Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 027_ཉི་ཁྲི།_ཁ

Văn bản gốc(Tây Tạng)

Trang 7 / 24 (50.000 ký tự/trang)
ིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ནི་
གཉིས་སུ་ཤེས་པར་བྱ་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ནི་མི་གཉིས་པའོ། །ཀཽ་ཤི་ཀ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི། ཆོས་ཀྱི་དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་
འདི་ལྟར་ཆོས་ཀྱི་དབྱིངས་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཀཽ་ཤི་ཀ་གང་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་
དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི། ཆོས་ཀྱི་དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་ཀྱི་དབྱིངས་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཀཽ་ཤི་ཀ་

གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་
གྱིས་མི་ཁྱབ་པའི་དབྱིངས་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཀཽ་ཤི་ཀ་གང་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་
དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་གཉིས་སུ་འདོད་པ་དེ་ནི། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ལ་གཉིས་སུ་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་
མི་ཁྱབ་པའི་དབྱིངས་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ལྷ་དང་། མི་དང་། ལྷ་
མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བགྱི་བར་འོས་པ་སྟེ། དེ་ལ་བསླབས་པས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་
རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བཅོམ་ལྡན་འདས་གང་གི་ཚེ་བདག་ཆོས་བཟང་པོའི་ལྷའི་འཁོར་དུ་བདག་ཉིད་ཀྱི། ལྷའི་དབང་པོའི་སྟན་ལ་མཆིས་པར་གྱུར་པ་དེའི་ཚེ། དེར་ལྷའི་བུ་གང་ཇི་སྙེད་ཅིག་བདག་གི་རིམ་གྲོ་ལ་མཆིས་པ་དེ་དག་ཀུན་ཀྱང་
བདག་ལ་མཆོད་པ་བགྱིད་དེ། ནམ་དེར་བ་དག་མ་མཆིས་ཤིང་། སྟན་དེ་ལ་མ་མཆིས་པ་དེའི་ཚེ་ཡང་ལྷའི་བུ་དེ་དག་འཁོར་དེར་མཆིས་ཤིང་། ལྷའི་དབང་པོ་བརྒྱ་བྱིན་སྟན་འདི་ལ་འདུག་ཅིང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ལ་ཆོས་སྟོན་ཏོ་ཞེས་སྟན་དེ་ལ་གཡས་

ཕྱོགས་སུ་བསྐོར་བ་བ་བགྱིས་ཅིང་ཕྱག་འཚལ་ཏེ་སླར་མཆིའོ། །བཅོམ་ལྡན་འདས་དེ་བཞིན་དུ་གང་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བྲིས་ཤིང་འཆད་བ་དང་། ཁ་ཏོན་དུ་བགྱིད་ཅིང་གཞན་ལ་ཡང་རྒྱ་ཆེར་སྟོན་པ་དེར། ཕྱོགས་བཅུའི་
འཇིག་རྟེན་གྱི་ཁམས་ན། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཇི་སྙེད་ཅིག་མཆིས་པ་དེ་དག་ཀྱང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་
སངས་རྒྱས་རྣམས་ནི་འདི་ལས་བྱུང་ངོ་། །ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱང་འདི་ལས་བྱུང་ངོ་། །སེམས་ཅན་ཐམས་ཅད་ཀྱི་བདེ་བའི་ཡོ་བྱད་ཐམས་ཅད་ཀྱང་འདི་ལས་བྱུང་ངོ་ཞེས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཕྱག་བགྱིས་ཤིང་གདུང་
བ་བགྱིས་ནས་སླར་མཆི་བར་འགྱུར་རོ། །དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་མཆོད་པ་མངའ་བ་ཡང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་ཡོངས་སུ་བསྒྲུབས་པའི་སླད་དུ། མཆོད་པ་མངའ་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཞིར་གྱུར་ཏོ། །རྒྱུར་གྱུར་ཏོ། །རྐྱེན་དུ་གྱུར་ཏོ། །ཡོངས་སུ་སྒྲུབ་པར་གྱུར་ཏོ། །བཅོམ་ལྡན་འདས་དེ་ལྟ་བས་
ན་ཆ་དེ་གཉིས་ལས་བདག་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལེན་ཏོ། །བཅོམ་ལྡན་འདས་གང་གི་ཚེ་བདག་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བླངས་ཏེ། ཆོས་ཀྱི་ཁོངས་སུ་གཏོགས་པའི་ཡིད་ཀྱིས་ཁ་ཏོན་བགྱིད་པ་དེའི་ཚེ་འཇིགས་པའམ།
བག་ཚ་བའི་མཚན་མ་ཙམ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་མཚན་མ་མ་མཆིས། རྟགས་མ་མཆིས་བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་

ཕྱིན་པ་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ནི་མཚན་མ་མ་མཆིས་
རྟགས་མ་མཆིས་བརྗོད་དུ་མ་མཆིས་པ་སྟེ། བཅོམ་ལྡན་འདས་ཕ་རོལ་དུ་ཕྱིན་པ་དེ་དག་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ནི་མཚན་མ་མ་མཆིས། རྟགས་མ་མཆིས་བརྗོད་དུ་མ་མཆིས་པ་སྟེ། བཅོམ་
ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སྨོས་སུ་མ་མཆིས་པའོ། །བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མཚན་མ་མ་མཆིས་པ་ཞིག་ལགས་ཏེ། མཚན་མ་མ་མཆིས་པ་མ་ལགས་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་ཀྱིས། ཆོས་ཐམས་ཅད་ལ་མཚན་མ་མ་མཆིས་པ་དང་། རྟགས་མ་མཆིས་པ་དང་། བརྗོད་དུ་མ་མཆིས་པ་དང་། སྨོས་སུ་མ་མཆིས་པར་ཐུགས་སུ་ཆུད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་
སེམས་ཅན་རྣམས་ལ་མཚན་མ་མ་མཆིས་པ་དང་། རྟགས་མ་མཆིས་པ་དང་། བརྗོད་དུ་མ་མཆིས་པ་དང་། སྨོས་སུ་མ་མཆིས་པའི་ཆོས་མི་སྟོན་ཏོ། །བཅོམ་ལྡན་འདས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མཚན་མ་མ་མཆིས། རྟགས་མ་མཆིས། བརྗོད་
དུ་མ་མཆིས། སྨོས་སུ་མ་མཆིས་པས། དེའི་སླད་དུ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་དང་། རྟགས་མ་མཆིས་པ་དང་། བརྗོད་དུ་མ་མཆིས་པ་དང་། སྨོས་སུ་མ་མཆིས་པར་ཐུགས་སུ་ཆུད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་རྣམས་ལ་མཚན་མ་མ་མཆིས་པ་དང་། རྟགས་མ་མཆིས་པ་དང་། བརྗོད་དུ་མ་མཆིས་པ་དང་། སྨོས་སུ་མ་མཆིས་པའི་ཆོས་བསྟན་ཏོ། །བཅོམ་ལྡན་འདས་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་དུ་

ཕྱིན་པ་འདི་ནི་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོ་
དང་། བཀུར་སྟི་དང་། བསྟི་སྟང་དང་། མཆོད་པར་བགྱི་བར་འོས་པའོ། །བྲིས་ཤིང་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོ་དང་།
བཀུར་སྟི་དང་། བསྟི་སྟང་དང་། མཆོད་པར་བགྱི་བར་འོས་པའོ། །བཅོམ་ལྡན་འདས་གང་ལ་ལ་ཞིག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཛིན་ཅིང་། འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དང་། དེ་བྲིས་ཤིང་མེ་ཏོག་
དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་གྱིས་རིམ་གྲོ་དང་། བཀུར་སྟི་དང་། བསྟི་སྟང་དང་། མཆོད་པ་བགྱིད་པ་དེ་ནི་ནམ་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་དེས་སེམས་ཅན་དམྱལ་བའི་རྒྱུད་ཀྱི་དོགས་པ་མ་མཆིས་པར་བགྱིའོ། །བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་རྒྱུད་ཀྱི་དོགས་པ་མ་མཆིས་པར་བགྱིའོ། །ཉན་ཐོས་ཀྱི་ས་དང་
རང་སངས་རྒྱས་ཀྱི་སའི་དོགས་པ་མ་མཆིས་པར་བགྱིའོ། །དེ་ནི་དེ་བཞིན་གཤེགས་པ་མཐོང་བ་དང་ཡང་མི་འབྲལ་བར་འགྱུར། སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་དང་ཡང་མི་འབྲལ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་དེ་དག་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོ་དང་། བཀུར་སྟི་དང་། བསྟི་སྟང་དང་། མཆོད་

