Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 027_ཉི་ཁྲི།_ཁ
Văn bản gốc(Tây Tạng)
Trang 6 / 24 (50.000 ký tự/trang)
་དག་ཀྱང་གཏམ་དྲི་བ་དང་། གཏམ་བྱ་བར་སེམས་ཤིང་། དགའ་བར་བྱ་བར་སེམས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ཀྱི་གཟི་བརྗིད་དང་མཐུས་དེ་ལྟར་སེམས་སོ། །གལ་ཏེ་རིགས་ཀྱི་བུའམ། རིགས་ཀྱི་བུ་ མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ཁ་ཏོན་དུ་བྱེད་ཅིང་། རྒྱལ་པོའི་ཕོ་བྲང་དུ་སོང་ན། དེ་ལ་རྒྱལ་པོའི་བུའམ་རྒྱལ་པོའི་བློན་པོ་ཆེན་པོ་དག་ཀྱང་དགའ་བའི་ཚིག་གིས་གཏམ་དྲི་བ་དང་། གཏམ་བྱ་བར་སེམས་ཤིང་དགའ་བར་བྱ་བར་སེམས་པར་འགྱུར་རོ། །དེ་ཅིའི་ ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གིས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཉེ་བར་གཞག །སྙིང་རྗེའི་སེམས་དང་། དགའ་བའི་སེམས་དང་། བཏང་སྙོམས་ཀྱི་སེམས་ཉེ་བར་གཞག་པའི་ཕྱིར་ཏེ། ཀཽ་ཤི་ཀ་ རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ནི། ཚེ་འདིའི་ཡོན་ཏན་དེ་དག་དང་ལྡན་པར་འགྱུར་རོ། །ཀཽ་ཤི་ཀ་ཚེ་རབས་གཞན་གྱི་ ཡོན་ཏན་གང་དག་དང་ཡང་ལྡན་པར་འགྱུར་ཞེ་ན། འདི་ལྟ་སྟེ་ནམ་ཡང་དགེ་བ་བཅུའི་ལས་ཀྱི་ལམ་དང་བྲལ་བར་མི་འགྱུར་ཏེ། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། ཕ་རོལ་དུ་ཕྱིན་པ་དྲུག་དང་། བྱང་ ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་ འཇུག་པ་རྣམས་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་ དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་བྲལ་བར་མི་འགྱུར་རོ། །དེ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་སྨོན་ལམ་གྱི་དབང་མ་གཏོགས་པར། ནམ་ཡང་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་ འཇིག་རྟེན་དུ་མི་སྐྱེའོ། །དེ་ནམ་ཡང་ཡན་ལག་ཉམས་པ་ཅན་དུ་མི་འགྱུར། ནམ་ཡང་དབུལ་པོའི་རིགས་སུ་མི་སྐྱེ། སྨྱིག་མ་མཁན་གྱི་རིགས་སམ། སྨེ་ཤ་ཅན་གྱི་རིགས་སམ། མགར་བའམ། ཕྱག་དར་བའམ། ཤེན་པའམ། ཕག་གསོད་པའི་རིགས་སམ། དམངས་རིགས་སུ་མི་སྐྱེ་སྟེ། རྟག་ཏུ་རྒྱུན་མི་ཆད་པར་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་འགྱུར། འཇིག་རྟེན་གྱི་ཁམས་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་འཚོ་སྐྱོང་བའི་འཇིག་རྟེན་གྱི་ཁམས་དེ་དག་ཏུ་རྫུས་ཤིང་སྐྱེ་བར་འགྱུར་ཏེ། ནམ་ཡང་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་དང་བྲལ་བར་མི་འགྱུར་རོ། །དེ་འདོད་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བ་དང་། ཆོས་མཉན་པའི་ཕྱིར། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་ ཏེ། དེ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་། སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་ཀྱི་ཞིང་ཡང་ཡོངས་སུ་དག་པར་བྱེད་དོ། །ཀཽ་ཤི་ཀ་དེ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཡོན་ཏན་འདི་དག་ཕུན་སུམ་ཚོགས་པར་ འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་གཟུང་བར་བྱ། བཅང་བར་བྱ། ཀླག་པར་བྱ། ཀུན་ཆུབ་པར་བྱ། ཚུལ་བཞིན་དུ་ཡིད་ལ་བྱ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བར་བྱའོ། །དེ་དག་ནི་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཚེ་འདིའི་ཡོན་ཏན་དང་། ཚེ་རབས་གཞན་གྱི་ཡོན་ཏན་དེ་དག་དང་ལྡན་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ལེའུ་བཅུ་དགུ་པའོ།། །།དེ་ནས་མུ་སྟེགས་ཅན་ གཞན་དང་། ཀུན་དུ་རྒྱུ་བ་གླགས་པ་བལྟ་བའི་བསམ་པ་ཅན་བརྒྱ་ཙམ་ཞིག །བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་དོང་བ་དང་། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་པར་གྱུར་ཏེ། མུ་སྟེགས་ཅན་གཞན་དང་། ཀུན་དུ་རྒྱུ་བ་བརྒྱ་པོ་གླགས་བལྟ་བའི་བསམ་པ་ ཅན་འདི་དག་བཅོམ་ལྡན་འདས་གང་ན་བ་དེར་དོང་ནས་དེ་ལ་བདག་གིས་ཅི་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བརྗོད་པས། མུ་སྟེགས་ཅན་གཞན་དང་། ཀུན་དུ་རྒྱུ་བ་འདི་དག་བཅོམ་ལྡན་འདས་ཀྱི་དྲུང་དུ་དོང་ནས། བར་ཆད་བྱེད་པར་མི་འགྱུར་བར་བདག་གིས་བཅོམ་ ལྡན་འདས་ལས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལས་ཇི་སྙེད་ཅིག་བཟུང་བ་དེ་དག་ཁ་ཏོན་དུ་བྱའོ་སྙམ་ནས། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་ཇི་སྙེད་བཟུང་བ་དེ་དག་ཁ་ཏོན་དུ་བརྗོད་དོ། །དེ་ནས་མུ་སྟེགས་ ཅན་གཞན་དང་། ཀུན་དུ་རྒྱུ་བ་དེ་དག་རྒྱང་རིང་པོ་རིང་པོ་ནས། བཅོམ་ལྡན་འདས་ལ་གཡས་ཕྱོགས་སུ་བསྐོར་བ་བྱས་ནས། ལམ་དེ་ཉིད་དང་སྒོ་དེ་ཉིད་ནས་ཕྱིར་དོང་ངོ་། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་ལྟར་མུ་སྟེགས་ཅན་གཞན་ དང་། ཀུན་དུ་རྒྱུ་བ་དེ་དག་གིས། རྒྱང་རིང་པོ་ནས་བཅོམ་ལྡན་འདས་ལ་གཡས་ཕྱོགས་ནས་བསྐོར་བ་བྱས་ཏེ། ལམ་དེ་ཉིད་དང་སྒོ་དེ་ཉིད་ནས་ཕྱིར་དོང་ན། དེ་ཅིའི་རྒྱུ་ཞིག་སྙམ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུའི་སེམས་ཀྱི་ཀུན་ དུ་རྟོག་པ་ཐུགས་ཀྱིས་ཐུགས་སུ་ཆུད་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་ནི་ལྷའི་དབང་པོ་བརྒྱ་བྱིན་གྱིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་དག་པར་བསམས་པས། དེའི་ཕྱིར་མུ་སྟེགས་ཅན་གཞན་དང་། ཀུན་དུ་རྒྱུ་བ་འདི་དག་ རྒྱང་རིང་པོ་རིང་པོ་ནས་ང་ལ་གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ། ལམ་དེ་ཉིད་དང་སྒོ་དེ་ཉིད་ནས་ཕྱིར་དོང་བ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་མུ་སྟེགས་ཅན་གཞན་དང་། ཀུན་དུ་རྒྱུ་བ་འདི་དག་ལས་འགའ་ཙམ་ཡང་དཀར་པོའི་སེམས་དང་ལྡན་པར་མ་མཐོང་སྟེ། མུ་སྟེགས་ཅན་གཞན་དང་། ཀུན་དུ་རྒྱུ་བ་འདི་དག་ཐམས་ཅད་ནི་གནོད་པར་བྱ་བའི་སེམས་དང་ལྡན་པ། གླགས་བལྟ་བའི་བསམ་པ་ཅན་ཤ་སྟག་སྟེ། འཁོར་འདིར་འོང་བར་སེམས་པ་ཤ་སྟག་ཀྱང་། ཤ་ར་དྭ་ཏིའི་བུ་ངས་ནི་འཇིག་རྟེན་ལྷ་དང་བཅས་ པ། བདུད་དང་བཅས་པ། ཚངས་པར་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་ནང་ན། གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བསྟན་པའི་ཚེ། ཞེ་སྡང་བའི་སེམས་སམ། གླགས་བལྟ་བའི་བསམ་པས་ཉེ་བར་འགྲོ་བ་མ་མཐོང་སྟེ། དེ་ ནི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་དེ་ནི་འདི་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་དང་། འོག་མིན་གྱི་བར་གྱི་ལྷའི་བུ་གང་ཇི་སྙེད་ཅིག་ཡོད་པ་དང་། ཉན་ཐོས་དང་། རང་སངས་རྒྱས་གང་ ཇི་སྙེད་ཅིག་ཡོད་པ་དང་། བྱང་ཆུབ་སེམས་དཔའ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཡོངས་སུ་བཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་བྱུང་བ་ཤ་སྟག་གོ། །ཤ་ར་དྭ་ཏིའི་བུ་གཞན་ ཡང་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཇི་སྙེད་ཅིག་བཞུགས་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཡོངས་སུ་བཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཐམས་ཅད་ནི་ཤེས་ རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་བྱུང་བ་ཤ་སྟག་གོ། ལྷོ་དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་ཕྱོགས་རེ་རེའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་ འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཇི་སྙེད་ཅིག་བཞུགས་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཡོངས་སུ་བཟུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་བྱུང་བ་ཤ་སྟག་གོ། །དེ་ནས་བདུད་སྡིག་ཏོ་ཅན་འདི་སྙམ་དུ་སེམས་པར་གྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འཁོར་བཞི་པོ་འདི་དག་ཀྱང་མངོན་དུ་གྱུར། འདོད་པ་ལ་སྤྱོད་པ་དང་། གཟུགས་ལ་སྤྱོད་པའི་ལྷ་འདི་དག་ཀྱང་མངོན་དུ་གྱུར་པ་ལས། འདིར་ནི་གདོན་མི་ཟ་བར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་གྱིས། དེ་ལ་བདག་གིས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་བར་ཆད་བྱའོ་སྙམ་ནས། བདུད་སྡིག་ཏོ་ཅན་གྱིས་དཔུང་གི་ཚོགས་ཡན་ལག་བཞི་པ་མངོན་པར་སྤྲུལ་ནས། བཅོམ་ ལྡན་འདས་གང་ན་བ་དེར་འགྲོ་འདོད་པར་གྱུར་པ་དང་། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་པར་གྱུར་ཏོ། །ཀྱེ་མ་བདུད་སྡིག་ཏོ་ཅན་འདི་དཔུང་གི་ཚོགས་ཡན་ལག་བཞི་པ་མངོན་པར་སྤྲུལ་ཅིང་། བཅོམ་ལྡན་འདས་གང་ན་བ་དེར་འགྲོ་བར་འདོད་ལ། བདུད་སྡིག་ ཏོ་ཅན་གྱི་དཔུང་གི་ཚོགས་ཡན་ལག་བཞི་རྣམ་པར་བཀོད་པ་འདི་ནི། རྒྱལ་པོ་བི་མ་བི་སཱ་རའི་དཔུང་གི་ཚོགས་ཡན་ལག་བཞི་པ་རྣམ་པར་བཀོད་པས་ཀྱང་དེ་ཙམ་མི་ཕོད། རྒྱལ་པོ་སྡེ་རབ་ཏུ་ཕམ་བྱེད་དང་། ཤཱཀྱ་རྣམས་དང་། ལི་ཙ་བྱི་རྣམས་ཀྱི་དཔུང་གི་ཚོགས་ཡན་ལག་ བཞི་པ་རྣམ་པར་བཀོད་པས་ཀྱང་དེ་ཙམ་མི་ཕོད་དེ། བདུད་སྡིག་ཏོ་ཅན་འདི་ནི་ཡུན་རིང་པོ་ནས་བཅོམ་ལྡན་འདས་ལ་ཡང་གླགས་ལྟ་ཞིང་གླགས་ཚོལ། སེམས་ཅན་ཡང་དག་པར་བརྩོན་པ་རྣམས་ལ་ཡང་གཙེ་བའི་བསམ་པ་ཅན་ཡིན་གྱིས། བདག་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་ པ་འདི་ཡང་དག་པར་བསམ་པར་བྱའོ། །དྲན་པས་བརྗོད་པར་བྱའོ་སྙམ་ནས། ལྷའི་དབང་པོ་བརྒྱ་བྱིན་གྱིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཡང་དག་པར་བསམས་ཏེ། དྲན་པས་གསལ་བར་བརྗོད་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས། ཇི་ལྟ་ཇི་ལྟར་ ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་གསལ་བར་བརྗོད་པ་དེ་ལྟ་དེ་ལྟར། བདུད་སྡིག་ཅན་དེ་དག་ལམ་དེ་ཉིད་དང་སྒོ་དེ་ཉིད་ནས་ཕྱིར་ལོག་གོ། །དེ་ནས་འཁོར་དེ་ན་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་དང་། འོག་མིན་གྱི་བར་གྱི་ལྷ་ཇི་སྙེད་ཅིག་འཁོད་པ་དེ་དག་གིས། ལྷ་རྫས་ཀྱི་མེ་ཏོག་དང་། ན་བཟའ་མང་པོ་མངོན་པར་སྤྲུལ་ནས། བར་སྣང་གི་ནམ་མཁའ་ལ་འཁོད་བཞིན་དུ། བཅོམ་ལྡན་འདས་གང་ན་བ་དེར་གཏོར་ཏེ། མངོན་པར་གཏོར་ནས་ཚིག་འདི་སྐད་དུ་བརྗོད་དོ། །འཛམ་བུའི་གླིང་གི་མི་འདི་རྣམས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་ཡུན་རིང་པོར་སྤྱོད་ པར་གྱུར་ཅིག །འཛམ་བུའི་གླིང་གི་མི་འདི་དག་ཇི་སྲིད་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་སྤྱོད་པ་དེ་སྲིད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ནུབ་པར་མི་འགྱུར་ལ། དམ་པའི་ཆོས་ཡུན་རིང་དུ་གནས་ཤིང་། དགེ་འདུན་ དཀོན་མཆོག་ཀྱང་འཇིག་རྟེན་དུ་འབྱུང་བར་འགྱུར་ཞེའོ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་བར་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ནུབ་པར་མི་འགྱུར་ལ། དམ་པའི་ཆོས་ཀྱང་ཡུན་རིང་པོར་གནས་ཤིང་། དགེ་འདུན་དཀོན་མཆོག་ཀྱང་འཇིག་རྟེན་དུ་འབྱུང་བར་འགྱུར་ཞེའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་པ་ཁྱད་པར་དུ་འཕགས་པ་ཡང་ཡོད་པར་འགྱུར་ཞེའོ། །ཕྱོགས་གང་ན་རིགས་ཀྱི་བུའམ་ རིགས་ཀྱི་བུ་མོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ་འཆང་བའི་ཕྱོགས་དེ་ནི་སྣང་བ་དང་ལྡན་པར་རིག་པར་བྱའོ། །ཕྱོགས་དེ་ནི་མགོན་དང་བཅས་ཤིང་མུན་པ་དང་བྲལ་བར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་ པོ་བརྒྱ་བྱིན་དང་། འོག་མིན་གྱི་བར་གྱི་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ལྷའི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྲིད་དུ་འཛམ་བུའི་གླིང་གི་མི་རྣམས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་སྤྱོད་པ་དེ་སྲིད་དུ། དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ནུབ་པར་མི་འགྱུར་ལ། དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་ཤིང་། དགེ་འདུན་དཀོན་མཆོག་ཀྱང་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ དང་། ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ཀྱི་བར་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་ནུབ་པར་མི་འགྱུར་ལ། དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་ཤིང་། དགེ་འདུན་དཀོན་མཆོག་ཀྱང་འཇིག་རྟེན་དུ་འབྱུང་བར་འགྱུར་ རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤྱོད་པ་ཁྱད་པར་དུ་འཕགས་པ་ཡང་ཡོད་པར་འགྱུར་རོ། །ཕྱོགས་གང་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ་འཆང་བའི་ཕྱོགས་ དེ་ནི་སྣང་བ་དང་ལྡན་པར་ངས་ཤེས་སོ། །ཕྱོགས་དེ་ནི་མགོན་དང་བཅས་ཤིང་མུན་པ་དང་བྲལ་བར་ངས་ཤེས་སོ། །དེ་ནས་ལྷའི་བུ་དེ་དག་གིས་ལྷ་རྫས་ཀྱི་མེ་ཏོག་མོད་པོ་མངོན་པར་སྤྲུལ་ནས། བཅོམ་ལྡན་འདས་གང་ན་བ་དེར་མངོན་པར་གཏོར་ཏེ། འདི་སྐད་ཀྱི་ཚིག་ བརྗོད་དོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ། འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་ཅིང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་ལ་བདུད་དམ་ བདུད་ཀྱི་རིགས་སུ་གཏོགས་པའི་ལྷ་གླགས་ཚོལ་བ་རྣམས་ཀྱིས་གླགས་མི་རྙེད་དོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་ལ་རྟག་ཏུ་རྒྱུན་མི་ཆད་པར་བསྲུང་བ་དང་། བསྐྱབ་པ་དང་། བསྐྱང་བར་བགྱིའོ། །དེ་ཅིའི་སླད་དུ་ ཞེ་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་ནི་སྟོན་པའམ། སྟོན་པ་དང་མཚུངས་པ་ཙམ་དུ་བདག་ཅག་སེམས་སོ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་ བགྱིད་པ་དེ་དག་ནི་དགེ་བའི་རྩ་བ་དམའ་བ་དང་ལྡན་པ་མ་ལགས་ཏེ། བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་དག་ནི་སྔོན་ གྱི་རྒྱལ་བ་ལ་བགྱི་བ་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་དག་ནི། སངས་ རྒྱས་མང་པོ་ལ་བསྙེན་བཀུར་བགྱིས་པར་འགྱུར། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བར་འགྱུར་རོ། །བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བཙལ་བར་བགྱིའོ། ། བཅོམ་ལྡན་འདས་འདི་ལྟ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བཙལ་བར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་གཞན་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་ མ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་ལ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་གཞན་མ་ལགས་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ལ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་བྱུང་བ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་བྱུང་བ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་གཞན་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་། གཞན་ལ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་གཞན་མ་ཡིན་ཏེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་བ་ལས། ལེའུ་ཉི་ ཤུ་པའོ།། །།དེ་ནས་ཚེ་དང་ལྡན་པ་དགའ་བོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མིང་ཡོངས་སུ་བརྗོད་པར་མཛད་པ་དེ་ལྟར། སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་མིང་ཡང་ ཡོངས་སུ་བརྗོད་པ་མ་མཛད། དེ་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། དེ་ལྟར་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པའི་མིང་ཡང་ཡོངས་སུ་བརྗོད་པ་མ་མཛད་དོ། །དེ་ལྟར་ན་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་མིང་ཡང་ཡོངས་སུ་བརྗོད་པ་མ་མཛད་དོ། །དེ་ལྟར་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་མིང་ཡང་ཡོངས་སུ་བརྗོད་པ་མ་མཛད་དོ། །དེ་ལྟར་ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མིང་ཡང་ཡོངས་སུ་བརྗོད་པ་མ་མཛད་དོ། །དེ་ལྟར་འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་ སྙོམས་པར་འཇུག་པ་རྣམས་ཀྱི་མིང་ཡང་ཡོངས་སུ་བརྗོད་པ་མ་མཛད་དོ། །དེ་ལྟར་རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ཀྱི་མིང་ཡང་ཡོངས་སུ་བརྗོད་པ་མ་མཛད་དོ། །དེ་ལྟར་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་མིང་ཡང་ཡོངས་སུ་བརྗོད་པ་མ་མཛད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དགའ་བོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་འདི་ལྟ་སྟེ། ཕ་རོལ་དུ་ཕྱིན་པ་ལྔ་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དག་གི་ཐོག་མར་འགྲོའོ། །ཀུན་དུ་འདྲེན་པའོ། །དགའ་བོ་དེ་ཇི་སྙམ་དུ་སེམས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྡོས་པའི་སྦྱིན་པ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡིན་ནམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་ སུ་མ་བསྔོས་པའི་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་ཤེས་རབ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ན། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཇི་ལྟར་ཡོངས་སུ་བསྔོས་ པའི་སྦྱིན་པ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཇི་ལྟར་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་བ་དགའ་བོ་གཉིས་སུ་མེད་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་སྦྱིན་པ་ནི། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡིན་ནོ། །དགའ་བོ་གཉིས་སུ་མེད་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་ཚུལ་ ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡིན་ནོ། །མི་སྐྱེ་བའི་ཚུལ་དང་། མི་དམིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་སྦྱིན་པ་ནི། སྦྱིན་པའི་ཕ་ རོལ་དུ་ཕྱིན་པ་ཡིན་ནོ། །མི་སྐྱེ་བ་དང་། མི་དམིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡིན་ནོ། །གསོལ་ བ། བཅོམ་ལྡན་འདས་ཇི་ལྟར་གཉིས་སུ་མ་མཆིས་པའི་ཚུལ་དང་། མི་སྐྱེ་བའི་ཚུལ་དང་། མི་དམིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་སྦྱིན་པ་ནི། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལགས། ཇི་ལྟར་གཉིས་སུ་མ་མཆིས་པའི་ཚུལ་དང་ མི་སྐྱེ་བའི་ཚུལ་དང་། མི་དམིགས་པའི་ཚུལ་གྱིས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པའི་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལགས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་བ། གཟུགས་གཉིས་སུ་མེད་པའི་ཚུལ་གྱིས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་གཉིས་སུ་མེད་པའི་ཚུལ་དང་། བྱང་ཆུབ་ཀྱི་བར་དུ་གཉིས་སུ་མེད་པའི་ཚུལ་གྱིས་དེ་ལྟར་འགྱུར་རོ། །གསོལ་པ། བཅོམ་ལྡན་ འདས་ཇི་ལྟར་གཟུགས་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་གཉིས་སུ་མ་མཆིས་པའི་ཚུལ་དང་། ཇི་ལྟར་བྱང་ཆུབ་ཀྱི་བར་དུ་གཉིས་སུ་མ་མཆིས་པའི་ཚུལ་ལགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ་འདི་ལྟར་གཟུགས་ནི་གཟུགས་ཀྱིས་སྟོང་ངོ་། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། ཕ་རོལ་དུ་ཕྱིན་པ་འདི་དག་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །བྱང་ཆུབ་ཀྱི་བར་ནི་བྱང་ཆུབ་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་དང་། ཕ་རོལ་དུ་ཕྱིན་པ་འདི་དག་གཉིས་སུ་མེད་དེ་གཉིས་སུ་བྱར་ མེད་དོ། །དགའ་བོ་དེ་ལྟ་བས་ན་ཕ་རོལ་དུ་ཕྱིན་པ་ལྔ་པོ་འདི་དག་གི་ཐོག་མར་འགྲོ་བ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཉིད་དོ། །སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་ རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། བྱང་ཆུབ་ཀྱི་བར་གྱི་ཐོག་མར་འགྲོ་བ་ནི་ཤེས་ རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཉིད་དོ། །དགའ་བོ་འདི་ལྟ་སྟེ། དཔེར་ན། ས་ཆེན་པོ་ལ་ས་བོན་བཏབ་པ་རྒྱུ་རྐྱེན་ཚོགས་པར་གྱུར་ནས། རྣམ་པར་འཕེལ་བར་འགྱུར་བ་ཡང་། ས་ཆེན་པོ་ནི་དེ་དག་གི་གནས་ཏེ། ས་ཆེན་པོ་དེ་ལ་རྟེན་ཅིང་ས་བོན་དེ་དག་སྐྱེ་བར་འགྱུར་ རོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་རྟེན་ཅིང་། ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་ རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ ཀྱི་སྒོ་རྣམས་རྣམ་པར་འཕེལ་ལོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་རྣམ་པར་འཕེལ་ལོ། །ཐམས་ཅད་ཤེས་པ་ཉིད་ དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་འཕེལ་ཏེ། དགའ་བོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་། ཕ་རོལ་དུ་ཕྱིན་པ་ལྔ་རྣམས་རྣམ་པར་འཕེལ་ལོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་། སྟོང་པ་ཉིད་ཐམས་ ཅད་རྣམ་པར་འཕེལ་ལོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་། དྲན་པ་ཉེ་བར་གཞག་པ་བཞི་རྣམ་པར་འཕེལ་ལོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམ་པར་འཕེལ་ལོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྟེན་ཅིང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་ སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་ དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་རྣམ་པར་འཕེལ་ལོ། །རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ལ་རྟེན་ཅིང་། ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པར་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་འཕེལ་ལོ། །དགའ་བོ་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི། ཕ་རོལ་དུ་ཕྱིན་པ་ལྔ་པོ་འདི་དག་ཡོངས་སུ་སྒྲུབ་པའོ། །སྟོང་པ་ཉིད་ཐམས་ ཅད་ཡོངས་སུ་སྒྲུབ་པའོ། །དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་སྒྲུབ་པའོ། །ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་ སྒྲུབ་པའོ། །འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སྙིང་རྗེ་ཆེན་པོ་ དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་སྒྲུབ་པའོ། །ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་སྒྲུབ་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་ པ། བམ་པོ་སུམ་ཅུ་གསུམ་པ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཡོན་ཏན་གང་། བདག་གིས་བཅོམ་ལྡན་འདས་ལས་ཐོས་ཏེ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པའི་ཡོན་ཏན་གང་ཇི་སྙེད་ཅིག་མཆིས་ པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདིའི་ཡོན་ཏན་གང་ཇི་སྙེད་ཅིག་བདག་གིས། བཅོམ་ལྡན་འདས་ལས་བཟུང་སྟེ། བཅངས་པ་དང་། བླགས་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། སྤེལ་བ་དེ་དག་ཐམས་ཅད་ནི་བཀའ་མ་སྩལ་ཏེ། བཅོམ་ལྡན་འདས་ ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བཟུང་བ་དང་། བཅངས་པ་དང་། བླགས་པ་དང་། སྤེལ་བ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིས་པས་ནི། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །བསམ་གཏན་བཞི་འཇིག་རྟེན་དུ་འབྱུང་བར་ འགྱུར་རོ། །ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སྦྱིན་པའི་ཕ་རོལ་དུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ནང་སྟོང་པ་ཉིད་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ བར་དུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དྲན་པ་ཉེ་བར་གཞག་པ་བཞི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་དུ་འཇིག་རྟེན་ དུ་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བཟུང་བ་དང་། བཅངས་པ་དང་། བླགས་པ་དང་། ཀུན་ཆུབ་པར་བགྱིས་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིས་པས། རྒྱལ་རིགས་ཆེ་ཞིང་མཐོ་བ་རྣམས་འཇིག་རྟེན་དུ་འབྱུང་ བར་འགྱུར་རོ། །བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །འོག་ མིན་གྱི་བར་གྱི་ལྷ་རྣམས་འཇིག་རྟེན་ན་མཆིས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བཟུང་བ་དང་། བཅངས་པ་དང་། བླགས་པ་དང་། ཀུན་ཆུབ་པར་བགྱིས་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིས་པས་ནི། རྒྱུན་དུ་ཞུགས་པ་རྣམས་འཇིག་རྟེན་དུ་ མཆིས་སོ། །ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་རྣམས་འཇིག་རྟེན་ན་མཆིས་སོ། །རང་སངས་རྒྱས་རྣམས་འཇིག་རྟེན་ན་མཆིས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་ན་མཆིས་སོ། །བཅོམ་ལྡན་འདས་ ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བཟུང་བ་དང་། བཅངས་པ་དང་། བླགས་པ་དང་། ཀུན་ཆུབ་པར་བགྱིས་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིས་པས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བཟུང་བ་དང་། བཅངས་པ་དང་། བླགས་པ་དང་། ཀུན་ཆུབ་པར་བྱས་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱས་པ་དེའི་ཡོན་ཏན་ནི། དེར་ཟད་ པར་ཡང་མ་བཤད་དེ། ཀཽ་ཤི་ཀ་དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཀྱི་སེམས་དང་མ་བྲལ་བར་བྱེད་པ་དེ་དག་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཚད་མེད་པ་དང་ལྡན་པར་འགྱུར་རོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་ དུ་ཡིད་ལ་བྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བར་བྱེད་པ་དེ་དག་ནི། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཚད་མེད་པ་དང་ལྡན་པར་འགྱུར་ རོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བར་བྱེད་ པ་དེ་དག་ནི། དེ་བཞིན་གཤེགས་པའི་དོན་དུ་ཞུགས་པར་རིག་པར་བྱའོ། །ཀཽ་ཤི་ཀ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་ གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་། གང་ཡང་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་ པོ་ལས། ཀཽ་ཤི་ཀ་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་འདི་ལ་ནི། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཚུལ་ཁྲིམས་ཀྱི་ ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་ བར་མི་འགྲོའོ། །བྱེ་བའི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ།། གྲངས་སུ་ཡང་ཉེ་བར་མི་འགྲོའོ། །ཆར་ཡང་ཉེ་བར་མི་འགྲོའོ། །བགྲང་བར་ཡང་ཉེ་བར་མི་འགྲོའོ། །དཔེར་ཡང་ཉེ་བར་མི་འགྲོའོ། །རྒྱུར་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ལས་སེམས་རྣམ་པར་གྲོལ་ཡང་ཆོས་གང་ཡོངས་སུ་ཤེས་པ་མེད་དོ། །ཀཽ་ཤི་ཀ་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བྲིས་ཤིང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱེད་པ་དང་། བཀུར་སྟིར་བྱེད་པ་དང་། བསྟི་སྟང་དུ་བྱེད་པ་ དང་། མཆོད་པར་བྱེད་པ་དེ་དག་ཚེ་འདི་ཉིད་དང་། ཚེ་རབས་ཕྱི་མ་ལ་ཡོན་ཏན་དེ་དག་ཀྱང་། རྣམ་པ་དེ་བཞིན་དུ་འཐོབ་པར་ངས་བཤད་དོ། །བརྒྱ་བྱིན་གྱིས་གསོལ་བ། བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བར་བགྱིད་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བྲིས་ཤིང་། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བགྱིད་པ་དང་། བཀུར་སྟིར་བགྱིད་པ་དང་། བསྟི་སྟང་དུ་བགྱིད་པ་དང་། མཆོད་པར་བགྱིད་པ་དེ་ལ་ནི། བདག་གིས་ཀྱང་རྟག་ཏུ་རྒྱུན་མི་ འཆད་པར་བསྲུང་བ་དང་། བསྐྱབ་པ་དང་། བསྐྱང་བ་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི། ཁ་ཏོན་དུ་བྱེད་པའི་ཚེ། ལྷའི་བུ་བརྒྱ་སྟོང་མང་པོ་དགའ་བའི་ཡིད་ཀྱིས་ཆོས་ཉན་ པའི་ཕྱིར་འོངས་ཏེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་ལྡན་པའི་ཆོས་སྟོན་པའི་ཚེ་ཡང་། ལྷའི་བུ་དེ་དག་སྤོབས་པ་ཉེ་བར་བསྒྲུབ་པར་སེམས་སོ། །ཆོས་སྨྲས་པ་དེ་དག་སྨྲ་བ་སྙོམ་པར་གྱུར་ན་ཡང་། ལྷའི་བུ་དེ་དག་ཆོས་ཀྱི་རིམ་གྲོ་དེ་ཉིད་ ཀྱི་སྤོབས་པ་ཉེ་བར་བསྒྲུབ་པར་སེམས་ཏེ། ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། བྲིས་ཤིང་མེ་ཏོག་དང་། ཕྲེང་བ་དང་། བདུག་སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱེད་པ་དང་། བཀུར་སྟིར་བྱེད་པ་དང་། བསྟི་སྟང་དུ་བྱེད་པ་དང་། མཆོད་པར་བྱེད་པ་དེ་དག་གིས་ཚེ་འདིའི་ ཡོན་ཏན་འདི་ཡང་ཡོངས་སུ་ཟིན་པར་འགྱུར་རོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་འཁོར་བཞི་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོན་པའི་ཚེ། ལ་ལ་ཞིག་བདག་ལ་གླན་ཀ་ཚོལ་ཞིང་གླགས་ལྟ་བར་གྱུར་དུ་འོང་ངོ་། །ཞེས་བྱ་བར་ཞུམ་ པ་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་བསྲུང་བ་དང་། བསྐྱབ་པ་དང་། བསྐྱང་བ་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་ནི། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཐུན་མོང་དང་། ཐུན་མོང་མ་ཡིན་པ་དང་། དགེ་བ་དང་། མི་དགེ་བ་དང་། འདུས་བྱས་དང་། འདུས་མ་བྱས་དང་། ཉན་ཐོས་ཀྱི་ཆོས་དང་། རང་སངས་རྒྱས་ ཀྱི་ཆོས་དང་། བྱང་ཆུབ་སེམས་དཔའི་ཆོས་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་ཐ་མི་དད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འདི་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་གཏེར་ཡིན་ལ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ཡང་། ནང་སྟོང་པ་ཉིད་ལ་གནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་གནས་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གླགས་ལྟ་བ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གང་གླགས་ལྟ་བ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གང་གླགས་ལྟ་བར་བྱ་བ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་ཡོངས་སུ་བཟུང་བའི་ཕྱིར། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ལ་སུས་ཀྱང་གླགས་ལྟ་བ་མེད་དོ། །ཀཽ་ཤི་ཀ་གཞན་ ཡང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེའི་སེམས་ཞུམ་པར་མི་འགྱུར། ཡོངས་སུ་ཞུམ་པར་མི་འགྱུར། འཇིགས་པར་མི་ འགྱུར། སྡང་བར་མི་འགྱུར། སྐྲག་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་སུས་ཀྱང་གླགས་ལྟ་བ་མེད་དོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཛིན་ཅིང་ འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེའི་སེམས་ཞུམ་པར་མི་འགྱུར། ཡོངས་སུ་ཞུམ་པར་མི་འགྱུར། འཇིགས་པར་མི་འགྱུར། སྡང་བར་མི་འགྱུར། སྐྲག་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་གིས་གང་ཞུམ་པར་འགྱུར་བ་འམ། ཡོངས་སུ་ཞུམ་པར་འགྱུར་བའམ། འཇིགས་པར་འགྱུར་བའམ། སྐྲག་པར་འགྱུར་བ་དེ་ལྟ་བུའི་དངོས་པོ་ཡང་དག་པར་རྗེས་སུ་མ་མཐོང་བའི་ཕྱིར་ཏེ། ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། བྲིས་ཤིང་དེ་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་ དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱེད་པ་དང་། བཀུར་སྟིར་བྱེད་པ་དང་། བསྟི་སྟང་དུ་བྱེད་པ་དང་། མཆོད་པར་བྱེད་པ་དེ་དག་གིས་ཚེ་འདིའི་ཡོན་ཏན་འདི་དག་ཡོངས་སུ་ཟིན་པར་འགྱུར་རོ། །ཀཽ་ཤི་ཀ་གཞན་ ཡང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། བྲིས་ཤིང་དེ་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་ པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱེད་པ་དང་། བཀུར་སྟིར་བྱེད་པ་དང་། བསྟི་སྟང་དུ་བྱེད་པ་དང་། མཆོད་པར་བྱེད་པ་དེ་ནི་ཕ་དང་མ་དང་། གཉེན་བཤེས་དང་། རྒྱལ་པོ་དང་། བློན་པོ་དང་། དགེ་སྦྱོང་དང་། བྲམ་ཟེ་དག་གིས་དགོངས་པར་བྱ་བ་ཡིན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། རང་སངས་ རྒྱས་དང་། དགྲ་བཅོམ་པ་དང་། སློབ་པ་དང་། མི་སློབ་པ་དང་། མི་སློབ་པ་ཐམས་ཅད་ཀྱིས་ཀྱང་དབེན་ཅིང་ཡིད་དུ་འོང་བར་བྱ་བ་ཡིན། འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བཅས་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པས་ཀྱང་དགོངས་ཤིང་ཡིད་དུ་འོང་བར་བྱ་བ་ཡིན། སྤོབས་པ་མི་འཕྲོགས་པར་འགྱུར་བ་ཡིན། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་མི་འཕྲོགས་པར་འགྱུར་བ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མི་འཕྲོགས་པར་འགྱུར་བ་ཡིན། ནང་སྟོང་པ་ཉིད་བསྒོམ་པ་མི་འཕྲོགས་པར་འགྱུར་བ་ཡིན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ བསྒོམ་པ་མི་འཕྲོགས་པར་འགྱུར་བ་ཡིན། དྲན་པ་ཉེ་བར་གཞག་པ་བསྒོམ་པ་མི་འཕྲོགས་པར་འགྱུར་བ་ཡིན། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་ པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པ་མི་འཕྲོགས་པར་འགྱུར་བ་ཡིན། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་ པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་བསྒོམ་པ་མི་འཕྲོགས་པར་འགྱུར་བ་ཡིན། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་མི་འཕྲོགས་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་མི་འཕྲོགས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒོམ་པ་མི་འཕྲོགས་པར་ འགྱུར་བ་ཡིན། གཞན་གྱིས་ཕྱིར་བརྒལ་བ་ཇི་སྙེད་བྱུང་བ་ལ་ཡང་ཆོས་དང་མཐུན་པར་ལན་གདབ་པའི་མཐུ་ཡོད་པ་ཡིན་ཏེ། ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་ བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ཡང་མ་བྲལ་བར་བྱེད་པ་དང་། བྲིས་ཤིང་དེ་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱེད་པ་དང་། བཀུར་སྟིར་བྱེད་པ་དང་། བསྟི་སྟང་དུ་བྱེད་པ་དང་། མཆོད་པར་བྱེད་པ་དེས་ཚེ་འདིའི་ཡོན་ཏན་འདི་དག་ཀྱང་ཡོངས་སུ་ཟིན་པར་འགྱུར་རོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཤེས་ རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བྲིས་ཤིང་གླེགས་བམ་དུ་བྱས་ཏེ་འཆང་བ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་ བ་དང་། ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་བ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བའི་ལྷ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་དག་ཀྱང་དེར་དོང་ཞིང་། ཤེས་རབ་ཀྱི་ཕ་རོལ་དུ་ ཕྱིན་པ་འདི་ཀླག་པ་དང་། གཟུང་བ་དང་། ཀུན་ཆུབ་པར་བྱ་བ་དང་། ཕྱག་བྱ་བ་དང་། གདུད་པ་བྱས་ཤིང་། ཕྱིར་འདོང་བར་སེམས་སོ། །གནས་གཙང་མའི་རིས་མི་ཆེ་བ་དང་། མི་གདུང་བ་དང་། ཤིན་དུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷའི་བུ་ དེ་དག་ཀྱང་དེར་དོང་ཞིང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཀླག་པ་དང་། གཟུང་བ་དང་། ཀུན་ཆུབ་པར་བྱ་བ་དང་། ཕྱག་བྱ་བ་དང་། གདུང་བ་བྱས་ཤིང་ཕྱིར་འདོང་བར་སེམས་སོ། །ཀཽ་ཤི་ཀ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དང་། སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་ཀྱི་ལྷ་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཀུན་འཁོར་ དང་། ཚངས་ཆེན་དང་། སྣང་བ་དང་། ཆུང་སྣང་དང་། ཚད་མེད་སྣང་བ་དང་། ཀུན་སྣང་དང་བ་དང་། དགེ་བ་དང་། ཆུང་དགེ་དང་། ཚད་མེད་དགེ་བ་དང་། དགེ་རྒྱས་དང་། ཆེ་བ་དང་། ཆུང་ཆེ་དང་། ཚད་མེད་ཆེ་བ་དང་། འབྲས་བུ་ཆེ་བའི་ལྷའི་བུ་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དང་། གནས་གཙང་མའི་རིས་མི་ཆེ་བ་དང་། མི་གདུང་བ་དང་། ཤིན་ཏུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་ལྷ་དང་། དེ་མ་ཡིན་པའི་ལྷ་དང་། ཀླུ་དང་། གནོད་ སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གཟི་བརྗིད་ཆེན་པོ་གཟི་བརྗིད་ཆེ་བར་བྱ་བ་མང་པོ་དེ་དག་ཀྱང་དེར་དོང་ཞིང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཀླག་པ་དང་། གཟུང་བ་དང་། ཀུན་ཆུབ་པར་བྱ་བ་དང་ ཕྱག་བྱ་བ་དང་། གདུད་པ་བྱས་ཤིང་ཕྱིར་འདོང་བར་སེམས་སོ། །ཀཽ་ཤི་ཀ་དེ་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གིས་ཀྱང་སེམས་འདི་ལྟར་བསྐྱེད་པར་བྱ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་རྣམས་དང་། འབྲས་ བུ་ཆེ་བའི་བར་གྱི་ལྷ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དང་། གནས་གཙང་མའི་རིས་མི་ཆེ་བ་དང་། མི་གདུང་བ་དང་། ཤིན་དུ་མཐོང་བ་དང་། གྱ་ནོམ་སྣང་བ་དང་། འོག་མིན་གྱི་བར་གྱི་ལྷ་དང་། དེ་མ་ཡིན་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གཟི་བརྗིད་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཀླག་པ་དང་། གཟུང་བ་དང་། ཀུན་ཆུབ་པར་བྱ་བ་དང་། ཕྱག་བྱ་བ་དང་། མཆོད་པ་བྱ་བའི་ ཕྱིར་ལྷགས་པ་དེ་དག་ལ་ཆོས་ཀྱི་སྦྱིན་པ་འདི་བྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་པར་བྱ་སྟེ། དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཀླགས་པ་དང་། བཟུང་བ་དང་། བཅངས་པ་དང་། ཀུན་ཆུབ་པར་བྱ་བ་དང་། མཆོད་པ་བྱས་ཤིང་། ཕྱག་བྱས་ཏེ། གདུད་ པ་བྱས་ནས་ཕྱིར་འདོང་ངོ་། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་ལ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། འོག་མིན་གྱི་བར་གྱི་ལྷ་དག་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་ ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། འོག་མིན་གྱི་བར་གྱི་ལྷ་དེ་དག་ཀྱང་བསྲུང་བ་དང་། བསྐྱབ་པ་དང་། བསྐྱང་བ་བྱེད་དེ། ཀཽ་ཤི་ཀ་དེ་ལ་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པར། གླགས་ལྟ་བ་རྣམས་ཀྱིས་གླགས་མི་རྙེད་དོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེས་ཚེ་འདིའི་ཡོན་ཏན་དེ་ལྟ་བུ་དག་ཀྱང་། ཡོངས་སུ་ཟིན་པར་འགྱུར་རོ། །ལྷའི་བུ་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་དག་ཀྱང་། དེར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་མཆོད་པ་བྱ་བ་དང་། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ལ་བསྲུང་བ་དང་། བསྐྱབ་པ་དང་། བསྐྱང་བ་བྱ་བའི་དོན་དུ་འདོང་བར་སེམས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ ཡང་དག་པར་ཞུགས་པ་སྟེ། སེམས་ཅན་ཐམས་ཅད་བསྐྱབ་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་དོན་དུ་ཉེ་བར་གནས་པའི་ཕྱིར་རོ། །བརྒྱ་བྱིན་གྱིས་གསོལ་བ། བཅོམ་ལྡན་འདས་ རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེས་འདིར་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ནས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཀླག་པ་དང་། བཟུང་བ་དང་། བཅང་བ་དང་། ཀུན་ཆུབ་པར་བྱ་བ་དང་། ཕྱག་བྱ་བ་དང་། གདུང་བ་དང་། རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། བསྟི་སྟང་དུ་བྱ་བ་དང་། མཆོད་པའི་ཕྱིར་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། འོག་མིན་གྱི་བར་གྱི་ལྷ་དག་འདིར་འོངས་སོ་ཞེས་བགྱི་བར་ཇི་ལྟར་འཚལ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་གལ་ཏེ་ཤེས་རབ་ ཀྱི་ཕ་རོལ་དུ་ཕྱིན་པ་འདི་གང་དུ་གཞག་པར་སྣང་བ་ཆེན་པོ་བྱུང་བར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་མཐོང་ན། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེས་འདིར་ནི་ལྷ་མཐུ་ཆེན་པོ་མཐུ་ཆེན་པོ། །རྫུ་འཕྲུལ་ཆེ་བ་དབང་ཆེ་བ། གཟི་བརྗིད་ཆེ་བདག་ཤེས་རབ་ཀྱི་ཕ་ རོལ་དུ་ཕྱིན་པ་འདི་ཀླག་པ་དང་། གཟུང་བ་དང་། ཀུན་ཆུབ་པར་བྱ་བ་དང་། ཕྱག་བྱ་བ་དང་། གདུད་པ་བྱ་བ་དང་། རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། བསྟི་སྟང་དུ་བྱ་བ་དང་། མཆོད་པའི་ཕྱིར་ལྷགས་སོ། །ཞེས་བྱ་བར་ངེས་པར་ཁོང་ དུ་ཆུད་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་གལ་ཏེ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་ལྷ་རྫས་ཀྱི་དྲི་མ་ལས་འདས་པ། སྔོན་ཆད་དེ་ལྟ་བུ་ཚོར་མ་རྨྱོང་བ་ཚོར་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེས་འདི་ནི་ལྷ་མཐུ་ཆེན་པོ་མཐུ་ཆེན་པོ། རྫུ་འཕྲུལ་ཆེ་བ་དབང་ ཆེ་བ་དང་། གཟི་བརྗིད་ཆེ་བདག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཀླག་པ་དང་། བཅང་བ་དང་། ཀུན་ཆུབ་པར་བྱ་བ་དང་། ཕྱག་བྱ་བ་དང་། གདུད་པ་བྱ་བ་དང་། རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། བསྟི་སྟང་དུ་བྱ་བ་དང་། མཆོད་པའི་ཕྱིར་ལྷགས་སོ། ། ཞེས་བྱ་བར་ངེས་པར་ཁོང་དུ་ཆུད་པར་བྱའོ། །ཀཽ་ཤི་ཀ་གཞན་ཡང་གལ་ཏེ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གཙང་སྦྲའི་སྤྱོད་པ་དང་ལྡན་ན། དེའི་གཙང་སྦྲའི་སྤྱོད་པ་དེས། ལྷ་དེ་དག་ཀྱང་ཉེ་བར་འོངས་ཤིང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཀླག་པ་དང་། གཟུང་བ་ དང་། ཀུན་ཆུབ་པར་བྱ་བ་དང་། རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། བསྟི་སྟང་དུ་བྱ་བ་དང་། མཆོད་པར་བྱས་ནས་ཤིན་དུ་དགའ་བའི་ཡིད་དུ་འགྱུར་རོ། །གནས་དེ་ན་ལྷ་མཐུ་ཆུང་ངུ་ཇི་སྙེད་ཅིག་གནས་པ་དེ་དག་ཀྱང་ལྷ་མཐུ་ཆེན་པོ་མཐུ་ཆེན་པོ་དེ་དག་གི་གཟི་ བརྗིད་དང་། དཔལ་དང་། ཟིལ་མི་བཟོད་པའི་ཕྱིར་གནས་དེ་ནས་གུད་དུ་འདོང་བར་སེམས་སོ། །ཇི་ལྟ་ཇི་ལྟར་ལྷ་མཐུ་ཆེན་པོ་མཐུ་ཆེན་པོ། རྫུ་འཕྲུལ་ཆེ་བ་དང་། དབང་ཆེ་བ་དེ་དག་ཉེ་བར་འོང་བར་སེམས་པ། དེ་ལྟ་དེ་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ཡང་ མོས་པ་རྒྱ་ཆེན་པོ་དང་ལྡན་པར་འགྱུར་རོ། །དེའི་གནས་ཀྱི་འཁོར་ཀུན་དུ་ཡང་གཙང་སྦྲ་མེད་པའི་སྤྱོད་པ་མི་རྒྱུ་བར་བྱས་ཏེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་མཆོད་པའི་ལས་ཀྱི་ཕྱིར་དེའི་འཁོར་གྱིས་ཡང་སྤོས་ཆུའི་ཆག་ཆག་ གིས་བཏབ་བོ། །མེ་ཏོག་དང་། སྤོས་ཀྱིས་གཏོར་རོ། །བདུག་སྤོས་འཐུལ་བའི་སྣོད་གཞག་གོ། །དར་གྱི་ལྡ་ལྡི་དང་། གོས་ཀྱི་བླ་རེ་བྲེ་ཞིང་སའི་ཕྱོགས་དེ་ཡང་རྣམ་པ་དུ་མས་བརྒྱན་པར་བྱའོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་ལ་ངལ་ཞིང་ཆད་པར་འགྱུར་ བ་མེད་དེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ནི་ལུས་བདེ་བ་དང་། ལུས་ཡང་བ་དང་། ལུས་གསལ་བ་ཡང་ཉམས་སུ་མྱོང་བར་འགྱུར་རོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེས་ནི་སེམས་བདེ་བ་དང་། སེམས་ཡང་བ་དང་། སེམས་གསལ་བ་ཡང་ ཉམས་སུ་མྱོང་བར་འགྱུར་རོ། །དེ་ནས་ནུབ་མོ་ཉལ་ན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་བསམ་པས་མོས་པར་བྱས་ན། སྡིག་ཏོའི་རྨི་ལམ་མཐོང་བར་མི་འགྱུར་རོ། །དེས་མཐོང་ན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མངའ་བ། དཔེ་བྱད་བཟང་པོ་བརྒྱད་ཅུས་ཀུན་དུ་བརྒྱན་པ། སྐུ་གསེར་གྱི་མདོག་ཏུ་བཞུགས་པ། དགེ་སློང་གི་དགེ་འདུན་གྱིས་ཀུན་ནས་བསྐོར་བ། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་མདུན་དུ་བདར་བ། ཆོས་སྟོན་པ་མཐོང་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དེ་ལས་འདི་ལྟ་སྟེ། ཕ་རོལ་དུ་ཕྱིན་པ་དྲུག་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་ཆོས་བསྟན་པའང་ ཐོས་པར་འགྱུར་རོ། །ཕ་རོལ་དུ་ཕྱིན་པ་དྲུག་པོ་དེའི་དོན་རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་དེ་དག་གི་དོན་ རྣམ་པར་ཕྱེ་བ་ཡང་ཐོས་པར་འགྱུར་རོ། །བྱང་ཆུབ་ཀྱི་ཤིང་ཡང་མཐོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུ་འགྲོ་བ་ཡང་མཐོང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་རྒྱ་བ་ཡང་མཐོང་བར་འགྱུར་རོ། །དེ་ལྟར་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་མཐོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་བརྒྱ་སྟོང་མང་པོ་ཆོས་ཡང་དག་པར་འགྲོ་བ་བྱེད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་འདི་ལྟར་ཡོངས་སུ་བསྒྲུབ་པར་བྱའོ། །སེམས་ཅན་མང་པོ་ནི་འདི་ལྟར་ཡོངས་སུ་སྨིན་པར་བྱའོ། །སངས་རྒྱས་ཀྱི་ཞིང་ནི་འདི་ལྟར་ཡོངས་སུ་བཟུང་བར་བྱའོ། །བདུད་འཁོར་དང་བཅས་པ་ནི་འདི་ལྟར་ཕམ་པར་བྱའོ་ཞེས་ཟེར་ བ་དག་ཀྱང་མཐོང་བར་འགྱུར་རོ། །ཤར་ཕྱོགས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་སྒྲ་ཡང་ཐོས་པར་འགྱུར་རོ། །ལྷོ་དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ ཕྱོགས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་སྒྲ་ཡང་ཐོས་པར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆེ་གེ་མོ་ཞིག་བཞུགས་ཏེ། བྱང་ཆུབ་སེམས་དཔའ་ བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་དང་། ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདི་སྙེད་ཅིག་གིས་བསྐོར་ཅིང་མདུན་དུ་བྱས་ཏེ་ཆོས་སྟོན་ཏོ་ཞེས་བྱ་བའི་སྒྲ་ཐོས་པར་འགྱུར་རོ། །ཤར་ཕྱོགས་ཀྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཡོངས་སུ་མྱ་ངན་ ལས་འདའ་བ་དག་ཀྱང་མཐོང་བར་འགྱུར། སྟེང་གི་ཕྱོགས་ཀྱི་བར་གྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཡོངས་སུ་མྱ་ངན་ལས་འདའ་བ་དག་ཀྱང་མཐོང་བར་འགྱུར་ཏེ། མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཡང་མཐོང་ བར་འགྱུར་རོ། །དེ་བཞིན་གཤེགས་པའི་མཆོད་རྟེན་དེ་དག་ཀྱང་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བདུག་སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མཆོད་པ་སྣ་ཚོགས་མང་པོས་རིམ་ གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། བསྟི་སྟང་དུ་བྱ་བ་དང་། མཆོད་པར་བྱ་བ་མཐོང་བར་འགྱུར་རོ། །ཀཽ་ཤི་ཀ་དེ་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གིས་རྨི་ལམ་བཟང་པོ་དེ་ལྟ་བུ་དག་མཐོང་བར་འགྱུར་ཏེ། དེ་དག་བདེ་བར་ཉལ་ཞིང་བདེ་བར་ལྡང་བར་འགྱུར་རོ། ། དེའི་ལུས་ཀྱང་མདངས་དང་ལྡན་པར་འགྱུར་རོ། །ལུས་ལ་ཡོང་བའི་ཉམས་ཡོད་པར་འགྱུར་ཞིང་། ལྕི་བའི་ཉམས་མེད་པར་འགྱུར། ཟས་ལ་ཆེར་ཆགས་པ་མེད་པར་འགྱུར། གོས་ལ་ཆགས་པ་མེད་པར་འགྱུར། ནད་ཀྱི་རྐྱེན་སྨན་དང་། ཡོ་བྱད་ལ་ཆགས་པ་མེད་པར་ འགྱུར། ཟས་ཀྱི་འདུ་ཤེས་ཆུང་བར་འགྱུར། གོས་ཀྱི་འདུ་ཤེས་ཆུང་བར་འགྱུར། ནད་ཀྱི་རྐྱེན་སྨན་དང་། ཡོ་བྱད་ཀྱི་འདུ་ཤེས་ཀྱང་ཆུང་བར་འགྱུར་རོ། །ཀཽ་ཤི་ཀ་དེ་ནི་འདི་ལྟར་དཔེར་ན། རྣལ་འབྱོར་ལ་སྤྱོད་པའི་དགེ་སློང་ཏིང་ངེ་འཛིན་ལས་ལངས་པའི་སེམས་ ཡིད་ལ་བྱ་བས་ཡོངས་སུ་བརླན་པ་ནི། ཟས་ལ་ཆེར་ཆགས་པ་མེད་པ་ཡིན། ཟས་ཀྱི་འདུ་ཤེས་ཆུང་བ་ཡིན། ཀཽ་ཤི་ཀ་དེ་བཞིན་དུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ཀྱང་ཟས་ལ་ཆེར་ཆགས་པ་མེད་པར་འགྱུར་རོ། །ཟས་ཀྱི་འདུ་ཤེས་ཆུང་བར་འགྱུར་རོ། ། དེ་ཅིའི་ཕྱིར་ཞེ་ན། དེ་ལ་མི་མ་ཡིན་པ་རྣམས་ལུས་ལ་མདངས་ཉེ་བར་སྒྲུབ་བོ།། །ཤར་ཕྱོགས་དང་། ལྷོ་དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའ་གང་ཇི་སྙེད་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་ཇི་སྙེད་ཡོད་པ་དེ་དག་ཀྱང་དེའི་ལུས་ལ་མདངས་ཉེ་བར་སྒྲུབ་བོ། །ཀཽ་ ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཚེ་འདི་ཉིད་ལ་ཡོན་ཏན་འདི་དག་ཡོངས་སུ་བཟུང་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལ་ནན་ཏན་དུ་མཉན་པར་བྱའོ། །གཟུང་བར་བྱའོ། །བཅང་བར་བྱའོ། །ཀླག་པར་བྱའོ། །ཀུན་ཆུབ་པར་བྱའོ། ། ཚུལ་བཞིན་དུ་ཡིད་ལ་བྱའོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ཡང་མི་འབྲལ་བར་བྱའོ། །ཀཽ་ཤི་ཀ་དེ་སྟེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་མ་བཟུང་མ་བཅངས། མ་བླགས། ཀུན་ ཆུབ་པར་མ་བྱས། ཚུལ་བཞིན་དུ་ཡིད་ལ་མ་བྱས་ན་ཡང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བྲིས་ཤིང་། གླེགས་བམ་དུ་བྱས་ཏེ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་ དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱའོ། །བཀུར་སྟིར་བྱའོ། །བསྟི་སྟང་དུ་བྱའོ། །མཆོད་པར་བྱའོ། །ཀཽ་ཤི་ཀ་དེ་ལྟར་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་དོན་དུ་ ཞུགས་པ་ཡིན། ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་གཟུང་བ་དང་། བཅང་བ་དང་། ཀླག་པ་དང་། ཀུན་ཆུབ་པར་བྱ་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་བྲིས་ཏེ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱེད། བཀུར་སྟིར་བྱེད། བསྟི་སྟང་དུ་བྱེད། མཆོད་པར་བྱེད་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་ཆེས་ མང་དུ་འཕེལ་གྱི། ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བཞུགས་པ་རྣམས་ལ། ནམ་འཚོའི་བར་དུ་ན་བཟའ་དང་། བཤོས་དང་། གཟིམས་ཆ་ དང་། སྙུན་གྱི་རྐྱེན་སྨན་དང་། ཡོ་བྱད་མང་པོས་རིམ་གྲོར་བྱས། བཀུར་སྟིར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་མྱ་ངན་ལས་ འདས་ནས་ཀྱང་། རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་བརྩིགས་ཏེ། ནམ་འཚོའི་བར་དུ་མེ་ཏོག་དང་། ཕྲེང་བ་དང་། སྦོས་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་ གྲོར་བྱས། བཀུར་སྟིར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་པས་ནི་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་ལེའུ་ཉི་ཤུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས། ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀཽ་ཤི་ཀ་ཁྱོད་ཀྱིས་འཛམ་བུའི་གླིང་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་གང་བ་ཞིག་ཀྱང་རྙེད། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་གླེགས་བམ་དུ་བྲིས་པ་ཞིག་ཀྱང་ལ་ལས་བྱིན་ན། དེ་ལས་གང་བླང་བར་བྱ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ ཏེ་བདག་འཛམ་བུའི་གླིང་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་གཏམས་པ་ཞིག་ཀྱང་ལ་ལས་སྩལ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་གླེགས་བམ་དུ་བྲིས་པ་ཞིག་ཀྱང་ལ་ལས་སྩལ་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་བདག་གིས་བླང་བར་བགྱིའོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ལ་བདག་རིམ་གྲོ་མ་མཆིས་པ་ཡང་མ་ལགས། མི་སྟོན་པ་ཡང་མ་ལགས། བཙུན་པར་མི་བགྱིད་པ་ཡང་མ་ལགས་ཏེ། བཅོམ་ལྡན་འདས་བདག་ནི་དེ་བཞིན་གཤེགས་པའི་སྐུ་ གདུང་ལ་རིམ་གྲོ་བགྱི་བར་མི་འཚལ་བ་འམ། བཀུར་སྟིར་བགྱི་བར་མི་འཚལ་བའམ། བསྟི་སྟང་དུ་བགྱི་བར་མི་འཚལ་བ་འམ། མཆོད་པར་བགྱི་བར་མི་འཚལ་བ་ཡང་མ་ལགས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་བྱུང་བ་སྟེ། དེའི་སླད་དུ་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ཀྱང་རིམ་གྲོར་བགྱི་བ་ལགས། བཀུར་སྟིར་བགྱི་བ་ལགས། བསྟི་སྟང་དུ་བགྱི་བ་ལགས། མཆོད་པར་བགྱི་བ་ལགས་སོ། །སྐུ་གདུང་དེ་དག་ནི་ཤེས་ རབ་ཀྱི་ཕ་རོལ་དུ་ཕྱིན་པས་བསྒྲུབས་པ་སྟེ། དེའི་སླད་དུ་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་མཆོད་པ་མངའོ། །བཅོམ་ལྡན་འདས་ནམ་བདག་དེ་བཞིན་གཤེགས་པའི་སྐུ་གདུང་ལ་ལྷ་རྫས་ཀྱི་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ལྷ་རྫས་ཀྱི་སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བགྱིད་ཅིང་། བཀུར་སྟིར་བགྱིད་པ་དང་། བསྟི་སྟང་དུ་བགྱིད་པ་དང་མཆོད་པར་བགྱིད་པའི་ཚེ་ཡང་། དེ་བཞིན་ གཤེགས་པའི་སྐུ་གདུང་དེ་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་བྱུང་བ་ལགས་པས་ན། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་རིམ་གྲོར་བགྱི་བ་ལགས། བཀུར་སྟིར་བགྱི་བ་ལགས། བསྟི་སྟང་དུ་བགྱི་བ་ལགས། མཆོད་པར་བགྱི་ བ་ལགས་པས་བསྲུང་ཞིང་རིམ་གྲོ་དང་། བཀུར་སྟི་དང་། བསྟི་སྟང་དང་། མཆོད་པར་བགྱིད་དོ། །དེ་ནས་ཚེ་དང་ལྡན་པ་ཤར་དྭ་ཏིའི་བུས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་གཟུང་དུ་མེད་པ་ གཟུགས་མེད་པ། བལྟར་མེད་པ། ཐོགས་པ་མེད་པ། མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མེད་པ་ཡིན་ན། དེ་ལ་ཁྱོད་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གཟུང་དུ་མེད་པ། གཟུགས་མེད་པ། བལྟར་མེད་པ། ཐོགས་པ་མེད་པ་ མཚན་ཉིད་གཅིག་པ་སྟེ། འདི་ལྟར་མཚན་ཉིད་མེད་པ་ལ་གཟུང་བར་སེམས། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཛིན་པ་དང་། དོར་བར་བྱ་བའི་ཕྱིར་ཉེ་བར་གནས་པ་མ་ཡིན། འགྲིབ་པའི་ཕྱིར་མ་ཡིན། འཕེལ་བའི་ཕྱིར་མ་ཡིན། བསྐྱེད་ པའི་ཕྱིར་མ་ཡིན། བསྐྱུང་བའི་ཕྱིར་མ་ཡིན། འབྲི་བའི་ཕྱིར་མ་ཡིན། བསྣན་པའི་ཕྱིར་མ་ཡིན། ཀུན་ནས་ཉོན་མོངས་པའི་ཕྱིར་མ་ཡིན། རྣམ་པར་བྱང་བའི་ཕྱིར་མ་ཡིན། སངས་རྒྱས་ཀྱི་ཆོས་རྣམས་ཉེ་བར་སྒྲུབ་པ་མ་ཡིན། སོ་སོའི་སྐྱེ་བོའི་ཆོས་རྣམས་ འདོར་བ་མ་ཡིན། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། ཉན་ཐོས་ཀྱི་ཆོས་རྣམས་དང་། སློབ་པ་དང་། མི་སློབ་པའི་ཆོས་རྣམས་ཉེ་བར་སྒྲུབ་པ་མ་ཡིན། སོ་སོའི་སྐྱེ་བོའི་ཆོས་རྣམས་འདོར་བ་མ་ཡིན། འདུས་མ་བྱས་ ཀྱི་དབྱིངས་ཉེ་བར་སྒྲུབ་པ་མ་ཡིན། འདུས་བྱས་ཀྱི་ཁམས་འདོར་བར་བྱེད་པ་མ་ཡིན། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཉེ་བར་སྒྲུབ་པ་མ་ཡིན། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པའི་བར་དུ་ཉེ་བར་སྒྲུབ་པ་མ་ཡིན། ནང་སྟོང་པ་ཉིད་ཉེ་པར་སྒྲུབ་པ་མ་ཡིན། དངོས་པོ་མེད་ པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཉེ་བར་སྒྲུབ་པ་མ་ཡིན། དྲན་པ་ཉེ་བར་གཞག་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ ཡན་ལག་བརྒྱད་པ་ཉེ་བར་སྒྲུབ་པ་མ་ཡིན། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། རྣམ་ པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཉེ་བར་སྒྲུབ་པ་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཉེ་བར་སྒྲུབ་པ་མ་ཡིན་ནོ། །བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །དེ་དེ་ བཞིན་ཏེ། བཙུན་པ་ཤ་ར་དྭ་ཏིའི་བུ་གང་གིས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི། སངས་རྒྱས་ཀྱི་ཆོས་རྣམས་ཉེ་བར་སྒྲུབ་པ་མ་ཡིན། སོ་སོའི་སྐྱེ་བོའི་ཆོས་རྣམས་འདོར་བར་བྱེད་པ་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཉེ་བར་སྒྲུབ་པ་ མ་ཡིན་ནོ་ཞེས་བྱ་བར་ཤེས་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྒོམ་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་གཉིས་སུ་ཤེས་པར་བྱ་བ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ མི་གཉིས་པའོ། །བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ནི་གཉིས་སུ་ཤེས་པར་བྱ་བ་མ་ཡིན་ཏེ། སྦྱིན་པའི་ཕ་རོལ་དུ་ཕྱིན་ པ་ནི་མི་གཉིས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་ལེགས་སོ། །ཞེས་བྱ་བ་གནང་སྟེ། ཀཽ་ཤི་ཀ་ལེགས་སོ་ལེགས་སོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་བཞིན་ནོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་གཉིས་སུ་ཤེས་པར་བྱ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་མི་གཉིས་པའོ། །བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