Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 027_ཉི་ཁྲི།_ཁ

Văn bản gốc(Tây Tạng)

Trang 5 / 24 (50.000 ký tự/trang)
རྟེན་ཅིང་འབྲེལ་བར་འབྱུང་བ་དང་ཕ་རོལ་དུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་
འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་སྟོབས་བཅུ་དང་།
མི་འཇིགས་པ་དང་སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མི་དམིགས་སོ། །དེ་ལྟར་མི་དམིགས་པས་ན་བདག་ལ་ཡང་གནོད་པར་མི་བྱེད། གཞན་ལ་ཡང་གནོད་པར་མི་བྱེད་གཉིས་ཀ་ལ་ཡང་
གནོད་པར་མི་བྱེད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ཅིང་། སེམས་ཅན་ཐམས་ཅད་ཀྱི་སེམས་ལ་རྣམ་པར་ལྟ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་རྣམས་ཀྱིས་ཀྱང་རིག་སྔགས་འདི་ཉིད་ལ་བསླབས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཀཽ་ཤི་ཀ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་གཟུང་བ་མ་བྱས་ཁ་ཏོན་མ་བྱས། ཀླག་པ་དང་ཀུན་

ཆུབ་པར་མ་བྱས་ཚུལ་བཞིན་དུ་ཡིད་ལ་མ་བྱས་ཀྱང་། གང་ན་བྲི་ཤིང་འཆང་བའི་ཁྱིམ་འམ་གྲོང་ངམ་གྲོང་རྡལ་ལམ་གྲོང་ཁྱེར་དེར་ནི་མིའམ་མི་མ་ཡིན་པ་གླགས་ལྟ་བས་གླགས་རྙེད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་
པ་འདི་མཆོད་པའི་ཕྱིར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་།
ཚངས་པ་ཀུན་འཁོར་དང་། འོག་མིན་གྱི་བར་གྱི་ལྷའི་བུ་དང་། འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པའི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་
དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། འོག་མིན་གྱི་བར་གྱི་ལྷའི་བུ་གང་ཇི་སྙེད་ཡོད་པ་དེ་དག་ཀྱང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་བྲིས་ཤིང་། བཅངས་པ་དེ་དག་ལ་རྟག་ཏུ་རྒྱུན་མི་ཆད་པར་བསྲུང་བ་དང་།
བསྐྱབ་པ་དང་། བསྐྱང་བ་བྱེད་དེ། ལྷའི་བུ་དེ་དག་འོངས་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་རིམ་གྲོ་དང་། བཀུར་སྟི་དང་། བསྟི་སྟང་དང་། མཆོད་པར་བྱས་ཤིང་འདོད་པར་འགྱུར་ཏེ། ཀཽ་ཤི་ཀ་དེ་ལྟར་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བྲིས་ཏེ།
བཅངས་ན་དེ་ལ་ཚེ་འདིའི་ཡོན་ཏན་དང་། ལེགས་པ་འདི་དག་ཡོད་པར་འགྱུར་རོ། །ཀཽ་ཤི་ཀ་འདི་ལྟ་སྟེ། དཔེར་ན། སྙིང་པོ་བྱང་ཆུབ་བམ། སྙིང་པོ་བྱང་ཆུབ་ཀྱི་འཁོར་ཏམ། སྙིང་པོ་བྱང་ཆུབ་ཀྱི་ནང་ན་བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་སམ། མིར་
གྱུར་པ་གང་སུ་འདུག་ཀྱང་རུང་སྟེ། དེ་དག་ལ་མིའམ་མི་མ་ཡིན་པས་གཙེ་བའམ། ཐོ་འཚམ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་དེ་ལ་བཞུགས་ནས་བླ་ན་མེད་པ་ཡང་

དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །གང་མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཀྱང་། དེ་ཉིད་དུ་བཞུགས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་བཞུགས་པ་དེ་དག་ཀྱང་དེ་ཉིད་ལ་བཞུགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་
བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཐམས་ཅད་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། སེམས་
ཅན་ཐམས་ཅད་འཇིགས་པ་མེད་པ་དང་། ཁོ་ན་མེད་པ་དང་། གཅུགས་མེད་པར་ནན་ཏན་མཛད་ནས། སེམས་ཅན་ཚད་མེད་གྲངས་མེད་པ་ལྷ་དང་མིའི་ཕུན་སུམ་ཚོགས་པ་ལ་བཀོད་པར་གྱུར་ཏོ། །བཀོད་དོ། །དགོད་པར་འགྱུར་རོ། །རྒྱུན་དུ་ཞུགས་པའི་འབྲས་
བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་པར་གྱུར་ཏོ། །བཀོད་དོ། །དགོད་པར་འགྱུར་རོ། །ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན།
ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ཀྱིས་སའི་ཕྱོགས་དེ་སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་དུ་བྱས་པས་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་ཕྱག་བྱ་བ་དང་། གདུད་པ་
དང་། བསྟི་སྟང་དུ་བྱ་བ་དང་། རིམ་གྲོར་བྱ་བ་དང་། མཆོད་པར་བྱ་བ་དང་། བཀུར་སྟིར་བྱ་བར་གྱུར་ཏོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བགྱིས་

ཏེ་བཅངས་ལ། དེ་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོ་དང་། བཀུར་སྟི་དང་། བསྟི་སྟང་དང་། མཆོད་པ་བགྱིས་པ་དང་། གང་ལ་ལས་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དུ་སྩལ་ཏེ། མཆོད་དམ། རིན་པོ་ཆེ་སྣ་བདུན་གྱི་སྣོད་དུ་སྩལ་ཏེ། དེ་ལ་མེ་ཏོག་དང་། ཕྲེང་བ་དང་།
སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོ་དང་། བཀུར་སྟི་དང་། བསྟི་སྟང་དང་། མཆོད་པ་བགྱིས་ན། དེ་གཉིས་ལས་གང་གི་བསོད་ནམས་ཀྱི་ཕུང་པོ་མང་དུ་འཕེལ་བ་ལགས། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ན་དེ་ཁྱོད་ཉིད་ལ་དྲིས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་ལུང་སྟོན་ཅིག །ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་
པ་དང་། སྐུ་འདི་ལྟ་བུ་མངོན་པར་གྲུབ་པ་དེ་ལམ་གང་ལ་བསླབས་པས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་ཏེ། སྐུ་འདི་ལྟ་བུ་མངོན་པར་གྲུབ་པར་གྱུར། བརྒྱ་བྱིན་གྱིས་གསོལ་པ།
བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལ་བསླབས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་ཏེ་སྐུ་འདི་ལྟ་བུ་ཡང་མངོན་པར་གྲུབ་བོ། །བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ངས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལ་བསླབས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་སོ། །སྐུ་འདི་འདྲ་བ་ཡང་མངོན་པར་གྲུབ་བོ། །ཀཽ་ཤི་ཀ་ངའི་སྐུ་འདི་བརྙེས་པ་ནི། དེ་བཞིན་གཤེགས་