པར་བགྱིད་ཅིང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འཆི་པར་འགྱུར་རོ། །བཅོམ་ལྡན་འདས་གཞན་ཡང་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་གཏམས་པ་ཞིག་ཀྱང་སྩལ་ལ། ཤེས་
རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཡང་བྲིས་ཏེ་སྩལ་ན། བཅོམ་ལྡན་འདས་དཀོན་མཆོག་དེ་གཉིས་ལས་བདག་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལེན་ཏོ། །བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་རྣམས་དང་། དེ་
བཞིན་གཤེགས་པའི་སྐུ་གདུང་རྣམས་ཏེ། དེ་བས་ན་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་རིམ་གྲོར་བགྱི་བ་དང་། བཀུར་སྟིར་བགྱི་བ་དང་། བསྟི་སྟང་དུ་བགྱི་ཞིང་མཆོད་པར་བགྱི་བ་ལགས་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས། དེ་
དག་ལ་རིམ་གྲོར་བགྱིས། བཀུར་སྟིར་བགྱིས། བསྟི་སྟང་དུ་བགྱིས། མཆོད་པར་བགྱིས་ན། ལོག་པར་ལྟུང་བ་དང་། ངན་སོང་དུ་མཆི་བར་མི་འགྱུར་ཏེ། ལྷ་དང་མིའི་ཕུན་སུམ་ཚོགས་པ་མྱོང་ནས། སྨོན་ལམ་གྱི་ཚུལ་བཞིན་དུ་ཉན་ཐོས་ཀྱི་ཐེག་པའམ་
རང་སངས་རྒྱས་ཀྱི་ཐེག་པའམ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟ་བས་ན་གང་དེ་བཞིན་གཤེགས་པ་མཐོང་བ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བྲིས་པ་མཐོང་བ་དེ་ནི་མི་
འདྲ་བ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། དེ་བཞིན་གཤེགས་པ་ལ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །བཅོམ་ལྡན་འདས་གཞན་ཡང་གང་དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོ་འཕྲུལ་རྣམ་པ་གསུམ་ལ་བཞུགས་ཏེ། མདོ་དང་། དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཆོས་གཏན་ལ་དབབ་པ་བསྟན་པའི་བར་དུ་གསུངས་ཏེ་བཤད་པ་དང་། རིགས་ཀྱི་བུ་འམ།

རིགས་ཀྱི་བུ་མོ་ལ་ལས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བཟུང་ཞིང་ཀུན་ཆུབ་པར་བགྱིས་ཏེ། གཞན་ལ་བསྟན་པ་དེ་གཉིས་ཀྱང་མི་འདྲ་བ་མ་མཆིས་སོ། །བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སོ། །འདི་ལས་བྱུང་བ་ནི་ཆོ་འཕྲུལ་རྣམ་པ་གསུམ་མོ། །འདི་ལས་བྱུང་བ་ནི་མདོ་དང་། དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཆོས་གཏན་ལ་དབབ་པ་བསྟན་པའི་བར་དག་གོ། །བཅོམ་ལྡན་འདས་གཞན་
ཡང་ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་མང་པོ་དང་། ལྷོ་དང་། ནུབ་དང་། བྱང་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་གི་ཕྱོགས་ཀྱི་ཕྱོགས་
རེ་རེ་ཞིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་མང་པོས་ཆོ་འཕྲུལ་རྣམ་པ་གསུམ་ལ་བཞུགས་ཏེ། མདོ་དང་། དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཆོས་གཏན་ལ་དབབ་པ་བསྟན་པའི་
བར་དུ་གསུངས་ཏེ་བཤད་པ་དང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བཟུང་ཞིང་ཀུན་ཆུབ་པར་བགྱིས་ཏེ། གཞན་ལ་བསྟན་པ་དེ་གཉིས་ཀྱང་མི་འདྲ་བ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལས་བྱུང་བ་ནི་
ཕྱོགས་བཅུའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སོ། །འདི་ལས་བྱུང་བ་ནི་ཆོ་འཕྲུལ་རྣམ་པ་གསུམ་མོ། །འདི་ལས་བྱུང་བ་ནི་མདོ་དང་དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཆོས་གཏན་ལ་དབབ་
པ་བསྟན་པའི་བར་དག་གོ། །བཅོམ་ལྡན་འདས་གཞན་ཡང་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ། མེ་ཏོག་དང་། ཕྲེང་བ་དང་།

སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོ་དང་། བཀུར་སྟི་དང་། བསྟི་སྟང་དང་། མཆོད་པ་བགྱིས་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་གླེགས་བམ་དུ་
བྲིས་ཤིང་། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོ་དང་། བཀུར་སྟི་དང་། བསྟི་སྟང་དང་། མཆོད་པ་བགྱིས་པར་ཡང་
མི་འདྲ་བ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སོ། །བཅོམ་ལྡན་འདས་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་
འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་ཅིང་། གཞན་ལ་ཡང་རྒྱ་ཆེར་སྟོན་པ་དེས་ནི། སེམས་ཅན་དམྱལ་བའི་རྒྱུད་ཀྱི་དོགས་པ་མ་མཆིས་པར་བགྱིའོ། །བྱོལ་སོང་གི་སྐྱེ་གནས་དང་། གཤིན་
རྗེའི་འཇིག་རྟེན་གྱི་རྒྱུད་ཀྱི་དོགས་པ་མ་མཆིས་པར་བགྱིའོ། །ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་སའི་དོགས་པ་མ་མཆིས་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་པར་རིག་
པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བྲིས་ཤིང་འཛིན་ཏོ། །འཆང་ངོ་། །ཀློག་གོ། །ཀུན་ཆུབ་པར་བགྱིད་དོ། །ཚུལ་བཞིན་དུ་ཡིད་ལ་བགྱིད་དོ། །བྲིས་པ་དེ་ལ་ཡང་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་།
བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བགྱིད། བཀུར་སྟིར་བགྱིད། བསྟི་སྟང་དུ་བགྱིད། མཆོད་པར་བགྱིད་དོ། །བཅོམ་ལྡན་འདས་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་

ཕྱིན་པ་འདི་ནི་འཇིགས་པ་ཐམས་ཅད་ཞི་བར་བགྱིད་པའོ། །ནད་ཐམས་ཅད་རབ་ཏུ་སེལ་བའོ། །བཅོམ་ལྡན་འདས་གཞན་ཡང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བྲིས་ཤིང་འཛིན་པ་དང་། འཆང་བ་དང་།
ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། དེ་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོ་དང་། བཀུར་སྟི་དང་། བསྟི་སྟང་དང་། མཆོད་
པར་བགྱིས་པ་དེས་ནི། གང་ནས་ཀྱང་འཇིགས་པ་འབྱུང་བའི་དོགས་པ་མ་མཆིས་པར་བགྱིའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ནོར་གྱི་བདག་པོ་ཞིག་འཇིགས་ནས། རྒྱལ་པོ་ལ་གནས་ཤིང་རྒྱལ་པོ་ལ་རྟེན་ན། དེ་རྒྱལ་པོ་ལ་གནས་ཤིང་རྒྱལ་པོ་ལ་རྟེན་
པས། སུས་འཇིགས་པ་དེ་དག་ཉིད་ཀྱང་དེ་ལ་བརྟེན་པས། དེ་དག་གིས་འཇིགས་པར་མི་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གཤའ་སྟེ། གང་རྒྱལ་པོ་ལ་བརྟེན་པ་ནི་མཐུ་དང་ལྡན་པ་ལ་བརྟེན་པའོ། །བཅོམ་ལྡན་འདས་དེ་བཞིན་དུ་
དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་ཡོངས་སུ་བསྒྲུབས་པས་ན་མཆོད་པ་མངའོ། །བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་གང་ལགས་པ་དེ་ཡང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་ཡོངས་སུ་བསྒྲུབས་པར་བལྟའོ། །
བཅོམ་ལྡན་འདས་དེ་ལྟ་བས་ན་བདག་གིས་ཆ་དེ་གཉིས་ལས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་བླང་བར་བགྱིའོ། །བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་སོ། །འདི་ལས་བྱུང་བ་ནི་མི་ཆེན་པོའི་མཚན་སུམ་ཅུ་རྩ་
གཉིས་སོ། །འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དོ། །འདི་ལས་བྱུང་བ་ནི་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའོ།།

བཅོམ་ལྡན་འདས་འདི་ལས་བྱུང་བ་ནི་ཕ་རོལ་དུ་ཕྱིན་པ་ལྔ་སྟེ། དེ་དག་ཕ་རོལ་དུ་ཕྱིན་པའི་མིང་འཐོབ་བོ། །འདི་ལས་བྱུང་བ་ནི་དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཏེ། བཅོམ་ལྡན་འདས་གྲོང་ངམ། གྲོང་རྡལ་ལམ། གྲོང་ཁྱེར་རམ།
ཁམས་སམ། རྒྱལ་པོའི་གནས་སམ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འཛིན་ཅིང་འཆང་བ་དང་། ཀློག་ཅིང་ཀུན་ཆུབ་པར་བགྱིད་པ་དང་། བྲིས་ཤིང་རིམ་གྲོ་དང་། བཀུར་སྟི་དང་། བསྟི་སྟང་དང་།
མཆོད་པ་བགྱིད་པ་དེ་དག་ཏུ་མིའམ་མི་མ་ལགས་པ་གླགས་ལྟ་ཞིང་གླགས་ཚོལ་བ་རྣམས་ཀྱིས་གླགས་རྙེད་པར་མི་འགྱུར་ཏེ། སེམས་ཅན་དེ་དག་ཐམས་ཅད་ཀྱང་ཐེག་པ་གསུམ་ལས། ཐེག་པ་གང་ཡང་རུང་བས་མཐར་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་
ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟ་བས་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་དོན་ཆེན་པོ་དང་ལྡན་པ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། དེ་ལྟར་སེམས་ཅན་རྣམས་ཀྱི་སངས་རྒྱས་ཀྱི་དོན་དུ་ཉེ་བར་གནས་སོ། །བཅོམ་ལྡན་
འདས་འཇིག་རྟེན་གྱི་ཁམས་གང་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་མཆིས་པའི། འཇིག་རྟེན་གྱི་ཁམས་དེར་ནི་སངས་རྒྱས་བྱུང་བ་དང་འདྲ་བར་བལྟའོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཆེན་པོ་མི་དཔོགས་རིན་ཆེན་ཅེས་བགྱི་བ་མཆིས་
ཏེ། དེ་ནི་ནོར་བུ་རིན་པོ་ཆེ་ཆེན་པོའི་ཡོན་ཏན་རྣམ་པ་འདི་ལྟ་བུ་དག་དང་ལྡན་ཏེ། ནོར་བུ་རིན་པོ་ཆེ་དེ་གང་དང་གང་དུ་གཞག་པ་དེ་དང་དེར། མྱི་མ་ལགས་པ་རྣམས་ཀྱིས་གླགས་མི་རྙེད་དོ། །མི་མ་ལགས་པས་ཟིན་པའི་སྐྱེས་པའམ། བུད་མེད་ཀྱང་ནོར་བུ་རིན་པོ་ཆེ་དེ་
བསྟན་ན། མི་མ་ལགས་པ་དེ་ནོར་བུ་རིན་པོ་ཆེ་ཆེན་པོ་དེའི་གཟི་བརྗིད་མི་བཟོད་དེ་མྱུར་དུ་འཕོ་ཞིང་མི་གནས་སོ། །མཁྲིས་པས་གདུངས་པའི་ལུས་ལ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བཏགས་ན། མཁྲིས་པ་དེའང་འབྱོང་བར་འགྱུར་རོ། །རླུང་གིས་མནར་བའི་

ལུས་ལ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བཏགས་ན། རླུང་དེའང་འབྱང་བར་འགྱུར་རོ། །བད་ཀན་གྱིས་ནོན་པའི་ལུས་ལ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བཏགས་ན། བད་ཀན་དེའང་ཞི་བར་འགྱུར་རོ། །འདུས་པའི་ནད་ཀྱིས་བཏབ་པའི་ལུས་ལ་ནོར་བུ་
རིན་པོ་ཆེ་ཆེན་པོ་བཏགས་ན། འདུས་པའི་ནད་དེའང་ཞི་བར་འགྱུར་ཞིང་རྣམ་པར་མི་འཕེལ་ལོ། །ནུབ་མོ་ནི་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་སྣང་བར་བགྱིད་དོ། །ཚ་བའི་དུས་ན་ནི་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ཕྱོགས་གང་དུ་བཞག་པའི་ཕྱོགས་དེ་བསིལ་བར་བགྱིད་དོ། །གྲང་
བའི་དུས་ན་ནི་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ཕྱོགས་གང་དུ་བཞག་པའི་ཕྱོགས་དེ་དྲོ་བར་བགྱིད་དོ། །ནོར་བུ་རིན་པོ་ཆེ་ཆེན་པོ་དེ་དོག་སའི་ཕྱོགས་གང་དུ་བཞག་པའི་ཕྱོགས་དེ་ཡང་། ཧ་ཅང་ཡང་མི་དྲོ་ཧ་ཀྱང་ཡང་མི་གྲང་ཞིང་རན་པ་ཕུན་སུམ་ཚོགས་པར་བགྱིད་དོ། །ནོར་བུ་རིན་པོ་ཆེ་
ཆེན་པོ་དེ་དོག་སའི་ཕྱོགས་གང་དུ་བཞག་པའི་དོག་སའི་ཕྱོགས་དེར་སྦྲུལ་ལམ། དེ་མ་ལགས་པའི་སྡིག་པ་ལ་སོགས་པ་གདུག་པ་དང་། གཞན་དག་ཀྱང་རྒྱུ་བར་མི་འགྱུར་རོ།། །།ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་
པོ་སུམ་ཅུ་བཞི་པ། བཅོམ་ལྡན་འདས་སྐྱེས་པའམ། བུད་མེད་ལ་ལ་ཞིག་སྦྲུལ་གདུག་པས་ཟིན་པ་ལ། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བསྟན་ན། དེས་དེ་མཐོང་མ་ཐག་ཏུ་དུག་དེ་ཡང་བྱང་བར་འགྱུར་རོ། །བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ནི་ཡོན་
ཏན་གྱི་རྣམ་པ་འདི་ལྟ་བུ་དག་དང་ལྡན་ཏེ། སྐྱེས་པའམ། བུད་མེད་ལ་ལ་ཞིག་འབྲུམ་བུས་བཏབ་བམ་མིག་རབ་རིབ་ཅན་དུ་གྱུར་ཏེ། མིག་གི་ནད་དམ། རྣ་བའི་ནད་དམ། སྣའི་ནད་དམ། ལྕེའི་ནད་དམ། ལྐོག་མའི་ནད་དམ། ལུས་ཀྱི་ནད་ཅིག་བྱུང་བ་ལས་དེའི་ལུས་
ལ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་བཏགས་ན། དེ་དག་གི་འབྲུམ་བུའམ། རབ་རིབ་བམ། མིག་གི་ནད་དམ། རྣ་བའི་ནད་དམ། སྣའི་ནད་དམ། ལྕེའི་ནད་དམ། ལྐོག་མའི་ནད་དམ། ལུས་ཀྱི་ནད་དེ་དག་ཀྱང་ཞི་བར་འགྱུར་རོ། །བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་ཆེན་

པོ་དེ་ནི་ཡོན་ཏན་གྱི་རྣམ་པ་འདི་ལྟ་བུ་དག་དང་ཡང་ལྡན་ནོ། །གལ་ཏེ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་དག་ཆབ་རྙོག་པ་ཅན་ཀྱི་ནང་དུ་སྩལ་ན། དེའི་མོད་ལ་ཆབ་དེ་ཐམས་ཅད་ཀྱང་ཡན་ལག་བརྒྱད་དང་ལྡན་ཞིང་ཁ་དོག་གཅིག་པར་འགྱུར་རོ། །གལ་ཏེ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་
གོས་སྔོན་པོས་དཀྲིས་ཏེ་ཆབ་ཀྱི་ནང་དུ་སྩལ་ན། ཆབ་དེ་ཡང་དེའི་རང་བཞིན་ཉིད་དུ་འགྱུར་རོ། །གལ་ཏེ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་གོས་སེར་པོའམ། དམར་པོའམ། དཀར་པོའམ། ལེབ་རྒན་ནམ། ཤེལ་གྱི་ཁ་དོག་གམ། གོས་གཞན་རྣམ་པ་སྣ་ཚོགས་ཀྱིས་
ནོར་བུ་རིན་པོ་ཆེ་ཆེན་པོ་དེ་དཀྲིས་ཏེ་ཆབ་ཀྱི་ནང་དུ་སྩལ་ན། ཆབ་དེ་ཡང་དེའི་རང་བཞིན་ཉིད་དུ་འགྱུར་རོ། །ཆབ་དེ་ལ་རྙོག་པ་མཆིས་པ་ཡང་། ནོར་བུ་རིན་པོ་ཆེ་ཆེན་པོ་དེས་དང་སྟེ། བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ནི་ཡོན་ཏན་གྱི་རྣམ་པ་དེ་ལྟ་བུ་དག་དང་།
གཞན་ཡང་རྣམ་པ་མང་པོ་དག་དང་ལྡན་ནོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཡང་ལྷ་རྫས་ཀྱི་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་དང་འདྲ་བར་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་སྟེ། སྡིག་པ་ཐམས་ཅད་སེལ་བའོ། །དེ་ནས་ཚེ་དང་ལྡན་པ་དགའ་
བོས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ལྷ་རྫས་ཤིག་ཡིན་ནམ། འོན་ཏམ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་འཛམ་བུའི་གླིང་གི་མི་རྣམས་ལ་ཡང་ཡོད། བརྒྱ་བྱིན་གྱིས་སྨྲས་པ། བཙུན་པ་
དགའ་བོ་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་ནི་ལྷ་རྫས་ཏེ། བཙུན་པ་དགའ་བོ་འཛམ་བུའི་གླིང་གི་མི་རྣམས་ལ་ནོར་བུ་རིན་པོ་ཆེ་གང་ཡོད་པ་དེ་དག་ནི་ཆུང་ཞིང་ལྕི། ལྷ་རྫས་ཀྱི་ནོར་བུ་རིན་པོ་ཆེ་དེ་དག་ནི་ཆེ་ཞིང་ཡང་སྟེ། འཛམ་བུའི་གླིང་གི་མི་རྣམས་ཀྱི་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་དག་
ནི་ལྷ་རྫས་ལྟར་ཡན་ལག་དེ་དག་གིས་ཡོངས་སུ་རྫོགས་པ་མ་ཡིན་ཏེ། འཛམ་བུའི་གླིང་གི་ནོར་བུ་རིན་པོ་ཆེ་དེ་དག་གིས་ནི། ལྷ་རྫས་ཀྱི་ནོར་བུ་རིན་པོ་ཆེ་ཆེན་པོ་དེའི་གྲངས་སམ། ཆ་འམ། བགྲང་བ་འམ། དཔེའམ། རྒྱུར་ཡང་ཉེ་བར་མི་འགྲོའོ། །དེ་ནས་

