Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 027_ཉི་ཁྲི།_ཁ

Văn bản gốc(Tây Tạng)

Trang 20 / 24 (50.000 ký tự/trang)
། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་དེ་ནི་མ་མཆིས་པ་བསྒོམ་
པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་དེ་ནི་ཡོངས་སུ་འཛིན་པ་མ་མཆིས་པ་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་དེ་ནི་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་དེ་གང་བསྒོམ་པ་རྣམ་པར་བསྒོམ་པ་ཡིན། གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་གཟུགས་བསྒོམ་པ་རྣམ་པར་
བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་འདི་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་བསྒོམ་པ་འདི་ནི་སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་འདི་ནི་བདག་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་
ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་འདི་ནི་སེམས་ཅན་དང་། སྲོག་དང་། འགྲོ་བ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ཅན་དང་། ཤེད་བདག་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་དང་། མཐོང་

པ་པོ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་འདི་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་འདི་ནི་
ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་
ཕ་རོལ་དུ་ཕྱིན་པ་བསྒོམ་པ་འདི་ནི་ནང་སྟོང་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་འདི་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་
འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་འདི་ནི་དྲན་པ་ཉེ་བར་གཞག་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་འདི་ནི་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་
དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་འདི་ནི་འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་
དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་
རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་

སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་
པ་འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་འདི་ནི། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་
བྱང་ཆུབ་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒོམ་པ་རྣམ་པར་བསྒོམ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་
བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་འདི་ནི་གཟུགས་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་འདི་ནི་ཚོར་བ་དང་། འདུ་ཤེས་དང་།
འདུ་བྱེད་དང་། རྣམ་པར་ཤེས་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་འདི་ནི་སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་
འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་འདི་ནི་བདག་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་འདི་ནི། སེམས་ཅན་དང་། སྲོག་དང་། འགྲོ་བ་དང་། གསོ་བ་དང་། སྐྱེས་བུ་
དང་། གང་ཟག་དང་། ཤེད་ཅན་དང་། ཤེས་བདག་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་འདི་ནི་ཕ་རོལ་དུ་ཕྱིན་པ་ཐམས་

ཅད་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་འདི་ནི། སྟོང་པ་ཉིད་ཐམས་ཅད་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་འདི་ནི། བྱང་
ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་འདི་ནི། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་
འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་
བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་འདི་ནི་དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་
དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བསྒོམ་པ་རྣམ་པར་བསྒོམ་པའོ། །རབ་འབྱོར་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བསྒོམ་པ་རྣམ་པར་བསྒོམ་པའོ། །དེ་ནས་ཡང་
བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་མངོན་པར་ཆགས་པ་མེད་དམ་ཞེས། རབ་འབྱོར་
ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་

འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་མངོན་པར་ཆགས་པ་མེད་དམ་ཞེས། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་
འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་མངོན་པར་ཆགས་པ་མེད་དམ་ཞེས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་མངོན་པར་ཆགས་པ་མེད་དམ་ཞེས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །འཕགས་
པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་
མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ལ་མངོན་པར་ཆགས་པ་མེད་དམ་ཞེས་གཟུངས་ཀྱི་སྒོ་རྣམས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །
དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་མངོན་པར་ཆགས་པ་མེད་དམ་ཞེས་

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་མངོན་པར་ཆགས་པ་མེད་དམ་ཞེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ། །ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་ཚེ། ཕ་རོལ་གྱིས་སྨྲས་པ་དང་ཕ་རོལ་གྱིས་བསྟན་པ་ལ་སྙིང་པོར་མི་བལྟ་
འམ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་ཚེ། ཕ་རོལ་གྱི་དད་པས་མི་འགྲོ་འམ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་
ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་ཚེ། འདོད་ཆགས་དང་བཅས་པའི་སེམས་བསྐྱེད་པས་འཕྲོགས་པ་མ་ཡིན་ནམ་ཞེ་སྡང་དང་བཅས་པ་དང་། གཏི་མུག་དང་བཅས་པའི་སེམས་བསྐྱེད་པའི་འཕྲོགས་པ་མ་ཡིན་ནམ། ཕྱིར་མི་ལྡོག་
པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་བྲལ་བར་མ་གྱུར་ཏམ། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་བྲལ་བར་མ་གྱུར་ཏམ། བཟོད་པའི་
ཕ་རོལ་དུ་ཕྱིན་པ་དང་བྲལ་བར་མ་གྱུར་ཏམ། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་བྲལ་བར་མ་གྱུར་ཏམ། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་བྲལ་བར་མ་གྱུར་ཏམ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་བྲལ་བར་མ་གྱུར་ཏམ། ཞེས་
ཡོངས་སུ་བརྟག་པར་བྱ་སྟེ། གལ་ཏེ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འཆད་པའི་ཚེ། མི་འཇིགས་མི་དངང་སྐྲག་པར་མི་འགྱུར་ལ་ཞུམ་པ་དང་། ཡོངས་སུ་ཞུམ་པར་མི་