པ་དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་ཡང་མི་འགྲོ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་པས། དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །ཀཽ་ཤི་ཀ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་
བྱུང་ངོ་། །ཀཽ་ཤི་ཀ་དེ་ལྟར་ལུས་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་གཞི་སྟེ། གཞི་དེ་ལ་བརྟེན་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྙེས་སོ། །དེ་ལྟ་བས་ན་
སྐུ་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དེའི་གཞིར་གྱུར་པས། སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་དུ་གྱུར་ཅིང་ཕྱག་བྱ་བ་དང་། བསྟི་སྟང་དུ་བྱ་བ་དང་། མཆོད་པར་བྱ་བ་དང་། རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བར་གྱུར་ཏེ། ཀཽ་ཤི་ཀ་
དེ་ཡོངས་སུ་མྱ་ངན་ལས་འདས་ནས། སྐུ་གདུང་མཆོད་པ་ཡང་སྐུ་ལ་མཆོད་པ་ཉིད་དུ་འགྱུར་གྱི། ཆོས་ལ་མཆོད་པར་མི་འགྱུར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བྲིས་ཏེ་འཛིན་ཅིང་འཆང་བ་དང་།
ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོ་དང་། བཀུར་སྟི་དང་། བསྟི་སྟང་དང་།
མཆོད་པ་བྱས་པས་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་མཆོད་པ་བྱས་པར་འགྱུར་རོ། །ཀཽ་ཤི་ཀ་དེ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་དེ་བཞིན་གཤེགས་པ་ལ་མཆོད་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་བྲིས་ཏེ། གཟུང་
བར་བྱའོ། །བཅང་བར་བྱའོ། །ཀླག་པར་བྱའོ། །ཀུན་ཆུབ་པར་བྱའོ། །ཚུལ་བཞིན་དུ་ཡིད་ལ་བྱའོ། །མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་བྱའོ།།

བཀུར་སྟིར་བྱའོ། །བསྟི་སྟང་དུ་བྱའོ། །མཆོད་པར་བྱའོ། །ཀཽ་ཤི་ཀ་གང་ལ་ལས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དུ་བཅུག་གམ། རིན་པོ་ཆེ་སྣ་བདུན་གྱི་སྣོད་དུ་བླུགས་
ཤིང་གཅེས་པར་བྱས་ཏེ། དེ་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོ་དང་། བཀུར་སྟི་དང་། བསྟི་སྟང་དང་མཆོད་པ་བྱས་པ་བས། གང་གིས་ཤེས་རབ་ཀྱི་ཕ་
རོལ་དུ་ཕྱིན་པ་འདི་བྲིས་ཏེ། བཟུང་བ་དང་། ཀུན་ཆུབ་པར་བྱས་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱས་པ་དང་། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོ་དང་།
བཀུར་སྟི་དང་། བསྟི་སྟང་དང་། མཆོད་པ་བྱས་ན། འདི་ཉིད་དེ་བས་བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། ཕ་རོལ་དུ་ཕྱིན་པ་ལྔ་ཡང་འདི་ལས་བྱུང་ངོ་། །ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ཡང་འདི་ལས་
བྱུང་ངོ་། །དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་
འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་
བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱང་འདི་ལས་བྱུང་ངོ་། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཡང་འདི་ལས་བྱུང་ངོ་། །སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པ་ཡང་

འདི་ལས་བྱུང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ཕུན་སུམ་ཚོགས་པ་དང་། གཟུགས་ཕུན་སུམ་ཚོགས་པ་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པ་ཡང་འདི་ལས་བྱུང་ངོ་། །བྱམས་པ་ཆེན་པོ་ཡང་འདི་ལས་
བྱུང་ངོ་། །སྙིང་རྗེ་ཆེན་པོ་ཡང་འདི་ལས་བྱུང་ངོ་། །རྒྱལ་རིགས་ཆེ་ཞིང་མཐོ་བ་དང་། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་དང་། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་
ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། འོག་མིན་གྱི་བར་གྱི་ལྷ་རྣམས་ཀྱང་འདི་ལས་བྱུང་ངོ་། །རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་
དཔའ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འདི་ལས་བྱུང་ངོ་། །བརྒྱ་བྱིན་གྱིས་གསོལ་བ། བཅོམ་ལྡན་འདས་འཛམ་བུའི་གླིང་གི་མི་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་
ལ་རིམ་གྲོ་མི་བགྱིད། བཀུར་སྟི་མི་བགྱིད། བསྟི་སྟང་མི་བགྱིད། མཆོད་པར་མི་བགྱིད་པ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མཆོད་པ་དེ་ལྟར་མཐུ་ཆེ་བར་མ་འཚལ་ཏམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས།
འཛམ་བུའི་གླིང་གི་མི་དེ་དག་ལས་སངས་རྒྱས་ལ་མོས་པ་མི་ཕྱེད་པ་དང་ལྡན་པ་དང་། གང་ཆོས་དང་། དགེ་འདུན་ལ་མོས་པ་མི་ཕྱེད་པ་དང་ལྡན་པ་དང་། གང་སངས་རྒྱས་ལ་ནེམ་ནུར་མེད་པ་དང་། གང་ཆོས་དང་། དགེ་འདུན་ལ་ནེམ་ནུར་མེད་པ་དང་། གང་སངས་རྒྱས་
ལ་ཤིན་དུ་རྟོན་པ་དང་། གང་ཆོས་དང་། དགེ་འདུན་ལ་ཤིན་དུ་རྟོན་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་འཛམ་བུའི་གླིང་གི་མི་གང་སངས་རྒྱས་ལ་མོས་པ་མི་ཕྱེད་པ་དང་ལྡན་པ་དང་། གང་ཆོས་དང་། དགེ་འདུན་ལ་མོས་

པ་མི་ཕྱེད་པ་དང་ལྡན་པ་དང་། གང་སངས་རྒྱས་ལ་ནེམ་ནུར་མ་མཆིས་པ་དང་། གང་ཆོས་དང་དགེ་འདུན་ལ་ནེམ་ནུར་མ་མཆིས་པ་དང་། གང་སངས་རྒྱས་ལ་ཤིན་དུ་རྟོན་པ་དང་། གང་ཆོས་དང་། དགེ་འདུན་ལ་ཤིན་དུ་རྟོན་པ་དེ་ལྟ་བུ་ནི་ཉུང་ངོ་། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། འཛམ་བུའི་གླིང་གི་མི་ལས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཐོབ་པ་ནི་ཇི་སྙེད་ཅིག་ཡོད། རྣམ་པར་ཐར་པའི་སྒོ་གསུམ་ཐོབ་པ་ནི་ཇི་སྙེད་ཅིག་ཡོད། རྣམ་པར་ཐར་པ་བརྒྱད་ཐོབ་པ་
དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཐོབ་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། མངོན་པར་ཤེས་པ་དྲུག་ཐོབ་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་
གི་མི་ལས་ཀུན་དུ་སྦྱོར་བ་གསུམ་སྤངས་པའི་ཕྱིར། རྒྱུན་དུ་ཞུགས་པར་གྱུར་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བསྲབས་པའི་ཕྱིར། ལན་ཅིག་ཕྱིར་འོང་བར་གྱུར་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། དམ་པ་མ་ཡིན་པའི་
ཆའི་ཀུན་དུ་སྦྱོར་བ་ལྔ་སྤངས་པའི་ཕྱིར། ཕྱིར་མི་འོང་བར་གྱུར་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། བླ་མའི་ཆའི་ཀུན་དུ་སྦྱོར་བ་ལྔ་སྤངས་པའི་ཕྱིར། དགྲ་བཅོམ་པར་གྱུར་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། རང་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པར་གྱུར་པ་དེ་ལྟ་བུ་ནི་ཇི་
སྙེད་ཅིག་ཡོད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། བརྒྱ་བྱིན་གྱིས་གསོལ་པ། འཛམ་བུའི་གླིང་གི་མི་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཐོབ་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་
ཀྱང་རྣམ་པར་ཐར་པའི་སྒོ་གསུམ་ཐོབ་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་རྣམ་པར་ཐར་པ་བརྒྱད་ཐོབ་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཐོབ་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་སོ་སོ་ཡང་དག་པར་རིག་