ཡང་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་ཆེན་པོ་དེ་སྣོད་ལ་ལ་ཞིག་གི་ནང་དུ་སྩལ་བ་ལས། སྣོད་དེ་ནས་ཕྱུང་ཡང་སྣོད་དེ་ནི་ནོར་བུ་རིན་པོ་ཆེ་དེའི་ཡོན་ཏན་གྱིས་ཡིད་དུ་
མཆི་བར་འགྱུར་ཏེ། གཞན་ཡང་སྣོད་དེ་ལ་མོས་པ་སྐྱེད་དོ། །བཅོམ་ལྡན་འདས་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་གང་ན་མཆིས་པ་དེའི། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་གི་ལུས་སམ་སེམས་ཀྱི་སྡུག་བསྔལ་དང་། གནོད་པ་མི་ལས་གྱུར་པའམ།
མི་མ་ལགས་པ་ལས་གྱུར་པ་ཐམས་ཅད་ཀྱང་མ་མཆིས་པར་འགྱུར་ཏེ། བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་ཆེན་པོ་ཞེས་བགྱི་བ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཚིག་བླ་དགས་སོ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚིག་བླ་དགས་སོ། །བཅོམ་ལྡན་
འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཡོན་ཏན་ལྟ་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྣོད་དོ། །བཅོམ་ལྡན་འདས་བསམ་
གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དྲན་པ་
ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་རྣམས་དང་།
བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། མངོན་པར་ཤེས་པ་རྣམས་དང་།

ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་
དང་། ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་།
ཆོས་ཀྱི་གནས་ཉིད་དང་། ཆོས་མི་འགྱུར་བ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་དང་། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤངས་པ་དང་། རྟག་ཏུ་བཏང་སྙོམས་ལ་གནས་པ་དང་། མི་ཉམ་པའི་
ཆོས་ཉིད་ཀྱི་ཡོན་ཏན་ནི་ཇི་སྙེད་ཅིག་བརྗོད་པར་བགྱི་སྟེ། མི་ཉམ་པའི་ཆོས་ཉིད་ཀྱི་ཡོན་ཏན་ནི་ཚད་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ཀྱང་མི་ཉམ་པའི་ཆོས་ཉིད་ཀྱི་སྣོད་དོ། །དེ་བས་ན་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་མཆོད་པ་
མངའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་ཕ་རོལ་དུ་ཕྱིན་པ་རིན་པོ་ཆེའི་སྣོད་དོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་ཕ་རོལ་དུ་ཕྱིན་པ་ཀུན་ནས་ཉོན་མོངས་པ་མ་མཆིས་པ་རྣམ་པར་བྱང་བ་མ་མཆིས་པ་དང་། ཕ་རོལ་དུ་ཕྱིན་
པ་མི་སྐྱེ་མི་འགག་པ་དང་། ཕ་རོལ་དུ་ཕྱིན་པ་བླང་བ་མ་མཆིས་དོར་བ་མ་མཆིས་པ་དང་། ཕ་རོལ་དུ་ཕྱིན་པ་དབྲི་བ་མ་མཆིས་བསྣན་པ་མ་མཆིས་པ་དང་། ཕ་རོལ་དུ་ཕྱིན་པ་འོང་བ་མ་མཆིས་འགྲོ་བ་མ་མཆིས། གནས་པ་མ་མཆིས་པའི་སྣོད་དོ། །དེ་བས་ན་
དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་མཆོད་པ་མངའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་ཕ་རོལ་དུ་ཕྱིན་པའི་ཆོས་ཉིད་ཀྱི་སྣོད་དེ། དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་ཕ་རོལ་དུ་ཕྱིན་པའི་ཆོས་ཉིད་ཀྱིས་ཡོངས་སུ་བསྒོས་

པའོ། །དེ་བས་ན་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ཀྱང་། དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་ནི་མཆོད་པ་མངའོ། །གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་
ཡོངས་སུ་གཏམས་པ་ལྟ་ཞོག །བཅོམ་ལྡན་འདས་གལ་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཅིག །དེ་བཞིན་གཤེགས་པའི་སྐུ་གདུང་གིས་བྱུར་བུར་གཏམས་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གླེགས་བམ་དུ་བྲིས་པ་ཞིག་སྩལ་ན།
བཅོམ་ལྡན་འདས་རྣམ་པ་དེ་གཉིས་ལས་བདག་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལེན་ཏོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལས་བྱུང་བ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་གདུང་རྣམས་ཏེ་མཆོད་
པ་མངའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་བསྒོམས་པས་ན། དེ་བཞིན་གཤེགས་པའི་སྐུ་གདུང་དེ་དག་མཆོད་པ་མངའ་སྟེ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ་རིམ་
གྲོར་བགྱིད་པ་དང་། བཀུར་སྟིར་བགྱིད་པ་དང་། བསྟི་སྟང་དུ་བགྱིད་པ་དང་། མཆོད་པར་བགྱིད་པ་ཡང་དགེ་བའི་རྩ་བ་དེའི་མཐའ་མི་དམིགས་ཤིང་། རྒྱལ་རིགས་ཆེ་ཞིང་མཐོ་བའམ། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བའམ། ཁྱིམ་བདག་གི་རིགས་ཆེ་ཞིང་
མཐོ་བའམ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་འམ། སུམ་ཅུ་རྩ་གསུམ་མམ། མཚེ་མ་འམ། དགའ་ལྡན་ནམ། འཕྲུལ་དགའ་འམ། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་ནང་དུ་མི་དང་། ལྷའི་ཕུན་སུམ་ཚོགས་པ་དང་། བདེ་བ་མྱོང་ནས་དགེ་བའི་རྩ་བ་དེ་
ཉིད་ཀྱིས་སྡུག་བསྔལ་གྱི་མཐར་འབྱུང་སྟེ། དེ་བཞིན་གཤེགས་པའི་སྐུ་གདུང་མཆོད་པའི་འབྲས་བུ་ལྟ་དེ་ཙམ་དུ་བས་ཀྱི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བཟུང་ཞིང་བཅངས་པ་དང་། བླགས་ཤིང་ཀུན་ཆུབ་པར་བགྱིས་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིས་

ན། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་
རྫོགས་པར་འགྱུར་རོ། །ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་འགྱུར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཡོངས་སུ་རྫོགས་པར་འགྱུར་རོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་རྫོགས་པར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་
མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་དུ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ཆེད་དུ་བསམས་ཏེ་ལུས་ཡོངས་སུ་འཛིན་པར་འགྱུར་རོ། །ལུས་དེ་དག་གིས་སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པར་འགྱུར་ཏེ། འཁོར་ལོས་སྒྱུར་བའི་ལུས་སམ། །རྒྱལ་རིགས་ཆེ་ཞིང་
མཐོ་བའམ། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བའམ། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བའི་ལུས་སམ། བརྒྱ་བྱིན་གྱི་གཟུགས་སམ། ཚངས་པའི་གཟུགས་སམ། ངལ་བསོ་པོའི་གཟུགས་ཀྱང་རུང་སྟེ། དེ་ལུས་དེ་དག་གིས་སེམས་ཅན་ཡོངས་སུ་
སྨིན་པར་བགྱིད་པར་འགྱུར་རོ། །ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ཏེ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་འཐོབ་པར་
འགྱུར་རོ། །བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་ཐོབ་ནས། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆི་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བས་ན་བདག་ནི་དེ་བཞིན་གཤེགས་པའི་སྐུ་གདུང་ལ་རིམ་གྲོ་མ་མཆིས་པ་ཡང་མ་ལགས། གློ་བ་མཆིས་
པ་ཡང་མ་མཆིས། མཆོད་པར་མི་འཚལ་བ་ཡང་མ་ལགས། གཟུང་བར་མི་འཚལ་བ་ཡང་མ་ལགས་ཏེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རྣམས་ཀྱིས་རིམ་གྲོ་དང་། བཀུར་སྟི་དང་། བསྟི་སྟང་

