Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 027_ཉི་ཁྲི།_ཁ
Văn bản gốc(Tây Tạng)
Trang 17 / 24 (50.000 ký tự/trang)
་པ་བསྐྱེད་དོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ གསུངས་པའི་འཇིག་རྟེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཕུང་པོ་ལྔ་ནི་དེ་བཞིན་གཤེགས་པས་འཇིག་རྟེན་དུ་གསུངས་སོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོས་ཕུང་པོ་ལྔ་ནི་ཇི་ལྟར་བསྟན་པ་ལགས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཇི་ལྟར་ཕུང་པོ་ལྔ་སྟོན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཕུང་པོ་ལྔ་པོ་འདི་དག་འཇིག་པར་སྟོན་པ་མ་ཡིན། རབ་ཏུ་འཇིག་པར་སྟོན་པ་མ་ཡིན་ཏེ། སྐྱེ་ཞེས་བྱ་བར་མི་སྟོན་ཏོ། འགག་ཅེས་བྱ་བར་མི་སྟོན་ཏོ། །ཀུན་ནས་ཉོན་མོངས་ཞེས་བྱ་བ་དང་། རྣམ་པར་བྱང་ཞེས་བྱ་བ་དང་། འཕེལ་ཞེས་བྱ་བ་དང་། འགྲིབ་ཅེས་བྱ་བ་དང་། བླང་ཞེས་བྱ་བ་དང་། དོར་ཞེས་བྱ་བ་དང་། འདས་ཞེས་བྱ་བ་དང་། མ་འོངས་ཤེས་བྱ་བ་དང་། ད་ལྟར་བྱུང་ཞེས་བྱ་བར་ མི་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་འཇིག་པའམ། རབ་ཏུ་འཇིག་པ་མེད་དོ། །མཚན་མ་མེད་པ་ལ་འཇིག་པའམ། རབ་ཏུ་འཇིག་པ་མེད་དོ། །སྨོན་པ་མེད་པ་ལ་འཇིག་པའམ། རབ་ཏུ་འཇིག་པ་མེད་དོ། །མངོན་པར་འདུ་བྱ་བ་མེད་པ་ལ་འཇིག་པའམ། རབ་ཏུ་འཇིག་པ་མེད་དོ། །སྐྱེ་བ་མེད་པ་ལ་འཇིག་པའམ། རབ་ཏུ་འཇིག་པ་མེད་དོ། །དངོས་པོ་མེད་པ་ལ་འཇིག་པའམ། རབ་ཏུ་འཇིག་པ་མེད་དོ། །རང་བཞིན་མེད་པ་ལ་འཇིག་པའམ། རབ་ཏུ་འཇིག་པ་མེད་དོ། །རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འཇིག་རྟེན་སྟོན་པར་གསུངས་ཏེ། རབ་འབྱོར་སེམས་ཅན་ཚད་མེད་གྲངས་མེད་དཔག་ཏུ་མེད་པའི་སེམས་དང་སྤྱོད་པ་མཁྱེན་པ་དེ་དག་ཀྱང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཉིད་ལ་བརྟེན་ཅིང་རབ་ཏུ་མཁྱེན་ཏེ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་ པ་ཟབ་མོ་འདི་ལ་ནི་སེམས་ཅན་མེད་དོ། །སེམས་ཅན་དུ་གདགས་པ་མི་དམིགས་སོ། །གཟུགས་མེད་དོ། །གཟུགས་སུ་གདགས་པ་མི་དམིགས་སོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་མེད་དོ། །རྣམ་པར་ཤེས་པར་གདགས་པ་མི་ དམིགས་སོ། །མིག་མེད་དོ། །གཟུགས་མེད་དོ། །མིག་གི་རྣམ་པར་ཤེས་པ་མེད་དོ། །མིག་གི་འདུས་ཏེ་རེག་པ་མེད་དོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མེད་དོ། །མིག་དུ་གདགས་པ་མི་དམིགས་སོ། །གཟུགས་སུ་གདགས་པ་མི་དམིགས་སོ། །མིག་གི་རྣམ་ པར་ཤེས་པར་གདགས་པ་མི་དམིགས་སོ། །མིག་གི་འདུས་ཏེ་རེག་པར་གདགས་པ་མི་དམིགས་སོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བར་གདགས་པ་མི་དམིགས་སོ། །རྣ་བ་མེད་དོ། །སྐྲ་མེད་དོ། །སྣ་མེད་དོ། །དྲི་མེད་དོ། །ལྕེ་མེད་དོ། །རོ་མེད་དོ། ། ལུས་མེད་དོ། །རེག་བྱ་མེད་དོ། །ཡིད་མེད་དོ། །ཆོས་མེད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པ་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མེད་དོ། །ཡིད་དུ་གདགས་པ་མི་དམིགས་སོ། །ཆོས་སུ་གདགས་པ་མི་དམིགས་སོ། ཡིད་ཀྱི་རྣམ་པར་ཤེས་པར་གདགས་པ་མི་དམིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པར་གདགས་པ་མི་དམིགས་སོ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བར་གདགས་པ་མི་དམིགས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་མེད་དོ། །ཕ་རོལ་དུ་ཕྱིན་པ་རྣམས་མེད་དོ། །སྟོང་ པ་ཉིད་ཐམས་ཅད་མེད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་མེད་དོ། །འཕགས་པའི་བདེན་པ་རྣམས་མེད་དོ། །བསམ་གཏན་རྣམས་མེད་དོ། །ཚད་མེད་པ་རྣམས་མེད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མེད་དོ། །རྣམ་པར་ཐར་པ་བརྒྱད་མེད་དོ། ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་མེད་དོ། །མངོན་པར་ཤེས་པ་རྣམས་མེད་དོ། །ཏིང་ངེ་འཛིན་རྣམས་མེད་དོ། །གཟུངས་ཀྱི་སྒོ་རྣམས་མེད་དོ། །དེ་བཞིན་གཤེགས་པའི་ སྟོབས་རྣམས་མེད་དོ། །མི་འཇིགས་པ་རྣམས་མེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་མེད་དོ། །སྙིང་རྗེ་ཆེན་པོ་མེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དུ་གདགས་པ་མི་དམིགས་སོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་འཇིག་རྟེན་སྟོན་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ནི་གཟུགས་སྟོན་པར་བྱེད་པ་མ་ཡིན་ནོ། །ཚོར་བ་ དང་འདུ་ཤེས་དང་། འདུ་བྱེད་དང་རྣམ་པར་ཤེས་པ་སྟོན་པར་བྱེད་པ་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྟོན་པར་བྱེད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཉིད་ཀྱང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་ འདི་ཉིད་ལ་མེད་ཅིང་མི་དམིགས་ན། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ཡོད་པའམ། དམིགས་པར་ལྟ་ག་ལ་འགྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོད་པའམ། དམིགས་པར་ལྟ་ག་ལ་འགྱུར། རབ་ འབྱོར་གཞན་ཡང་སེམས་ཅན་ཇི་སྙེད་ཅིག་གདགས་སུ་ཡོད་པ། གཟུགས་ཡོད་པའམ། གཟུགས་མེད་པའམ། འདུ་ཤེས་ཡོད་པའམ། འདུ་ཤེས་མེད་པའམ། འདུ་ཤེས་ཡོད་པ་ཡང་མ་ཡིན། འདུ་ཤེས་མེད་པ་ཡང་མ་ཡིན་པ། འཇིག་རྟེན་གྱི་ཁམས་ འདི་དང་། ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དག་གི་ཡང་རུང་སྟེ། དེ་དག་གི་སེམས་བསྡུས་པ་དང་། སྤྲོས་པ་དེ་དག་ཀྱང་དེ་བཞིན་གཤེགས་པས་སེམས་བསྡུས་པ་དང་། སྤྲོས་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཇི་ལྟར་ན་དེ་ བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་། སྤྲོས་པ་ཡང་དག་པར་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་། སྤྲོས་པ་ནི་ཆོས་ཉིད་ཀྱིས་ཡང་དག་པར་ཇི་ལྟ་བ་བཞིན་ དུ་རབ་ཏུ་མཁྱེན་ཏོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་། སྤྲོས་པ་ཆོས་ཉིད་གང་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། རབ་འབྱོར་དེ་ནི་ཆོས་ཉིད་གང་ལ་ཆོས་ཉིད་ཀྱང་མི་དམིགས་ན། སེམས་བསྡུས་པ་དང་། སྤྲོས་པ་ལྟ་སྨོས་ཀྱང་མི་སྨོས་པའི་ཆོས་ཉིད་དེས། དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་། སྤྲོས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་། སྤྲོས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་ཀྱིས། སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་། སྤྲོས་པ་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། སེམས་ཅན་དེ་ དག་གི་སེམས་བསྡུས་པ་དང་། སྤྲོས་པ་ནི་ཟད་པའི་རྣམ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་། སྤྲོས་པ་ནི་འདོད་ ཆགས་དང་བྲལ་བ་དང་། འགག་པ་དང་། སྤོང་བའི་རྣམ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་། སྤྲོས་པ་ནི་ ཞི་བ་དང་། དབེན་པའི་རྣམ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སེམས་ཅན་དེ་དག་གི་སེམས་བསྡུས་པ་དང་། སྤྲོས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། སེམས་ཅན་དེ་དག་གི་སེམས་འདོད་ཆགས་དང་བཅས་པ་ལ། འདོད་ཆགས་དང་བཅས་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །འདོད་ ཆགས་དང་བྲལ་བའི་སེམས་ལ། འདོད་ཆགས་དང་བྲལ་བའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཞེ་སྡང་དང་བཅས་པའི་སེམས་ལ། ཞེ་སྡང་དང་བཅས་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཞེ་སྡང་དང་བྲལ་བའི་ སེམས་ལ། ཞེ་སྡང་དང་བྲལ་བའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གཏི་མུག་དང་བཅས་པའི་སེམས་ལ། གཏི་མུག་དང་བཅས་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གཏི་མུག་དང་བྲལ་བའི་སེམས་ལ། གཏི་མུག་ དང་བྲལ་བའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། སེམས་ཅན་དེ་དག་གི་སེམས་འདོད་ཆགས་དང་བཅས་པ་ལ། འདོད་ ཆགས་དང་བཅས་པའི་སེམས་ཤེས་བགྱི་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ལགས། ཇི་ལྟར་ན་ཞེ་སྡང་དང་བཅས་པ་དང་། གཏི་མུག་དང་བཅས་པ་ལ་གཏི་མུག་དང་བཅས་པའི་སེམས་ཤེས་བགྱི་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་པ་ལགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སེམས་འདོད་ཆགས་དང་བཅས་པ་གང་ཡིན་པ་དེ་ནི་སེམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་དམིགས་སུ་མེད་དོ། །སེམས་ལས་བྱུང་བའི་ཆོས་ རྣམས་ཀྱང་དམིགས་སུ་མེད་ན། འདོད་ཆགས་དང་བཅས་པ་འམ། འདོད་ཆགས་དང་བྲལ་བའི་སེམས་དམིགས་པ་ལྟ་ཅི་ཞིག་སྨོས། རབ་འབྱོར་སེམས་ཞེ་སྡང་དང་བཅས་པ་གང་ཡིན་པ་དེ་ནི། སེམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ སེམས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་དམིགས་སུ་མེད་དེ། སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་དམིགས་སུ་མེད་ན། ཞེ་སྡང་དང་བཅས་པ་འམ། ཞེ་སྡང་དང་བྲལ་བའི་སེམས་དམིགས་པ་ལྟ་ཅི་ཞིག་སྨོས། རབ་འབྱོར་སེམས་གཏི་མུག་དང་བཅས་ པ་གང་ཡིན་པ་དེ་ནི། སེམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་དམིགས་སུ་མེད་དེ། སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་དམིགས་སུ་མེད་ན། གཏི་མུག་དང་བཅས་པ་འམ། གཏི་མུག་དང་བྲལ་བའི་ སེམས་དམིགས་པ་ལྟ་ཅི་ཞིག་སྨོས། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་དེ་དག་གི་སེམས་འདོད་ཆགས་དང་བཅས་པ་ལ་འདོད་ཆགས་དང་བཅས་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ ཏོ། །ཞེ་སྡང་དང་བཅས་པའི་སེམས་ལ། ཞེ་སྡང་དང་བཅས་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །གཏི་མུག་དང་བཅས་པའི་སེམས་ལ། གཏི་མུག་དང་བཅས་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་ འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་འདོད་ཆགས་དང་བྲལ་བ་ལ་འདོད་ཆགས་དང་བྲལ་བའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་འདོད་ཆགས་དང་བྲལ་བ་གང་ཡིན་པ་དེ་ནི། སེམས་ཀྱི་འདོད་ཆགས་ དང་བཅས་པ་ཉིད་མ་ཡིན། འདོད་ཆགས་དང་བྲལ་བ་ཉིད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་གཉིས་འགྲོགས་ཤིང་ཕྲད་པ་མེད་དེ། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་འདོད་ཆགས་དང་བྲལ་བ་ལ། འདོད་ཆགས་དང་ བྲལ་བའི་སེམས་ཤེས་བྱ་བར་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཇི་ལྟར་ན་སེམས་ཅན་དེ་དག་གི་སེམས་ཞེ་སྡང་དང་བྲལ་བ་ལ། ཞེ་སྡང་དང་བྲལ་བའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་ཞེ་སྡང་དང་ བྲལ་བ་གང་ཡིན་པ་དེ་ནི། སེམས་ཀྱི་ཞེ་སྡང་དང་བཅས་པ་ཉིད་མ་ཡིན་ཏེ། ཞེ་སྡང་དང་བྲལ་བ་ཉིད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་གཉིས་འགྲོགས་ཤིང་ཕྲད་པ་མེད་དེ། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་ ཞེ་སྡང་དང་བྲལ་བ་ལ། ཞེ་སྡང་དང་བྲལ་བའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་གཏི་མུག་དང་བྲལ་བ་ལ། གཏི་མུག་དང་བྲལ་བའི་སེམས་ཤེས་བྱ་བར་ཡང་དག་པར་ཇི་ ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་གཏི་མུག་དང་བྲལ་བ་དེ་ནི། སེམས་ཀྱི་གཏི་མུག་དང་བཅས་པ་ཉིད་མ་ཡིན། གཏི་མུག་དང་བྲལ་བ་ཉིད་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་གཉིས་འགྲོགས་ཤིང་ཕྲད་པ་མེད་དེ། རབ་འབྱོར་དེ་ལྟར་ན་ དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་གཏི་མུག་དང་བྲལ་བ་ལ། གཏི་མུག་དང་བྲལ་བའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་རྒྱ་ཆེ་བ་ལ། སེམས་རྒྱ་ཆེ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་རྒྱ་ཆེ་བ་ལ། སེམས་རྒྱ་ཆེ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་དེ་རྒྱ་ཆེ་ བར་མི་འགྱུར། སེམས་དེ་རྒྱ་ཆུང་བར་མི་འགྱུར། སེམས་དེ་འཕེལ་བར་མི་འགྱུར། སེམས་དེ་འགྲིབ་བར་མི་འགྱུར། སེམས་དེ་འོང་བར་མི་འགྱུར། སེམས་དེ་འགྲོ་བར་མི་འགྱུར་ཏེ། སེམས་དེ་དངོས་པོ་མེད་པས་རྒྱ་ཆེ་བར་འགྱུར་བ་མ་ཡིན། རྒྱ་ཆུང་བར་ འགྱུར་བ་མ་ཡིན། འཕེལ་བར་འགྱུར་བ་མ་ཡིན། འགྲིབ་པར་འགྱུར་བ་མ་ཡིན། འོང་བར་འགྱུར་བ་མ་ཡིན། འགྲོ་བར་འགྱུར་བ་མ་ཡིན་ནོ། །ཞེས་བྱ་བར་རབ་ཏུ་མཁྱེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སེམས་ལ་གང་གིས་རྒྱ་ཆེན་པོར་འགྱུར་ བའམ། རྒྱ་ཆུང་ངུར་འགྱུར་བའམ། འཕེལ་བར་འགྱུར་བའམ། འགྲིབ་པར་འགྱུར་བའམ། འོང་བར་འགྱུར་བའམ། འགྲོ་བར་འགྱུར་བའི་ངོ་བོ་ཉིད་མེད་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཤེས་ རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་རྒྱ་ཆེ་བ་ལ། སེམས་རྒྱ་ཆེ་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་ཀྱི་སེམས་ཡངས་པ་ལ། སེམས་ཡངས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་ཡངས་པ་ལ་སེམས་ཡངས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་འདི་ལ་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་དེ་ལ་འོང་བ་དང་། འགྲོ་བ་མི་གཟིགས་སོ། །སྐྱེ་བ་དང་འགག་པ་དང་གནས་པ་དང་གནས་པ་ལས་གཞན་དུ་འགྱུར་བ་མི་གཟིགས་ སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་དེ་ལ་གང་འོང་བར་འགྱུར་བའམ། འགྲོ་བར་འགྱུར་བའམ། སྐྱེ་བར་འགྱུར་བའམ། འགག་པར་འགྱུར་བའམ། གནས་པར་འགྱུར་བའམ། གནས་པ་ལས་གཞན་དུ་འགྱུར་བ་དེ་ལྟ་བུའི་ངོ་བོ་ཉིད་མེད་དེ། རབ་ འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་ཡངས་པ་ལ། སེམས་ཡངས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་ དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་ཚད་མེད་པ་ལ། སེམས་ཚད་ མེད་ཅེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་ཚད་ མེད་པ་ལ། སེམས་ཚད་མེད་ཅེས་བྱ་བར་ཡང་དག་པ་ཇི་ལྟ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་གནས་པར་ཡང་དག་ པར་རྗེས་སུ་མི་གཟིགས། རྣམ་པར་གནས་པ་དང་། ཡོངས་སུ་གནས་པ་དང་། ཉེ་བར་གནས་པར་ཡང་དག་པར་རྗེས་སུ་མི་གཟིགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སེམས་ཀྱི་རྒྱུད་ནི་རྟེན་མེད་ཅིང་ཚད་མེད་པ་སྟེ། སེམས་ཀྱི་རྒྱུད་དེ་དག་ལ་གང་ལ་གནས་པར་ བྱ་བའི་རྟེན་མེད་པའི་ཕྱིར་ཏེ། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་ཚད་མེད་པ་ལ། སེམས་ཚད་མེད་ ཅེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་ སེམས་བསྟན་དུ་མེད་པ་ལ། སེམས་བསྟན་དུ་མེད་ཅེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་བསྟན་དུ་མེད་པ་ལ། སེམས་བསྟན་དུ་མེད་ཅེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། མཚན་ ཉིད་མེད་པའི་སེམས་ལ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར། མཚན་ཉིད་མེད་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏེ། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་ པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་བསྟན་དུ་མེད་པ་ལ་བསྟན་དུ་མེད་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་བལྟར་མེད་པ་ལ་བལྟར་མེད་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་བལྟར་མེད་པ་ལ། བལྟར་མེད་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་ འདི་ལ་དེ་བཞིན་གཤེགས་པའི་སྤྱན་ལྔ་ལ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་དེ་དག་སྣང་བར་མི་འགྱུར་ཏེ། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་གང་ཟག་ཕ་རོལ་གྱི་སེམས་བལྟར་མེད་པ་ལ། བལྟར་མེད་པའི་སེམས་ཤེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ ཀྱིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་འཕྲོ་བ་དང་། འདུ་བ་དང་། བཀྲམ་པ་དང་། བཅུམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་འཕྲོ་བ་དང་། འདུ་བ་དང་། བཀྲམ་པ་དང་། བཅུམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ ཅེ་ན། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་འཕྲོ་བ་དང་། འདུ་བ་དང་། བཀྲམ་པ་དང་། བཅུམ་པ་གང་ཇི་སྙེད་ཅིག་སྐྱེ་ཞིང་འབྱུང་བ་དེ་དག་ཐམས་ ཅད་ཀྱང་གཟུགས་ལ་བརྟེན། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ལ་བརྟེན་པས་སྐྱེ་ཞིང་འབྱུང་བར་འགྱུར་རོ་ཞེས་བྱ་བར། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་དེ་དག་རབ་ཏུ་མཁྱེན་ཏོ། །རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་འཕྲོ་བ་དང་། འདུ་བ་དང་། བཀྲམ་པ་དང་། བཅུམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །དེ་ལ་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་འཕྲོ་བ་དང་། འདུ་བ་དང་། བཀྲམ་པ་དང་། བཅུམ་པ་རྣམ་པ་འདི་ལྟར་རབ་ཏུ་མཁྱེན་ཏེ། བདག་དང་འཇིག་རྟེན་རྟག་ཅེས་བྱ་བ་དེ་ཉིད་ བདེན་གྱི། གཞན་ནི་དོན་མེད་དོ་ཅེས་བྱ་བ་དེ་ནི། གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ལ་གནས་པའོ། །བདག་དང་འཇིག་རྟེན་མི་རྟག་ཅེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་མེད་དོ་ཞེས་བྱ་བ་དེ་ ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ལ་གནས་པའོ། །བདག་དང་འཇིག་རྟེན་རྟག་ཀྱང་རྟག་ལ། མི་རྟག་ཀྱང་མི་རྟག་ཅེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་མེད་དོ། ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་ དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ལ་གནས་པའོ། །བདག་དང་འཇིག་རྟེན་ནི་རྟག་པ་འང་མ་ཡིན། མི་རྟག་པ་འང་མ་ཡིན། ཞེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་མེད་པའོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་དང་འདུ་ཤེས་དང་འདུ་ བྱེད་དང་། རྣམ་པར་ཤེས་པ་ལ་གནས་པའོ། །བདག་དང་འཇིག་རྟེན་ནི་མཐའ་དང་ལྡན་པ་ཞེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་མེད་དོ། །ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ལ་གནས་པའོ། བདག་དང་ འཇིག་རྟེན་ནི་མཐའ་དང་མི་ལྡན་པ་ཞེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་མེད་དོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ལ་གནས་པའོ། །བདག་དང་འཇིག་རྟེན་ནི་མཐའ་དང་ལྡན་པ་ཡང་ཡིན་ལ། མཐའ་དང་མི་ ལྡན་པ་ཡང་ཡིན་ཞེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་མེད་དོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ལ་གནས་པའོ། །བདག་དང་འཇིག་རྟེན་ནི་མཐའ་དང་ལྡན་པ་ཡང་མ་ཡིན། མཐའ་དང་མི་ལྡན་པ་ཡང་ མ་ཡིན་ཞེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་མེད་དོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ལ་གནས་པའོ། །ལུས་དེ་སྲོག་དང་ལྡན་ཞེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་མེད་དོ་ཞེས་བྱ་བ་དེ་ནི་གཟུགས་ལ་ གནས་པའོ། །དེ་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ལ་གནས་པའོ། །སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ཞེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་མེད་དོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ ཤེས་པ་ལ་གནས་པའོ། །དེ་བཞིན་གཤེགས་པ་གྲོངས་ནས་ཡོད་ཅེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་མེད་དོ་ཞེས་བྱ་བ་དེ་ནི་གཟུགས་ལ་གནས་པའོ། །དེ་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ལ་གནས་པའོ། །དེ་ལྟར་དེ་བཞིན་གཤེགས་པ་གྲོངས་ནས་ མེད་ཅེས་བྱ་བ་དང་། དེ་བཞིན་གཤེགས་པ་གྲོངས་ནས་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་ཅེས་བྱ་བ་དང་། དེ་བཞིན་གཤེགས་པ་གྲོངས་ནས་ཡོད་པར་འགྱུར་བ་ཡང་མ་ཡིན། མེད་པར་འགྱུར་བ་ཡང་མ་ཡིན་ཞེས་བྱ་བ་དེ་ཉིད་བདེན་གྱི། གཞན་ནི་དོན་མེད་དོ་ཞེས་བྱ་བ་དེ་ནི་གཟུགས་ ལ་གནས་པའོ། །དེ་ནི་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ལ་གནས་པའོ། །ཞེས་བྱ་བར་རབ་ཏུ་མཁྱེན་ཏེ། རབ་འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་འཕྲོ་བ་དང་། འདུ་བ་དང་། བཀྲམ་པ་དང་། བཅུམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ ལ་བརྟེན་ཏེ། གཟུགས་མཁྱེན་ཏོ། །གཟུགས་ཇི་ལྟར་མཁྱེན་ཅེ་ན། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་ལ། མཚན་མ་མེད་ཅིང་བྱེད་པ་མེད་དེ། སྤྲོས་པ་མེད་ཅིང་དམིགས་སུ་མེད་པ་དེ་ལྟར་མཁྱེན་ཏོ། །ཚོར་བ་དང་འདུ་ ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་མཁྱེན་ཏོ། །རྣམ་པར་ཤེས་པ་ཇི་ལྟར་མཁྱེན་ཅེ་ན། དེ་བཞིན་ཉིད་དང་མ་ནོར་བ་དེ་བཞིན་ཉིད་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་ལ། མཚན་མ་མེད་ཅིང་བྱེད་པ་མེད་དེ། སྤྲོས་པ་མེད་ཅིང་དམིགས་སུ་མེད་པ་དེ་ལྟར་མཁྱེན་ཏོ། །རབ་ འབྱོར་དེ་བཞིན་དུ་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཏེ། སེམས་ཅན་ཕ་རོལ་དང་། གང་ཟག་ཕ་རོལ་གྱི་སེམས་འཕྲོ་བ་དང་། འདུ་བ་དང་། བཀྲམ་པ་དང་། བཅུམ་པ་རྣམས་ཀྱང་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ རབ་ཏུ་མཁྱེན་ཏོ། །མ་ནོར་བ་དེ་བཞིན་ཉིད་དང་། འགྱུར་བ་མེད་པ་དང་། རྣམ་པར་རྟོག་པ་མེད་པ་དང་། མཚན་མ་མེད་པ་དང་། བྱེད་པ་མེད་པ་དང་། སྤྲོས་པ་མེད་པ་དང་། དམིགས་སུ་མེད་པ་ཇི་ལྟ་བ་དེ་བཞིན་དུ་མཁྱེན་ཏོ། །དེ་ལྟར་ན་འཕྲོ་བ་དང་འདུ་བ་དང་བཀྲམ་པ་དང་བཅུམ་པའི་དེ་བཞིན་ཉིད་ གང་ཡིན་པ་དེ་ནི། ཕུང་པོའི་དེ་བཞིན་ཉིད་དོ། །ཕུང་པོའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། སྐྱེ་མཆེད་ཀྱི་དེ་བཞིན་ཉིད་དོ། །སྐྱེ་མཆེད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། ཁམས་ཀྱི་དེ་བཞིན་ཉིད་དོ། །ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་དོ། །རྟེན་ཅིང་ འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། ཕ་རོལ་དུ་ཕྱིན་པ་དྲུག་གི་དེ་བཞིན་ཉིད་དོ། །ཕ་རོལ་དུ་ཕྱིན་པ་དྲུག་གི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། སྟོང་པ་ཉིད་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། ། སྟོང་པ་ཉིད་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་དེ་བཞིན་ཉིད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། བསམ་གཏན་བཞིའི་དེ་བཞིན་ཉིད་དོ། །བསམ་གཏན་བཞིའི་དེ་བཞིན་ཉིད་གང་ཡིན་ པ་དེ་ནི། ཚད་མེད་པ་བཞིའི་དེ་བཞིན་ཉིད་དོ། །ཚད་མེད་པ་བཞིའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞིའི་དེ་བཞིན་ཉིད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞིའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། མངོན་པར་ཤེས་པ་ལྔའི་དེ་བཞིན་ ཉིད་དོ། །མངོན་པར་ཤེས་པ་ལྔའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། རྣམ་པར་ཐར་པ་བརྒྱད་ཀྱི་དེ་བཞིན་ཉིད་དོ། །རྣམ་པར་ཐར་པ་བརྒྱད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་དེ་བཞིན་ཉིད་དོ། །མཐར་གྱིས་གནས་པའི་སྙོམས་ བར་འཇུག་པ་དགུའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་དེ་བཞིན་ཉིད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་ པའི་སྟོབས་བཅུའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། མི་འཇིགས་པ་བཞིའི་དེ་བཞིན་ཉིད་དོ། །མི་འཇིགས་པ་བཞིའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། སོ་སོ་ཡང་དག་པར་རིག་པ་བཞིའི་དེ་བཞིན་ཉིད་དོ། །སོ་སོ་ཡང་དག་པར་རིག་པ་བཞིའི་ དེ་བཞིན་ཉིད་གང་ཡིན་པ་དེ་ནི། བྱམས་པ་ཆེན་པོའི་དེ་བཞིན་ཉིད་དོ། །བྱམས་པ་ཆེན་པོའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་དོ། །སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་དེ་བཞིན་ཉིད་དོ། །སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དགེ་བའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོ། །དགེ་བའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་ གང་ཡིན་པ་དེ་ནི། མི་དགེ་བའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོ། །མི་དགེ་བའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། འཇིག་རྟེན་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོ། །འཇིག་རྟེན་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ ཀྱི་དེ་བཞིན་ཉིད་དོ། །འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོ། །ཟག་པ་དང་བཅས་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། ཟག་པ་མེད་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོ། ། ཟག་པ་མེད་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། འདུས་བྱས་དང་། འདུས་ མ་བྱས་ཀྱི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོ། །འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། རྒྱུན་དུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། ལན་ཅིག་ཕྱིར་འོང་ བའི་འབྲས་བུའི་དེ་བཞིན་ཉིད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། ཕྱིར་མི་འོང་བའི་འབྲས་བུའི་དེ་བཞིན་ཉིད་དོ། །ཕྱིར་མི་འོང་བའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་དོ། །དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་གང་ ཡིན་པ་དེ་ནི། རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་དོ། །རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དེ་བཞིན་ཉིད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། དེ་བཞིན་ཉིད་གཅིག་པ་ཉིད་དེ་ཐ་མི་དད་པའི་དེ་བཞིན་ཉིད་དོ། །ཐ་མི་དད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི། མི་ཟད་པ་སྟེ་མི་ཟད་པའི་ཕྱིར་གཉིས་སུ་མེད་དེ། གཉིས་སུ་བྱར་མེད་དོ། །རབ་འབྱོར་དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ ཉིད་དེ། དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལ་བརྟེན་ཏེ། མངོན་པར་རྫོགས་པར་སངས་རྒྱས་སོ། །རབ་འབྱོར་དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ནི། དེ་བཞིན་གཤེགས་པ་བསྐྱེད་པའོ། །འཇིག་རྟེན་འདི་སྟོན་པའོ། །རབ་ འབྱོར་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐུགས་སུ་ཆུད་དོ། །མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ཐུགས་སུ་ཆུད་དོ། །དེ་བཞིན་ཉིད་དེས་ན་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ལགས་པ་དེ་བཞིན་ཉིད་འདི་ནི་ཟབ་པ་སྟེ། བཅོམ་ལྡན་ འདས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ལགས་པ་དེ་བཞིན་ཉིད་དེས་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་བརྗོད་ཅིང་སྨོས་སོ། །བཅོམ་ལྡན་འདས་སླར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་དང་། གང་ཟག་ལྟ་བ་ཕུན་སུམ་ཚོགས་པ་རྣམས་དང་། དགྲ་བཅོམ་པ་ཟག་པ་ཟད་པ་རྣམས་མ་གཏོགས་པར་སུ་ཞིག་འདི་ལ་མོས་པར་འགྱུར། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་དེ་དག་མངོན་པར་སངས་རྒྱས་ནས། སེམས་ཅན་རྣམས་ལ་གསུངས་ པ་ནི་ཤིན་དུ་ཟབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་དེ་བཞིན་ཉིད་མི་ཟད་པ་སྟེ། ཅིའི་ཕྱིར་མི་ཟད་ཅེ་ན། ཆོས་ཐམས་ཅད་ནི་མི་ཟད་པའི་ཕྱིར་ཏེ། དེ་བཞིན་ཉིད་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ལ་གསུངས་ཏེ། འདི་ལྟར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས། ལེའུ་སུམ་ཅུ་ གཉིས་པའོ།། །།དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་གང་ཇི་སྙེད་པ་དེ་དག་ལྷ་རྫས་ཀྱི་ཙན་དན་གྱི་ཕྱེ་མས་མངོན་པར་འཐོར་ཞིང་། བཅོམ་ལྡན་འདས་གང་ན་ བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས། འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་གང་ཇི་སྙེད་པ་དེ་དག་གིས། བཅོམ་ལྡན་འདས་ ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་བཤད་ན། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོའི་མཚན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ ཟབ་མོ་འདི་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ནི་མཚན་མ་མེད་པའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ནི། སྨོན་པ་མེད་པའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་ རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ནི། མངོན་པར་འདུ་བྱ་བ་མེད་པའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ནི། སྐྱེ་བ་མེད་པའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ནི། འགག་པ་མེད་པའི་མཚན་ཉིད་དོ། ། ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ནི། ཉོན་མོངས་པ་མེད་པའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ནི། རྣམ་པར་བྱང་བ་མེད་པའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ནི། དངོས་པོ་ མེད་པའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ནི། ངོ་བོ་ཉིད་མེད་པའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ནི། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་ འདི་ནི། མི་གནས་པའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ནི། ནམ་མཁའི་མཚན་ཉིད་དོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ནི། མཚན་ཉིད་དེ་ལྟ་བུ་ཡིན་ཡང་། དེ་བཞིན་གཤེགས་པས་འཇིག་རྟེན་གྱི་བརྡར་བཀའ་ སྩལ་ཏེ། དོན་དམ་པར་ནི་མ་ཡིན་ནོ། །ལྷའི་བུ་དག་མཚན་ཉིད་དེ་དག་ནི་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་གཞན་དུ་བྱ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡང་མཚན་ཉིད་དེར་ཟད་དེ། །ལྷའི་བུ་ དག་མཚན་ཉིད་ནི་མཚན་ཉིད་གཞན་དུ་མི་བྱེད་དོ། །མཚན་ཉིད་ནི་མཚན་ཉིད་ཤེས་པར་མི་བྱེད་དོ། །མཚན་ཉིད་ནི་མཚན་ཉིད་མེད་པ་ཤེས་པར་མི་བྱེད་དོ། །མཚན་ཉིད་མེད་པ་ནི་མཚན་ཉིད་མེད་པ་ཤེས་པར་མི་བྱེད་དོ། །དེ་ལྟར་ན་མཚན་ཉིད་དང་། མཚན་ཉིད་མེད་པ་དང་། མཚན་ ཉིད་ཡོད་པ་དང་། མཚན་ཉིད་མེད་པ་དེ་གཉིས་ཀ་ལ་ཡང་གང་གིས་ཤེས་པར་བྱ་བ་དང་། གང་ཤེས་པར་བྱ་བ་དང་། གང་ཤེས་པར་བྱེད་པ་དེ་ལྟ་བུ་མི་སྲིད་དོ། །ལྷའི་བུ་དག་མཚན་ཉིད་དེ་དག་ནི་གཟུགས་ཀྱིས་འདུས་བྱས་པ་མ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པས་འདུས་བྱས་པ་མ་ཡིན་ནོ། །སྐྱེ་མཆེད་དང་ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བས་འདུས་བྱས་པ་མ་ཡིན་ནོ། །སྦྱིན་པའི་ཕ་རོལ་དུ་ཕྱིན་པས་འདུས་བྱས་པ་མ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་ རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་འདུས་བྱས་པ་མ་ཡིན་ནོ། །སྟོང་པ་ཉིད་ཐམས་ཅད་ཀྱིས་འདུས་བྱས་པ་མ་ཡིན་ནོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་འདུས་བྱས་པ་མ་ཡིན་ནོ། །འཕགས་པའི་བདེན་པ་རྣམས་ཀྱིས་ འདུས་བྱས་པ་མ་ཡིན་ནོ། །བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱིས་འདུས་བྱས་པ་མ་ཡིན་ནོ། །རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱི་བར་གྱིས་འདུས་བྱས་པ་མ་ཡིན་ནོ། །ལྷའི་བུ་དག་མཚན་ཉིད་དེ་དག་ནི་མིའམ། མི་མ་ཡིན་པའམ། ཟག་པ་དང་བཅས་པའམ། ཟག་པ་མེད་པའམ། འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པའམ། འདུས་བྱས་སམ། །འདུས་མ་བྱས་ཀྱིས་ མ་ཡིན་ཏེ། ལྷའི་བུ་དག་ལ་ལ་ཞིག་འདི་སྐད་དུ་ནམ་མཁའི་མཚན་ཉིད་གང་ཡིན་ཞེས་ཟེར་ན། ཅི་དེ་ཡང་དག་པར་སྨྲ་བས། ཡང་དག་པར་སྨྲ་བ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། ཡང་དག་པར་སྨྲ་བས། ཡང་དག་པར་སྨྲ་ བ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདུས་མ་བགྱིས་པའི་སླད་དུ་ནམ་མཁའ་ལ་ནི་མཚན་ཉིད་གང་ཡང་མ་མཆིས་སོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། མཚན་ཉིད་མེད་པའི་དབྱིངས་དེ་ནི་དེ་བཞིན་དུ་གནས་སོ། །མཚན་ཉིད་མེད་པའི་དབྱིངས་ཇི་ལྟ་བ་བཞིན་དུ་གནས་པ་དེ་ནི། དེ་བཞིན་གཤེགས་པས་མ་ནོར་བར་མངོན་པར་སངས་རྒྱས་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་ཞེས་ བྱའོ། །དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མཚན་ཉིད་དེ་དག་མངོན་པར་རྫོགས་པར་སངས་རྒྱས་པས། དེ་བཞིན་གཤེགས་པའི་ཡེ་ཤེས་གཟིགས་པ་ཆོས་ ཐམས་ཅད་ལ་ཐོགས་པ་མ་མཆིས་པར་འཇུག་ཅིང་མཚན་ཉིད་དེ་དག་ལ་ཞུགས་པས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མཚན་ཉིད་ཐམས་ཅད་ཀྱི་ཆགས་པ་ལས་འདས་པ་འདི་མངོན་པར་རྫོགས་ པར་སངས་རྒྱས་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་དག་པར་བསྟན་པས། མཚན་ཉིད་རྣམས་རབ་ཏུ་བསྟན་པ་ནི། དེ་བཞིན་གཤེགས་པས། མཚན་ཉིད་ཟབ་མོ་མངོན་པར་རྫོགས་པར་སངས་རྒྱས་སོ། །བཅོམ་ ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་ཏེ། དེ་ལ་སྤྱད་པས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། མཚན་ཉིད་ཐམས་ཅད་རབ་ཏུ་དབྱེ་བར་མཛད་དེ། འདི་ལྟར་གཟུགས་ཀྱི་མཚན་ཉིད་དང་། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་མཚན་ཉིད་དང་། སྐྱེ་མཆེད་ཀྱི་མཚན་ཉིད་དང་ཁམས་ཀྱི་མཚན་ཉིད་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་མཚན་ཉིད་རབ་ཏུ་དབྱེ་བ་མཛད་པ་ངོ་མཚར་ཆེའོ། །དེ་སྐད་ ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འདོད་པ་ན་སྤྱོད་པ་དང་། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ལ་བཀའ་སྩལ་པ། ལྷའི་བུ་དག་གཟུགས་ནི་གཞིག་ཏུ་རུང་བའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་ སོ། །དེ་བཞིན་དུ་ཚོར་བ་ནི་མྱོང་བའི་མཚན་ཉིད། འདུ་ཤེས་ནི་འཛིན་པའི་མཚན་ཉིད། འདུ་བྱེད་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད། རྣམ་པར་ཤེས་པ་ནི་སོ་སོའི་བྱེ་བྲག་ཤེས་པའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་ རྒྱས་སོ། །ཕུང་པོ་རྣམས་ནི་སྡུག་བསྔལ་གྱི་མཚན་ཉིད། ཁམས་རྣམས་ནི་གདུག་པའི་མཚན་ཉིད་དེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །སྐྱེ་མཆེད་རྣམས་ནི་འབྱུང་བའི་སྒོའི་མཚན་ཉིད་དེ། དེ་དག་ནི་དེ་བཞིན་གཤེགས་ བས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ནི་འདུ་འཕྲོད་ཀྱི་མཚན་ཉིད་དེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ལྷའི་བུ་དག་སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ནི་ཡོངས་སུ་ གཏོང་བའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ནི་གདུང་བ་མེད་པའི་མཚན་ཉིད། བཟོད་པའི་ཕ་རོལ་དུ་ཕྱིན་པ་ནི་འཁྲུག་པ་མེད་པའི་མཚན་ཉིད། བརྩོན་འགྲུས་ཀྱི་ཕ་རོལ་དུ་ ཕྱིན་པ་ནི་ཐུབ་པ་མེད་པའི་མཚན་ཉིད། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ནི་ཡང་དག་པར་སྡུད་པའི་མཚན་ཉིད། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཆགས་པ་མེད་པའི་མཚན་ཉིད་དེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། ། བསམ་གཏན་བཞི་དང་ཚད་མེད་པ་བཞི་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དག་ནི་མི་འཁྲུགས་པའི་མཚན་ཉིད་དེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ ཆོས་སུམ་ཅུ་རྩ་བདུན་ནི་འབྱུང་བའི་མཚན་ཉིད་དེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ནི་དབེན་པའི་མཚན་ཉིད་དེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་ རྫོགས་པར་སངས་རྒྱས་སོ། །རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ནི་ཞི་བའི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ནི་སྡུག་བསྔལ་སེལ་བའི་མཚན་ཉིད་དེ། དེ་ནི་དེ་ བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །རྣམ་པར་ཐར་པ་རྣམས་ནི་འགྲེལ་བའི་མཚན་ཉིད་དེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །སྟོབས་རྣམས་ནི་ཤིན་དུ་རྣམ་པར་གདོན་མི་ཟ་བའི་ མཚན་ཉིད། མི་འཇིགས་པ་རྣམས་ནི་ཤིན་དུ་བརྟན་པའི་མཚན་ཉིད། སོ་སོ་ཡང་དག་པར་རིག་པ་རྣམས་ནི་ཡོངས་སུ་མི་ཆོད་པའི་མཚན་ཉིད། བྱམས་པ་ཆེན་པོ་ནི་ཕན་པར་སྒྲུབ་པའི་མཚན་ཉིད། སྙིང་རྗེ་ཆེན་པོ་ནི་སྐྱོབ་པའི་མཚན་ཉིད། དགའ་བ་ཆེན་པོ་ནི་རབ་ཏུ་དགའ་ བའི་མཚན་ཉིད། བཏང་སྙོམས་ཆེན་པོ་ནི་མ་འདྲེས་པའི་མཚན་ཉིད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི་མི་འཕྲོགས་པའི་མཚན་ཉིད་དེ། དེ་དག་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཀྱི་ཡེ་ཤེས་ནི་མངོན་སུམ་གྱི་མཚན་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ལྷའི་བུ་དག་དེ་ལྟར་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཚན་ཉིད་མེད་པར་མངོན་པར་རྫོགས་པར་སངས་རྒྱས་པས། དེའི་ཕྱིར་ན་ དེ་བཞིན་གཤེགས་པ་ནི་ཆགས་པ་མི་མངའ་བའི་ཡེ་ཤེས་ཅན་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་སྐྱེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་འཇིག་ རྟེན་སྟོན་པའོ། །དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཆོས་འདི་ལ་བརྟེན་ཅིང་རྣམ་པར་སྤྱོད་དོ། །ཆོས་དེ་ལ་རིམ་གྲོར་མཛད་ཅིང་མཆོད་པ་མཛད་དོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་དེ་ བཞིན་གཤེགས་པ་རིམ་གྲོ་མཛད་པ་དང་བཀུར་བསྟི་མཛད་པ་དང་བསྟི་སྟང་མཛད་པ་དང་། མཆོད་པ་མཛད་པ་དེ་ནི་ཆོས་དང་ལྡན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ལས་བྱུང་སྟེ། རབ་འབྱོར་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་བྱས་པ་མཁྱེན་པའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་བྱས་པ་དགོངས་པའོ། །རབ་འབྱོར་གང་ལ་ལ་ཞིག་ཡང་དག་པར་སྨྲ་བས་བྱས་པ་ཤེས་ཤིང་བྱས་པ་དྲན་པའོ་ཞེས་སྨྲ་ན། དེ་བཞིན་གཤེགས་པ་ལ་བྱས་པ་མཁྱེན་ཅིང་བྱས་པ་དགོངས་པའོ་ཞེས་ཡང་དག་པར་སྨྲ་བས། ཡང་དག་པར་སྨྲའོ། །རབ་འབྱོར་ཇི་ལྟར་ན་དེ་བཞིན་གཤེགས་པས་བྱས་པ་མཁྱེན་ཅིང་བྱས་པ་དགོངས་པ་ཡིན་ཞེ་ན། རབ་འབྱོར་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་ཐེག་པ་གང་གིས་བྱོན་པ་དང་། ལམ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པའི་ཐེག་པ་དེ་ཉིད་དང་ལམ་དེ་ཉིད་ལ། དེ་བཞིན་གཤེགས་པ་རིམ་གྲོ་མཛད་པ་དང་། བཀུར་བསྟི་མཛད་ པ་དང་བསྟི་སྟང་མཛད་པ་དང་མཆོད་པ་མཛད་པ་དང་། ཡོངས་སུ་བསྲུང་བ་མཛད་པའི་ཕྱིར་ཏེ། རབ་འབྱོར་དེ་ནི་དེ་བཞིན་གཤེགས་པའི་བྱས་པ་མཁྱེན་པ་དང་། བྱས་པ་དགོངས་པར་བལྟའོ། །རབ་འབྱོར་གཞན་ཡང་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མཚན་མ་མེད་ པ་ལ་བརྟེན་ཏེ། བྱེད་པ་པོ་མེད་པའི་ཕྱིར། ཆོས་ཐམས་ཅད་མ་བྱས་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །ལུས་མེད་པའི་ཕྱིར་མ་བྱས་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་དུ་ ཕྱིན་པ་ལ་བརྟེན་ཏེ། ཆོས་ཐམས་ཅད་ལ་བྱ་བ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ནི། །དེ་བཞིན་གཤེགས་པའི་བྱས་པ་མཁྱེན་པ་དང་བྱས་པ་དགོངས་པའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བརྟེན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་བྱས་པ་མེད་པ། །ཆོས་ཐམས་ཅད་ལ་འཇུག་པ་མེད་པའི་བརྡས་འཇུག་སྟེ། རབ་འབྱོར་རྣམ་གྲངས་དེས་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་བསྐྱེད་པའོ། །འཇིག་རྟེན་འདི་སྟོན་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ ལྡན་འདས་དེ་ལྟར་ཆོས་ཐམས་ཅད་ལ་ཤེས་པ་པོ་མ་མཆིས་ཤིང་། མཐོང་བ་པོ་མ་མཆིས་ན། ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་བཞིན་གཤེགས་པ་བསྐྱེད་ཅིང་འཇིག་རྟེན་འདི་སྟོན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ ཏེ། ཆོས་ཐམས་ཅད་ནི་ཤེས་པ་པོ་མེད་ཅིང་མཐོང་བ་པོ་མེད་པའོ། །རབ་འབྱོར་ཆོས་ཐམས་ཅད་ནི་སྟོང་པ་གསོག་གསོབ་དབང་མེད་པ། སྙིང་པོ་མེད་པ་སྟེ། རབ་འབྱོར་རྣམ་གྲངས་དེས་ན་ཆོས་ཐམས་ཅད་ནི་ཤེས་པ་པོ་མེད་ཅིང་མཐོང་བ་པོ་མེད་པའོ། །རབ་འབྱོར་གཞན་ ཡང་ཆོས་ཐམས་ཅད་ནི་ཤེས་པ་པོ་མེད་ཅིང་མཐོང་བ་པོ་མེད་པ་སྟེ། རབ་འབྱོར་ཇི་ལྟར་ན་ཆོས་ཐམས་ཅད་ཤེས་པ་པོ་མེད་ཅིང་མཐོང་བ་པོ་མེད་པ་ཡིན་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་མི་གནས་ཤིང་ཁོངས་སུ་ཆུད་པ་མ་ཡིན་པ་སྟེ། རབ་འབྱོར་རྣམ་གྲངས་དེས་ན་ཆོས་ ཐམས་ཅད་ཤེས་པ་པོ་མེད་ཅིང་མཐོང་བ་པོ་མེད་པ་སྟེ། རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་འདི་སྟོན་པའོ། །དེ་ཡང་གཟུགས་མཐོང་བ་མེད་པའི་ཕྱིར་སྟོན་པའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་ པ་མཐོང་བ་པོ་མེད་པའི་ཕྱིར་སྟོན་པའོ། །སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་མེད་པའི་ཕྱིར་སྟོན་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མཐོང་བ་མེད་པའི་ཕྱིར་སྟོན་པའོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་བཞིན་ གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་གཟུགས་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ ལྟར་ན་སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས། ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མཐོང་བ་མ་མཆིས་པའི་སླད་དུ་སྟོན་པ་ལགས།། །།ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ ཉི་ཤུ་ལྔ་པ། བམ་པོ་བཞི་བཅུ་དྲུག་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་གཟུགས་ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་བའི་ཚེ། གཟུགས་མཐོང་བ་མེད་པའི་ཕྱིར་སྟོན་པའོ། །ནམ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་ པར་ཤེས་པ་ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་བའི་ཚེ། རྣམ་པར་ཤེས་པ་མཐོང་བ་མེད་པའི་ཕྱིར་སྟོན་པའོ། །ནམ་སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་བའི་ཚེ། རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་མེད་ པའི་ཕྱིར་སྟོན་པའོ། །ནམ་ཕ་རོལ་དུ་ཕྱིན་པ་རྣམས་ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་བའི་ཚེ། ཕ་རོལ་དུ་ཕྱིན་པ་རྣམས་མཐོང་བ་མེད་པའི་ཕྱིར་སྟོན་པའོ། །ནམ་སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་ པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་ པ་བཅྭོ་བརྒྱད་ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་བའི་ཚེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མཐོང་བ་མེད་པའི་ཕྱིར་སྟོན་པའོ། །ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་བའི་ཚེ། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་མཐོང་བ་མེད་པའི་ཕྱིར་སྟོན་པའོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པའོ། །རབ་འབྱོར་གཞན་ཡང་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་ རྟེན་སྟོན་པ་ཡིན་ཞེ་ན། རབ་འབྱོར་འདི་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་འཇིག་རྟེན་དུ་སྟོང་པ་ཞེས་རྗོད་དེ། འཇིག་རྟེན་དུ་ཅི་སྟོང་པ་ཞེས་རྗོད་ཅེ་ན། ཕུང་པོ་ལྔ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །སྐྱེ་མཆེད་བཅུ་གཉིས་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་ རྗོད་དོ། །ཁམས་བཅྭོ་བརྒྱད་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །ཕ་རོལ་དུ་ཕྱིན་པ་དྲུག་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །ནང་སྟོང་པ་ཉིད་སྟོང་ངོ་ ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །འཕགས་པའི་བདེན་པ་རྣམས་དང་། བསམ་ གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་ པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྟོང་ངོ་ཞེས་བྱ་བར་འཇིག་རྟེན་དུ་རྗོད་དོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པའོ། །རབ་ འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་སྟོང་ཞེས་བྱ་བར་སྟོན་ན། འཇིག་རྟེན་སྟོང་ཞེས་བྱ་བར་རྗོད། འཇིག་རྟེན་སྟོང་ཞེས་བྱ་བར་ཤེས་པར་བྱེད་དེ། རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་ རྟེན་སྟོན་པའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་སྟོང་ཞེས་བྱ་བར་སྟོན་ཏེ། འཇིག་རྟེན་ཇི་ལྟར་སྟོང་ཞེས་བྱ་བར་སྟོན་ཅེ་ན། འཇིག་རྟེན་ན་ཕུང་པོ་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་སྟོང་ངོ་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་ཕ་རོལ་དུ་ཕྱིན་པ་དྲུག་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྟོང་ཞེས་བྱ་ བར་སྟོན་ཏོ། །འཇིག་རྟེན་ན་འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྟོང་ཞེས་བྱ་བར་སྟོན་ཏོ། །འཇིག་རྟེན་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྟོང་ཞེས་བྱ་བར་སྟོན་ཏོ། །རབ་འབྱོར་ དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་ཏོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་ལ་འཇིག་རྟེན་བསམ་གྱིས་མི་ཁྱབ་ཅེས་བྱ་བར་སྟོན་ཏེ། ཇི་ལྟར་འཇིག་རྟེན་བསམ་གྱིས་མི་ཁྱབ་ཅེས་བྱ་ བར་སྟོན་ཅེ་ན། ཕུང་པོའི་འཇིག་རྟེན་བསམ་གྱིས་མི་ཁྱབ་ཅེས་བྱ་བར་སྟོན་ཏོ། །སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བའི་འཇིག་རྟེན་བསམ་གྱིས་མི་ཁྱབ་ཅེས་བྱ་བར་སྟོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་འཇིག་རྟེན་བསམ་གྱིས་མི་ ཁྱབ་ཅེས་བྱ་བར་སྟོན་ཏོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ནི། དེ་བཞིན་གཤེགས་པ་ལ་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏེ། འཇིག་རྟེན་ཇི་ལྟར་དབེན་ཞེས་བྱ་བར་སྟོན་ཅེ་ན། ཕུང་པོའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། ། སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་འཇིག་རྟེན་དབེན་ཞེས་བྱ་བར་སྟོན་ཏོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་ རྟེན་སྟོན་ཏོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི། དེ་བཞིན་གཤེགས་པ་ལ་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏེ། ཇི་ལྟར་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཅེ་ན། ཕུང་པོའི་འཇིག་རྟེན་མཐའ་ལས་ འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་འཇིག་རྟེན་མཐའ་ལས་འདས་པ་སྟོང་པ་ཞེས་བྱ་བར་སྟོན་ཏོ།། རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི། དེ་བཞིན་གཤེགས་པ་ལ་འཇིག་རྟེན་ངོ་བོ་ཉིད་ཀྱིས་སྟོང་པ་ཞེས་བྱ་བར་སྟོན་ཏེ། ཇི་ལྟར་འཇིག་རྟེན་ངོ་བོ་ཉིད་ཀྱིས་སྟོང་པ་ཞེས་བྱ་བར་སྟོན་ཅེ་ན། ཕུང་པོའི་འཇིག་རྟེན་ངོ་བོ་ཉིད་ཀྱིས་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྐྱེ་ མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་འཇིག་རྟེན་ངོ་བོ་ཉིད་ཀྱིས་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་འཇིག་རྟེན་ངོ་བོ་ཉིད་ཀྱིས་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི། དེ་ བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི། དེ་བཞིན་གཤེགས་པ་ལ་འཇིག་རྟེན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱར་བར་སྟོན་ཏེ། ཇི་ལྟར་འཇིག་རྟེན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་ སྟོན་ཅེ་ན། ཕུང་པོའི་འཇིག་རྟེན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་འཇིག་རྟེན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་འཇིག་ རྟེན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བར་སྟོན་ཏོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི། དེ་བཞིན་གཤེགས་པ་ལ་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏེ། ཇི་ལྟར་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཅེ་ན། ཕུང་པོའི་འཇིག་རྟེན་ཞི་ཞེས་བྱ་ བར་སྟོན་ཏོ། །སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་འཇིག་རྟེན་ཞི་ཞེས་བྱ་བར་སྟོན་ཏོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི། དེ་བཞིན་ གཤེགས་པ་ལ་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏེ། ཇི་ལྟར་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཅེ་ན། ཕུང་པོའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་ སྟོན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་འཇིག་རྟེན་སྟོང་པ་ཉིད་ཅེས་བྱ་བར་སྟོན་ཏོ། །རབ་འབྱོར་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི། དེ་བཞིན་གཤེགས་པ་སྐྱེད་ཅིང་འཇིག་རྟེན་སྟོན་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་དུ་ ཕྱིན་པ་ཟབ་མོ་འདི་འཇིག་རྟེན་ཇི་ལྟར་སྟོན་ཅེ་ན། ཅི་ནས་ཀྱང་འཇིག་རྟེན་འདིའི་འདུ་ཤེས་སུ་འང་མི་འགྱུར་ལ། འཇིག་རྟེན་ཕ་རོལ་གྱི་འདུ་ཤེས་སུའང་མི་འགྱུར་བ་དེ་ལྟར་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་གིས་འཇིག་རྟེན་འདིའི་འདུ་ཤེས་སུ་འགྱུར་བའམ། འཇིག་ རྟེན་ཕ་རོལ་གྱི་འདུ་ཤེས་སུ་འགྱུར་བའི་ཆོས་དེ་ལྟ་བུ་མེད་དོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་དོན་ཆེན་པོའི་སླད་དུ་ཉེ་བར་གནས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་དོན་བསམ་གྱིས་མི་ཁྱབ་པའི་སླད་དུ་ཉེ་བར་ གནས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་དོན་དཔག་ཏུ་མ་མཆིས་པའི་སླད་དུ་ཉེ་བར་གནས་སོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་དོན་གཞལ་དུ་མ་མཆིས་པའི་སླད་དུ་ཉེ་བར་གནས་སོ། །བཅོམ་ལྡན་འདས་ཤེས་རབ་ ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་དོན་མི་མཉམ་པ་དང་མཉམ་པའི་སླད་དུ་ཉེ་བར་གནས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་དོན་ཆེན་པོའི་ཕྱིར་ཉེ་བར་གནས་སོ། །རབ་འབྱོར་ཤེས་ རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་དོན་བསམ་གྱིས་མི་ཁྱབ་པ་དང་། དོན་དཔག་ཏུ་མེད་པ་དང་། དོན་གཞལ་དུ་མེད་པ་དང་། དོན་མི་མཉམ་པ་དང་མཉམ་པའི་ཕྱིར་ཉེ་བར་གནས་སོ། །རབ་འབྱོར་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དོན་ཆེན་པོའི་ཕྱིར་ཉེ་བར་གནས་ པ་ཡིན་ཞེ་ན། རབ་འབྱོར་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དོན་ཆེན་པོ་སྟེ། འདི་ལྟར་སེམས་ཅན་ཐམས་ཅད་བསྐྱབ་པའི་དོན་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏང་བའི་དོན་ཏོ། །རབ་འབྱོར་ ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དོན་བསམ་གྱིས་མི་ཁྱབ་པའི་ཕྱིར་ཉེ་བར་གནས་པ་ཡིན་ཞེ་ན། རབ་འབྱོར་སངས་རྒྱས་ཉིད་དང་། དེ་བཞིན་གཤེགས་པ་ཉིད་དང་། རང་བྱུང་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་ནི་བསམ་གྱིས་མི་ཁྱབ་སྟེ། རབ་འབྱོར་རྣམ་གྲངས་དེས་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དོན་བསམ་གྱིས་མི་ཁྱབ་པའི་ཕྱིར་ཉེ་བར་གནས་སོ། །རབ་འབྱོར་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དོན་དཔག་ཏུ་མེད་པའི་ཕྱིར་ཉེ་བར་གནས་པ་ཡིན་ཞེ་ན། རབ་འབྱོར་ སེམས་ཅན་དུ་བསྡུ་བས་བསྡུས་པ་ལ། གང་གིས་སངས་རྒྱས་ཉིད་དང་དེ་བཞིན་གཤེགས་པ་ཉིད་དང་རང་བྱུང་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་ལ་བསམ་པ་དང་། དཔག་པར་ནུས་པ་དེ་ལྟ་བུ་གང་ཡང་མེད་དེ། རབ་འབྱོར་རྣམ་གྲངས་དེས་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དོན་དཔག་ཏུ་མེད་པའི་ཕྱིར་ཉེ་བར་གནས་སོ། །རབ་འབྱོར་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དོན་གཞལ་དུ་མེད་པའི་ཕྱིར་ཉེ་བར་གནས་པ་ཡིན་ཞེ་ན། རབ་འབྱོར་སངས་རྒྱས་ཉིད་ དང་དེ་བཞིན་གཤེགས་པ་ཉིད་དང་རང་བྱུང་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་ནི་གཞལ་དུ་མེད་དེ། སུས་ཀྱང་གཞལ་བར་མི་ནུས་སོ། །རབ་འབྱོར་རྣམ་གྲངས་དེས་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་རྣམས་ཀྱི་དོན་གཞལ་དུ་མེད་པའི་ཕྱིར་ཉེ་བར་གནས་སོ། །རབ་འབྱོར་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་དོན་མི་མཉམ་པ་དང་མཉམ་པའི་ཕྱིར་ཉེ་བར་གནས་པ་ཡིན་ཞེ་ན། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་རྣམས་ལ་མཉམ་པས་མཉམ་པ་ཡང་སུ་ཡང་མེད་ན། ལྷག་པ་ལྟ་ཅི་སྨོས་ཏེ། རབ་འབྱོར་རྣམ་གྲངས་དེས་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དོན་མི་མཉམ་པ་དང་མཉམ་ པའི་ཕྱིར་ཉེ་བར་གནས་སོ། །གསོལ་པ། བཅོམ་ལྡན་འདས་སངས་རྒྱས་ཉིད་དང་དེ་བཞིན་གཤེགས་པ་ཉིད་དང་རང་བྱུང་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་ནི་བསམ་གྱིས་མི་ཁྱབ་ལ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མི་མཉམ་ པ་དང་མཉམ་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་སངས་རྒྱས་ཉིད་དང་དེ་བཞིན་གཤེགས་པ་ཉིད་དང་རང་བྱུང་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་ནི་བསམ་གྱིས་མི་ཁྱབ་པོ། །རབ་འབྱོར་སངས་ རྒྱས་ཉིད་དང་དེ་བཞིན་གཤེགས་པ་ཉིད་དང་རང་བྱུང་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་ནི་དཔག་ཏུ་མེད་གཞལ་དུ་མེད་དེ་མི་མཉམ་པ་དང་མཉམ་པའོ། །རབ་འབྱོར་གཟུགས་ཀྱང་བསམ་གྱིས་མི་ཁྱབ། དཔག་ཏུ་མེད་གཞལ་དུ་མེད་པ་སྟེ། མི་མཉམ་པ་དང་མཉམ་པའོ། ། རབ་འབྱོར་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་བསམ་གྱིས་མི་ཁྱབ། དཔག་ཏུ་མེད་གཞལ་དུ་མེད་པ་སྟེ། མི་མཉམ་པ་དང་མཉམ་པའོ། །སྐྱེ་མཆེད་རྣམས་དང་ཁམས་རྣམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ཀྱང་བསམ་གྱིས་མི་ཁྱབ། དཔག་ ཏུ་མེད་གཞལ་དུ་མེད་པ་སྟེ། མི་མཉམ་པ་དང་མཉམ་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་བསམ་གྱིས་མི་ཁྱབ་དཔག་ཏུ་མེད་གཞལ་དུ་མེད་པ་སྟེ། མི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ཆོས་ཐམས་ཅད་ཀྱང་བསམ་གྱིས་མི་ཁྱབ་དཔག་ཏུ་མེད་གཞལ་ དུ་མེད་པ་སྟེ། མི་མཉམ་པ་དང་མཉམ་པའོ། །རབ་འབྱོར་ཆོས་ཐམས་ཅད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལ་ནི་སེམས་མི་དམིགས་སོ། །སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མི་དམིགས་སོ། །རབ་འབྱོར་གཟུགས་བསམ་གྱིས་མི་ཁྱབ་དཔག་ཏུ་མེད་གཞལ་དུ་མེད་པ་ སྟེ། མི་མཉམ་པ་དང་མཉམ་པ་ཡང་མི་དམིགས་སོ། །རབ་འབྱོར་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་བསམ་གྱིས་མི་ཁྱབ་དཔག་ཏུ་མེད་གཞལ་དུ་མེད་པ་སྟེ། མི་མཉམ་པ་དང་མཉམ་པ་ཡང་མི་དམིགས་སོ། །རབ་འབྱོར་སྐྱེ་མཆེད་དང་། ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་བསམ་གྱིས་མི་ཁྱབ་དཔག་ཏུ་མེད་གཞལ་དུ་མེད་པ་སྟེ། མི་མཉམ་པ་དང་མཉམ་པ་ཡང་མི་དམིགས་སོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བསམ་གྱིས་མི་ཁྱབ་དཔག་ཏུ་མེད་གཞལ་དུ་མེད་པ་སྟེ། མི་མཉམ་པ་ དང་མཉམ་པ་ཡང་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་གཟུགས་བསམ་གྱིས་མི་ཁྱབ། དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མི་མཉམ་པ་དང་མཉམ་པ་མི་དམིགས་པ་ལགས། ཅིའི་སླད་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་ དང་རྣམ་པར་ཤེས་པ་བསམ་གྱིས་མི་ཁྱབ་དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མི་མཉམ་པ་དང་མཉམ་པ་མི་དམིགས་པ་ལགས། ཅིའི་སླད་དུ་སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་བསམ་གྱིས་མི་ཁྱབ་དཔག་ཏུ་མ་མཆིས། གཞལ་དུ་མ་མཆིས་ ཤིང་། མི་མཉམ་པ་དང་མཉམ་པ་མི་དམིགས་པ་ལགས། ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བསམ་གྱིས་མི་ཁྱབ། དཔག་ཏུ་མ་མཆིས་གཞལ་དུ་མ་མཆིས་ཤིང་། མི་མཉམ་པ་དང་མཉམ་པ་མི་དམིགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། རབ་འབྱོར་གཟུགས་ལ་ཡང་བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་དང་མི་མཉམ་པ་མི་དམིགས་སོ། །རབ་འབྱོར་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ལ་ཡང་བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་དང་མི་མཉམ་པ་མི་དམིགས་སོ། །སྐྱེ་ མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ཡང་བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་དང་མི་མཉམ་པ་མི་དམིགས་སོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་ཡང་བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་དང་མི་མཉམ་པ་མི་དམིགས་སོ། །གསོལ་པ། བཅོམ་ ལྡན་འདས་ཅིའི་སླད་དུ་གཟུགས་ལ་བསམ་པ་དང་དཔག་པ་དང་ཚད་དང་མཉམ་པ་དང་མི་མཉ