འགྱུར་ཞིང་། དེའི་ཡིད་ཕྱིར་ནུར་བར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཐོས་པར་དཀའ་ལ། ཐོས་ནས་ཀྱང་འཛིན་ཅིང་འཆང་ལ། ཀློག་ཅིང་ཀུན་ཆུབ་པར་བྱེད་དེ། ཚུལ་བཞིན་དུ་ཡིད་ལ་བྱེད་ལ། དེ་བཞིན་
ཉིད་དུ་ནན་ཏན་དུ་བྱེད་ན། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ནི་སྔོན་གྱི་མཐར་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཡོངས་སུ་དྲིས་ཤིང་ཡོངས་སུ་བརྟག་པ་བྱས་པ་དང་། གཟུང་ཞིང་བཅངས་ཏེ་ཀུན་ཆུབ་པར་བྱས་པ་དང་། ཚུལ་
བཞིན་དུ་ཡིད་ལ་བྱས་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འཆད་པའི་ཚེ། མི་འཇིགས་མི་སྔང་སྐྲག་པར་མི་འགྱུར་ལ་ཞུམ་པར་མི་འགྱུར་
ཡོངས་སུ་ཞུམ་པར་མི་འགྱུར་ཞིང་དེའི་ཡིད་ཕྱིར་མི་ལྡོག་ལ། ཐོས་ནས་ཀྱང་ཆེད་དུ་འཛིན་ཅིང་འཆང་ལ་ཀློག་ཅིང་ཀུན་ཆུབ་པར་བྱེད་དེ། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་
ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་ཞིང་། ཞུམ་པར་མི་འགྱུར་ཡོངས་སུ་ཞུམ་པར་མི་འགྱུར་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་
འདི་ཇི་ལྟར་བརྟག་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གཞོལ་བའི་བསམ་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་བརྟག་པར་བྱའོ། །གསོལ་
པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གཞོལ་བའི་བསམ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་

སྟོང་པ་ཉིད་ལ་གཞོལ་བའི་བསམ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པ་ཡིན། རབ་འབྱོར་མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་གཞོལ་བའི་བསམ་པ་དང་། ནམ་མཁའ་ལ་གཞོལ་བའི་བསམ་པ་དང་།
སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལ་གཞོལ་བའི་བསམ་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གཞོལ་བའི་བསམ་པ་དང་། དེ་བཞིན་ཉིད་ལ་གཞོལ་བའི་བསམ་པ་དང་། ཆོས་ཀྱི་དབྱིངས་ལ་གཞོལ་བའི་བསམ་པ་དང་། ཡང་
དག་པའི་མཐའ་ལ་གཞོལ་བའི་བསམ་པ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ལ་གཞོལ་བའི་བསམ་པ་དང་། མངོན་པར་འདུ་བྱ་བ་མེད་པ་ལ་གཞོལ་བའི་བསམ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་
རྟོག་པ་ཡིན། རྨི་ལམ་དང་གཟུགས་བརྙན་ལ་གཞོལ་བའི་བསམ་པ་དང་། སྒྲ་བརྙན་དང་། སྨིག་རྒྱུ་དང་སྒྱུ་མ་དང་སྤྲུལ་པ་ལ་གཞོལ་བའི་བསམ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པ་ཡིན་ནོ།།
།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་བཞི་བཅུ་དགུ་པ། གསོལ་པ། བཅོམ་ལྡན་འདས་དེ་ལྟར་སྟོང་པ་ཉིད་ལ་གཞོལ་བའི་བསམ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་
ཕྱིན་པ་ཟབ་མོ་འདི་ལ་རྟོག་པར་འགྱུར་ཞིང་མཚན་མ་མ་མཆིས་པ་དང་། སྨོན་པ་མ་མཆིས་པ་དང་། ནམ་མཁའ་དང་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། ཀུན་ནས་ཉོན་མོངས་པ་མ་མཆིས་པ་དང་། རྣམ་པར་བྱང་བ་མ་མཆིས་པ་དང་། དེ་བཞིན་
ཉིད་དང་། ཆོས་ཀྱི་དབྱིངས་དང་ཡང་དག་པའི་མཐའ་དང་མཉམ་པ་ཉིད་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་དང་མངོན་པར་འདུ་བགྱི་བ་མ་མཆིས་པ་དང་། རྨི་ལམ་དང་གཟུགས་བརྙན་དང་སྒྲ་བརྙན་དང་སྨིག་རྒྱུ་དང་སྒྱུ་མ་དང་སྤྲུལ་པ་ལ་གཞོལ་བའི་བསམ་པས།

ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པར་འགྱུར་ན་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ལ་རྟོག་པ་ལགས་སམ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ལ་རྟོག་པ་ལགས་སམ།
སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རྟོག་པ་ལགས་སམ། ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་རྟོག་པ་ལགས་སམ། འཕགས་པའི་བདེན་པ་རྣམས་དང་། བསམ་
གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་།
སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ལ་རྟོག་པ་ལགས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། བྱམས་
པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་རྟོག་པ་ལགས་སམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་རྟོག་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ནི་གཟུགས་ལ་རྟོག་པ་མ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་རྟོག་པ་མ་ཡིན་ནོ། །སྐྱེ་མཆེད་དང་ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རྟོག་པ་མ་ཡིན་ནོ། །ཕ་རོལ་དུ་ཕྱིན་པ་རྣམས་དང་
སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་རྟོག་པ་མ་ཡིན་ནོ། །འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་།

རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་
ཀྱི་སྒོ་རྣམས་ལ་རྟོག་པ་མ་ཡིན་ནོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་རྟོག་པ་མ་ཡིན་ནོ། །
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་རྟོག་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པ་དེ་ནི་སུས་ཀྱང་མ་བྱས་རྣམ་པར་མ་བྱས། མངོན་པར་མ་བྱས། གང་ནས་ཀྱང་མ་འོངས། གང་
དུ་ཡང་མ་སོང་། །ཕྱོགས་ན་ཡང་མི་གནས། ཡུལ་ན་ཡང་མི་གནས་གང་ན་ཡང་མི་གནས་པ་སྟེ། དེ་ལ་གྲངས་མི་དམིགས་སོ། །འགྲོ་བ་དང་འོང་བ་ཡང་མི་དམིགས་སོ། །གང་ལ་གྲངས་མི་དམིགས་ཤིང་འགྲོ་བ་དང་འོང་བ་མི་དམིགས་པ་དེ་ལ་ནི་གང་གིས་
ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཏེ། གཟུགས་ཀྱིས་མ་ཡིན་ནོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པས་མ་ཡིན་ནོ། །སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བས་མ་ཡིན་ནོ། །སྦྱིན་པའི་ཕ་རོལ་དུ་ཕྱིན་པས་
མ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་མ་ཡིན་ནོ། །ནང་སྟོང་པ་ཉིད་ཀྱིས་མ་ཡིན་ནོ། །
དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱིས་མ་ཡིན་ནོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་མ་ཡིན་ནོ། །ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་

རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པས་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །ཚོར་བ་ཉིད་དང་།
འདུ་ཤེས་ཉིད་དང་། འདུ་བྱེད་ཉིད་དང་། རྣམ་པར་ཤེས་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཉིད་ཀྱི་བར་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གཟུགས་ཀྱི་
དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། ཕ་རོལ་
དུ་ཕྱིན་པ་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། སྟོང་པ་ཉིད་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་།
ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་
མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །དེ་བཞིན་གཤེགས་

པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་
དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ལེའུ་སུམ་ཅུ་བདུན་པའོ།། །།དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ལྷ་
རྫས་ཀྱི་ཙན་དན་གྱི་ཕྱེ་མ་དང་། ལྷ་རྫས་ཀྱི་མེ་ཏོག་ཨུཏྤལ་དང་། པད་མོ་དང་། ཀུ་མུད་དང་། བུན་ད་རི་ཀ་མང་པོ་ཁྱེར་ཏེ་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་འཐོར་བར་གྱུར་ཏོ། །གཏོར་ནས་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ། བཅོམ་ལྡན་འདས་
ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །འཁོད་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལས་འདི་སྐད་དུ་གཟུགས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཟུགས་སོ། །ཚོར་
བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཉིད་རྣམ་པར་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣམ་པར་ཤེས་པའོ། །སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་རྣམ་པ་ཐམས་ཅད་མཁྱེན་
པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བའོ། །སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྦྱིན་པའི་ཕ་རོལ་དུ་ཕྱིན་པའོ། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་

པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ། །ནང་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ནང་སྟོང་པ་ཉིད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དྲན་པ་ཉེ་བར་གཞག་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དག་པ་ཉེ་བར་གཞག་པའོ། །ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་སྟོབས་
དང་བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །འཕགས་པའི་བདེན་པ་དད་བསམ་གཏན་དང་ཚད་མེད་པ་
དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཟུགས་མེད་པའི་སྙོམས་པར་འཇུག་པའོ། །རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། རྣམ་
པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་དེ་བཞིན་གཤེགས་པའི་སྟོབས་དང་མི་འཇིགས་པ་དང་སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་
དང་སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པའོ། །གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་

དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་
ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་
གཉིས་སུ་བྱར་མེད་དོ། །སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་།
བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་
ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །དངོས་
པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །དྲན་པ་ཉེ་བར་གཞག་པའི་དེ་བཞིན་ཉིད་གང་ཡིན་
པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་

ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །འཕགས་པའི་བདེན་
པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །རྣམ་པར་
ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་དང་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་
འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་
སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་
རྒྱས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ཞེས་སྟོན་པ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ཤེས་
རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཟབ་ཅིང་བལྟ་དཀའ་ལ་ཁོང་དུ་ཆུད་པར་དཀའ་ཞིང་བརྟག་ཏུ་མ་མཆིས་ལ་རྟོག་གེའི་སྤྱོད་ཡུལ་མ་ལགས་པ་སྟེ། ཞི་ཞིང་ཕྲ་བ་ཞིབ་མོ་མཁས་ཤིང་རྟོགས་པས་རིག་པར་བགྱི་བ་སྟེ། འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་པར་དཀའ་

བའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ལྷའི་བུ་དག་གཟུགས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཟུགས་སོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣམ་པར་ཤེས་པའོ། །སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་
བར་འབྱུང་བ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བའོ། །སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྦྱིན་པའི་ཕ་རོལ་དུ་ཕྱིན་
པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ། །ནང་སྟོང་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ནང་སྟོང་པ་ཉིད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་རྣམ་པ་ཐམས་ཅད་མཁྱེན་
པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དྲན་པ་ཉེ་བར་གཞག་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་དྲན་པ་ཉེ་བར་གཞག་པའོ། །ཡང་དག་པར་སྤོང་བ་དང་། རྫུ་
འཕྲུལ་གྱི་རྐང་པ་དང་། དབང་པོ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་ཉིད་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །འཕགས་

པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཟུགས་མེད་པའི་སྙོམས་པར་འཇུག་པའོ། །རྣམ་
པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་
སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་
པའོ། །གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པའི་
དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་གང་ཡིན་
པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་
བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱང་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་

དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་
དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །དྲན་པ་ཉེ་བར་གཞག་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་
པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་
པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པའི་དེ་བཞིན་
ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། རྣམ་པར་
ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་།

སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །
རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་སྟེ། གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །ལྷའི་བུ་དག་དོན་གྱི་དབང་དེ་གཟིགས་པས་དེ་བཞིན་གཤེགས་པ་ཕྲིན་ལས་ཆུང་བ་ལ་ཐུགས་གཞོལ་ཏེ་ཆོས་བསྟན་པ་ལ་གཞོལ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་
ཞེ་ན། འདི་ལྟར་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བྱང་ཆུབ་འདི་ནི་ཟབ་ཅིང་བལྟ་དཀའ་ལ་ཁོང་དུ་ཆུད་པར་དཀའ་ཞིང་བརྟག་ཏུ་མེད་ལ་རྟོག་གེའི་སྤྱོད་ཡུལ་མ་ཡིན་ཏེ། ཞི་ཞིང་ཕྲ་བ་ཞིབ་མོ་མཁས་ཤིང་རྟོགས་པས་རིག་པར་བྱ་བ་འཇིག་
རྟེན་ཐམས་ཅད་ཀྱིས་ཡིད་ཆེས་པར་དཀའ་བ་སྟེ། དེ་ནི་སུས་ཀྱང་མངོན་པར་སངས་མ་རྒྱས་ནམ་ཡང་མངོན་པར་སངས་མ་རྒྱས། གར་ཡང་མངོན་པར་སངས་མ་རྒྱས་ཏེ། གང་ལ་གཉིས་སུ་ཀུན་ནས་རྒྱུ་བ་མེད་པ་དེ་ནི་ཆོས་རྣམས་ཀྱི་ཟབ་པ་ཉིད་དོ། །ལྷའི་བུ་དག་
ནམ་མཁའ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་དེ་བཞིན་ཉིད་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ཆོས་ཀྱི་དབྱིངས་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ཡང་དག་པའི་མཐའ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་བསམ་
གྱིས་མི་ཁྱབ་པའི་དབྱིངས་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་མཐའ་ཡས་མུ་མེད་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་འོང་བ་དང་འགྲོ་བ་མེད་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་མི་སྐྱེ་མི་འགག་པ་དང་། མངོན་པར་