དང་། མཆོད་པ་བགྱིས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུ་ཤིན་དུ་བསགས་པ་ལགས། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་ཡོངས་སུ་ཟིན་པར་འགྱུར། དེ་བཞིན་གཤེགས་པའི་སྐུ་གདུང་རྣམས་ལ་ཡང་རིམ་གྲོ་དང་། བཀུར་
སྟི་དང་། བསྟི་སྟང་དང་། མཆོད་པ་བགྱིད་པར་འགྱུར་རོ། །བཅོམ་ལྡན་འདས་གཞན་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་དང་གྲངས་མ་མཆིས་པ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་
ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཆོས་ཀྱི་སྐུ་དང་། གཟུགས་ཀྱི་སྐུ་དང་། ཡེ་ཤེས་ཀྱི་སྐུར་མཐོང་བར་འཚལ་ཞིང་མཆོད་པར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་གཟུང་བར་བགྱི། བཅང་བར་བགྱི།
ཀླག་པར་བགྱི། ཀུན་ཆུབ་པར་བགྱི། མཆོད་པར་བགྱི། གཞན་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་བགྱི། ཚུལ་བཞིན་དུ་ཡང་ཡིད་ལ་བགྱིད་ཏེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་དང་
ཚད་མ་མཆིས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཐོང་བར་འགྱུར་རོ། །དེ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དེས། ཆོས་ཉིད་དུ་སངས་རྒྱས་རྗེས་
སུ་དྲན་པ་བསྒོམ་པར་བགྱིའོ། །བཅོམ་ལྡན་འདས་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་མཐོང་བར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་གཟུང་
བར་བགྱི། བཅང་བར་བགྱི། ཀླག་པར་བགྱི། ཀུན་ཆུབ་པར་བགྱི། མཆོད་པར་བགྱི། གཞན་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་བགྱི། ཆོས་ཉིད་ཚུལ་བཞིན་དུ་ཡང་ཡིད་ལ་བགྱིའོ། །བཅོམ་ལྡན་འདས་གཉིས་པོ་འདི་དག་ནི་

ཆོས་ཉིད་དེ། གཉིས་གང་ཞེ་ན། འདུས་བྱས་ཀྱི་ཆོས་རྣམས་ཀྱི་ཆོས་ཉིད་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་ཆོས་ཉིད་དོ། །བཅོམ་ལྡན་འདས་དེ་ལ་འདུས་བྱས་ཀྱི་ཆོས་རྣམས་ཀྱི་ཆོས་ཉིད་གང་ལགས་ཤེ་ན། ནང་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། ཕྱི་སྟོང་
པ་ཉིད་ཀྱི་ཡེ་ཤེས་དང་། ཕྱི་ནང་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཡེ་ཤེས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཡེ་ཤེས་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་།
ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཡེ་
ཤེས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་ཡེ་ཤེས་དང་། དགེ་བ་དང་མི་དགེ་བའི་ཆོས་རྣམས་
ཀྱི་ཡེ་ཤེས་དང་། ཟག་པ་མེད་པ་དང་། ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་ཡེ་ཤེས་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱི་ཡེ་ཤེས་གང་ལགས་པ་དེ་ནི། འདུས་བྱས་ཀྱི་ཆོས་རྣམས་ཀྱི་ཆོས་ཉིད་ཅེས་བགྱིའོ། །དེ་
ལ་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་ཆོས་ཉིད་གང་ལགས་ཤེ་ན། དེ་ནི་གང་ལ་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། གནས་པ་མ་མཆིས་པ་དང་། གནས་པ་ལས་གཞན་དུ་འགྱུར་བ་མ་མཆིས་པ་དང་། ཀུན་ནས་ཉོན་མོངས་པ་མ་
མཆིས་པ་དང་། རྣམ་པར་བྱང་བ་མ་མཆིས་པ་དང་། འཕེལ་བ་མ་མཆིས་པ་དང་། འགྲིབ་པ་མ་མཆིས་པ་སྟེ། དེ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་གང་ལགས་ཤེ་ན། ཆོས་ཐམས་ཅད་ནི་དངོས་པོ་མ་

མཆིས་པའི་ངོ་བོ་ཉིད་དེ། འདི་ནི་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་ཆོས་ཉིད་ཅེས་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བྱུང་བ་དེ་དག་ཀྱང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལ་རྟེན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མ་འོངས་པའི་དུས་ཀྱི་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་འབྱུང་བ་དེ་དག་ཀྱང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལ་རྟེན་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །ད་ལྟར་
བྱུང་བའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་
ཉིད་ལ་བརྟེན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉན་ཐོས་གང་ཇི་སྙེད་ཅིག་བྱུང་བ་དང་།
མ་བྱོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉན་ཐོས་གང་ཇི་སྙེད་ཅིག་འབྱུང་བ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉན་ཐོས་གང་ཇི་སྙེད་ཅིག་
ཡོད་པ་དེ་དག་གིས་ཀྱང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཐོབ་བོ། །འཐོབ་བོ། །ཐོབ་པར་འགྱུར་

རོ། །འདས་པའི་དུས་ཀྱི་རང་སངས་རྒྱས་གང་ཇི་སྙེད་ཅིག་བྱུང་བ་དང་། མ་འོངས་པའི་དུས་ཀྱི་རང་སངས་རྒྱས་གང་ཇི་སྙེད་ཅིག་འབྱུང་བ་དང་། ད་ལྟར་བྱུང་བའི་འཇིག་རྟེན་གྱི་ཁམས་གྲངས་མེད་ཚད་མེད་པ་དག་ན། རང་སངས་རྒྱས་གང་ཇི་སྙེད་ཅིག་འཁོད་ཅིང་འཚོ་སྐྱོང་བ་
དེ་དག་གིས་ཀྱང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ་རང་བྱང་ཆུབ་ཐོབ་བོ།། །།འཐོབ་བོ། །ཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལས་ཐེག་པ་གསུམ་པོ་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དེ་དག་ཀྱང་མཚན་མ་མེད་
པའི་ཚུལ་དང་། དམིགས་པ་མེད་པའི་ཚུལ་དང་། སྐྱེ་བ་མེད་པའི་ཚུལ་དང་། འགག་པ་མེད་པའི་ཚུལ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་ཚུལ་དང་། མངོན་པར་འདུ་བྱ་བ་མེད་པའི་ཚུལ་དང་། ལེན་པ་མེད་པ་དང་། འདོར་བ་མེད་པའི་ཚུལ་དང་། དབྲི་བ་མེད་པ་དང་།
བསྣན་པ་མེད་པའི་ཚུལ་དང་། བླང་བ་མེད་པ་དང་། སྤང་བ་མེད་པའི་ཚུལ་གྱིས་བསྟན་ཏེ། དེ་ཡང་འཇིག་རྟེན་གྱི་ཐ་སྙད་ཀྱི་ཚུལ་གྱིས་བསྟན་གྱི། དོན་དམ་པར་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་རིང་དུ་སོང་བ་མ་ཡིན། ཕ་རོལ་དུ་
ཕྱིན་པ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཚུ་རོལ་མ་ཡིན། ཕ་རོལ་མ་ཡིན། ཐད་དུ་འདུག་པ་མ་ཡིན། གཤོར་དུ་འདུག་པ་མ་ཡིན། མཉམ་པ་མ་ཡིན། མི་མཉམ་པ་མ་ཡིན། མཚན་མ་མ་ཡིན། མཚན་མ་མེད་པ་མ་ཡིན།
འཇིག་རྟེན་པ་མ་ཡིན། འཇིག་རྟེན་ལས་འདས་པ་མ་ཡིན། འདུས་བྱས་མ་ཡིན། འདུས་མ་བྱས་མ་ཡིན། དགེ་བ་མ་ཡིན། མི་དགེ་བ་མ་ཡིན། འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ཏེ། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་
སངས་རྒྱས་ཀྱི་ཆོས་རྣམས་ཉེ་བར་སྒྲུབ་པ་མ་ཡིན་ཏེ། དགྲ་བཅོམ་པའི་བར་གྱི་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་ཉེ་བར་སྒྲུབ་པ་མ་ཡིན། །སོ་སོའི་སྐྱེ་བོའི་ཆོས་རྣམས་འདོར་བ་མ་ཡིན་ནོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་

ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཕ་རོལ་དུ་ཕྱིན་པ་ཆེན་པོ་སྟེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་སྤྱོད་པ་རྣམས་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཡང་
འཚལ་ཏེ། སེམས་ཅན་དུ་དམིགས་པ་མ་མཆིས་སོ། །སེམས་ཅན་དུ་གདགས་པར་དམིགས་པ་མ་མཆིས་སོ། །བདག་དང་། སེམས་ཅན་དང་། སྲོག་དང་། འགྲོ་བ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ཅན་དང་། ཤེད་བདག་དང་
བྱེད་པ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོར་དམིགས་པ་མ་མཆིས་སོ། །གཟུགས་སུ་དམིགས་པ་མ་མཆིས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པར་དམིགས་པ་མ་མཆིས་སོ། །མིག་དུ་དམིགས་པ་
མ་མཆིས། ཡིད་ཀྱི་བར་དུ་དམིགས་པ་མ་མཆིས་སོ། །གཟུགས་སུ་དམིགས་པ་མ་མཆིས། ཆོས་ཀྱི་བར་དུ་དམིགས་པ་མ་མཆིས་སོ། །མིག་གི་རྣམ་པར་ཤེས་པར་དམིགས་པ་མ་མཆིས། ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་དམིགས་པ་མ་མཆིས་སོ། །མིག་
གི་འདུས་ཏེ་རེག་པར་དམིགས་པ་མ་མཆིས། ཡིད་ཀྱི་འདུས་ཏེ་རེག་པའི་བར་དུ་དམིགས་པ་མ་མཆིས་སོ། །མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བར་དམིགས་པ་མ་མཆིས། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་བར་དུ་དམིགས་པ་མ་མཆིས་སོ། །
སའི་ཁམས་སུ་དམིགས་པ་མ་མཆིས་སོ། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་སུ་དམིགས་པ་མ་མཆིས་སོ། །མ་རིག་པར་དམིགས་པ་མ་མ་མཆིས། འདུ་བྱེད་དང་། རྣམ་པར་ཤེས་
པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤིར་དམིགས་པ་མ་མཆིས་སོ། །སྦྱིན་པའི་ཕ་རོལ་དུ་ཕྱིན་པར་དམིགས་པ་མ་མཆིས། ཚུལ་ཁྲིམས་ཀྱི་

ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པར་དམིགས་པ་མ་མཆིས་སོ། །ནང་སྟོང་པ་ཉིད་དུ་དམིགས་པ་མ་མཆིས། དངོས་པོ་
མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་དམིགས་པ་མ་མཆིས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་སུ་དམིགས་པ་མ་མཆིས། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་
པའི་ལམ་ཡན་ལག་བརྒྱད་པར་དམིགས་པ་མ་མཆིས་སོ། །འཕགས་པའི་བདེན་པ་རྣམས་སུ་དམིགས་པ་མ་མཆིས་སོ། །བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སུ་དམིགས་པ་མ་མཆིས་སོ། །རྣམ་
པར་ཐར་པ་བརྒྱད་དུ་དམིགས་པ་མ་མ་མཆིས། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། མངོན་པར་ཤེས་པ་རྣམས་སུ་དམིགས་པ་མ་མཆིས་སོ། །ཏིང་ངེ་འཛིན་རྣམས་སུ་དམིགས་པ་མ་མཆིས་སོ། །
གཟུངས་ཀྱི་སྒོ་རྣམས་སུ་དམིགས་པ་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་སུ་དམིགས་པ་མ་མ་མཆིས། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སུ་
དམིགས་པ་མ་མཆིས་སོ། །རྒྱུན་དུ་ཞུགས་པའི་འབྲས་བུར་དམིགས་པ་མ་མཆིས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དུ་དམིགས་པ་མ་མཆིས་སོ། །རང་བྱང་ཆུབ་ཏུ་དམིགས་པ་མ་མཆིས་སོ། །
ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། བྱང་ཆུབ་དང་། སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་སུ་དམིགས་པ་མ་མཆིས་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་དམིགས་པའི་ཚུལ་དུ་ཉེ་བར་གནས་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་གང་

གིས་དམིགས་པར་བགྱི་བ་དང་། གང་ལ་དམིགས་པར་བགྱི་བ་དང་། གང་དུ་དམིགས་པར་བགྱི་བ་དེ་ལྟ་བུའི་ངོ་བོ་ཉིད་དེ་ལ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་དེས་མི་དམིགས་པའི་ཚུལ་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཡུན་རིང་པོར་སྤྱད་པས། དེས་བྱང་ཆུབ་ཀྱང་མི་དམིགས་ན། སངས་རྒྱས་ལྟ་ཅི་སྨོས། སངས་རྒྱས་ཀྱི་ཆོས་ལྟ་ཡང་ཅི་སྨོས། བརྒྱ་བྱིན་གྱིས་གསོལ་པ།
བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཀྱི་དེ་མ་ལགས་པའི་ཕ་རོལ་དུ་ཕྱིན་པ་གཞན་ལ་མི་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་
རོལ་དུ་ཕྱིན་པ་དྲུག་པོ་ཀུན་ལ་ཡང་། དེ་མི་དམིགས་པའི་ཚུལ་གྱིས་སྤྱོད་དེ། དེས་སྦྱིན་པ་ཡང་མི་དམིགས། གཏོང་བ་ཡང་མི་དམིགས། ལེན་པ་ཡང་མི་དམིགས་སོ། །ཚུལ་ཁྲིམས་ཀྱང་མི་དམིགས། ཚུལ་ཁྲིམས་དང་ལྡན་པ་ཡང་མི་དམིགས། ཚུལ་
ཁྲིམས་ངན་པ་ཡང་མི་དམིགས་སོ། །བཟོད་པ་ཡང་མི་དམིགས། །བཟོད་པ་དང་ལྡན་པ་ཡང་མི་དམིགས། གནོད་སེམས་ཀྱང་མི་དམིགས་སོ། །བརྩོན་འགྲུས་ཀྱང་མི་དམིགས། བརྩོན་འགྲུས་དང་ལྡན་པ་ཡང་མི་དམིགས། ལེ་ལོ་ཡང་མི་དམིགས་སོ། །
བསམ་གཏན་ཡང་མི་དམིགས། བསམ་གཏན་དང་ལྡན་པ་ཡང་མི་དམིགས། འཁྲུག་པ་ཡང་མི་དམིགས་སོ། །ཤེས་རབ་ཀྱང་མི་དམིགས། ཤེས་རབ་དང་ལྡན་པ་ཡང་མི་དམིགས། ཤེས་རབ་འཆལ་པ་ཡང་མི་དམིགས་སོ། །ཀཽ་ཤི་ཀ་འོན་ཀྱང་ཤེས་
རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་གཟུགས་མི་དམིགས་པའི་ཚུལ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མི་དམིགས་པའི་ཚུལ་དང་། མིག་མི་དམིགས་པའི་ཚུལ་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་མི་དམིགས་

པའི་ཚུལ་དང་། གཟུགས་མི་དམིགས་པའི་ཚུལ་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་མི་དམིགས་པའི་ཚུལ་དང་། མིག་གི་རྣམ་པར་ཤེས་པ་མི་དམིགས་པའི་ཚུལ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་
ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་མི་དམིགས་པའི་ཚུལ་དང་། མིག་གི་འདུས་ཏེ་རེག་པ་མི་དམིགས་པའི་ཚུལ་དང་། རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་
འདུས་ཏེ་རེག་པ་མི་དམིགས་པའི་ཚུལ་དང་། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མི་དམིགས་པའི་ཚུལ་དང་། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་
ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མི་དམིགས་པའི་ཚུལ་དང་། སའི་ཁམས་མི་དམིགས་པའི་ཚུལ་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་
ཁམས་དང་། རྣམ་པར་ཤེས་པའི་ཁམས་མི་དམིགས་པའི་ཚུལ་དང་། མ་རིག་པ་མི་དམིགས་པའི་ཚུལ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་
ཤི་མི་དམིགས་པའི་ཚུལ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་མི་དམིགས་པའི་ཚུལ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་
རབ་ཀྱི་ཕ་རོལ་དུ་ཕྱིན་པ་མི་དམིགས་པའི་ཚུལ་དང་། ནང་སྟོང་པ་ཉིད་མི་དམིགས་པའི་ཚུལ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མི་དམིགས་པའི་ཚུལ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མི་དམིགས་པའི་ཚུལ་དང་།

འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པའི་འཇུག་པ་རྣམས་མི་དམིགས་པའི་ཚུལ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་
པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། མངོན་པར་ཤེས་པ་ལྔ་དང་། ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་མི་དམིགས་པའི་ཚུལ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་དང་།
སོ་སོ་ཡང་དག་པར་རིག་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མི་དམིགས་པའི་ཚུལ་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་
པ་ཉིད་དང་། རང་བྱང་ཆུབ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་པའི་ཚུལ་དང་། ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཡོངས་སུ་གཏོང་བའི་སྦྱིན་
པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་ལ་སྔོན་དུ་འགྲོ་བའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་བསྲུང་བའི། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་ལ་སྔོན་དུ་འགྲོ་བའོ། །ཤེས་
རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པ་ཡོངས་སུ་སྒྲུབ་པའི། བཟོད་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་ལ་སྔོན་དུ་འགྲོ་བའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་
འགྲུས་རྩོམ་པའི། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་ལ་སྔོན་དུ་འགྲོ་བའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་ལ་སྙོམས་པར་འཇུག་པའི། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ཡོངས་