པ་བཞི་ཐོབ་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་མངོན་པར་ཤེས་པ་དྲུག་ཐོབ་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་འཛམ་བུའི་གླིང་གི་མི་ལས་ཀུན་དུ་སྦྱོར་བ་གསུམ་སྤངས་པའི་སླད་དུ། རྒྱུན་དུ་ཞུགས་པར་གྱུར་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་འདོད་ཆགས་
དང་། ཞེ་སྡང་དང་། གཏི་མུག་བསྲབས་པའི་སླད་དུ། ལན་ཅིག་ཕྱིར་འོང་བར་གྱུར་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་དམ་པ་མ་ལགས་པའི་ཆའི་ཀུན་དུ་སྦྱོར་བ་ལྔ་སྤངས་པའི་སླད་དུ། ཕྱིར་མི་འོང་བར་གྱུར་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་
བླ་མའི་ཆའི་ཀུན་དུ་སྦྱོར་བ་ལྔ་སྤངས་པའི་སླད་དུ། དགྲ་བཅོམ་པར་གྱུར་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་རང་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་འཛམ་བུའི་གླིང་གི་མི་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ཏུ་ཡང་དག་པར་ཞུགས་པར་གྱུར་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། འཛམ་བུའི་གླིང་གི་མི་དེ་དག་ལས། སངས་རྒྱས་ལ་མོས་པ་མི་ཕྱེད་པ་དང་ལྡན་པ་དང་། ཆོས་ལ་མོས་པ་མི་
ཕྱེད་པ་དང་ལྡན་པ་དང་། དགེ་འདུན་ལ་མོས་པ་མི་ཕྱེད་པ་དང་ལྡན་པ་དང་། སངས་རྒྱས་ལ་ནེམ་ནུར་མེད་པ་དང་། ཆོས་ལ་ནེམ་ནུར་མེད་པ་དང་། དགེ་འདུན་ལ་ནེམ་ནུར་མེད་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་སངས་རྒྱས་ལ་ཤིན་དུ་རྟོན་པ་དང་། ཆོས་ལ་
ཤིན་དུ་རྟོན་པ་དང་། དགེ་འདུན་ལ་ཤིན་དུ་རྟོན་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཐོབ་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་རྒྱུན་དུ་ཞུགས་པར་གྱུར་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་ལན་ཅིག་ཕྱིར་
འོང་པར་གྱུར་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་ཕྱིར་མི་འོང་བར་གྱུར་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་དགྲ་བཅོམ་པར་གྱུར་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་རང་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་བླ་ན་མེད་པ་

ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པར་གྱུར་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་བྱང་ཆུབ་ཏུ་སྤྱོད་པར་གྱུར་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྔོན་འཁོར་བ་ན་འཁོར་བའི་ཚེ། སངས་རྒྱས་
མ་མཐོང་བ་དང་། ཆོས་མ་ཐོས་པ་དང་། དགེ་འདུན་ལ་བསྙེན་མ་བཀུར་བ་དང་། སྦྱིན་པ་མ་བྱིན་པ་དང་། ཚུལ་ཁྲིམས་མ་བསྲུངས་པ་དང་། བཟོད་པ་མ་བསྒོམས་པ་དང་། བརྩོན་འགྲུས་མ་བརྩམས་པ་དང་། བསམ་གཏན་མ་བསྒོམས་པ་དང་། ཤེས་
རབ་མ་བསྒོམས་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་མ་ཐོས་མ་བསྒོམས་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་
པ་མ་ཐོས་མ་བསྒོམས་པ་དང་། ནང་སྟོང་པ་ཉིད་མ་ཐོས་མ་བསྒོམས་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མ་ཐོས་མ་བསྒོམས་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་མ་ཐོས་མ་བསྒོམས་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་མ་ཐོས་མ་
བསྒོམས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དུ་མ་ཐོས་མ་བསྒོམས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མ་ཐོས་མ་བསྒོམས་པའི་ཕྱིར་རོ། །ཀཽ་ཤི་ཀ་རྣམ་གྲངས་དེས་ན་འདི་ལྟར་འཛམ་བུའི་གླིང་གི་སེམས་ཅན་ལས། སངས་རྒྱས་
ལ་མོས་པ་མི་ཕྱེད་པ་དང་ལྡན་པ་དང་། ཆོས་ལ་མོས་པ་མི་ཕྱེད་པ་དང་ལྡན་པ་དང་། དགེ་འདུན་ལ་མོས་པ་མི་ཕྱེད་པ་དང་ལྡན་པ་དེ་ལྟ་བུ་ནི་ཆེས་ཉུང་སྟེ། དེ་བས་ཀྱང་རང་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པར་གྱུར་པའི་བར་དུ་ཆེས་ཉུང་ངོ་། །དེ་བས་ཀྱང་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པར་གྱུར་པ་ཆེས་ཉུང་ངོ་། །དེ་བས་ཀྱང་བསམ་པ་དག་པས་བྱང་ཆུབ་ཏུ་སྤྱོད་པ་ནི་ཆེས་ཉུང་བར་རིག་པར་བྱའོ། །ཀཽ་ཤི་ཀ་མི་རྣམས་ལྟ་ཞོག་གི་དེ་ཇི་སྙམ་དུ་སེམས། འཛམ་བུའི་གླིང་གི་སྲོག་ཆགས་རྣམས་ལས་

བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཐོབ་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་ཐོབ་པ་དང་། རྣམ་པར་ཐར་པ་བརྒྱད་ཐོབ་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཐོབ་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པ་དང་། མངོན་པར་ཤེས་པ་
དྲུག་ཐོབ་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་སྲོག་ཆགས་རྣམས་ལས། ཀུན་དུ་སྦྱོར་བ་གསུམ་སྤངས་པའི་ཕྱིར། རྒྱུན་དུ་ཞུགས་པར་གྱུར་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བསྲབས་པའི་ཕྱིར། ལན་ཅིག་ཕྱིར་འོང་བར་གྱུར་
པ་དང་། དམ་པ་མ་ཡིན་པའི་ཆའི་ཀུན་དུ་སྦྱོར་བ་ལྔ་སྤངས་པའི་ཕྱིར། ཕྱིར་མི་འོང་བར་གྱུར་པ་དང་། བླ་མའི་ཆའི་ཀུན་དུ་སྦྱོར་བ་ལྔ་སྤངས་པའི་ཕྱིར། དགྲ་བཅོམ་པར་གྱུར་པ་དང་། རང་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་ལྟ་བུ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་
གླིང་གི་སྲོག་ཆགས་རྣམས་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ནེམ་ནུར་མེད་པ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་ནེམ་ནུར་མེད་པ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་སྲོག་ཆགས་རྣམས་ལས་མར་ཤེས་པ་དང་། པར་
ཤེས་པ་དང་། དགེ་སྦྱོང་དུ་ཤེས་པ་དང་། བྲམ་ཟེར་ཤེས་པ་དང་། རིགས་ཀྱི་གཙོ་བོ་ལ་རིམ་གྲོ་བྱེད་པ་དང་། སྦྱིན་པ་སྦྱིན་པ་དང་། ཚུལ་ཁྲིམས་བསྲུང་བ་དང་། གསོ་སྦྱིན་ལ་གནས་པ་དང་། འདོད་པ་ལ་ཁ་ན་མ་ཐོ་བར་འདུ་ཤེས་ཤིང་རྣམ་པར་སྤྱོད་པ་དང་། དེ་
བཞིན་དུ་མི་རྟག་པར་འདུ་ཤེས་པ་དང་། བདག་མེད་པར་འདུ་ཤེས་པ་དང་། མི་གཙང་བར་འདུ་ཤེས་པ་དང་། འཇིག་རྟེན་ཐམས་ཅད་དུ་མངོན་པར་དགའ་བ་མེད་པར་འདུ་ཤེས་པ་ནི་ཇི་སྙེད་ཅིག་ཡོད། འཛམ་བུའི་གླིང་གི་སྲོག་ཆགས་རྣམས་ལས། བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ནི་ཇི་སྙེད་ཅིག་ཡོད། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་འཛམ་བུའི་གླིང་གི་སྲོག་ཆགས་རྣམས་ལས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཐོབ་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་ཐོབ་པ་

