Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 027_ཉི་ཁྲི།_ཁ
Văn bản gốc(Tây Tạng)
Trang 16 / 24 (50.000 ký tự/trang)
བྱོར་དེ་བཞིན་དུ་མ་འོངས་པའི་དུས་ན། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་ རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཐོས་ཤིང་རྙེད་ནས་ཀྱང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་བོར་ཞིང་སྤངས་ཏེ། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་མདོ་སྡེ་དག་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བཙལ་ བར་སེམས་པ་འབྱུང་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་མཁས་པའི་དང་ཚུལ་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ཤིན་ཏུ་བཀྲེས་པ་ལ་ལ་ཞིག་ གིས། རོ་བརྒྱ་དང་ལྡན་པའི་ཁ་ཟས་རྙེད་ཀྱང་། དྲུག་ཅུ་པའི་ཁ་ཟས་བཙལ་བར་སེམས་ཤིང་། དེས་ཁ་ཟས་རོ་བརྒྱ་དང་ལྡན་པ་དེ་བོར་ནས། དྲུག་ཅུ་པའི་ཁ་ཟས་ལ་བཟའ་བར་བསམས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྐྱེས་ བུ་དེ་མཁས་པའི་ངང་ཚུལ་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ་མ་འོངས་པའི་དུས་ན། བྱང་ཆུབ་སེམས་དཔའི་ཐེག་པ་པའི་ རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ཐོས་ཤིང་རྙེད་ནས་ཀྱང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་བོར་ཞིང་སྤངས་ཏེ། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་མདོ་སྡེ་དག་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བཙལ་བར་སེམས་པ་བྱུང་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་མཁས་པའི་ངང་ཚུལ་ཅན་ཡིན་ནམ། གསོལ་པ། བཅོམ་ ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་གིས་ནོར་ བུ་རིན་པོ་ཆེ་རིན་ཐང་མེད་པ་རྙེད་ནས། ནོར་བུ་མཆིང་བུ་དང་བསྒྲུན་པར་བསམས་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྐྱེས་བུ་དེ་མཁས་པའི་ངང་ཚུལ་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བཞིན་དུ། མ་འོངས་པའི་དུས་ན། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་ འདི་ཐོས་ཤིང་རྙེད་ནས་ཀྱང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་བོར་ཞིང་སྤངས་ཏེ། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་མདོ་སྡེ་དག་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་བཙལ་བར་སེམས་པ་འབྱུང་ན། རབ་འབྱོར་ དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའི་ཐེག་པ་བའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་མཁས་པའི་ངང་ཚུལ་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར་དེ་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བའི་ཚེ། སྤོབས་པ་མང་པོ་གང་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བའི་དཀྲུགས་མར་འགྱུར་བ་དེ་ལྟ་བུ་སྐྱེ་བར་འགྱུར་བ་འདི་ལྟར། གཟུགས་ཀྱི་སྤོབས་པ་དང་། སྒྲ་དང་དྲི་དང་རོ་དང་རེག་དང་ཆོས་ཀྱི་སྤོབས་པ་དང་། སྦྱིན་པའི་སྤོབས་པ་དང་། ཚུལ་ ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་ཀྱི་སྤོབས་པ་དང་། འདོད་པའི་ཁམས་ཀྱི་སྤོབས་པ་དང་། གཟུགས་ཀྱི་ཁམས་ཀྱི་སྤོབས་པ་དང་། གཟུགས་མེད་པའི་ཁམས་ཀྱི་སྤོབས་པ་དང་། ལུད་དཔོག་པ་དང་། ཁ་ཏོན་ དུ་བྱ་བའི་སྤོབས་པ་དང་། རིམ་གྲོར་བྱ་བའི་སྤོབས་པ་དང་། དྲན་པ་ཉེ་བར་གཞག་པའི་སྤོབས་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་ལམ་གྱི་སྤོབས་པ་དང་ བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་སྤོབས་པ་དང་། ནང་སྟོང་པ་ཉིད་ཀྱི་སྤོབས་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་སྤོབས་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་སྤོབས་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྤོབས་པ་དང་། སྟོབས་དང་མི་འཇིགས་པ་དང་ སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་སྤོབས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་གྱི་སྤོབས་པ་སྐྱེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་དུ་ ཕྱིན་པ་ནི་སྤོབས་པ་མེད་པས་རྣམ་པར་བྱང་བའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གྱིས་མི་ཁྱབ་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སེམས་མེད་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྐྱེ་བ་མེད་ཅིང་འགག་པ་ མེད་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཀུན་ནས་ཉོན་མོངས་པ་མེད་ཅིང་རྣམ་པར་བྱང་བ་མེད་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཁྲུག་པ་མེད་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྗོད་དུ་མེད་ པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་བྱང་བ་མེད་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དམིགས་པ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མེད་ ཅིང་མི་དམིགས་ཏེ། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འདྲི་བའི་ཚེ། ཆོས་དེ་དག་གིས་འཁྲུག་པར་གྱུར་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་ དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གི་བདུད་ཀྱི་ལས་སུ་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་བྲི་བར་ནུས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟ་མ་ཡིན་ནོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མི་དམིགས་སོ། །བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མི་དམིགས་སོ། །སྟོང་པ་ཉིད་ ཐམས་ཅད་ཅད་དང་། བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ། མི་དམིགས་སོ། །འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་ཚད་མེད་པ་རྣམས་དང་གཟུགས་མེད་པའི་སྙོམས་པར་འཇུག་ པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་སྨོན་པ་མེད་པ་དང་མངོན་པར་ཤེས་པ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མི་དམིགས་སོ། །ཏིང་ངེ་ འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མི་དམིགས་སོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་དང་མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ་མི་དམིགས་སོ། །ངོ་བོ་ཉིད་མི་དམིགས་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པའོ། །དངོས་པོ་མེད་པ་གང་ཡིན་པ་ དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དངོས་པོ་མེད་པས་དངོས་པོ་མེད་པ་བྲི་བར་མི་ནུས་སོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ལ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ དངོས་པོ་མེད་ཅེས་བྱ་བར་འདུ་ཤེས་ན། དེ་ཡང་བདུད་ཀྱི་ལས་སུ་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ ཡི་གེར་བྲིས་ནས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་བདག་གིས་བྲིས་སོ་ཞེས་མཆི་ན། དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་ཡི་གེར་མངོན་པར་ཆགས་པ་ལགས་ཏེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཡི་གེ་ མ་མཆིས་པའོ། །བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ནི་ཡི་གེ་མ་མཆིས་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཡི་གེ་མ་མཆིས་པའོ། །བཟོད་པའི་ཕ་རོལ་དུ་ཕྱིན་པ་ནི་ཡི་གེ་མ་མཆིས་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་ནི་ཡི་གེ་མ་མཆིས་པའོ། །སྦྱིན་པའི་ཕ་ རོལ་དུ་ཕྱིན་པ་ནི་ཡི་གེ་མ་མཆིས་པའོ། །གསོལ་པ། བཅོམ་ལྡན་འདས་གཟུགས་ནི་ཡི་གེ་མ་མཆིས་པའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ནི་ཡི་གེ་མ་མཆིས་པའོ། །སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་ཡི་གེ་མ་མཆིས་པའོ། ། ནང་སྟོང་པ་ཉིད་ནི་ཡི་གེ་མ་མཆིས་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ནི་ཡི་གེ་མ་མཆིས་པའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་ཡི་གེ་མ་མཆིས་པའོ། །འཕགས་པའི་བདེན་པ་རྣམས་དང་བསམ་གཏན་རྣམས་དང་ཚད་མེད་པ་ རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་ནི་ཡི་གེ་མ་མཆིས་པའོ། ། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ནི་ཡི་གེ་མ་མཆིས་པའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་དང་མི་འཇིགས་པ་རྣམས་དང་སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་ཡི་གེ་མ་མཆིས་པའོ། །རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱི་བར་ནི་ཡི་གེ་མ་མཆིས་པའོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཡི་གེ་མ་མཆིས་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མངོན་པར་ཆགས་པར་བགྱིད་ལ། ཡི་གེ་མ་མཆིས་པའི་བསམ་གཏན་ གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་ནང་སྟོང་པ་ཉིད་ལ་མངོན་པར་ ཆགས་པར་བགྱིད་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་མངོན་པར་ཆགས་པར་བགྱིད་པ་དང་། འཕགས་པའི་བདེན་པ་རྣམས་དང་བསམ་ གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་། མངོན་ པར་ཤེས་པ་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་ རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་མངོན་པར་ཆགས་པར་བགྱིད་པ་དང་། ཡི་གེ་མ་མཆིས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་མངོན་པར་ཆགས་པར་བགྱིད་ན། དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་ཤེས་རབ་ཀྱི་ཕ་རོལ་དུ་ ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཁ་ཏོན་བྱེད་པ་དང་། ཞུ་བ་དང་འཛིན་པ་དང་ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པའི་ཚེ་ཡུལ་གྱི་ཡིད་ལ་བྱ་བ་མང་པོ་སྐྱེད་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་བཞི་བཅུ་བཞི་པ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་ རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་ཁ་ཏོན་བྱ་བ་དང་། ཞུ་བ་དང་འཛིན་པ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། སྒོམ་པའི་ཚེ་གྲོང་གི་ཡིད་ལ་བྱ་བ་དང་། གྲོང་རྡལ་གྱི་ཡིད་ལ་བྱ་བ་དང་ཁམས་ཀྱི་ ཡིད་ལ་བྱ་བ་དང་། རྒྱལ་པོའི་ཕོ་བྲང་འཁོར་གྱི་ཡིད་ལ་བྱ་བ་དང་ཁྱིམ་གྱི་ཡིད་ལ་བྱ་བ་དང་། མཁན་པོའི་ཡིད་ལ་བྱ་བ་དང་། ཕ་དང་མ་དང་ཕུ་ནུ་དང་སྲིང་མོ་དང་། གཉེན་བཤེས་དང་ལྡན་པའི་ཡིད་ལ་བྱ་བ་དང་། རྐུན་པོ་དང་ལྡན་པའི་ཡིད་ལ་བྱ་བ་དང་། ཕྱག་དར་བ་དང་ལྡན་པའི་ཡིད་ལ་བྱ་བ་དང་། འཇིག་རྟེན་དང་ལྡན་པའི་ཡིད་ལ་བྱ་བ་དང་། སྟུ་འཚོང་མ་དང་ལྡན་པ་དང་། བུད་མེད་དང་ལྡན་པའི་ཡིད་ལ་བྱ་བ་དང་། ཡིད་ལ་བྱ་བ་གཞན་མང་པོ་སྐྱེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་ འདི་འདྲི་བ་དང་འཆང་བ་དང་ཀློག་པ་དང་ལུང་འབོག་པ་དང་ཁ་ཏོན་བྱེད་པ་དང་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ཚེ། བར་ཆད་བྱ་བའི་ཕྱིར་བདུད་སྡིག་ཏོ་ཅན་འཁྲུག་པར་འགྱུར་བ་ཉེ་བར་སྦྱོར་ཏེ། དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བའི་ཚེ། ཁེ་དང་བཀུར་བསྟི་དང་། ཚིགས་སུ་བཅད་པ་དང་ཆོས་གོས་དང་ ཟས་དང་མལ་ཆ་དང་། ནད་ཀྱི་རྐྱེན་རྩི་དང་ཡོ་བྱད་མང་པོ་བྱུང་ལ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་ཁ་ཏོན་བྱེད་པ་དང་ཚུལ་བཞིན་དུ་ཡིད་ ལ་བྱེད་པའི་ཚེ། དེ་དག་གི་རོ་མྱོང་བར་བྱེད་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱ་སྟེ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་ལུང་འབོག་པ་དང་ཁ་ཏོན་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ ལ་བྱེད་པའི་ཚེ། བར་ཆད་དེ་ལྟ་བུ་དག་འབྱུང་བར་འགྱུར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་ལུང་འབོག་པ་དང་ཁ་ཏོན་བྱེད་པ་དང་ཚུལ་བཞིན་དུ་ཡིད་ ལ་བྱེད་པ་དང་སྒོམ་པའི་ཚེ། བདུད་སྡིག་ཏོ་ཅན་དག་མདོ་སྡེ་ཟབ་མོ་གང་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པ་དྲན་པ་ཉེ་བར་བཞག་པ་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་ མེད་པ་དང་སྨོན་པ་མེད་པ་དག་ཉེ་བར་བསྙེན་པར་བྱེད་དེ། དེ་ལ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོས་ཐབས་མཁས་པས་བདུད་ཀྱིས་བསྙེན་པའི་མདོ་སྡེ་ཟབ་མོ་དེ་དག་ལ་འདོད་པ་མི་བསྐྱེད་དོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་མ་ཡིན་ནོ། །རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་ཐབས་མི་མཁས་པ་དག་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཐབ་མོ་འདི་ཐོས་ནས་སྤང་བར་སེམས་ཏེ། དེ་ལ་ངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ལ་ཐབས་མཁས་པ་ཡང་རྒྱ་ཆེར་བསྟན་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལས་ཀྱང་། ཐབས་མཁས་པ་རྒྱ་ཆེར་བཙལ་བར་བྱའོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་དུ་ ཕྱིན་པ་ཟབ་མོ་འདི་བོར་ཞིང་ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་མདོ་སྡེ་དག་ལས་ཐབས་མཁས་པས་བཙལ་བར་སེམས་པ་ཡོད་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་ལེའུ་སུམ་ཅུ་གཅིག་པའོ།། །།རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱ་བར་དགའ་ལ། ཆོས་སྨྲ་བ་ནི་ ཕྱི་ཤོལ་བྱེད་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་ལུང་འབོག་པ་དང་ཁ་ཏོན་བྱ་བར་ཕྱི་ཤོལ་མི་བྱེད་ལ་ ཆོས་ཉན་པ་ནི་ཡུལ་གཞན་དུ་འགྲོ་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་ལུང་འབོག་པ་ དང་ཁ་ཏོན་བྱ་བར་འདོད་ལ། ཆོས་སྨྲ་བ་ནི་ཡུལ་གཞན་དུ་འགྲོ་ན། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི། ཁེ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ལྷུར་ལེན་ ཅིང་གོས་དང་ཟས་དང་མལ་ཆ་དང་ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་ལྷུར་ལེན་ལ། ཆོས་ཉན་པ་ནི་འདོད་པ་ཆུང་ཞིང་ཆོག་ཤེས་ལ། རབ་ཏུ་དབེན་ཞིང་བརྩོན་འགྲུས་བརྩམས་པ། དྲན་པ་ཉེ་བར་གཞག་པ། མི་གཡེང་བ། སེམས་རྩེ་གཅིག་ཏུ་འདུས་པ། ཤེས་རབ་དང་ལྡན་ པ་ཞིག་སྟེ། ཁེ་དང་བཀུར་སྟིས་འཇིགས་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་ལུང་འབོག་པ་དང་ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་ བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་འདོད་པ་ཆུང་ཞིང་ཆོག་ཤེས་ལ་རབ་ཏུ་དབེན་ཞིང་། བརྩོན་འགྲུས་བརྩམས་པ། དྲན་པ་ཉེ་བར་གཞག་པ། མི་གཡེང་བ། སེམས་རྩེ་གཅིག་ཏུ་འདུས་པ་ཤེས་རབ་དང་ལྡན་པ་ཞིག་སྟེ། ཁེ་དང་བཀུར་ སྟིས་འཇིགས་ལ། ཆོས་ཉན་པ་ནི་འདོད་པ་ཆེ་ཞིང་སྡིག་ཏོ་འདོད་ལ། ཁེ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ལྷུར་ལེན་ཅིང་། གོས་དང་ཟས་དང་མལ་ཆ་དང་ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་ལྷུར་ལེན་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་ བ་དང་ལུང་འབོག་པ་དང་ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་དགོན་པ་བ། བསོད་སྙོམས་པ། ཕྱག་དར་ ཁྲོད་པ། ཟས་ཕྱིས་མི་ལེན་པ། སྟན་གཅིག་པ། ཅི་ཐོབ་པའི་བསོད་སྙོམས་ལེན་པ། དུར་ཁྲོད་པ། བླ་གབ་མེད་པ། ཤིང་དྲུང་པ། ཅོག་པུ་པ། གཞི་ཇི་བཞིན་པ། ཆོས་གོས་གསུམ་པར་གྱུར་ལ། ཆོས་ཉན་པ་ནི་དགོན་པ་བ་མ་ཡིན། བསོད་ སྙོམས་པ་མ་ཡིན། ཕྱག་དར་ཁྲོད་པ་མ་ཡིན། ཟས་ཕྱིས་མི་ལེན་པ་མ་ཡིན། སྟན་གཅིག་པ་མ་ཡིན། ཅི་ཐོབ་པའི་བསོད་སྙོམས་ལེན་པ་མ་ཡིན། དུར་ཁྲོད་པ་མ་ཡིན། བླ་གབ་མེད་པ་མ་ཡིན། ཤིང་དྲུང་པ་མ་ཡིན། ཅོག་པུ་པ་མ་ཡིན། གཞི་ཇི་བཞིན་པ་མ་ཡིན། ཆོས་ གོས་གསུམ་པ་མ་ཡིན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། ། རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་དགོན་པ་པ་དང་། ཆོས་གོས་གསུམ་པའི་བར་དུ་གྱུར་ལ། ཆོས་སྨྲ་བ་ནི་དགོན་པ་བ་མ་ཡིན། ཆོས་གོས་གསུམ་པའི་བར་དུ་མ་ཡིན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་ དང་ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་དད་ཅིང་བསམ་པ་དགེ་ལ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ ཟབ་མོ་འདི་འདྲི་བར་འདོད། ལུང་འཕོག་པར་འདོད། ཁ་ཏོན་བྱ་བར་འདོད་ལ། ཆོས་སྨྲ་བ་ནི་མ་དད་པ། ཚུལ་ཁྲིམས་ངན་པ་ཅན། སྡིག་པའི་ཆོས་ཅན་ཞིག་སྟེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བར་མི་འདོད། ལུང་འབོག་པར་མི་འདོད། ཁ་ཏོན་བྱེད་པར་མི་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་ པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་དད་ཅིང་བསམ་པ་དགེ་ལ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཁ་ཏོན་བྱེད་པའི་བར་དུ་འདོད་ལ། ཆོས་ཉན་པ་ནི་མ་དད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་ འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་བདོག་པ་ཐམས་ཅད་ཡོངས་སུ་ གཏོང་ཞིང་སེམས་ལ་ཆགས་པ་མེད་ལ། ཆོས་ཉན་པ་ནི་སེར་སྣ་ཅན་ཆགས་པའི་སེམས་དང་ལྡན་ཞིང་འཇུངས་པར་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་ སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་ཞིང་སེམས་ལ་ཆགས་པ་མེད་ལ། ཆོས་སྨྲ་བ་ནི་སེར་སྣ་ཅན་ཆགས་ པའི་སེམས་དང་ལྡན་ཞིང་འཇུངས་པར་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི། ཆོས་སྨྲ་བ་ལ་གོས་དང་། ཟས་དང་། མལ་ཆ་དང་། ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་ཡོངས་སུ་གཏོང་བར་འདོད་ལ། ཆོས་སྨྲ་བ་ནི་ལེན་པར་མི་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གླེངས་པ་ཙམ་ གྱིས་ཤེས་ལ། ཆོས་ཉན་པ་ནི་བཀྲི་དགོས་ཤིང་ཚིག་ལྷུར་ལེན་པར་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་གླེངས་པ་ཙམ་གྱིས་ཤེས་ལ། ཆོས་སྨྲ་བ་ནི་བཀྲི་དགོས་ཤིང་ཚིག་ལྷུར་ལེན་པར་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་ དང་ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་མདོ་དང་དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་ དང་ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། འདི་ལྟར་འདས་པ་དང་། སྐྱེས་པའི་རབས་དང་། ཤིན་དུ་རྒྱས་པ་དང་། ཆོས་རྨད་དུ་བྱུང་བ་དང་། རྟོགས་པ་བརྗོད་པ་དང་གཏན་ལ་བབ་པ་བསྟན་པའི་ཆོས་ཀྱི་ཁྱད་པར་ཤེས་ལ། ཆོས་ཉན་པ་ནི་མདོ་དང་དབྱངས་ཀྱིས་ བསྙད་པ་དང་ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་འདི་ལྟར་འདས་པ་དང་། སྐྱེས་པའི་རབས་དང་ཤིན་དུ་རྒྱས་པ་དང་། ཆོས་རྨད་དུ་བྱུང་བ་དང་། རྟོགས་པ་བརྗོད་པ་དང་། གཏན་ལ་བབ་པ་བསྟན་པའི་ཆོས་ ཀྱི་ཁྱད་པར་མི་ཤེས་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་ རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་མདོ་དང་། དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་གཏན་ལ་བབ་པར་བསྟན་པའི་ཆོས་ཀྱི་བར་གྱི་ཁྱད་པར་ཤེས་ལ། ཆོས་སྨྲ་བ་ནི་མདོ་དང་དབྱངས་ཀྱིས་བསྙད་པ་དང་ལུང་བསྟན་པ་དང་གཏན་ལ་ བབ་པར་བསྟན་པའི་ཆོས་ཀྱི་བར་གྱི་ཁྱད་པར་མི་ཤེས་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་ཕ་རོལ་དུ་ཕྱིན་པ་དྲུག་དང་ལྡན་ལ། ཆོས་ཉན་པ་ནི་ཕ་རོལ་དུ་ཕྱིན་པ་དྲུག་དང་མི་ལྡན་ན། རབ་འབྱོར་དེ་འང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཕ་རོལ་དུ་ཕྱིན་པ་དྲུག་དང་ལྡན་ལ། ཆོས་སྨྲ་བ་ནི་ཕ་རོལ་དུ་ཕྱིན་པ་དྲུག་དང་མི་ལྡན་ན། རབ་འབྱོར་དེའང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་ པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་ཕ་རོལ་དུ་ཕྱིན་པ་དྲུག་ལ་ཐབས་མཁས་ལ་ ཆོས་ཉན་པ་ནི་ཕ་རོལ་དུ་ཕྱིན་པ་དྲུག་ལ་ཐབས་མི་མཁས་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཕ་རོལ་དུ་ཕྱིན་པ་དྲུག་ལ་ཐབས་མཁས་ལ། ཆོས་སྨྲ་བ་ནི་ཕ་རོལ་དུ་ཕྱིན་པ་དྲུག་ལ་ཐབས་མི་མཁས་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གཟུངས་ཐོབ་པར་གྱུར་ལ། ཆོས་ཉན་པ་ནི་གཟུངས་མ་ཐོབ་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་ གཞན་ཡང་ཆོས་ཉན་པ་ནི་གཟུངས་ཐོབ་པར་གྱུར་ལ། ཆོས་སྨྲ་བ་ནི་གཟུངས་མ་ཐོབ་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨ་བ་ནི་འདྲི་བར་འདོད། ཀླག་པར་འདོད། ལུང་འབོག་པར་འདོད། །ཁ་ཏོན་བྱ་བར་འདོད། བསྒོམ་པར་བྱ་བར་འདོད་ལ། ཆོས་ཉན་པ་ནི་འདྲི་བར་ མི་འདོད། ཀླག་པར་མི་འདོད། ལུང་འབོག་པར་མི་འདོད། ཁ་ཏོན་བྱ་བར་མི་འདོད། མཉན་པར་མི་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་ དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་འདྲི་བར་འདོད། མཉན་པའི་བར་དུ་འདོད་ལ། ཆོས་སྨྲ་བ་ནི་འདྲི་བར་མི་འདོད། བསྒོམ་པའི་བར་དུ་མི་ འདོད་པར་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་ རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་འདོད་པའི་སྲེད་པ་དང་བྲལ། གནོད་སེམས་དང་། སྙོམ་པ་དང་། གཉིད་དང་འགྱོད་པ་དང་བྲལ། ཐེ་ཚོམ་དང་བྲལ་ལ། ཆོས་ཉན་པ་ནི་འདོད་པའི་སྲེད་པ་དང་བཅས། གནོད་སེམས་དང་། སྙོམ་པ་དང་། གཉིད་དང་། འགྱོད་པ་དང་བཅས། ཐེ་ཚོམ་དང་བཅས་པར་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་འདོད་པའི་སྲེད་པ་དང་བྲལ། གནོད་སེམས་དང་། སྙོམ་པ་དང་། གཉིད་དང་འགྱོད་པ་དང་བྲལ། ཐེ་ཚོམ་དང་བྲལ་ལ། ཆོས་སྨྲ་བ་ནི་འདོད་པའི་སྲེད་པ་དང་བཅས། གནོད་སེམས་ དང་། སྙོམ་པ་དང་གཉིད་དང་འགྱོད་པ་དང་བཅས། ཐེ་ཚོམ་དང་བཅས་པར་གྱུར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་ལུང་འབོག་པ་དང་ཁ་ཏོན་བྱེད་པ་དང་། འཆང་བ་དང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེའི་ཚེ། ལ་ལ་ཞིག་དེར་འོངས་ཏེ་སེམས་ ཅན་དམྱལ་བའི་མི་སྙན་པ་བརྗོད། །བྱོལ་སོང་གི་སྐྱེ་གནས་པ་དང་། གཤིན་རྗེའི་འཇིག་རྟེན་དང་། ཡི་དགས་ཀྱི་ཡུལ་གྱི་མི་སྙན་པ་བརྗོད་ཅིང་། སེམས་ཅན་དམྱལ་བ་ནི་འདི་ལྟ་བུར་སྡུག་བསྔལ་ལོ། །བྱོལ་སོང་གི་སྐྱེ་གནས་ནི་འདི་ལྟ་བུར་སྡུག་བསྔལ་ལོ། ། ཡི་དགས་ཀྱི་ཡུལ་ནི་འདི་ལྟ་བུར་སྡུག་བསྔལ་ལོ། །ཁྱོད་ཀྱི་སྡུག་བསྔལ་འདི་ཉིད་དུ་མཐར་ཕྱིན་པར་གྱིས་ཤིག །གང་ལ་སྡུག་བསྔལ་སྟོང་ཕྲག་མང་པོ་ཉམས་སུ་མྱོང་བར་འགྱུར་བའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་ཁྱོད་ལ་ཅི་ཞིག་བྱ། ཁྱོད་ ཡུན་རིང་པོས་འཁོར་བ་ན་འཁོར་བར་གྱུར་ཏ་རེ་ཞེས་ཟེར་ན། རབ་འབྱོར་དེའང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་འཆང་བ་དང་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ཚེ། ལ་ལ་ཞིག་དེར་འོངས་ཏེ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་ རྣམས་ཀྱི་ལེགས་པ་བརྗོད། །སུམ་ཅུ་རྩ་གསུམ་དང་མཚེ་མ་དང་། དགའ་ལྡན་དང་འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ལེགས་པ་བརྗོད། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་བར་གྱི་ལྷ་རྣམས་ཀྱི་ལེགས་པ་བརྗོད་ཅིང་། འདོད་པའི་ཁམས་ནི་འདོད་པ་ལ་ལོངས་སྤྱོད་པས་འདི་ལྟར་བདེའོ། །གཟུགས་ཀྱི་ཁམས་ནི་བསམ་གཏན་དང་སྙོམས་པར་འཇུག་པ་རྣམས་ཀྱིས་འདི་ལྟར་བདེའོ། །གཟུགས་མེད་པའི་ཁམས་ནི་སྙོམས་པར་འཇུག་པ་རྣམས་ཀྱིས་འདི་ལྟར་བདེ་སྟེ། དེ་དག་ཀྱང་ མི་རྟག་ཅིང་སྡུག་བསྔལ་ལ་བདག་མེད་དོ། །རྣམ་པར་འགྱུར་བའི་ཆོས་ཅན། ཟད་པའི་ཆོས་ཅན། འཇིག་པའི་ཆོས་ཅན། སྐྱེ་བའི་ཆོས་ཅན། འགག་པའི་ཆོས་ཅན་ཡིན་གྱིས། ཁྱོད་ཀྱི་འདི་ཉིད་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱིས་ཤིག །ལན་ ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་གྱིས་ཤིག །འདི་ཉིད་དུ་རང་བྱང་ཆུབ་ཐོབ་པར་གྱིས་ཤིག །ཕྱིན་ཆད་འཁོར་བ་ནམ་འཁོར་བར་གྱིས་ཤིག་ཅེས་ཟེར་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་ རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གཅིག་པུ་སྟེ། ཟླ་མེད་ཅིང་བདག་གིས་བྱེད་པ་ཡིན་ལ། ཆོས་ཉན་པ་ནི་འཁོར་གྱི་ནང་ན་གནས་ན། རབ་འབྱོར་དེའང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་གཅིག་པུ་སྟེ། ཟླ་མེད་ཅིང་བདག་གིས་བྱེད་པ་ཡིན་ལ། ཆོས་སྨྲ་བ་ནི་འཁོར་གྱི་ནང་ན་གནས་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་ འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གཅིག་པུ་སྟེ། ཟླ་མེད་ཅིང་བདག་གིས་བྱེད་པ་ཡིན་ལ། ཆོས་ཉན་ པ་ནི་ཚོགས་ཡོངས་སུ་སྡུད་ན། རབ་འབྱོར་དེའང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་ གཞན་ཡང་ཆོས་ཉན་པ་ནི་གཅིག་པུ་སྟེ། ཟླ་མེད་ཅིང་བདག་གིས་བྱེད་པ་ཡིན་ལ། ཆོས་སྨྲ་བ་ནི་ཚོགས་ཡོངས་སུ་སྡུད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་ དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་འདི་སྐད་དུ་སུ་འང་ཕྱི་བཞིན་དུ་འབྲང་བ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདིར་སྦྱིན་ནོ་ཞེས་ཟེར་ལ། ཆོས་ཉན་པ་ནི་ཕྱི་བཞིན་མི་འབྲང་ན། རབ་ འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི། ཆོས་སྨྲ་བའི་ཕྱི་བཞིན་འབྲང་བར་འདོད་ལ། ཆོས་སྨྲ་བ་ནི་དྲུང་དུ་འགྲོ་བའི་སྐབས་མི་འབྱེད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་ལུང་འབོག་པ་དང་ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་ཟང་ཟིང་ཅུང་ཟད་ཀྱི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲིར་གཞུག་པར་འདོད། ཀློག་ཏུ་གཞུག་པར་འདོད། ལུང་འབོག་པར་འདོད། ཁ་ཏོན་བྱེད་དུ་གཞུག་པར་འདོད། སྨྲ་བར་ འདོད་ལ། ཆོས་ཉན་པ་ནི་ཟང་ཟིང་ཅུང་ཟད་ཀྱི་ཕྱིར་དྲུང་དུ་འགྲོ་བར་མ་མོས་ན། རབ་འབྱོར་དེའང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་ཟང་ཟིང་ཅུང་ཟད་ཀྱི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བར་འདོད། ཉན་པའི་བར་དུ་འདོད་ལ། ཆོས་སྨྲ་བ་ནི་ཟང་ཟིང་ཅུང་ཟད་ཀྱི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ སྦྱིན་པར་མི་འདོད། ཉན་པར་གཞུག་པའི་བར་དུ་མི་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་ རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་སྲོག་གི་བར་ཆད་དུ་འགྱུར་བའི་ཕྱོགས་དེར་འགྲོ་བར་འདོད་ལ། ཆོས་ཉན་པ་ནི་དེར་འགྲོ་བར་མི་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་ རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་གང་དུ་སྲོག་གི་བར་ཆད་དུ་འགྱུར་བའི་ཕྱོགས་དེར་འགྲོ་བར་འདོད་ལ། ཆོས་སྨྲ་བ་ནི་དེར་འགྲོ་བར་མི་ འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གང་ ན་ཟས་དཀོན་པ་དང་། ཆུ་དཀོན་པའི་ཕྱོགས་དེར་འགྲོ་བར་འདོད་ལ་ཆོས་ཉན་པ་ནི་འགྲོ་བར་མི་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་ཉན་པ་ནི་གང་ན་ཟས་དཀོན་པ་དང་། ཆུ་དཀོན་པའི་ཕྱོགས་དེར་འགྲོ་བར་འདོད་ལ། ཆོས་སྨྲ་བ་ནི་དེར་འགྲོ་བར་མི་འདོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཆོས་སྨྲ་བ་ནི་གང་ན་ཟས་མོད་པ་དང་། ཆུ་མོད་པའི་ཕྱོགས་དེར་འགྲོ་བར་འདོད་ལ། ཆོས་ ཉན་པ་ཡང་རྗེས་སུ་འབྲང་ན། དེས་དེ་ལ་འདི་སྐད་དུ་རིགས་ཀྱི་བུ་ཁྱོད་ཟང་ཟིང་གི་དོན་དུ་སོང་སྟེ་ཅི་རུང་ལེགས་པར་བསམ་པ་སེམས་པར་གྱིས་ཤིག །ཟས་ཐོབ་མ་ཐོབ་དང་བསོད་མི་བསོད་ཀྱིས་འགྱོད་པར་གྱུར་ཏ་རེ་ཞེས་ཟེར་ན། དེའི་ཕྱིར་ཆོས་སྟོན་པ་དེས་ཀྱང་། ཐབས་ཕྲ་ མོས་ཆོས་ལ་སྤང་བ་བྱས་པར་འགྱུར་ཏེ། དེ་ཡང་མི་དགའ་ཞིང་འདི་སྙམ་དུ་འདུ་ཤེས་ཏེ། འདི་ནི་སྦྱིན་པར་འདོད་པའི་མཚན་མ་མ་ཡིན་གྱི། སྤོང་བའི་མཚན་མ་ཡིན་ནོ་སྙམ་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་དགེ་སློང་ཆོས་སྨྲ་བ་ནི་གང་ན་རྐུན་པོའི་འཇིགས་པ་དང་། ཆོམ་པོའི་འཇིགས་པ་དང་། རྔོན་པའི་འཇིགས་པ་དང་། གཅན་ཟན་ཁྲོ་བོའི་འཇིགས་པ་དང་། སྦྲུལ་གྱི་འཇིགས་པ་དང་། འབྲོག་དགོན་པའི་འཇིགས་པ་ཡོད་པ་དེར་འགྲོ་བར་འདོད་ལ། ཆོས་ཉན་པ་དག་ཀྱང་ཆོས་ཀྱི་དོན་དུ་ཆོས་ཀྱིས་སྐོམ་ཞིང་རྗེས་སུ་འབྲང་ན། དགེ་སློང་ཆོས་སྨྲ་བས་ཆོས་ཉན་པ་དེ་དག་ལ་འདི་སྐད་སྨྲས་ཏེ། རིགས་ ཀྱི་བུ་དག་ཁྱེད་གང་ན་རྐུན་པོའི་འཇིགས་པ་དང་། ཆོམ་པོའི་འཇིགས་པ་དང་། རྔོན་པའི་འཇིགས་པ་དང་། གཅན་ཟན་ཁྲོ་བོའི་འཇིགས་པ་དང་། སྦྲུལ་གྱི་འཇིགས་པ་དང་། འབྲོག་དགོན་པའི་འཇིགས་པ་ཡོད་པ་དེར་དོང་སྟེ་ཅི་རུང་ཞེས། དེ་ལྟར་དགེ་སློང་ཆོས་སྨྲ་ བ་དེས་ཆོས་མི་བསྟན་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲིར་གཞུག་པར་མི་འདོད། །ཀློག་ཏུ་གཞུག་པར་མི་འདོད། །ལུང་འབོག་པར་མི་འདོད། ཁ་ཏོན་བྱེད་དུ་གཞུག་པར་མི་འདོད། །ཉན་དུ་གཞུག་པར་མི་འདོད་པར་གྱུར་ལ། དེ་དག་ གིས་དགེ་སློང་ཆོས་སྨྲ་བའི་ཚིག་དེ་ཐོས་ནས། མི་དགའ་ཞིང་མི་དགའ་བའི་ཚུལ་ཅན་དུ་གྱུར་ཏེ། དགེ་སློང་ཆོས་སྨྲ་བ་གང་ན་བ་དེར་འགྲོ་བར་མི་འདོད་ན། །རབ་འབྱོར་དེའང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་ བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་དགེ་སློང་ཆོས་སྨྲ་བ་བསོད་སྙོམས་གཏོང་བའི་གྲོང་ཁྱེར་གཙོ་བོར་བྱེད་པར་གྱུར་ཏེ། དེ་བསོད་སྙོམས་གཏོང་བའི་ གྲོང་ཁྱེར་གཙོ་བོར་གྱུར་པས། བསོད་སྙོམས་གཏོང་བའི་གྲོང་ཁྱེར་དེ་དག་ཡང་དང་ཡང་བལྟ་བར་སེམས་ཤིང་། དེར་ཡང་དང་ཡང་བལྟ་བས་ཆོས་ཉན་པ་ཕྱིར་ཟློག་ཅིང་། ཚེ་དང་ལྡན་པ་དག་ངས་ནི་བསོད་སྙོམས་གཏོང་བའི་གྲོང་བལྟ་དགོས་ཏེ། བསོད་སྙོམས་གཏོང་ པའི་གྲོང་དུ་འགྲོ་དགོས་སོ་ཞེས་ནས། དེས་ཆོས་ཉན་པ་དེ་དག་ཕྱིར་ཟློག་པས་ཕྱིར་དོང་ན། རབ་འབྱོར་དེའང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དགེ་སློང་གི་ཆ་བྱད་དུ་བྱས་ཤིང་ཅི་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་སུ་ཡང་འདྲི་བར་མི་འགྱུར་བ་དང་། ལུང་འབོག་པར་མི་འགྱུར་བ་དང་། ཁ་ཏོན་ བྱེད་པར་མི་འགྱུར་བ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པར་མི་འགྱུར་བ་དེ་ལྟ་དེ་ལྟར་ཐབས་སྦྱོར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། བཅོམ་ལྡན་འདས་ཅིའི་སླད་དུ་བདུད་སྡིག་ཏོ་ཅན་དག་དགེ་ སློང་གི་ཆ་བྱད་དུ་བགྱིས་ཤིང་། ཅི་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་སུ་ཡང་འདྲི་བར་མི་འགྱུར་བ་དང་། ལུང་འབོག་པར་མི་འགྱུར་བ་དང་། ཁ་ཏོན་བགྱིད་པར་མི་འགྱུར་བ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པར་མི་འགྱུར་བ་དེ་ལྟ་དེ་ལྟར་ཐབས་སྦྱོར་བ་ ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བདུད་སྡིག་ཏོ་ཅན་དག་དགེ་སློང་གི་ཆ་བྱད་དུ་བྱས་ཤིང་འདི་སྐད་དུ་ངེད་ཀྱིས་ཇི་ལྟར་ཁོང་དུ་ཆུད་པ་འདི་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཡིན་ཏེ། ཇི་སྐད་དུ་ཁྱོད་ཀློག་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ དུ་ཕྱིན་པ་མ་ཡིན་ནོ། །ཞེས་དབྱེན་བྱེད་ཅིང་ཟློག་ལ་མོས་པ་མེད་པར་བྱེད་དོ། །རབ་འབྱོར་དེ་ལ་བདུད་སྡིག་ཏོ་ཅན་གྱིས་དེ་ལྟར་དབྱེན་བྱས་པའི་ཚེ། བྱང་ཆུབ་སེམས་དཔའ་གང་ལུང་མ་བསྟན་པ་དེ་དག་ནི་ཐེ་ཚོམ་སྐྱེ་བར་འགྱུར་ཏེ། དེ་དག་ཐ་ཚོམ་དུ་གྱུར་ནས། ཤེས་ རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་མི་འདྲི་བར་འགྱུར། མི་ཀློག་པར་འགྱུར་ལུང་མི་འབོག་པར་འགྱུར། ཁ་ཏོན་མི་བྱེད་པར་འགྱུར། མི་སྒོམ་པར་འགྱུར། ཚུལ་བཞིན་དུ་ཡིད་ལ་མི་བྱེད་པར་འགྱུར་ཏེ། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་དགེ་སློང་གི་ཆ་བྱད་དུ་བྱས་ ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ཤིང་། འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དེ་ནི་ཡང་དག་པའི་མཐའ་མངོན་དུ་བྱེད་པར་འགྱུར་ཏེ། རྒྱུན་དུ་ཞུགས་པའི་ འབྲས་བུ་ཐོབ་པར་འགྱུར་རོ། །དེ་ནི་ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་རོ། །དེ་ནི་རང་བྱང་ཆུབ་ཐོབ་པར་འགྱུར་རོ། །ཞེས་ཟེར་ན། དེས་ཚིག་དེ་ཐོས་ནས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ མི་སྤྱོད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཤེས་ རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་སྟོན་པའི་ཚེ། བར་ཆད་དུ་འགྱུར་བའི་བདུད་ཀྱི་ལས་མང་དུ་འབྱུང་སྟེ། བདུད་ཀྱི་ལས་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རིག་པར་བྱས་ནས་རྣམ་པར་སྤང་བར་བྱའོ། །དེ་སྐད་ཅེས་ བཀའ་སྩལ་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདུད་ཀྱི་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རིག་པར་བགྱི་སྟེ། སྤང་བར་བགྱི་བ་དེ་དག་གང་ལགས། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་གཟུགས་བརྙན་ནི་བདུད་ཀྱི་ལས། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་ རོལ་དུ་ཕྱིན་པའི་གཟུགས་བརྙན་ནི་བདུད་ཀྱི་ལས་ཏེ། དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རིག་པར་བྱ་སྟེ། རྣམ་པར་སྤང་བར་བྱའོ། །རབ་འབྱོར་གཞན་ཡང་ཉན་ཐོས་ཀྱི་ཐེག་པ་དང་ལྡན་པ་དང་། རང་སངས་རྒྱས་དང་ལྡན་པའི་མདོ་སྡེ་དག་ ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱ་སྟེ། །རྣམ་པར་སྤང་བར་བྱའོ། །རབ་འབྱོར་གཞན་ཡང་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དྲན་པ་ ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་བཞི་དང་། རྣམ་པར་ཐར་ པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པར་འགྱུར་བ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་འཐོབ་པར་འགྱུར་ བ་དེ་དག་ཀྱང་། བདུད་སྡིག་ཏོ་ཅན་དག་དགེ་སློང་གི་ཆ་བྱད་དུ་བྱས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཉེ་བར་བསྙེན་ཏེ། དེ་ཡང་དེ་ལ་དགའ་བ་སྐྱེད་ན། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་སངས་རྒྱས་ཀྱི་ཆ་བྱད་དུ་ལུས་གསེར་ཀྱི་ཁ་དོག་དང་། མི་ཆེན་པོའི་མཚན་སུམ་ཅུ་རྩ་ གཉིས་དང་། འོད་འདོམ་གང་བར་ལྡན་པར་བྱས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མོས་པ་སྐྱེད་དོ། །དེས་མོས་པ་བསྐྱེད་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ ཡོངས་སུ་ཉམ་པར་འགྱུར་ཏེ། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་རབ་ འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་མདུན་དུ་སངས་རྒྱས་ལ་སྩོགས་པ་དགེ་སློང་གི་དགེ་འདུན་ཉེ་བར་སྟོན་ཏོ། །དེས་དེ་ལ་འདོད་པ་བསྐྱེད་ཅིང་བདག་ཀྱང་མ་འོངས་པའི་དུས་ན་དེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་འདི་ལྟ་བུར་ཤོག་ཤིག །ཇི་ལྟར་དེ་བཞིན་གཤེགས་པ་འདིས་ཚོགས་ཡོངས་སུ་བསྡུས་པ་དེ་བཞིན་དུ་བདག་གིས་ཀྱང་། ཚོགས་ཡོངས་སུ་བསྡུ་བར་བྱའོ། །དེ་བཞིན་གཤེགས་པ་འདིས་ཆོས་ཇི་ལྟར་སྟོན་པ་དེ་བཞིན་དུ་བདག་གིས་ཀྱང་ཆོས་ བསྟན་པར་བགྱིའོ། །ཞེས་དེ་དེ་ལ་འདོད་པ་བསྐྱེད་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་སུ་ཉམ་པར་འགྱུར་ཏེ། རབ་འབྱོར་དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་ སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་དུ་མ། བྱང་ཆུབ་སེམས་ དཔའ་སྟོང་ཕྲག་དུ་མ། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་དུ་མ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དེ་ལྟ་བུ་དག་ཉེ་བར་སྟོན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ་དག་ལ་འདོད་པ་བསྐྱེད་པར་འགྱུར་རོ། །དེས་དེ་དག་ལ་འདོད་པ་བསྐྱེད་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་སུ་ཉམ་པར་འགྱུར་ཏེ། རབ་འབྱོར་ དེ་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་། སྒོམ་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་རྒྱུ་རྐྱེན་མི་ལྡན་པ་སྟེ། རབ་འབྱོར་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་གཟུགས་མེད་དོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་མེད་དོ། །སྐྱེ་མཆེད་དང་ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་མེད་དོ། ། ཕ་རོལ་དུ་ཕྱིན་པ་རྣམས་མེད་དོ། །སྟོང་པ་ཉིད་རྣམས་མེད་དོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་མེད་དོ། །འཕགས་པའི་བདེན་པ་རྣམས་མེད་དོ། །བསམ་གཏན་རྣམས་མེད་དོ། །ཚད་མེད་པ་རྣམས་མེད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ མེད་དོ། །རྣམ་པར་ཐར་པ་བརྒྱད་མེད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མེད་དོ། །མངོན་པར་ཤེས་པ་རྣམས་མེད་དོ། །ཏིང་ངེ་འཛིན་རྣམས་མེད་ དོ། །གཟུངས་ཀྱི་སྒོ་རྣམས་མེད་དོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་མེད་དོ། །མི་འཇིགས་པ་བཞི་མེད་དོ། །སོ་སོ་ཡང་དག་པར་རིག་པ་བཞི་མེད་དོ། །བྱམས་པ་ཆེན་པོ་མེད་དོ། །སྙིང་རྗེ་ཆེན་པོ་མེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ མེད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་མེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་མེད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མེད་དོ། །རབ་འབྱོར་གང་ལ་ གཟུགས་མེད་པ་དང་ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་དང་རྣམ་པར་ཤེས་པ་མེད་པ་དང་། སྐྱེ་མཆེད་མེད་པ་དང་ཁམས་མེད་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་མེད་པ་དང་། ཕ་རོལ་དུ་ཕྱིན་པ་རྣམས་མེད་པ་དང་། སྟོང་པ་ཉིད་རྣམས་མེད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་མེད་པ་དང་། འཕགས་པའི་བདེན་པ་རྣམས་མེད་པ་དང་། བསམ་གཏན་རྣམས་མེད་པ་དང་། ཚད་མེད་པ་རྣམས་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མེད་པ་དང་། རྣམ་པར་ཐར་པ་བརྒྱད་མེད་པ་དང་། མཐར་ གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མེད་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་མེད་པ་དང་ཏིང་ངེ་འཛིན་རྣམས་མེད་པ་དང་། གཟུངས་ཀྱི་སྒོ་རྣམས་མེད་པ་དང་། དེ་བཞིན་ གཤེགས་པའི་སྟོབས་རྣམས་མེད་པ་དང་། མི་འཇིགས་པ་རྣམས་མེད་པ་དང་། སོ་སོ་ཡང་དག་པར་རིག་པ་རྣམས་མེད་པ་དང་། སྙིང་རྗེ་ཆེན་པོ་མེད་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མེད་པ་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་མེད་པ་དང་། ལན་ཅིག་ ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་མེད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མེད་པ་དེ་ལ་སངས་རྒྱས་མེད་དོ། །བྱང་ཆུབ་སེམས་དཔའ་མེད་དོ། །རང་སངས་རྒྱས་མེད་དོ། །ཉན་ ཐོས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་ངོ་། །རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་བར་ཆད་དུ་འགྱུར་བ་མང་བ་སྟེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་ ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་དག་ལ་ཡང་བར་ཆད་ཏུ་འགྱུར་བ་མེད་དོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཛམ་བུའི་གླིང་འདིའི་རིན་པོ་ཆེ་གསེར་དང་ནོར་བུ་དང་མུ་ཏིག་དང་བཻཌཱུརྱ་དང་། དུང་དང་མན་ཤེལ་དང་བྱི་རུ་དང་དངུལ་ དང་ས་ལེ་སྦྲམ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ནི་བར་ཆད་དུ་འགྱུར་བ་མང་ཞིང་། ཕྱིར་རྒོལ་བ་མང་བ་དག་གོ །རབ་འབྱོར་དེ་བཞིན་དུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་། སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་དག་ལ་ཡང་བདུད་ཀྱི་ལས་མང་པོ་འབྱུང་བར་འགྱུར་རོ། །བར་ཆད་མང་པོ་འབྱུང་བར་འགྱུར་རོ། །ཕྱིར་རྒོལ་བ་མང་པོ་འབྱུང་བར་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ ནི་དེ་བཞིན་ནོ། །བདེ་བར་གཤེགས་པ་དེ་ནི་དེ་བཞིན་ཏེ། འཛམ་བུའི་གླིང་འདིའི་རིན་པོ་ཆེ་གསེར་དང་ནོར་བུ་དང་མུ་ཏིག་དང་བཻ་ཌཱུརྱ་དང་དུང་དང་མན་ཤེལ་དང་བྱི་རུ་དང་དངུལ་དང་། ས་ལེ་སྦྲམ་གང་ཇི་སྙེད་ཅིག་མཆིས་པ་དེ་དག་ནི་བར་ཆད་དུ་འགྱུར་པ་མང་ཞིང་སླར་རྒོལ་བ་མང་བ་ ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་ལུང་འབོག་པ་དང་། ཁ་ཏོན་བགྱིད་པ་དང་། སྟོན་པ་དང་ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་དག་ལ་ཡང་བདུད་ཀྱི་ལས་མང་པོ་འབྱུང་ བར་འགྱུར་རོ། །བར་ཆད་མང་པོ་འབྱུང་བར་འགྱུར་རོ། །སླར་རྒོལ་བ་མང་པོ་འབྱུང་བར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་སྐྱེས་བུ་གླེན་པ་གང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་། ལུང་འབོག་ པ་དང་ཁ་ཏོན་བགྱིད་པ་དང་སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དང་དག་གིས་བར་ཆད་བགྱིད་པ་ནི་བདུད་ཀྱིས་བྱིན་གྱིས་བརླབས་པ་སྟེ། བཅོམ་ལྡན་འདས་སྐྱེས་བུ་གླེན་པ་དེ་དག་ནི་བློ་ཆུང་ཞིང་བློ་ཞན་པར་འགྱུར་རོ། །བཅོམ་ལྡན་འདས་སྐྱེས་བུ་གླེན་པ་གང་རིགས་ཀྱི་བུ་དང་ རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་ལུང་འབོག་པ་དང་། ཁ་ཏོན་བགྱིད་པ་དང་སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་དག་གི་བར་ཆད་བགྱིད་པ་དེ་དག་ནི། བློ་རྒྱ་ཤིན་དུ་ཆུང་བར་འགྱུར་ཏེ། སངས་རྒྱས་ཀྱི་ཆོས་རླབས་པོ་ཆེ་དག་ ལ་དེ་དག་གི་སེམས་མི་འཇུག་གོ། །དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་མི་འདྲི། མི་ཀློག་ལུང་མི་འབོག །ཁ་ཏོན་མི་བགྱིད། མི་སྒོམ་ཚུལ་བཞིན་དུ་ཡིད་ལ་མི་བགྱིད་དེ། གཞན་འདྲི་ཞིང་ཀློག་པ་དང་ཁ་ཏོན་བགྱིད་པ་དང་། སྟོན་པ་དང་ཚུལ་བཞིན་དུ་ཡིད་ལ་ བགྱིད་པ་དག་ལ་ཡང་བར་ཆད་བགྱིད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་མི་འདྲི། མི་ཀློག་ལུང་མི་འབོག །ཁ་ཏོན་ མི་བྱེད། མི་སྒོམ་ཚུལ་བཞིན་དུ་ཡིད་ལ་མི་བྱེད་ཅིང་། གཞན་འདྲི་བ་དང་ཀློག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་པ་དང་། སྟོན་པ་དང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་དག་གི་བར་ཆད་བྱེད་པ་དེ་དག་ནི་བདུད་ཀྱིས་བྱིན་གྱིས་བརླབས་པ། ཐེག་པ་ལ་གསར་དུ་ཞུགས་པ། དགེ་བའི་རྩ་བ་མ་བསྐྱེད་པ། དགེ་བའི་རྩ་བ་ཤིན་དུ་ཆུང་བ། སྔོན་གྱི་རྒྱལ་བ་ལ་དགེ་བའི་རྩ་བ་མ་བསྒྲུབས་པ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་ཟིན་པ་དག་སྟེ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་བློ་ཆུང་ཞིང་བློ་ཞན་པར་འགྱུར་རོ། །རིགས་ཀྱི་བུ་ དང་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་མི་འདྲི་མི་ཀློག །ལུང་མི་འབོག །ཁ་ཏོན་མི་བྱེད། མི་སྒོམ། ཚུལ་བཞིན་དུ་ཡིད་ལ་མི་བྱེད་ཅིང་། གཞན་འདྲི་བ་དང་། ཀློག་པ་དང་ལུང་འབོག་པ་དང་ཁ་ཏོན་བྱེད་པ་དང་། སྟོན་པ་དང་ཚུལ་བཞིན་དུ་ཡིད་ལ་ བྱེད་པ་དེ་དག་གི་བར་ཆད་བྱེད་པ་དེ་དག་ནི་བློ་རྒྱ་ཤིན་དུ་ཆུང་བར་འགྱུར་ཏེ། སངས་རྒྱས་ཀྱི་ཆོས་རླབས་པོ་ཆེ་དག་ལ་དེ་དག་གི་སེམས་མི་འཇུག་གོ །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་བ་དང་། ཀློག་པ་དང་། ལུང་འབོག་པ་དང་། ཁ་ཏོན་བྱེད་ པ་དང་། སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དག་ལ་བདུད་ཀྱི་ལས་འདི་དག་འབྱུང་མོད་ཀྱི། འོན་ཀྱང་རབ་འབྱོར་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་ཞིང་ཀློག་པ་དང་། ལུང་འབོག་ཅིང་ཁ་ཏོན་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང་། གོང་དུ་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་ རྫོགས་པར་བྱེད་པ་དང་། སྟོང་པ་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡོངས་སུ་རྫོགས་པར་བྱེད་པ་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་ མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་ རྣམས་དང་གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་པ་དང་། ཐམས་ཅད་ ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་ན། རབ་འབྱོར་དེ་ནི་སངས་རྒྱས་ཀྱི་མཐུ་ཡིན་པར་ཤེས་པར་བྱ་སྟེ། དེས་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཤེས་ རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲིའོ། །ཀློག་གོ །ལུང་འབོག་གོ །ཁ་ཏོན་བྱེད་དོ། །ཚུལ་བཞིན་དུ་ཡིད་ལ་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །གོང་དུ་ཕ་རོལ་དུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་ པར་བྱེད་དོ། །སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་ པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་ བཞིན་གཤེགས་པའི་སྟོབས་རྣམས་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སྙིང་རྗེ་ཆེན་པོ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡོངས་སུ་ རྫོགས་པར་བྱེད་དོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་ཀྱང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འདྲི་བ་དང་། ཀློག་པ་དང་ལུང་འབོག་པ་དང་། ཁ་ཏོན་བྱ་བ་དང་། བསྟན་ པ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་བའི་ཕྱིར་དགོངས་པ་མཛད་དོ། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པ་གང་ཇི་སྙེད་པ་དེ་དག་ཀྱང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་འདྲི་ཞིང་ཀློག་པ་དང་། ལུང་འབོག་པ་དང་ ཁ་ཏོན་བྱེད་པ་དང་སྟོན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་དག་གི་དོན་དུ་བརྩོན་པར་བྱེད་ཅིང་། ཡོངས་སུ་འཛིན་པར་བྱེད་དོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་བཞི་བཅུ་ལྔ་པ། རབ་འབྱོར་འདི་ལྟ་སྟེ། དཔེར་ན། བུད་མེད་ལ་ལ་ཞིག་ལ། བུ་ལྔ་འམ། བཅུ་འམ། ཉི་ཤུ་འམ། སུམ་ཅུ་འམ། བཞི་བཅུ་འམ། ལྔ་བཅུ་འམ། བརྒྱ་འམ། སྟོང་ཞིག་ཡོད་ན། དེ་དག་ནི་མ་དེ་ཅི་ནས་ཀྱང་མི་ན་བར་བྱ་བའི་ཕྱིར་བརྩོན་པར་བྱེད་ཅིང་བདག་ཅག་གི་མ་འདི་ཇི་ལྟར་ན་ནད་མེད་པར་འགྱུར། བདག་ཅག་གི་མ་འདི་ལ་ཇི་ལྟར་ན་བར་ཆད་དུ་མི་འགྱུར། བདག་ཅག་གི་མ་འདི་ཇི་ལྟར་ན་ཡུན་རིང་དུ་འཚོ་བར་འགྱུར། བདག་ཅག་གི་མ་འདི་རིང་དུ་འཚོ་བར་བྱེད་ན་ཇི་ལྟར་བྱ། བདག་ཅག་གི་མ་འདི་ལུས་ལ་མི་བདེ་བའི་ཉམས་མེད་པར་བྱ་ན་ཇི་ལྟར་བྱ། འདི་ནི་བདག་ཅག་ སྐྱེད་སྐྱེད་པ་སྟེ། སྲོག་གི་སྦྱིན་བདག་གོ། །ཞེས་དེ་དག་མ་དེ་ལ་རིམ་གྲོ་ལེགས་པར་བྱ་བས་རིམ་གྲོ་བྱེད་དོ། །དེ་དག་ནི་འདིའི་སྲོག་གི་བར་ཆད་དུ་འགྱུར་དུ་འོང་ངོ་། །ལུས་ཉམ་ཆུང་བར་འགྱུར་དུ་འོང་ངོ་། །ལུས་ལ་ཤ་སྦྲང་དང་། སྦྲང་བུ་དང་། སྦྲུལ་ གྱིས་གཙེ་བའི་མི་བདེ་བས་བབ་དུ་འོང་ངོ་། །ཚ་བ་དང་། གྲང་བ་དང་། བཀྲེས་པ་དང་། སྐོམ་པས་མི་བདེ་བར་འགྱུར་དུ་འོང་ངོ་། །ཞེས་བསྟི་སྟང་ལེགས་པར་བྱ་བས་བསྟི་སྟང་དུ་བྱེད་དོ། །དེ་ལྟར་བུ་དེ་དག་མ་དེ་ལ་འདི་ནི་བདག་ཅག་སྐྱེད་སྐྱེད་པའོ། །འདི་ ནི་འཇིག་རྟེན་འདི་སྟོན་པའོ། །ཞེས་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རྒྱུན་ཏུ་རིམ་གྲོ་བྱེད་ཅིང་བསྟི་སྟང་དང་བཀུར་བསྟི་ཆེར་བྱེད་དོ། །རབ་འབྱོར་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་ མོ་འདི་ལ་སངས་རྒྱས་ཀྱི་སྤྱན་གྱིས་རྟག་ཏུ་རྒྱུན་མི་ཆད་པར་གཟིགས་ཤིང་དགོངས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་བདག་ཅག་གི་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྐྱེད་སྐྱེད་པའོ། །འཇིག་རྟེན་འདི་སྟོན་སྟོན་པའོ། །ཞེས་རྒྱུན་ཏུ་གཟིགས་ཤིང་ དགོངས་སོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་སངས་རྒྱས་ཀྱི་སྤྱན་གྱིས་རྟག་ཏུ་རྒྱུན་མི་ཆད་པར་གཟིགས་ཤིང་དགོངས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སྐྱེད་སྐྱེད་པའོ། །རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་ཡེ་ཤེས་འདི་ཡང་སྟོན་སྟོན་པའོ། །དེ་བས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་སངས་རྒྱས་ཀྱི་སྤྱན་གྱིས་རྟག་ཏུ་རྒྱུན་མི་ཆད་པར་གཟིགས་ཤིང་དགོངས་སོ། །དེ་ ཅིའི་ཕྱིར་ཞེ་ན། འདི་ལས་བྱུང་བ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་ རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པའོ། །འདི་ལས་བྱུང་བ་ནི་ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་རོ། །འདི་ལས་བྱུང་བ་ནི་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་ བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་སྟོབས་ལྔ་དང་བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །འདི་ལས་བྱུང་བ་ནི་འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དོ། །འདི་ལས་བྱུང་བ་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ བར་རོ། །འདི་ལས་བྱུང་བ་ནི་རྒྱུན་དུ་ཞུགས་པ་རྣམས་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་རྣམས་ཏེ། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། མངོན་པར་རྫོགས་ པར་འཚང་རྒྱ་བ་དང་། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་ལ་རྟེན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་ འཚང་རྒྱའོ། །མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདི་འདྲི་ཞིང་ཀློག་པ་དང་ལུང་འབོག་པ་དང་ཁ་ཏོན་བྱེད་པ་དང་ སྒོམ་པ་དང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དེ་དག་ཐམས་ཅད་ཀྱང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། སངས་རྒྱས་ཀྱི་སྤྱན་གྱིས་རྟག་ཏུ་རྒྱུན་མི་ཆད་པར་གཟིགས་ཤིང་དགོངས་སོ། །རབ་འབྱོར་བྱང་ཆུབ་སེམས་ དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ལ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཅི་ནས་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་ཉམས་པར་མི་འགྱུར་བར་རྟག་ཏུ་རྒྱུན་མི་འཆད་པར་ སྲུང་བ་མཛད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བསྐྱེད་པའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་འཇིག་ རྟེན་སྟོན་པའོ། །ཞེས་བཀའ་སྩལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བསྐྱེད་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་ པ་འཇིག་རྟེན་སྟོན་པ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པས་དེ་བཞིན་གཤེགས་པ་བསྐྲུན་པ་ལགས། འཇིག་རྟེན་ནི་དེ་བཞིན་གཤེགས་པས་གང་ལ་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ ཕ་རོལ་དུ་ཕྱིན་པ་འདིས་དེ་བཞིན་གཤེགས་པའི་སྟོབས་བཅུ་བསྐྱེད་དོ། །མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་བར་དུ་བསྐྱེད་དོ། །རབ་འབྱོར་ཆོས་དེ་དག་གིས་ནི་དེ་བཞིན་གཤེགས་པར་བརྗོད་དེ། རབ་འབྱོར་དེ་བས་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོ་འདིས་དེ་བཞིན་གཤེགས