སུ་རྫོགས་པར་བྱ་བ་ལ་སྔོན་དུ་འགྲོ་བའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ལ་རྣམ་པར་ལྟ་བའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་ལ་སྔོན་དུ་འགྲོ་བའོ། །ཀཽ་ཤི་ཀ་འདི་ལྟ་སྟེ་དཔེར་ན། འཛམ་བུའི་གླིང་གི་
ཤིང་རྣམས་ལོ་མ་སྣ་ཚོགས་ཅན། མེ་ཏོག་སྣ་ཚོགས་ཅན། འབྲས་བུ་སྣ་ཚོགས་ཅན། དབྱིབས་སྣ་ཚོགས་ཅན། ཆུ་ཞེང་སྣ་ཚོགས་ཅན་དུ་འཁོད་ཀྱང་། དེ་དག་གི་གྲིབ་མ་ལ་ཁྱད་པར་རམ་བྱེ་བྲག་མི་དམིགས་ཏེ། གཞན་དུ་ན་གྲིབ་མ་གྲིབ་མ་ཞེས་བྱ་བའི་གྲངས་སུ་འགྲོ་
བར་ཟད་དོ། །ཀཽ་ཤི་ཀ་དེ་བཞིན་དུ་ཕ་རོལ་དུ་ཕྱིན་པ་ལྔ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་ཡོངས་སུ་ཟིན་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་ཡོངས་སུ་བསྔོས་པ་རྣམས་ལ་ཡང་ཁྱད་པར་རམ་བྱེ་བྲག་མི་དམིགས་སོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་
ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་པའི་སླད་དུ། ཡོན་ཏན་ཆེན་པོ་དང་ལྡན་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཡོན་ཏན་ཚད་མ་མཆིས་པ་དང་ལྡན་པའི་སླད་དུ། ཚད་མ་མཆིས་པའི་ཡོན་ཏན་དང་ལྡན་
པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཡོན་ཏན་མུ་མ་མཆིས་པ་དང་ལྡན་པའི་སླད་དུ། ཡོན་ཏན་ཀུན་དུ་མཐའ་ཡས་པ་དང་ལྡན་པའོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ།
འདི་བྲིས་ཤིང་གླེགས་བམ་དུ་བགྱིས་ཏེ། བཅངས་པ་དང་། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བགྱིས། བཀུར་སྟིར་བགྱིས། བསྟི་
སྟང་དུ་བགྱིས། མཆོད་པར་བགྱིས་ཏེ། དེ་ནས་གོང་དུ་ཇི་སྐད་བསྟན་པ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཚུལ་བཞིན་དུ་ཡིད་ལ་བགྱིས་པ་དང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་གླེགས་བམ་དུ་བགྱིས་ཏེ།

གཞན་ལ་སྩལ་ན། དེ་གཉིས་ལས་གང་གི་བསོད་ནམས་ཆེར་འཕེལ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ན་ཁྱོད་ཉིད་ལ་དྲིས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་ལྟར་ལུང་སྟོན་ཅིག། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས།
རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལས། དེ་བཞིན་གཤེགས་པའི་སྐུ་གདུང་མང་པོ་ལ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱས་
བཀུར་སྟིར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་པ་དང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལས། དེ་བཞིན་གཤེགས་པའི་སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ་ཞིག་གཞན་ལ་བྱིན་ཏེ་བགོ་བཤར་བྱས་པ་དང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལས།
དེ་བཞིན་གཤེགས་པའི་སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ་པོ་དེ་བླངས་ཏེ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱས། བཀུར་
སྟིར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་ན། དེ་དག་ལས་གང་གི་བསོད་ནམས་ཆེར་འཕེལ་བ་ཡིན། བརྒྱ་ཕྱིན་གྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་ཏེ། དེ་ལ་རིགས་ཀྱི་བུའམ་རིགས་
ཀྱི་བུ་མོ་གང་གིས། དེ་བཞིན་གཤེགས་པའི་སྐུ་གདུང་མང་པོ་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་བ་དན་དང་སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བགྱིས། བཀུར་སྟིར་བགྱིས། བསྟི་
སྟང་དུ་བགྱིས། མཆོད་པར་བགྱིས་པ་བས་གང་ལ་ལས་དེ་བཞིན་གཤེགས་པའི་སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ་གཞན་ལ་སྩལ་ན། འདི་ནི་དེ་བས་བསོད་ནམས་ཆེས་མང་དུ་འཕེལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་

རྒྱས་ཀྱིས་ཀྱང་དོན་དེ་ཉིད་གཟིགས་ཏེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་ནས། རྡོ་རྗེ་ལྟ་བུའི་སྐུ་བཤིག་སྟེ། སེམས་ཅན་གྱི་རིས་ན། དེ་བཞིན་གཤེགས་པའི་རིང་བསྲེལ་གྱིས་འདུལ་བའི་སེམས་ཅན་མཆིས་པ་རྣམས་ཀྱི་སླད་དུ་ཐུགས་རྗེ་ཆེན་པོ་བསྐྱེད་དེ།
དེ་བཞིན་གཤེགས་པའི་སྐུ་གདུང་དུ་བྱིན་གྱིས་བརླབས་སོ། །བཅོམ་ལྡན་འདས་གང་ལ་ལས་ཆུང་ངུ་ན། དེ་བཞིན་གཤེགས་པའི་སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ་ལ། མཆོད་པ་སྣ་ཚོགས་ཀྱིས་མཆོད་པ་བགྱིས་ན། དེ་དག་ཐམས་ཅད་ཀྱང་དགེ་བའི་
རྩ་བ་དེའི་མཐར་མ་ཐུག་པར་སྡུག་བསྔལ་གྱི་མཐར་འབྱིན་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལས། ཤེས་རབ་ཀྱི་ཕ་རོལ་
དུ་ཕྱིན་པ་འདི་གླེགས་བམ་དུ་བྱས་ཏེ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱས། བཀུར་
སྟིར་བྱས། བསྟི་སྟང་དུ་བྱས། མཆོད་པར་བྱས་པ་བས། གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བྲིས་ཏེ། ཆོས་ཀྱི་དགའ་བས་གཞན་ལ་བྱིན་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ནི་བསོད་ནམས་ཆེར་འཕེལ་ལོ། །ཀཽ་ཤི་
ཀ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཇི་སྐད་དུ་བསྟན་པ་བཞིན་དུ། གཞན་གྱི་དྲུང་དུ་སོང་སྟེ་བཤད་ཅིང་བསྟན་པ་དང་། བརྗོད་ཅིང་བཀྲོལ་བ་དང་། རྣམ་པར་ཕྱེ་སྟེ་གསལ་བར་བྱས་ན་
རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་ནི། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་སྔ་མ་དེ་དག་པས། བསོད་ནམས་ཆེར་འཕེལ་ཏེ། དེ་ནི་སྟོན་པ་ཡིན་པར་བསམ་མོ། །བླ་མའི་གནས་མཁས་པ་ཚངས་པ་མཚུངས་པར་སྤྱོད་པ་ལ་ལ་ཞིག།

ཡིན་པར་བསམ་མོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་སྟོན་པ་ཡིན་ཏེ། སྟོན་པ་ནི་གཞན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་གཞན་ཞེས་བྱ་བ་མེད་ཀྱི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་
ཉིད་ཀྱང་སྟོན་པ། སྟོན་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལ་བསླབས་པས། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་
དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །
ཚངས་པ་མཚུངས་པར་སྤྱོད་པ་དེ་དག་ཀྱང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ལས་གུད་ན་མེད་དེ། དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལ་བསླབས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་
ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལ་བསླབས་ཤིང་། ཉན་ཐོས་ཀྱི་ཐེག་པ་
པ་རྣམས་ཀྱིས་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཀྱི་བར་དུ་ཐོབ་པོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས་
ཀྱང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལ་བསླབས་ཤིང་། རང་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་

རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལ་བསླབས་ཤིང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་སོ། །འཇུག་གོ། །འཇུག་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་དེ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ། །དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་མངོན་དུ་
རིམ་གྲོར་བྱ་བར་འདོད་པ་དང་། བཀུར་སྟིར་བྱ་བར་འདོད་པ་དང་། བསྟི་སྟང་དུ་བྱ་བར་འདོད་པ་དང་། མཆོད་པར་བྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་བྲིས་ཏེ། མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་།
ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱའོ། །བཀུར་སྟིར་བྱའོ། །བསྟི་སྟང་དུ་བྱའོ། །མཆོད་པར་བྱའོ། །ཀཽ་ཤི་ཀ་ངས་དོན་དེ་ཉིད་ཀྱི་དབང་ཡང་དག་པར་
མཐོང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་འདི་སྙམ་སྟེ། གང་ཞིག་ལ་བདག་གིས་རིམ་གྲོ་དང་། བཀུར་སྟི་དང་། བསྟི་སྟང་དང་། མཆོད་པ་བྱས་ཏེ། བརྟེན་ཅིང་རྣམ་པར་སྤྱད་པར་བྱ་
སྙམ་ན་ཡང་། ཀཽ་ཤི་ཀ་དེ་ལ་ངས་འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་ནང་ན། ང་དང་འདྲ་བའམ། ལྷག་