དང་། རྣམ་པར་ཐར་པ་བརྒྱད་ཐོབ་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཐོབ་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པ་དང་། མངོན་པར་ཤེས་པ་དྲུག་ཐོབ་པ་དང་། ཀུན་དུ་སྦྱོར་བ་གསུམ་སྤངས་པའི་སླད་དུ། རྒྱུན་དུ་
ཞུགས་པར་གྱུར་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བསྲབས་པའི་སླད་དུ། ལན་ཅིག་ཕྱིར་འོང་བར་གྱུར་པ་དང་། དམ་པ་མ་ལགས་པའི་ཆའི་ཀུན་དུ་སྦྱོར་བ་ལྔ་སྤངས་པའི་སླད་དུ། ཕྱིར་མི་འོང་བར་གྱུར་པ་དང་། བླ་མའི་ཆའི་ཀུན་དུ་སྦྱོར་བ་ལྔ་སྤངས་
པའི་སླད་དུ། དགྲ་བཅོམ་པར་གྱུར་པ་དང་། རང་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་ལྟ་བུ་ནི་ཤིན་དུ་ཉུང་ངོ་། །བཅོམ་ལྡན་འདས་འཛམ་བུའི་གླིང་གི་སྲོག་ཆགས་ལས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་ལྟ་བུ་ནི་དེ་བས་ཀྱང་
ཆེས་ཉུང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཀཽ་ཤི་ཀ་འཛམ་བུའི་གླིང་གི་སྲོག་ཆགས་ལས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཐོབ་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་
ཐོབ་པ་དང་། རྣམ་པར་ཐར་པ་བརྒྱད་ཐོབ་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཐོབ་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པ་དང་། མངོན་པར་ཤེས་པ་དྲུག་ཐོབ་པ་དང་། ཀུན་དུ་སྦྱོར་བ་གསུམ་སྤངས་པའི་ཕྱིར། རྒྱུན་དུ་ཞུགས་པ་ཐོབ་པ་དང་།
འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བསྲབས་པའི་ཕྱིར། ལན་ཅིག་ཕྱིར་འོང་བར་གྱུར་པ་དང་། དམ་པ་མ་ཡིན་པའི་ཆའི་ཀུན་དུ་སྦྱོར་བ་ལྔ་སྤངས་པའི་ཕྱིར། ཕྱིར་མི་འོང་བར་གྱུར་པ་དང་། བླ་མའི་ཆ་ཅན་གྱི་ཀུན་དུ་སྦྱོར་བ་ལྔ་སྤངས་པའི་ཕྱིར། དགྲ་བཅོམ་པར་
གྱུར་པ་དང་། རང་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་ལྟ་བུ་ནི་ཉུང་སྟེ། དེ་བས་ཀྱང་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྤྱོད་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །དེ་བས་ཀྱང་བླ་ན་

མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་པར་འདོད་པ་དེ་ལྟ་བུ་ནི་ཆེས་ཉུང་ངོ་། །ཀཽ་ཤི་ཀ་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་བསྒྲིབས་པ་མེད་པས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཚད་མེད་གྲངས་མེད་
པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྤྱོད་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཐབས་མཁས་པ་དང་མི་ལྡན་པས། དེ་ལས་གཅིག་གམ་གཉིས་ཤིག་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་གྱི། དེ་ལས་ཕལ་ཆེར་ཉན་ཐོས་དང་། རང་སངས་རྒྱས་ཀྱིས་
ལ་གནས་པར་འགྱུར་བ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ལེ་ལོ་ཅན། བརྩོན་འགྲུས་མེད་པ། བསམ་པ་ཞན་པ། མོས་པ་དམའ་བ། ཤེས་རབ་འཆལ་པ་ཅན་རྣམས་ཀྱིས་བསྒྲུབ་དཀའོ། །ཀཽ་ཤི་ཀ་ངས་འདི་ནས་
སངས་རྒྱས་ཀྱི་སྤྱན་བསྒྲིབས་པ་མེད་པས། ལྷོ་དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཚད་མེད་གྲངས་མེད་པ་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཏུ་སྤྱོད་ཀྱང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཐབས་མཁས་པ་དང་མི་ལྡན་པས། དེ་ལས་གཅིག་གམ་གཉིས་ཤིག་ཕྱིར་མི་ལྡོག་པའི་ས་ལ་གནས་པར་འགྱུར་གྱི་དེ་ལས་ཕལ་ཆེར་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ལ་གནས་པར་འགྱུར་པ་མཐོང་
ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ལེ་ལོ་ཅན། བརྩོན་འགྲུས་མེད་པ། བསམ་པ་ཞེན་པ་མོས་པ་དམའ་བ། ཤེས་རབ་འཆལ་པ་ཅན་རྣམས་ཀྱིས་བསྒྲུབ་པར་དཀའོ། །ཀཽ་ཤི་ཀ་དེ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་
མོ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་དག་མྱུར་ཞིང་བདེ་བར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ན། ཡང་དང་ཡང་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་མཉན་

པར་བྱའོ། །གཟུང་བར་བྱའོ། །བཅང་བར་བྱའོ། །ཀླག་པར་བྱའོ། །ཀུན་ཆུབ་པར་བྱའོ། །ཚུལ་བཞིན་དུ་ཡིད་ལ་བྱའོ། །དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་གཟུང་ཞིང་བཅང་བ་དང་། ཀློག་ཅིང་ཀུན་ཆུབ་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱས་ཤིང་
བྲིས་ཏེ། མེ་ཏོག་དང་། བདུག་སྤོས་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་བྱའོ། །བཀུར་སྟིར་བྱའོ། །བསྟི་སྟང་དུ་བྱའོ། །མཆོད་པར་བྱའོ། །དགེ་བའི་ཆོས་གང་ཇི་
སྙེད་པ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདིའི་ནང་དུ་འདུ་སྟེ། དེ་དག་ཀྱང་གཟུང་བར་བྱ། བཅང་བར་བྱ། ཀླག་པར་བྱ། ཀུན་ཆུབ་པར་བྱ། ཚུལ་བཞིན་དུ་ཡིད་ལ་བྱ་སྟེ། འདི་ལྟར་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་
ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། འཕགས་པའི་
ལམ་ཡན་ལག་བརྒྱད་པའི་བར་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་དང་། གཞན་ཡང་སངས་རྒྱས་ཀྱི་ཆོས་ཚད་མེད་པ་གང་ཇི་སྙེད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདིའི་ནང་དུ་འདུས་པ་དེ་དག་ཀྱང་གཟུང་བར་བྱའོ། །བཅང་བར་བྱའོ། །ཀླག་པར་
བྱའོ། །ཀུན་ཆུབ་པར་བྱའོ། །ཚུལ་བཞིན་དུ་ཡིད་ལ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་འདི་ལྟར་ཤེས་པར་འགྱུར་ཏེ། དེ་བཞིན་གཤེགས་པ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ཡང་། འདི་
ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། དངོས་པོ་

མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་།
ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་
ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་པོ་འདི་དག་
དང་། གཞན་ཡང་སངས་རྒྱས་ཀྱི་ཆོས་ཚད་མེད་པ་དག་ལ་བསླབ་པ་མཛད་ཀྱིས། བདག་ཅག་གིས་ཀྱང་དེའི་རྗེས་སུ་བསླབ་པར་བྱའོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་བདག་ཅག་གི་སྟོན་པའོ། །སངས་རྒྱས་ཀྱི་ཆོས་གཞན་ཚད་མེད་པའི་བར་
དུ་ཡང་བདག་ཅག་གི་སྟོན་པ་སྟེ། དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྟན་པའོ། །རང་སངས་རྒྱས་དང་། དགྲ་བཅོམ་པ་དང་། ཕྱིར་མི་འོང་བ་དང་། ལན་ཅིག་ཕྱིར་འོང་བ་དང་། རྒྱུན་དུ་ཞུགས་པ་རྣམས་ཀྱིས་བསྟན་པ་ཡང་འདི་ཡིན་ཏེ། ཤེས་
རབ་ཀྱི་ཕ་རོལ་དུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་སློབ་སློབ་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་
པ་ལ་སློབ་སློབ་པ་དང་། ནང་སྟོང་པ་ཉིད་ལ་སློབ་སློབ་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སློབ་སློབ་པ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ལ་སློབ་སློབ་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ་སློབ་སློབ་པ་དང་། སངས་རྒྱས་ཀྱི་ཆོས་

མ་འདྲེས་པ་རྣམས་ཀྱི་བར་ལ་སློབ་སློབ་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སློབ་སློབ་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། རང་སངས་རྒྱས་རྣམས་དང་། དགྲ་བཅོམ་པ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། ལན་ཅིག་
ཕྱིར་འོང་བ་རྣམས་དང་། རྒྱུན་དུ་ཞུགས་པ་རྣམས་ཀྱིས་ཀྱང་ཕ་རོལ་དུ་ཕྱིན་པར་གྱུར་ཏོ། །ཕ་རོལ་དུ་ཕྱིན་ཏོ། །ཕ་རོལ་དུ་ཕྱིན་པར་འགྱུར་རོ་ཞེས་བྱ་བར་ཤེས་པར་འགྱུར་རོ། །ཀཽ་ཤི་ཀ་དེ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གིས་དེ་བཞིན་གཤེགས་པ་
བཞུགས་ཀྱང་རུང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཀྱང་རུང་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལ་བརྟེན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། །ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ཉན་ཐོས་དང་། རང་སངས་རྒྱས་དང་།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་མི་དང་། ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ། །དེ་དག་གིས་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་།
ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་བརྟེན་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདི་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་རྟེན་ཡིན་ཏེ། ལྷ་དང་། མི་དང་། ལྷ་མ་ཡིན་གྱི་སྐྱེ་དགུའི་བར་གྱི་རྟེན་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་སུམ་ཅུ་གཉིས་པ། ཀཽ་ཤི་ཀ་རིགས་ཀྱི་བུ་
འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། མཆོད་པའི་ཕྱིར་རིན་པོ་ཆེ་སྣ་བདུན་གྱིས་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ། རྒྱར་དཔག་ཚད་ཕྱེད་པ་བྱས་ཏེ། དེ་ལ་ནམ་འཚོའི་བར་དུ་ལྷ་རྫས་ཀྱི་མེ་

ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ལྷ་རྫས་ཀྱི་སིལ་སྙན་མང་པོས་རིམ་གྲོར་བྱས། བཀུར་སྟིར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་ན། ཀཽ་ཤི་ཀ་དེ་
ལ་ཇི་སྙམ་དུ་སེམས། དེའི་ཕྱིར་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་མང་དུ་འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་
ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བྲིས་ཤིང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། གཞན་ལ་ཡང་རྒྱ་ཆེར་སྟོན་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་
དང་ཡང་མི་འབྲལ་ལ། གོང་དུ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱེད། བཀུར་སྟིར་བྱེད། བསྟི་སྟང་དུ་བྱེད། མཆོད་པར་བྱེད་ན།
དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཀཽ་ཤི་ཀ་མཆོད་རྟེན་གཅིག་ལྟ་ཞོག་གི། །ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་པའི་ཕྱིར་འཛམ་བུའི་གླིང་འདི་རིན་པོ་ཆེ་སྣ་བདུན་ལས་
བྱས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ། རྒྱར་དཔག་ཚད་ཕྱེད་པས་ཡོངས་སུ་བཀང་སྟེ། དེ་དག་ལ་ནམ་འཚོའི་བར་དུ་ལྷ་རྫས་ཀྱི་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། ན་བཟའ་དང་། གདུགས་དང་། རྒྱལ་
མཚན་དང་། བ་དན་དང་། ལྷ་རྫས་ཀྱི་སིལ་སྙན་མང་པོས་རིམ་གྲོར་བྱས། བཀུར་སྟིར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་ན། ཀཽ་ཤི་ཀ་དེ་ལ་ཇི་སྙམ་དུ་སེམས། དེའི་ཕྱིར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་མང་བུ་འཕེལ་ལམ།

བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བྲིས་ཤིང་
འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ཡང་མི་འབྲལ་ལ། གོང་དུ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་།
གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱེད། བཀུར་སྟིར་བྱེད། བསྟི་སྟང་དུ་བྱེད། མཆོད་པར་བྱེད་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཀཽ་ཤི་ཀ་འཛམ་བུའི་གླིང་འདི་དེ་བཞིན་གཤེགས་པའི་མཆོད་
རྟེན་གྱིས་ཡོངས་སུ་བཀང་བ་ལྟ་ཞོག་གི། །ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། མཆོད་པའི་ཕྱིར་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་ལས་
བྱས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ། རྒྱར་དཔག་ཚད་ཕྱེད་པས་ཡོངས་སུ་བཀང་སྟེ། དེ་དག་ལ་ནམ་འཚོའི་བར་དུ་ལྷ་རྫས་ཀྱི་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། ན་བཟའ་དང་། གདུགས་དང་།
རྒྱལ་མཚན་དང་། བ་དན་དང་། ལྷ་རྫས་ཀྱི་སིལ་སྙན་མང་པོས་རིམ་གྲོར་བྱས། བཀུར་སྟིར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་ན། ཀཽ་ཤི་ཀ་དེ་ལ་ཇི་སྙམ་དུ་སེམས། དེའི་ཕྱིར་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་མང་དུ་འཕེལ་ལམ།
བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་གླེགས་བམ་དུ་བྱས་ཏེ། འཛིན་པ་དང་།

འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། བྲིས་ཤིང་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་
གྲོར་བྱེད། བཀུར་སྟིར་བྱེད། བསྟི་སྟང་དུ་བྱེད། མཆོད་པར་བྱེད་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཀཽ་ཤི་ཀ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་མཆོད་རྟེན་གྱིས་ཡོངས་སུ་བཀང་བ་ལྟ་ཞོག་གི། །ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུ་འམ་
རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་པའི་ཕྱིར། སྟོང་གི་འཇིག་རྟེན་གྱི་ཁམས་བྱུར་བུ་འདི་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ། རྒྱར་དཔག་ཚད་ཕྱེད་པས་ཡོངས་སུ་བཀང་སྟེ།
དེ་དག་ལ་ནམ་འཚོའི་བར་དུ་ལྷ་རྫས་ཀྱི་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ལྷ་རྫས་ཀྱི་སིལ་སྙན་མང་པོས་རིམ་གྲོར་བྱས། བཀུར་སྟིར་བྱས། བསྟི་སྟང་དུ་བྱས། མཆོད་པར་
བྱས་ན། ཀཽ་ཤི་ཀ་དེ་ལ་ཇི་སྙམ་དུ་སེམས། དེའི་ཕྱིར་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་མང་དུ་འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་
ཀ་དེ་བས་ཀྱང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་གླེགས་བམ་དུ་བྱས་ཤིང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། བྲིས་ཤིང་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་
བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱེད། བཀུར་སྟིར་བྱེད། བསྟི་སྟང་དུ་བྱེད། མཆོད་པར་བྱེད་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཀཽ་ཤི་ཀ་སྟོང་གི་འཇིག་རྟེན་གྱི་ཁམས་