རྫོགས་པར་བྱང་ཆུབ་པ་མེད་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་མེད་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་མངོན་པར་འདུ་བྱ་བ་མེད་པ་དང་མངོན་པར་
རྫོགས་པར་བྱང་ཆུབ་པ་མེད་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་བདག་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །སེམས་ཅན་དང་སྲོག་དང་འགྲོ་བ་དང་གསོ་བ་དང་། སྐྱེས་བུ་དང་གང་ཟག་དང་ཤེད་ཅན་དང་ཤེད་བདག་དང་བྱེད་པ་པོ་དང་། ཚོར་བ་པོ་དང་། ཤེས་
པ་པོ་དང་མཐོང་བ་པོ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་གཟུགས་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་
འབྱུང་བ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་
ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་ནང་སྟོང་པ་ཉིད་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་དྲན་པ་ཉེ་བར་
གཞག་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་འཕགས་
པའི་བདེན་པ་དང་། བསམ་གཏན་དང་ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་རྣམ་པར་ཐར་པ་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་།

མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་དང་དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་སངས་
རྒྱས་ཀྱི་ཆོས་མ་འདྲེས་པ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཟབ་པའི་ཕྱིར་ཆོས་འདི་ཟབ་བོ། །ལྷའི་བུ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་པར་དཀའ་བའི་
ཆོས་བསྟན་པ་ནི་ངོ་མཚར་ཏོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་འདི་ནི་གཟུགས་གཟུང་བའི་སླད་དུ་བསྟན་པ་མ་ལགས། མི་གཟུང་བའི་སླད་དུ་མ་ལགས། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་གཟུང་བའི་སླད་དུ་བསྟན་པ་མ་
ལགས་མི་གཟུང་བའི་སླད་དུ་མ་ལགས། སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་གཟུང་བའི་སླད་དུ་བསྟན་པ་མ་ལགས། མི་གཟུང་བའི་སླད་དུ་མ་ལགས། ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་
ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་རྣམ་པར་ཐར་པ་བརྒྱད་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་།
སྨོན་པ་མེད་པ་དང་མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་དང་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་
པ་བཅྭོ་བརྒྱད་གཟུང་བའི་སླད་དུ་བསྟན་པ་མ་ལགས། མི་གཟུང་བའི་སླད་དུ་མ་ལགས། ཆོས་ཟབ་མོ་འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་གཟུང་བའི་སླད་དུ་བསྟན་པ་མ་ལགས། མི་གཟུང་བའི་སླད་དུ་མ་ལགས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་

མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་རང་བྱང་ཆུབ་དང་ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཟུང་བའི་སླད་དུ་བསྟན་པ་མ་ལགས། མི་གཟུང་བའི་སླད་དུ་མ་ལགས་སོ། །བཅོམ་ལྡན་འདས་འཇིག་རྟེན་ནི་བདག་གི་
གཟུགས་སོ། །བདག་ནི་གཟུགས་ཅན་ནོ། །བདག་ནི་ཚོར་བའོ། །བདག་གིས་ཚོར་བར་བྱའོ། །བདག་གི་འདུ་ཤེས་སོ། །བདག་ནི་འདུ་ཤེས་ཅན་ནོ། །བདག་གི་འདུ་བྱེད་དོ། །བདག་གིས་མངོན་པར་འདུ་བྱའོ། །བདག་གི་རྣམ་པར་ཤེས་པའོ། །བདག་གིས་རྣམ་པར་
ཤེས་པར་བྱའོ། །བདག་གི་སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བའོ། །བདག་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཅན་ནོ། །བདག་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །བདག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །བདག་
གི་ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པའོ། །བདག་གིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །བདག་གི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བདག་གིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །བདག་གི་བརྩོན་འགྲུས་ཀྱི་
ཕ་རོལ་དུ་ཕྱིན་པའོ། །བདག་གིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །བདག་གི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །བདག་གིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །བདག་གི་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པའོ། །བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །བདག་གི་ནང་སྟོང་པ་ཉིད་དོ། །བདག་གིས་ནང་སྟོང་པ་ཉིད་ལ་གོམས་པར་བྱའོ། །བདག་གི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་རོ། །བདག་གིས་དངོས་པོ་མེད་པའི་ངོ་
བོ་ཉིད་སྟོང་པ་ཉིད་ལ་གོམས་པར་བྱའོ། །བདག་གི་དྲན་པ་ཉེ་བར་གཞག་པའོ། །བདག་གིས་དྲན་པ་ཉེ་བར་གཞག་པ་ལ་སྤྱད་པར་བྱའོ། །བདག་གི་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་།

འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །བདག་གིས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱད་པར་བྱའོ། །བདག་གི་འཕགས་པའི་བདེན་པ་དང་། བསམ་གཏན་དང་ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་།
རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་མངོན་པར་ཤེས་པ་དང་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོའོ། །བདག་གིས་གཟུངས་ཀྱི་སྒོ་ལ་སྤྱད་པར་བྱའོ། །བདག་གི་དེ་བཞིན་
གཤེགས་པའི་སྟོབས་དང་མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པའོ། །བདག་གིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སྤྱད་པར་བྱའོ། །བདག་གི་རྒྱུན་དུ་ཞུགས་པའི་
འབྲས་བུའོ། །བདག་ནི་རྒྱུན་དུ་ཞུགས་པར་འགྱུར་རོ། །བདག་གི་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །བདག་ནི་ལན་ཅིག་ཕྱིར་འོང་བར་འགྱུར་རོ། །བདག་གི་ཕྱིར་མི་འོང་བའི་འབྲས་བུའོ། །བདག་ནི་ཕྱིར་མི་འོང་བར་འགྱུར་རོ། །བདག་གི་དགྲ་
བཅོམ་པ་ཉིད་དོ། །བདག་ནི་དགྲ་བཅོམ་པར་འགྱུར་རོ། །བདག་གི་རང་བྱང་ཆུབ་བོ་བདག་ནི་རང་སངས་རྒྱས་སུ་འགྱུར་རོ། །བདག་གི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །བདག་ནི་རྣམ་པ་ཐམས་ཅད་མཁྱེན་པར་འགྱུར་རོ་ཞེས་བགྱི་བར་འཛིན་
པ་ལ་སྤྱོད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ལྷའི་བུ་དག་ཆོས་འདི་ནི་གཟུགས་གཟུང་བའི་ཕྱིར་བསྟན་པ་མ་ཡིན་མི་གཟུང་བའི་ཕྱིར་མ་ཡིན། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་
པར་ཤེས་པ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མི་གཟུང་བའི་ཕྱིར་མ་ཡིན་སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་གཟུང་པའི་ཕྱིར་བསྟན་པ་མ་ཡིན་མི་གཟུང་བའི་ཕྱིར་མ་ཡིན་ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་སྟོང་པ་ཉིད་ཐམས་ཅད་

དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གཟུང་བའི་ཕྱིར་བསྟན་པ་མ་ཡིན་མི་གཟུང་བའི་ཕྱིར་མ་ཡིན། འཕགས་པའི་བདེན་པ་དང་། བསམ་གཏན་དང་ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་རྣམ་པར་ཐར་པ་དང་མཐར་གྱིས་
གནས་པའི་སྙོམས་པར་འཇུག་པ་དང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་གཟུང་བའི་ཕྱིར་བསྟན་པ་མ་ཡིན་མི་གཟུང་བའི་ཕྱིར་མ་ཡིན་མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་དང་དེ་བཞིན་གཤེགས་པའི་སྟོབས་དང་མི་འཇིགས་
པ་དང་། སོ་སོ་ཡང་དག་པར་རིག་པ་དང་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་གཟུང་བའི་ཕྱིར་བསྟན་པ་མ་ཡིན། མི་གཟུང་བའི་ཕྱིར་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གཟུང་བའི་ཕྱིར་བསྟན་པ་མ་
ཡིན་མི་གཟུང་བའི་ཕྱིར་མ་ཡིན་ནོ། །ལྷའི་བུ་དག་གང་ཡང་གཟུགས་གཟུང་བའི་ཕྱིར་རམ། མི་གཟུང་བའི་ཕྱིར་སྤྱོད་པ་དང་། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་གཟུང་བའི་ཕྱིར་རམ་མི་གཟུང་བའི་ཕྱིར་སྤྱོད་པ་དང་སྐྱེ་མཆེད་དང་ཁམས་
དང་། རྟེན་ཅིང་འབྲེལ་བར་འབྱུང་བ་གཟུང་བའི་ཕྱིར་རམ་མི་གཟུང་བའི་ཕྱིར་སྤྱོད་པ་དང་། ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གཟུང་བའི་ཕྱིར་རམ་མི་གཟུང་བའི་ཕྱིར་སྤྱོད་པ་དང་།
འཕགས་པའི་བདེན་པ་དང་བསམ་གཏན་དང་ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་གཟུང་
བའི་ཕྱིར་རམ། མི་གཟུང་བའི་ཕྱིར་སྤྱོད་པ་དང་མངོན་པར་ཤེས་པ་དང་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་མི་འཇིགས་པ་དང་སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་།

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་གཟུང་བའི་ཕྱིར་རམ་མི་གཟུང་བའི་ཕྱིར་སྤྱོད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གཟུང་བའི་ཕྱིར་རམ་མི་གཟུང་བའི་ཕྱིར་སྤྱོད་པ་དེ་དག་གིས་ནི་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་བསྒོམ་
པར་མི་ནུས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པར་མི་ནུས་སོ། །ནང་སྟོང་པ་ཉིད་
བསྒོམ་པར་མི་ནུས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་བསྒོམ་པར་མི་ནུས་སོ། །དྲན་པ་ཉེ་བར་གཞག་པ་རྣམས་བསྒོམ་པར་མི་ནུས་སོ། །ཡང་དག་པར་སྤོང་བ་རྣམས་དང་རྫུ་འཕྲུལ་གྱི་རྐང་པ་རྣམས་དང་དབང་པོ་རྣམས་དང་། སྟོབས་
རྣམས་དང་བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པར་མི་ནུས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བསྒོམ་པར་མི་ནུས་སོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་
འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་འདི་ནི་ཆོས་ཐམས་ཅད་དང་རྗེས་སུ་མཐུན་པ་སྟེ་ཆོས་འདི་ནི་ཆོས་གང་རྣམས་དང་རྗེས་སུ་འཐུན་པ་ལགས་ཤེ་ན། ཆོས་འདི་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་བསམ་
གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་ནང་སྟོང་པ་ཉིད་དང་རྗེས་སུ་འཐུན་པའོ། །
ཆོས་འདི་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་དྲན་པ་ཉེ་བར་གཞག་པ་རྣམས་དང་རྗེས་སུ་མཐུན་པའོ། །ཆོས་འདི་ནི་ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་།

སྟོབས་རྣམས་དང་བྱང་ཆུབ་ཀྱི་ཡན་ལག་རྣམས་དང་འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་འཕགས་པའི་བདེན་པ་དང་བསམ་གཏན་དང་ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་
དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་གཟུངས་ཀྱི་སྒོ་རྣམས་དང་དེ་བཞིན་གཤེགས་པའི་སྟོབས་
རྣམས་དང་མི་འཇིགས་པ་རྣམས་དང་སོ་སོ་ཡང་དག་པར་རིག་པ་རྣམས་དང་། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་རྗེས་སུ་འཐུན་པའོ། །ཆོས་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དང་རྗེས་སུ་འཐུན་པའོ། །
ཆོས་འདི་ནི་གང་ལ་ཡང་ཐོགས་པ་མ་མཆིས་པ་སྟེ། ཅི་ལ་ཐོགས་པ་མ་མཆིས་ཤེ་ན། གཟུགས་ལ་ཐོགས་པ་མ་མཆིས་སོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ལ་ཐོགས་པ་མ་མཆིས་སོ། །སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་
བ་ལ་ཐོགས་པ་མ་མཆིས་སོ། །ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་ཐོགས་པ་མ་མཆིས་སོ། །འཕགས་པའི་བདེན་པ་དང་བསམ་གཏན་དང་། ཚད་མེད་པ་དང་གཟུགས་མེད་པའི་
སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་ཐོགས་པ་མ་མཆིས་སོ། །མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་།
གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་སོ་སོ་ཡང་དག་པར་རིག་པ་རྣམས་དང་། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཐོགས་པ་མ་མཆིས་སོ། །རྣམ་པ་

ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ཐོགས་པ་མ་མཆིས་སོ། །ཆོས་འདི་ནི་ནམ་མཁའ་མཉམ་པ་ཉིད་དང་དེ་བཞིན་ཉིད་མཉམ་པ་ཉིད་དང་ཆོས་ཀྱི་དབྱིངས་གནས་པ་མཉམ་པ་ཉིད་དང་། ཡང་དག་པའི་མཐའ་མཉམ་པ་ཉིད་དང་བསམ་གྱིས་མི་ཁྱབ་པའི་
དབྱིངས་མཉམ་པ་ཉིད་དང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མཉམ་པ་ཉིད་དང་། སྐྱེ་བ་མཆིས་པ་དང་། འགག་པ་མ་མཆིས་པ་མཉམ་པ་ཉིད་དང་། ཀུན་ནས་ཉོན་མོངས་པ་མ་མཆིས་པ་དང་། རྣམ་པར་བྱང་བ་མ་མཆིས་པ་མཉམ་པ་ཉིད་ཀྱི་སླད་དུ་
ཐོགས་པ་མ་མཆིས་པའི་མཚན་ཉིད་དོ། །ཆོས་འདི་ནི་གཟུགས་ཀྱི་སྐྱེ་བ་མི་དམིགས་པ་དང་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་སྐྱེ་བ་མི་དམིགས་པ་དང་། སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་སྐྱེ་བ་མི་དམིགས་པ་དང་
ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་སྟོང་པ་ཉིད་ཐམས་ཅད་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་སུམ་ཅུ་རྩ་བདུན་གྱི་སྐྱེ་བ་མི་དམིགས་པ་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་
བརྒྱད་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པའི་སྐྱེ་བ་མི་དམིགས་པ་དང་། མངོན་པར་ཤེས་པ་དང་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་དང་དེ་བཞིན་གཤེགས་པའི་སྟོབས་དང་། མི་
འཇིགས་པ་དང་སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་སྐྱེ་བ་མི་དམིགས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་སྐྱེ་བ་མི་དམིགས་པའི་སླད་དུ་སྐྱེ་བ་མ་མཆིས་པའོ། །
ཆོས་འདི་ནི་གཟུགས་ཀྱི་རྟེན་མི་དམིགས་པ་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་རྟེན་མི་དམིགས་པ་དང་སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་རྟེན་མི་དམིགས་པ་དང་། ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་སྟོང་པ་ཉིད་

ཐམས་ཅད་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རྟེན་མི་དམིགས་པ་དང་འཕགས་པའི་བདེན་པ་དང་བསམ་གཏན་དང་ཚད་མེད་པ་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་
དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྟེན་མི་དམིགས་པ་དང་། མངོན་པར་ཤེས་པ་དང་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་དང་མི་འཇིགས་པ་དང་སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་སྙིང་
རྗེ་ཆེན་པོ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་རྟེན་མི་དམིགས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་རྟེན་མི་དམིགས་པའི་སླད་དུ་རྟེན་མ་མཆིས་པའོ། །དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱིས། བཅོམ་ལྡན་
འདས་ལ་འདི་སྐད་ཅེས་གསོལ་ཏོ། །གནས་བརྟན་རབ་འབྱོར་འདི་ནི་བཅོམ་ལྡན་འདས་ཀྱི་རྗེས་སུ་སྐྱེས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་གནས་བརྟན་རབ་འབྱོར་ནི་ཅི་དང་ཅི་སྟོན་པ་དེ་ཐམས་ཅད་སྟོང་པ་ཉིད་བརྩམས་ཤིང་སྟོན་ཏོ། མཚན་མ་མ་མཆིས་པ་དང་།
སྨོན་པ་མ་མཆིས་པ་ཉིད་བརྩམས་ཤིང་སྟོན་ཏོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་གང་འདི་སྐད་དུ་བཅོམ་ལྡན་འདས་གནས་བརྟན་རབ་འབྱོར་འདི་
ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ། །ཞེས་ཟེར་བ་ནི་ཇི་ལྟར་རྗེས་སུ་སྐྱེས་པས་གནས་བརྟན་རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་ཡིན་ཞེ་ན། གནས་བརྟན་རབ་འབྱོར་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་སྐྱེས་པ་སྟེ། ཇི་ལྟར་
དེ་བཞིན་གཤེགས་པའི་དེ་བཞིན་ཉིད་མ་འོངས་མ་སོང་བ་དེ་བཞིན་དུ། གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་མ་འོངས་མ་སོང་པས་ན། ཐོག་མ་ནས་གནས་བརྟན་རབ་འབྱོར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ། །དེ་བཞིན་གཤེགས་པའི་དེ་བཞིན་