པ་ཡང་དག་པར་རྗེས་སུ་མ་མཐོང་ནས། དེ་ལ་ངས་འདི་སྙམ་དུ་བསམས་ཏེ། དེ་ལྟ་ཡིན་ན་བདག་གིས་ཆོས་ཞི་བ་བཟང་པོ་གང་བདག་ཉིད་ཀྱིས་མངོན་པར་སངས་རྒྱས་པ་དེ་ཉིད་ལ་རིམ་གྲོ་དང་། བཀུར་སྟི་དང་།
བསྟི་སྟང་དང་། མཆོད་པ་བྱས་ཏེ། བརྟེན་ཅིང་རྣམ་པར་སྤྱད་པར་བྱའོ། སྙམ་དུ་བསམས་སོ། ཀཽ་ཤི་ཀ་ཆོས་དེ་ཡང་གང་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ཡིན་ཏེ། ཀཽ་ཤི་ཀ་དེ་ལྟར་ང་ཉིད་ཀྱང་ཤེས་རབ་
ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་རིམ་གྲོར་བྱེད། བཀུར་སྟིར་བྱེད། བསྟི་སྟང་དུ་བྱེད། མཆོད་པར་བྱེད་དེ། དེ་ལྟར་རིམ་གྲོ་དང་། བཀུར་སྟི་དང་། བསྟི་སྟང་དང་། མཆོད་པ་བྱས་ཤིང་རྣམ་པར་སྤྱོད་ན། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་
ཀྱི་བུ་མོ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་།
གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། བསྟི་སྟང་དུ་བྱ་བ་དང་། མཆོད་པར་བྱ་བ་ལྟ་ཅི་སྨོས། ཉན་ཐོས་ཀྱི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་
ཀྱི་བུ་མོ་དང་། རང་སངས་རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་།
རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། བསྟི་སྟང་དུ་བྱ་བ་དང་། མཆོད་པར་བྱ་བ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལས་བྱུང་བ་ནི།

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སོ། །བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་རྣམས་ལས་བྱུང་བ་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་སོ། །ཀཽ་ཤི་ཀ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོའམ། ཉན་ཐོས་ཀྱི་ཐེག་པ་པ་
འམ། རང་སངས་རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལ་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་
དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱའོ། །བཀུར་སྟིར་བྱའོ། །བསྟི་སྟང་དུ་བྱའོ། །མཆོད་པར་བྱའོ། །དེ་ལྟར་དེ་ལ་སློབ་པའི། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ནི། བླ་ན་
མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱིས་ཀྱང་།
དགྲ་བཅོམ་པ་ཉིད་ཐོབ་བོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས་ཀྱང་། རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་བོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་
དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ལེའུ་ཉི་ཤུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་གལ་ཏེ། འཛམ་བུའི་

གླིང་གི་སེམས་ཅན་དེ་དག་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པར་གྱུར་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དེའི་རྒྱུས་བསོད་ནམས་མང་དུ་འཕེལ་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་
གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་ལ་ལ་ཞིག་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདིའི་གླེགས་བམ་ཀླག་པའམ་བྲི་བའམ་ཁ་ཏོན་བྱ་བའི་ཕྱིར་གཞན་ལ་བྱིན་ན་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་
རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལས་ཟག་པ་མེད་པའི་ཆོས་གང་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སློབ་ཅིང་ཡང་དག་པའི་སྐྱོན་མེད་པར་ཞུགས་པར་གྱུར་པ་དང་། འཇུག་པ་དང་འཇུག་པར་འགྱུར་བ་དང་། དགྲ་བཅོམ་པ་ཉིད་ཀྱི་བར་དུ་ཐོབ་པར་གྱུར་བ་དང་། འཐོབ་པ་དང་
ཐོབ་པར་འགྱུར་བ་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས་རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་གྱུར་པ་དང་། འཐོབ་པ་དང་། ཐོབ་པར་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་རྣམས་ཀྱིས་བྱང་ཆུབ་སེམས་
དཔའི་སྐྱོན་མེད་པར་ཞུགས་པ་དང་། འཇུག་པ་དང་འཇུག་པར་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། མངོན་པར་རྫོགས་པར་འཚང་རྒྱ་བ་དང་། མངོན་པར་རྫོགས་པར་འཚང་རྒྱ་བར་
འགྱུར་བ་དེ་ལྟ་བུའི་ཆོས་མང་པོ་རྒྱ་ཆེར་བསྟན་ཏོ། །ཀཽ་ཤི་ཀ་ཟག་པ་མེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བར་དང་། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་
ཀྱི་བར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་།

སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དྲུག་དང་། ཏིང་ངེ་འཛིན་ཐམས་ཅད་དང་གཟུངས་ཀྱི་སྒོ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་
མ་འདྲེས་པ་བཅྭོ་བརྒྱད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དག་སྟེ་སངས་རྒྱས་ཀྱི་ཆོས་ཚད་མེད་པ་གཞན་དག་ཀྱང་རྒྱ་ཆེར་བསྟན་ཏོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས།
སེམས་ཅན་གཅིག་ཅིག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཞག་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་གྱི། འཛམ་བུའི་གླིང་གི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དགེ་བ་བཅུའི་ལས་
ཀྱི་ལམ་ལ་བཀོད་པའི་སེམས་ཅན་རྣམས་ནི། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ནས་ཡོངས་སུ་གྲོལ་བ་མ་ཡིན་ནོ། །ཀཽ་ཤི་ཀ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་པའི་སེམས་ཅན་ནི། སེམས་ཅན་དམྱལ་
བ་དང་བྱོལ་སོང་གི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་ནས་ཡོངས་སུ་གྲོལ་བའི་ཕྱིར་ཏེ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ལ་བཀོད་པ་ལྟ་ཅི་སྨོས། ཀཽ་ཤི་ཀ་གང་ལ་ལས་འཛམ་བུའི་གླིང་གི་སེམས་
ཅན་རྣམས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་པ་དང་། དགྲ་བཅོམ་པ་ཉིད་ཀྱི་བར་ལ་བཀོད་པ་བས་ལ་ལ་ཞིག་གིས་སེམས་ཅན་གཅིག་ཅིག་རང་བྱང་ཆུབ་ལ་བཞག་ན་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་
འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་རང་བྱང་ཆུབ་ལ་བཀོད་པ་བས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་སེམས་ཅན་གཅིག་ཅིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཞག་ན་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་

གཅིག་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གཞོག་པ་དེ་ནི་སངས་རྒྱས་ཀྱི་ཚུལ་རྒྱུན་མི་འཆད་པའི་དོན་དུ་ཞུགས་པའི་ཕྱིར་རོ། །དེ་ཡང་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་རྒྱུན་དུ་ཞུགས་པ་དང་དགྲ་
བཅོམ་པ་ཉིད་ཀྱི་བར་དང་རང་སངས་རྒྱས་རྣམས་སོ། །ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སོ། །ཀཽ་ཤི་ཀ་རྣམ་གྲངས་དེས་ན། འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་
ཀྱང་མཆོད་ཅིང་རིམ་གྲོར་བྱ་བ་ཡིན་ཏེ། འཇིག་རྟེན་ལྷ་དང་བཅས་པ་བདུད་དང་བཅས་པ་ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུས་མེ་ཏོག་དང་ཕྲེང་བ་དང་། སྤོས་དང་བྱུག་པ་དང་ཕྱེ་མ་དང་། ན་བཟའ་དང་གདུགས་དང་རྒྱལ་
མཚན་དང་བ་དན་དང་སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། བསྟི་སྟང་དུ་བྱ་བ་དང་། མཆོད་པར་བྱ་བ་ཡིན་པར་ཤེས་པར་བྱའོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་
ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པར་གྱུར་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་། །བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་གླེགས་བམ་བྲི་བའམ་ཀླག་པའམ་ཁ་ཏོན་དུ་བྱ་བའི་ཕྱིར་གཞན་ལ་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་
ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལས་ཟག་པ་མེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་མེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ།།

དགྲ་བཅོམ་པ་ཉིད་ཀྱི་བར་དུ་ཐོབ་བོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས། རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། ཡང་དག་པའི་
སྐྱོན་མེད་པར་ཞུགས་པར་གྱུར་ཏོ། །འཇུག་གོ། །འཇུག་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཀཽ་ཤི་ཀ་
ཟག་པ་མེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ཕ་རོལ་དུ་ཕྱིན་པ་དྲུག་དང་སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་།
གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་ས