བྱུར་བུ་དེ་བཞིན་གཤེགས་པའི་མཆོད་རྟེན་གྱིས་ཡོངས་སུ་བཀང་བ་ལྟ་ཞོག་གི། །ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་པའི་ཕྱིར། འཇིག་རྟེན་གྱི་
ཁམས་འབྲིང་པོ་སྟོང་གཉིས་པ་འདི་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ། རྒྱར་དཔག་ཚད་ཕྱེད་པས་ཡོངས་སུ་བཀང་སྟེ། དེ་དག་ལ་ནམ་འཚོའི་བར་དུ་ལྷ་རྫས་ཀྱི་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་
དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་མང་པོས་རིམ་གྲོར་བྱས། བཀུར་སྟིར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་ན། ཀཽ་ཤི་ཀ་དེ་ལ་ཇི་སྙམ་དུ་སེམས། དེའི་ཕྱིར་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དེའི་བསོད་ནམས་མང་དུ་འཕེལ་
ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་། བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བྲིས་ཤིང་འཛིན་པ་དང་། འཆང་
བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱེད། བཀུར་
སྟིར་བྱེད། བསྟི་སྟང་དུ་བྱེད། མཆོད་པར་བྱེད་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཀཽ་ཤི་ཀ་འཇིག་རྟེན་གྱི་ཁམས་འབྲིང་པོ་སྟོང་གཉིས་པ་འདི། དེ་བཞིན་གཤེགས་པའི་མཆོད་རྟེན་གྱིས་ཡོངས་སུ་བཀང་བ་ལྟ་ཞོག་གི། །ཀཽ་ཤི་ཀ་གལ་ཏེ་
རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་པའི་ཕྱིར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ།

རྒྱར་དཔག་ཚད་ཕྱེད་པས་ཡོངས་སུ་བཀང་སྟེ། དེ་དག་ལ་ནམ་འཚོའི་བར་དུ་ལྷ་རྫས་ཀྱི་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ལྷ་རྫས་ཀྱི་སིལ་སྙན་མང་པོས་རིམ་གྲོར་
བྱས། བཀུར་སྟིར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་ན། ཀཽ་ཤི་ཀ་དེ་ལ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་མང་དུ་འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་
མང་ངོ་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བྲིས་ཤིང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་
ཅིང་། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱེད། བཀུར་སྟིར་བྱེད། བསྟི་སྟང་དུ་བྱེད། མཆོད་པར་བྱེད་ན། དེའི་བསོད་ནམས་
ཆེས་མང་དུ་འཕེལ་ལོ། །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་མཆོད་རྟེན་གྱིས་ཡོངས་སུ་བཀང་བ་ལྟ་ཞོག་གི། །ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ལས་
སེམས་ཅན་རེ་རེས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་པའི་ཕྱིར། རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ། རྒྱར་དཔག་ཚད་ཕྱེད་པ་ཤ་སྟག་བྱས་ཏེ། དེ་དག་ལ་ནམ་འཚོའི་བར་དུ་ལྷ་རྫས་ཀྱི་མེ་ཏོག་དང་
ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ལྷ་རྫས་ཀྱི་སིལ་སྙན་མང་པོས་རིམ་གྲོར་བྱས། བཀུར་སྟིར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་པ་བས། རིགས་ཀྱི་བུའམ། རིགས་

ཀྱི་བུ་མོ་གང་ལ་ལས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བྲིས་ཤིང་བཟུང་བ་དང་། བཅངས་པ་དང་། བླགས་པ་དང་། ཀུན་ཆུབ་པར་བྱས་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ཡང་མ་
བྲལ་བར་བྱས་ཏེ། དེ་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱས། བཀུར་སྟིར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་ན།
དེ་ཉིད་བསོད་ནམས་ཆེས་མང་དུ་འཕེལ་ལོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་དེ་དེ་ལགས་སོ། །བདེ་བར་གཤེགས་པ་དེ་དེ་ལགས་ཏེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་རིམ་གྲོར་བགྱིས་པ་དང་། བཀུར་སྟིར་བགྱིས་པ་དང་། བསྟི་སྟང་དུ་
བགྱིས་པ་དང་། མཆོད་པར་བགྱིས་པས་ནི། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་རིམ་གྲོར་བགྱིས་པ་དང་། བཀུར་སྟིར་བགྱིས་པ་དང་། བསྟི་སྟང་དུ་བགྱིས་པ་དང་།
མཆོད་པར་བགྱིས་པར་འགྱུར་རོ། །ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ན། སེམས་ཅན་ཇི་སྙེད་ཅིག་མཆིས་པ་དེ་དག་ལས། སེམས་ཅན་རེ་རེས་ཀྱང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་པའི་སླད་དུ། རིན་པོ་
ཆེ་སྣ་བདུན་ལས་བགྱིས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ། རྒྱར་དཔག་ཚད་ཕྱེད་པ་ཤ་སྟག་བགྱིས་ཏེ། དེ་དག་ལ་བསྐལ་བའམ། བསྐལ་པའི་ལྷག་མར་ལྷ་རྫས་ཀྱི་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་།
གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ལྷ་རྫས་ཀྱི་སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བགྱིས། བཀུར་སྟིར་བགྱིས། བསྟི་སྟང་དུ་བགྱིས། མཆོད་པར་བགྱིས་པ་དང་། ལྷོ་དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་།

ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ན། སེམས་ཅན་ཇི་སྙེད་ཅིག་མཆིས་པ་དེ་དག་ལས། སེམས་ཅན་རེ་རེས་ཀྱང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་མཆོད་པའི་སླད་དུ།
རིན་པོ་ཆེ་སྣ་བདུན་ལས་བགྱིས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ། རྒྱར་དཔག་ཚད་ཕྱེད་པ་ཤ་སྟག་བགྱིས་ཏེ། དེ་དག་ལ་བསྐལ་པའམ། བསྐལ་པའི་ལྷག་མར་ལྷ་རྫས་ཀྱི་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་
བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ལྷ་རྫས་ཀྱི་སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བགྱིས། བཀུར་སྟིར་བགྱིས། བསྟི་སྟང་དུ་བགྱིས། མཆོད་པར་བགྱིས་ན། བཅོམ་ལྡན་འདས་དེ་ལ་ཇི་ལྟར་དགོངས། དེའི་སླད་དུ་རིགས་ཀྱི་བུ་
འམ། རིགས་ཀྱི་བུ་མོ་དེ་དག་གི་བསོད་ནམས་མང་དུ་འཕེལ་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་མང་ངོ་། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་དེ་བས་ཀྱང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་
རོལ་དུ་ཕྱིན་པ་འདི་བྲིས་ཤིང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་ཅིང་། དེ་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་
ཚོགས་ཀྱིས་རིམ་གྲོར་བགྱིས། བཀུར་སྟིར་བགྱིས། བསྟི་སྟང་དུ་བགྱིས། མཆོད་པར་བགྱིས་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདིའི་ནང་དུ་དགེ་བའི་ཆོས་ཐམས་ཅད་འདུས་ཏེ། འདི་ལྟར་
དགེ་བ་བཅུའི་ལས་ཀྱི་ལམ་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་

འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་
དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་
མེད་པ་དང་། སྨོན་པ་མེད་པ་དང་། འཕགས་པའི་བདེན་པ་དང་། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་བཞི་དང་། མངོན་པར་ཤེས་པ་དྲུག་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་
འཇུག་པ་དགུ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་།
སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་འདུས་སོ། །དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་སྟེ། དེ་ལ་བསླབས་ཤིང་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་ཉན་ཐོས་
དང་། རང་སངས་རྒྱས་དང་། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་ཆོས་ཐམས་ཅད་ཀྱི་ཕ་རོལ་དུ་ཕྱིན་པར་གྱུར་ཏོ། །ཕྱིན་ཏོ། ཕྱིན་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་ལེའུ་བཅྭོ་བརྒྱད་པའོ།། །།
དེ་ནས་བཅོམ་ལྡན་འདས་ཀྱིས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གི་བསོད་ནམས་མང་དུ་འཕེལ་ལོ། །གང་གིས་ཤེས་རབ་ཀྱི་ཕ་རོལ་དུ་

ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། གོང་དུ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་
དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱས། བཀུར་སྟིར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་ན། དེའི་ཕྱིར་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་གི་བསོད་ནམས་ནི་ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ་མཚུངས་པ་མེད།
དཔག་ཏུ་མེད་པར་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། །ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཤེས་རབ་
ཀྱི་ཕ་རོལ་དུ་ཕྱིན་པ་ལས་བྱུང་བ་ནི་ཕ་རོལ་དུ་ཕྱིན་པ་ལྔ་དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་
ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་
པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་
དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། དེ་བཞིན་གཤེགས་པའི་སྤྱན་ལྔ་དང་། སེམས་ཅན་ཡོངས་སུ་སྨིན་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའོ།།

ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་བྱུང་བ་ནི། ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་བྱུང་བ་ནི་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་
རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོའོ། །ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་བྱུང་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཀཽ་ཤི་ཀ་དེ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བྲིས་ཏེ། གླེགས་
བམ་དུ་བྱས་ཤིང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་
སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱས། བཀུར་སྟིར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་ན། བསོད་ནམས་མངོན་པར་འདུ་བྱ་བ་འདི་ལ་བསོད་ནམས་མངོན་པར་འདུ་བྱ་བ་སྔ་མས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་ཕྲག་སྟོང་གི་ཆ་དང་
བྱེ་བའི་ཆ་དང་། བྱེ་བ་བརྒྱའི་ཆ་དང་། བྱེ་བ་སྟོང་གི་ཆ་དང་། བྱེ་བ་བརྒྱ་ཕྲག་སྟོང་གི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེར་ཡང་ཉེ་བར་མི་འགྲོ། རྒྱུར་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཇི་སྲིད་དུ་
འཛམ་བུའི་གླིང་དུ་གནས་པ་དེ་སྲིད་དུ། སངས་རྒྱས་དཀོན་མཆོག་ནུབ་པར་མི་འགྱུར་རོ། །ཆོས་དཀོན་མཆོག་ནུབ་པར་མི་འགྱུར་རོ། །དགེ་འདུན་དཀོན་མཆོག་ནུབ་པར་མི་འགྱུར་རོ། །དེ་སྲིད་དུ་དགེ་བ་བཅུའི་ལས་ཀྱི་ལམ་དང་། བསམ་གཏན་བཞི་དང་།
ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་།

བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་།
དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་
པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་རྣམས་དང་།
གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་ཀྱི་བར་དུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་སྲིད་དུ་རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་དང་། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་དང་། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་།
སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། འོག་མིན་གྱི་བར་གྱི་ལྷ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་།
ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འབྱུང་བ་ཡོད་དོ། །བླ་ན་མེད་པའི་

སངས་རྒྱས་ཀྱི་ཡེ་ཤེས་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། སེམས་ཅན་ཡོངས་སུ་སྨིན་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡོད་དོ། །དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། རྒྱལ་ཆེན་བཞིའི་རིས་ཀྱི་
ལྷ་རྣམས་དང་། འོག་མིན་གྱི་བར་གྱི་ལྷ་གང་ཇི་སྙེད་ཡོད་པ་དེ་དག་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་སྨྲས་པ། གྲོགས་པོ་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གཟུང་བར་བྱའོ། །བཅང་བར་བྱའོ། །ཀླག་པར་བྱའོ། །ཀུན་ཆུབ་པར་བྱའོ། །ཚུལ་བཞིན་དུ་ཡིད་ལ་
བྱའོ། གྲོགས་པོ་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བཟུང་བ་དང་། བཅངས་པ་དང་། བླགས་པ་དང་། ཀུན་ཆུབ་པར་བྱས་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱས་པས་ནི། སངས་རྒྱས་ཀྱི་ཚུལ་རྒྱུན་ཆད་པར་མི་འགྱུར་རོ། །ཆོས་ཀྱི་ཚུལ་རྒྱུན་ཆད་པར་མི་
འགྱུར་རོ། །དགེ་འདུན་གྱི་ཚུལ་རྒྱུན་ཆད་པར་མི་འགྱུར་རོ། །གྲོགས་པོ་དག་དཀོན་མཆོག་གསུམ་གྱི་ཚུལ་རྒྱུན་མ་ཆད་ན། ཕ་རོལ་དུ་ཕྱིན་པ་ཐམས་ཅད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་
བར་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་
པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པའི་སྒོ་སྟོང་
པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། །དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་

རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་
ཡང་དག་པར་རྫོགས་པའི་བྱང་ཆུབ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་བ། ཀཽ་ཤི་ཀ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཟུང་ཤིག །ཆོངས་ཤིག །ལྷོགས་ཤིག །ཀུན་ཆུབ་པར་གྱིས་ཤིག །ཀཽ་
ཤི་ཀ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ནམ་ལྷ་མ་ཡིན་རྣམས་འདི་སྙམ་དུ་སེམས་ཤིང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་ཐབ་མོ་བྱའོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་མཚམས་བརྡལ་ལོ་སྙམ་ན་དེའི་
ཚེ། ཀཽ་ཤི་ཀ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཡིད་ཀྱིས་སོམས་ལ་ཁ་ཏོན་གྱིས་ཤིག །ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག་དང་། དེས་ལྷ་མ་ཡིན་གྱི་བསམ་པ་དེ་དག་ཕྱིར་ནུབ་པར་འགྱུར་ཏེ། སེམས་བསྐྱེད་པ་དེ་དག་སློས་ཤིང་རྣམ་པར་འཕེལ་བར་མི་འགྱུར་
རོ། །ལྷའི་བུ་དང་ལྷའི་བུ་མོ་གང་དག་ཤི་འཕོ་བའི་ཚེ། ནམ་བདག་ཅག་ངན་སོང་སུ་སྐྱེ་བར་མཐོང་ན་ཡང་། ཀཽ་ཤི་ཀ་ཁྱོད་ཀྱིས་དེ་དག་གི་མདུན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཁ་ཏོན་དུ་གྱིས་ཤིག་དང་། དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཐོས་པའི་དགེ་བའི་རྩ་བ་
དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མོས་པས་ལྷའི་གནས་དེ་ཉིད་དུ་སྐྱེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཐོས་པ་ནི་དེ་ལྟར་དོན་དང་ལྡན་པ་སྟེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་སུ་ཡང་རུང་སྟེ། དེ་དག་གིས་ཤེས་རབ་
ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་དགེ་བའི་རྩ་བ་དེས་མཐར་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་འདས་པའི་དུས་ཀྱི་དེ་བཞིན་

