད་སེམས་ཀྱི་ དབང་གིས་བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ལེ་ལོའི་དབང་གིས་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། འཁྲུག་པའི་དབང་གིས་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་འཆལ་བའི་དབང་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་ པར་མི་བྱ་བ་ནི་མི་རིགས་མི་ཆ་སྟེ། ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མ་བྱས་པར་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་དྲན་པ་སྐྱེ་བར་འགྱུར་ཏེ། ཀཽ་ཤི་ཀ་དེ་ལྟར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་ པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མི་འབྲལ་བ་དེ་དག་གིས། ཚེ་འདི་དང་ཚེ་རབས་གཞན་ལ་ཡོན་ཏན་འདི་དག་འཐོབ་པར་འགྱུར་རོ། །བརྒྱ་བྱིན་ གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་འདུལ་བ་དང་། ང་རྒྱལ་མ་མཆིས་པར་འགྱུར་བའི་དོན་དུ་ཉེ་བར་གནས་པ་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཀཽ་ཤི་ཀ་དེ་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་འདུལ་བ་དང་། ང་རྒྱལ་མེད་པའི་དོན་དུ་ཉེ་བར་གནས་པ་ཡིན། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་པའི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། རང་སངས་རྒྱས་དང་། ཉན་ཐོས་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་བ་བགྱིད་ཅིང་འདི་སྙམ་དུ། འདི་ལྟར་བདག་ནི་ སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། རང་སངས་རྒྱས་རྣམས་དང་། ཉན་ཐོས་རྣམས་དང་ཉམ་ཐག་པ་དང་འགྲོན་པོ་དང་། སློང་བ་རྣམས་ལ་སྦྱིན་པ་ཡོངས་སུ་གཏོང་ངོ་སྙམ་དུ་སེམས་ན་དེ་ཐབས་མི་མཁས་པའི་སྦྱིན་པ་དེས་ང་རྒྱལ་དུ་འགྱུར་རོ། །འཇིག་ རྟེན་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །བདག་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་སྙམ་ན་ཡང་། དེ་དེས་ང་རྒྱལ་དུ་འགྱུར་རོ། །འཇིག་རྟེན་པའི་ བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །བདག་ནི་བཟོད་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་སྙམ་ན་ཡང་དེ་དེས་ང་རྒྱལ་དུ་འགྱུར་རོ། །འཇིག་རྟེན་པའི་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་ པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །བདག་ནི་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ་སྙམ་ན་ཡང་དེ་དེས་ང་རྒྱལ་དུ་འགྱུར་རོ། །འཇིག་རྟེན་པའི་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ ཚེ། འདི་སྙམ་དུ་འདི་ལྟར་བདག་ནི་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །བདག་ནི་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །སྙམ་ན་ཡང་དེ་དེས་ང་རྒྱལ་དུ་འགྱུར་རོ། །འཇིག་རྟེན་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ སྙམ་དུ་འདི་ལྟར་བདག་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །བདག་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྒོམ་མོ་སྙམ་ན་ཡང་དེ་ཐབས་མི་མཁས་པའི་སླད་དུ་འཇིག་རྟེན་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་དེས་ང་རྒྱལ་དུ་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་དང་། ཡང་དག་ པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་ བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཐོབ་པར་བྱའོ་སྙམ་དུ་སེམས་ན་ཡང་། དེ་བདག་ཏུ་བགྱི་བ་ལ་མངོན་པར་ཆགས་པས་ ང་རྒྱལ་དུ་འགྱུར་རོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་འཇིག་རྟེན་པའི་ཆོས་རྣམས་ལ་སྤྱོད་པའི་ཚེ། བདག་དུ་བགྱི་བ་ལ་མངོན་པར་ཆགས་པས་ང་རྒྱལ་དུ་འགྱུར་ཏེ། དེ་ལ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་འདུལ་བ་དང་། ང་རྒྱལ་ མ་མཆིས་པའི་སླད་དུ་ཉེ་བར་གནས་སོ། །བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཤིན་དུ་བསྒོམས་པའི་སླད་དུ་སྦྱིན་པ་ཡང་མི་དམིགས། གཏོང་ བ་ཡང་མི་དམིགས་ལེན་པ་ཡང་མི་དམིགས་ཏེ། བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་འདུལ་བ་དང་། ང་རྒྱལ་མ་མཆིས་པའི་སླད་དུ་ཉེ་བར་གནས་སོ། ། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཤིན་དུ་བསྒོམས་པའི་སླད་དུ། ཤེས་རབ་དུ་ཡང་མི་དམིགས། ཤེས་རབ་དང་ལྡན་པ་ཡང་མི་དམིགས་ཏེ། བཅོམ་ལྡན་འདས་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་འདུལ་བ་དང་། ང་རྒྱལ་མ་མཆིས་པའི་ སླད་དུ་ཉེ་བར་གནས་སོ། །དེ་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་ མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒོམ་ཡང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཤིན་དུ་བསྒོམས་པའི་སླད་དུ་དམིགས་པ་མ་མཆིས་ཏེ། བཅོམ་ ལྡན་འདས་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་འདུལ་བ་དང་། ང་རྒྱལ་མ་མཆིས་པའི་སླད་དུ་ཉེ་བར་གནས་སོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་བ་ལས། །ལེའུ་བཅུ་ བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་ ཁ་ཏོན་དུ་བྱེད་ཅིང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་ཞིག་འཐབ་མོའི་ནང་དུ་འདུག་ཅིང་གཡུལ་ངོར་ཆས་པའི་ཚེ། དེར་གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ། ཟབ་མོ་འདི་ཁ་ཏོན་དུ་བྱས་ནས་སོང་སྟེ་འདུག་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ ཕམ་པར་མི་ནུས་ཏེ། གདོན་མི་ཟ་བར་རྒྱལ་བར་འགྱུར་རོ། །རྒྱལ་ནས་མ་སྨས་མཉམས་པར་འཐབ་མོ་དེ་ལས་ཐར་པར་འགྱུར་ཏེ། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཁ་ཏོན་དུ་བྱེད་ཅིང་གཡུལ་ངོར་སོང་སོང་བ་ལས་ སྲོག་གི་བར་ཆད་དུ་འགྱུར་བ་ནི་མི་སྲིད་དེ། གནས་མེད་སྐབས་མེད་དེ། གལ་ཏེ་དེའི་ལུས་ལ། ལ་ལ་ཞིག་གིས་མདས་འཕངས་སམ། མཚོན་གྱིས་བཏབ་ན་ལུས་ལ་ཕོག་ཅིང་འཛུག་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་ ཡུན་རིང་པོར་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱད་དེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལ་བརྟེན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལ་བསྒོམས་ཏེ། བདག་གི་འདོད་ཆགས་ཀྱི་མཚོན་དང་། འདོད་ཆགས་ཀྱི་མདའ་ཡང་བཅོམ། གཞན་གྱི་འདོད་ཆགས་ ཀྱི་མཚོན་དང་། འདོད་ཆགས་ཀྱི་མདའ་ཡང་བཅོམ། བདག་གི་ཞེ་སྡང་གི་མཚོན་དང་། ཞེ་སྡང་གི་མདའ་ཡང་བཅོམ། གཞན་གྱི་ཞེ་སྡང་གི་མཚོན་དང་། ཞེ་སྡང་གི་མདའ་ཡང་བཅོམ། བདག་གི་གཏི་མུག་གི་མཚོན་དང་། གཏི་མུག་གི་མདའ་ཡང་བཅོམ། གཞན་གྱི་གཏི་མུག་གི་མཚོན་དང་། གཏི་མུག་གི་མདའ་ཡང་བཅོམ། བདག་གི་ལྟ་བའི་རྣམ་པའི་མཚོན་དང་། ལྟ་བའི་རྣམ་པའི་མདའ་ཡང་བཅོམ། གཞན་གྱི་ལྟ་བའི་རྣམ་པའི་མཚོན་དང་། ལྟ་བའི་རྣམ་པའི་མདའ་ཡང་བཅོམ། བདག་གི་ཀུན་ནས་ལྡང་བའི་མཚོན་དང་། ཀུན་ནས་ལྡང་བའི་མདའ་ཡང་བཅོམ། གཞན་གྱི་ཀུན་ནས་ལྡང་བའི་མཚོན་དང་། ཀུན་ནས་ལྡང་བའི་མདའ་ཡང་བཅོམ། བདག་གི་བག་ལ་ཉལ་བའི་མཚོན་དང་། བག་ལ་ཉལ་བའི་མདའ་ཡང་བཅོམ། གཞན་གྱི་བག་ལ་ཉལ་བའི་མཚོན་དང་། བག་ལ་ཉལ་བའི་ མདའ་ཡང་བཅོམ་པའི་ཕྱིར་ཏེ། ཀཽ་ཤི་ཀ་རྣམ་གྲངས་དེས་ན། རིགས་ཀྱི་བའམ་རིགས་ཀྱི་བུ་མོ་གཡུལ་དུ་ཕྱིན་པའི་ཚེ། ལུས་ལ་མཚོན་ནམ་མདས་ཕོག་ཅིང་ཟུག་པར་མི་འགྱུར་རོ། །ཀཽ་ཤི་ཀ་གཞན་ཡང་གལ་ཏེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་ རོལ་དུ་ཕྱིན་པ་ཟབ་མོ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ཡང་མི་འབྲལ་ན། དེ་ལ་ལ་ལ་ཞིག་གིས་དུག་གིས་གཏོར་ཏམ། བྱད་བྱས་སམ། མེའི་འོབས་སུ་བརྔོད་ དམ། མཚོན་གྱིས་བཏབ་བམ། དུག་བླུད་དམ། ཆུར་བོར་ཡང་རུང་སྟེ། དེ་དག་ཐམས་ཅད་ཀྱིས་དེ་ལ་གནོད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་རིག་སྔགས་ཆེན་མོའོ། །ཀཽ་ཤི་ཀ་འདི་ལྟར་ཤེས་རབ་ ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་རིག་སྔགས་བླ་ན་མེད་པའོ། །ཀཽ་ཤི་ཀ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་རིག་སྔགས་གོང་ན་མེད་པ་སྟེ། རིག་སྔགས་འདི་ལ་སློབ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ནི་བདག་ལ་ཡང་གནོད་པར་མི་བྱེད། གཞན་ལ་ཡང་གནོད་པར་མི་ བྱེད། གཉིས་ཀ་ལ་ཡང་གནོད་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་འདི་ལ་སློབ་པའི་ཚེ་བདག་མི་དམིགས་སོ་མཐོང་བ་པོའི་བར་དུ་མི་དམིགས་སོ། །གཟུགས་མི་དམིགས་སོ། །ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་དང་རྣམ་པར་ཤེས་པ་མི་དམིགས་སོ། ། སྐྱེ་མཆེད་དང་། ཁམས་དང་།