ཉིད་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་དེའོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱང་དེ་སྟེ། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ཡང་དེ་བཞིན་ཉིད་མ་ཡིན་ནོ། །དེ་ལྟར་
ན་གནས་བརྟན་རབ་འབྱོར་ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ། གནས་བརྟན་རབ་འབྱོར་གནས་པས་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ། །ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་འགྱུར་
བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ་གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་ལ། ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཅི་ལ་ཡང་ཐོགས་པ་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་ཅི་ལ་ཡང་
ཐོགས་པ་མེད་དེ། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དང་། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་ཅིང་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་ལ་དེ་བཞིན་ཉིད་དེ་ཡང་མ་བྱས་པ་སྟེ། དེ་བཞིན་ཉིད་དེ་ནི་གང་གི་དེ་བཞིན་ཉིད་དུ་
མ་གྱུར་པ་ཡང་མེད་དེ་དེ་བཞིན་ཉིད་དེ་ནི་གང་གི་དེ་བཞིན་ཉིད་དུ་མ་གྱུར་པ་ཡང་མེད་པ་དེའི་ཕྱིར་དེ་བཞིན་ཉིད་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ་སྟེ། དེ་ལྟར་ན་གནས་བརྟན་རབ་འབྱོར་ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ། །དེ་བཞིན་གཤེགས་པའི་དེ་
བཞིན་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་དུ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་སྟེ། དེ་བཞིན་དུ་གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་ཐམས་ཅད་དུ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་ལ། ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཐ་མི་དད་པ།
དབྱེར་མེད་པ་འབྱེད་པ་མ་ཡིན་པ་དམིགས་སུ་མེད་པ་དེ་བཞིན་དུ་གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་ཐ་མི་དད་པ་དབྱེར་མེད་པ། འབྱེད་པ་མ་ཡིན་པ་དམིགས་སུ་མེད་པ་སྟེ། དེ་ལྟར་ན་གནས་བརྟན་རབ་འབྱོར་ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ། ཇི་

ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡོད་པ་མ་ཡིན་ཏེ། དེ་ཡང་དེ་བཞིན་ཉིད་མ་ཡིན་པ་མ་ཡིན་ཞིང་རྟག་ཏུ་དེ་བཞིན་ཉིད་ཡིན་པ་དེ་བཞིན་དུ་གནས་བརྟན་རབ་འབྱོར་ཀྱང་རྣམ་པ་གཞན་མ་ཡིན་པར་དེ་བཞིན་གཤེགས་
པའི་རྗེས་སུ་སྐྱེས་ཀྱང་གར་ཡང་རྗེས་སུ་སྐྱེས་པ་མེད་པ་སྟེ། དེ་ལྟར་ན་གནས་བརྟན་རབ་འབྱོར་ནི་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ། །དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་སོ་ཞེས་བྱ་སྟེ། འདས་པའི་དེ་བཞིན་ཉིད་ཀྱི་མཉམ་པ་ཉིད་ཀྱིས། དེ་བཞིན་
གཤེགས་པའི་དེ་བཞིན་ཉིད་མཉམ་པ་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱི་མཉམ་པ་ཉིད་ཀྱིས་འདས་པའི་དེ་བཞིན་ཉིད་མཉམ་པ་ཉིད་དོ། །མ་འོངས་པའི་དེ་བཞིན་ཉིད་ཀྱི་མཉམ་པ་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་མཉམ་པ་ཉིད་དོ། །
དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱི་མཉམ་པ་ཉིད་ཀྱིས་མ་འོངས་པའི་དེ་བཞིན་ཉིད་མཉམ་པ་ཉིད་དོ། །ད་ལྟར་བྱུང་བའི་དེ་བཞིན་ཉིད་ཀྱི་མཉམ་པ་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་མཉམ་པ་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་
མཉམ་པ་ཉིད་ཀྱིས། ད་ལྟར་བྱུང་བའི་དེ་བཞིན་ཉིད་མཉམ་པ་ཉིད་དོ། །དེ་ལྟར་ན་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དེ་བཞིན་ཉིད་དང་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །གཟུགས་ཀྱི་དེ་བཞིན་
ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་གཟུགས་ཀྱི་དེ་བཞིན་ཉིད་དོ། །དེ་ལྟར་ན་གཟུགས་ཀྱི་དེ་བཞིན་ཉིད་དང་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །
ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རྣམ་པར་ཤེས་པའི་དེ་བཞིན་ཉིད་དོ། །དེ་ལྟར་ན་རྣམ་པར་ཤེས་པའི་དེ་བཞིན་

ཉིད་དང་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་
རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་དེ་དེ་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་དང་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །
དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་དེ་བཞིན་ཉིད་དེ་དེ་ལྟར་ན་སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་དེ་བཞིན་ཉིད་དང་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་
པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཤེས་རབ་ཀྱི་ཕ་
རོལ་དུ་ཕྱིན་པའི་དེ་བཞིན་ཉིད་དེ་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དེ་བཞིན་ཉིད་དང་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་
གཤེགས་པའི་དེ་བཞིན་ཉིད་ཀྱིས་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་དེ་ལྟར་ན་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་
པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་དེ་ལྟར་ན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །

དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་
གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་བྱང་ཆུབ་ཀྱི་ཡན་ལག་རྣམས་དང་འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་
བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་དེ་དེ་ལྟར་ན་འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་དང་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་
ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །འཕགས་པའི་བདེན་པ་རྣམས་དང་བསམ་གཏན་རྣམས་དང་ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་
པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་མངོན་པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་མངོན་པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་
མངོན་པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཏིང་ངེ་འཛིན་རྣམས་དང་གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་།
སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི། དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །
དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་དང་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །འདི་ནི་རབ་འབྱོར་དེ་བཞིན་
གཤེགས་པའི་དེ་བཞིན་ཉིད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་ཉིད་དེ་མངོན་པར་རྫོགས་པར་སངས་རྒྱས་ནས། དེ་བཞིན་གཤེགས་པ་ཞེས་བྱ་བའི་མིང་ཐོབ་པར་འགྱུར་རོ། །དེ་བཞིན་ཉིད་ཀྱི་ལེའུ་འདི་བཤད་པའི་ཚེ། སྟོང་གསུམ་གྱི་སྟོང་
ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། གཡོས་ས་རབ་ཏུ་གཡོས་སོ། །ཀུན་ཏུ་གཡོས་སོ། །འགུལ་ཏོ་རབ་ཏུ་འགུལ་ཏོ་ཀུན་ཏུ་འགུལ་ཏོ། །ལྡེག་གོ་རབ་ཏུ་ལྡེག་གོ་ཀུན་ཏུ་ལྡེག་གོ། །ཆེམ་ཆེམ་རབ་ཏུ་ཆེམ་ཆེམ་ཀུན་ཏུ་ཆེམ་ཆེམ་མོ། །འུར་
འུར་རབ་ཏུ་འུར་འུར་ཀུན་ཏུ་འུར་འུར་རོ། །ཤིག་ཤིག་རབ་ཏུ་ཤིག་ཤིག་ཀུན་ཏུ་ཤིག་ཤིག་གོ། །ཤར་ཕྱོགས་མཐོ་ན་ནི་ནུབ་ཕྱོགས་དམའ། ཤར་ཕྱོགས་དམའ་ན་ནི་ནུབ་ཕྱོགས་མཐོ། །བྱང་ཕྱོགས་མཐོ་ན་ནི་ལྷོ་ཕྱོགས་དམའ། བྱང་ཕྱོགས་དམའ་ན་ནི་ལྷོ་
ཕྱོགས་མཐོ། །དབུས་མཐོ་ན་ནི་མཐའ་དམའ། དབུས་དམའ་ན་ནི་མཐའ་མཐོ་བར་གྱུར་ཏོ། །དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་དང་གནས་བརྟན་རབ་འབྱོར་ལ་ལྷ་རྫས་ཀྱི་ཙན་དན་གྱི་ཕྱེ་མས་
གཏོར། མངོན་པར་གཏོར་རབ་ཏུ་གཏོར་ནས། འདི་སྐད་དུ་བཅོམ་ལྡན་འདས་དེ་ལྟར་གནས་བརྟན་རབ་འབྱོར་འདི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་ངོ་མཚར་ཏོ་ཞེས་ཚིག་ཏུ་བརྗོད་དོ། །དེ་ནས་གནས་བརྟན་རབ་

འབྱོར་གྱིས་ལྷའི་བུ་དེ་དག་གི་གཏམ་དེ་ཉིད་ཀྱི་རྒྱུད་ནས་བཟུང་སྟེ། ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །དེ་ལྟར་ལྷའི་བུ་དག་གནས་བརྟན་རབ་འབྱོར་ནི་གཟུགས་ཀྱི་རྗེས་སུ་མ་སྐྱེས། གཟུགས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །གཟུགས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་
སུ་མ་སྐྱེས། གཟུགས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་རྗེས་སུ་མ་སྐྱེས། རྣམ་པར་ཤེས་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་
སྐྱེས། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་རྗེས་སུ་མ་སྐྱེས་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་ཀྱི་
རྗེས་སུ་མ་སྐྱེས། རྟེན་ཅིང་འབྲེལ་པར་འབྱུང་བའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་འཕགས་པའི་བདེན་པ་དང་། བསམ་གཏན་དང་།
ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་ཏིང་ངེ་འཛིན་
དང་གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་རྗེས་སུ་མ་སྐྱེས། སངས་རྒྱས་ཀྱི་
ཆོས་མ་འདྲེས་པ་རྣམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣམ་པ་ཐམས་

ཅད་མཁྱེན་པ་ཉིད་ཀྱི་བར་གྱི་རྗེས་སུ་མ་སྐྱེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ལས་
གཞན་གྱི་རྗེས་སུ་མ་སྐྱེས་སོ། །འདུས་བྱས་ཀྱི་རྗེས་སུ་མ་སྐྱེས། འདུས་བྱས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འདུས་བྱས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། འདུས་བྱས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འདུས་མ་བྱས་ཀྱི་རྗེས་སུ་མ་
སྐྱེས། འདུས་མ་བྱས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འདུས་མ་བྱས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། འདུས་མ་བྱས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་རྗེས་སུ་སྐྱེས་པ་དང་གང་གིས་རྗེས་སུ་སྐྱེས་པ་དང་། གང་རྗེས་སུ་
བསྐྱེད་པ་དང་། གང་གིས་རྗེས་སུ་བསྐྱེད་པ་དང་། གང་རྗེས་སུ་སྐྱེ་བར་འགྱུར་བའམ། གང་གིས་རྗེས་སུ་སྐྱེ་བར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མེད་ཅིང་མི་དམིགས་སོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་
འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མེད་པ་དང་། ཡང་དག་པའི་མཐའ་ནི་ཟབ་པ་སྟེ། དེ་ལ་
གཟུགས་མི་དམིགས། གཟུགས་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ་གཟུག