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཇི་སྙེད་ཅིག་བྱུང་བ་དེ་དག་ཀྱང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་བསླབས་ནས། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་
སུ་ཡོངས་སུ་མྱ་ངན་ལས་འདས་སོ། མ་འོངས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཇི་སྙེད་ཅིག་འབྱུང་བ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལ་བསླབས་ཤིང་། བླ་ན་མེད་
པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཇི་
སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་བསླབས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་
ཀྱི་ཕ་རོལ་དུ་ཕྱིན་པ་འདིའི་ནང་དུ་ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་དཔའི་ཆོས་སམ། སངས་རྒྱས་ཀྱི་ཆོས་ཀྱང་རུང་སྟེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་འདུས་སོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་
ལྡན་འདས་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་རིག་སྔགས་ཆེན་མོའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་བླ་ན་མེད་པའི་རིག་སྔགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་མི་
མཉམ་པ་དང་མཉམ་པའི་རིག་སྔགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་མི་དགེ་བའི་ཆོས་ཐམས་ཅད་སྤོང་བའོ། དགེ་བའི་ཆོས་ཐམས་ཅད་སྒྲུབ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ།

ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཀཽ་ཤི་ཀ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་རིག་སྔགས་ཆེན་མོའོ། །ཀཽ་ཤི་ཀ་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་བླ་ན་མེད་པའི་རིག་སྔགས་སོ། །ཀཽ་ཤི་ཀ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་མི་
མཉམ་པ་དང་མཉམ་པའི་རིག་སྔགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་འདས་པ་དང་། མ་བྱོན་པ་དང་། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་བཞུགས་ཤིང་
འཚོ་སྐྱོང་བ་དེ་དག་ཀྱང་རིག་སྔགས་འདི་ཉིད་ལ་བརྟེན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏོ། །མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ཅིའི་
ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་རིག་སྔགས་འདི་ཡོད་ན། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འཇིག་རྟེན་ན་ཡོད་པ་ཡིན། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་འཇིག་
རྟེན་ན་ཡོད་པ་ཡིན། ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་
རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་རྣམས་དང་། རྣམ་པར་ཐར་པ་རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་།
སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། བྱམས་པ་ཆེན་པོ་དང་། སྙིང་

རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་འཇིག་རྟེན་ན་ཡོད་པ་ཡིན། ཆོས་ཀྱི་དབྱིངས་འཇིག་རྟེན་ན་ཡོད་པ་ཡིན། ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་།
ཆོས་ཉིད་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། མིག་ལྔ་འཇིག་རྟེན་ན་ཡོད་པ་ཡིན། རྒྱུན་དུ་ཞུགས་པའི་འབྲས་བུ་འཇིག་རྟེན་ན་ཡོད་པ་ཡིན། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་
བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་འཇིག་རྟེན་ན་ཡོད་པ་ཡིན། ཐམས་ཅད་ཤེས་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འཇིག་རྟེན་ན་ཡོད་པ་ཡིན། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་
ཡོད་ན་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། རྒྱུན་དུ་ཞུགས་པ་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་
དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་ན་གདགས་སུ་ཡོད་པ་ཡིན་ནོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། ཟླ་བའི་དཀྱིལ་འཁོར་ཡོད་ན་
རྩི་དང་། རྒྱུ་སྐར་དང་། སྐར་མ་ཐམས་ཅད་གདགས་སུ་ཡོད་དོ། །ཀཽ་ཤི་ཀ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཟླ་བའི་དཀྱིལ་འཁོར་ཡོད་ན། དགེ་བའི་སྤྱོད་པ་དང་། ཡང་དག་པའི་སྤྱོད་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་དང་། ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་།
སྟོང་པ་ཉིད་ཐམས་ཅད་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་།

གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་
ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་རྩི་ཐམས་ཅད་གདགས་སུ་ཡོད་དོ། །སློབ་པ་དང་། མི་སློབ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་རྒྱུ་སྐར་དང་།
སྐར་མ་ཐམས་ཅད་ཀྱང་གདགས་སུ་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་འཇིག་རྟེན་ན་ཡོད་པར་འགྱུར་རོ། །གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་མ་བྱུང་བ་དེའི་ཚེ་ན་ཡང་། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རྣམས། སེམས་ཅན་རྣམས་ལ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་
རྣམས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་གང་དང་ལྡན་པས། ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་པ་དང་། སྟོང་པ་ཉིད་ཐམས་ཅད་ལ་སྤྱོད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སྤྱོད་པ་དང་། འཕགས་
པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་གསུམ་ལ་སྤྱོད་པ་དང་། མངོན་པར་ཤེས་པ་དྲུག་
དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སྤྱོད་པ་དང་། ཉན་ཐོས་ཀྱི་སར་མི་ལྟུང་བ་དང་། རང་སངས་རྒྱས་ཀྱི་ས་མངོན་དུ་མི་བྱེད་པ་དང་། སེམས་ཅན་ཡོངས་

སུ་སྨིན་པར་བྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་པ་དང་། ཚེ་ཕུན་སུམ་ཚོགས་པ་ཡང་ཡོངས་སུ་འཛིན་པ་དང་། སེམས་ཅན་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་། སངས་རྒྱས་ཀྱི་ཞིང་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་
དང་། བྱང་ཆུབ་སེམས་དཔའ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་ཐོབ་པར་བྱེད་པའི་ཐབས་མཁས་པ་དེ་ཡང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་བྱུང་བར་རིག་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ།
རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ནི་ཚེ་འདིའི་ཡོན་ཏན་འདི་དག་དང་། ཚེ་རབས་གཞན་གྱི་ཡོན་ཏན་འདི་དག་དང་ཡང་ལྡན་པར་འགྱུར་རོ། །བརྒྱ་བྱིན་
གྱིས་གསོལ་པ། བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་ཚེ་འདིའི་ཡོན་ཏན་གང་དང་ལྡན་པར་
འགྱུར་བ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་སྔོན་གྱི་ལས་ཀྱི་
རྣམ་པར་སྨིན་པ་མ་གཏོགས་པར། དུག་གིས་དུས་བྱེད་པར་མི་འགྱུར་རོ། །མཚོན་གྱིས་དུས་བྱེད་པར་མི་འགྱུར་རོ། །མེས་དུས་བྱེད་པར་མི་འགྱུར་རོ། །ཆུས་དུས་བྱེད་པར་མི་འགྱུར་རོ། །ནད་བརྒྱ་རྩ་གཅིག་གི་བར་གྱིས་དུས་བྱེད་པར་མི་འགྱུར་རོ། །རྒྱལ་པོ་དང་
བླ་མས་གནོད་པར་བྱ་བ་ཞིག་བྱུང་བ་ལས། གལ་ཏེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཁ་ཏོན་དུ་བྱེད་ཅིང་། རྒྱལ་པོའི་ཕོ་བྲང་དུ་སོང་ན། དེ་ལ་གླགས་ཚོལ་བ་དེ་དག་གིས་གླགས་མི་རྙེད་དེ། རྒྱལ་པོའི་བུ་དང་། རྒྱལ་པོའི་

བློན་པོ་ཆེན་པོ