Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 009_འདུལ་བ།_ཏ

Văn bản gốc(Tây Tạng)

Trang 17 / 20 (50.000 ký tự/trang)
ང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྲུས་བྱེད་པ་ན་སོར་མོའི་ཚིགས་གཉིས་ལས་འདས་པར་བྱེད་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཁྲུས་བྱེད་ན་ཞེས་བྱ་བ་ནི་ཆུ་བླངས་ནས་སོ། །སོར་མོའི་ཚིགས་
གཉིས་ལས་འདས་པར་འཇུག་ན་ཞེས་བྱ་བ་ནི་དེ་ལས་ལྷག་པར་རོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཁྲུས་བྱེད་པ་ནི་སོར་མོའི་ཚིགས་གཉིས་ལས་འདས་པར་བྱེད་ན་ཐམས་ཅད་དུ་ལྟུང་
བྱེད་དུ་འགྱུར་རོ། །ལྟུང་བྱེད་བརྒྱད་པའི་གསུམ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་སྦོམ་དགའ་མོ་ཉོན་མོངས་པས་ཉེན་ནས་ཇི་སྲིད་ཚིམ་གྱི་བར་དུ་གསང་བའི་ཕྱོགས་སུ་ཐལ་མོས་བརྒྱབ་པས་ཇི་ཙམ་ན་སྐྲངས་པར་གྱུར་ཏོ། །གང་གི་ཚེ་འདོད་
ཆགས་ཞི་བར་གྱུར་པ་དེའི་ཚེ་ན་ནས་ཆོ་ངེས་འདེབས་སོ། །དེ་ནས་ལྷན་ཅིག་གནས་པ་དང་ཉེ་གནས་རྣམས་ཀྱིས་དྲིས་པ་ལས་དེས་སྐབས་དེ་རྒྱས་པར་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་
བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་བུད་མེད་ཀྱི་ཡུལ་ལ་ཐལ་མོས་རྡེག་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །བུད་མེད་ཀྱི་ཡུལ་ལ་ཐལ་མོས་རྡེག་ན་ཞེས་
བྱ་བ་ནི་མོ་མཚན་ལ་ཐལ་ལྕག་གིས་བརྡེགས་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་བུད་མེད་ཀྱི་ཡུལ་ལ་ཐལ་མོས་རྡེག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བརྒྱད་པའི་ཚིགས་

སུ་བཅད་པའི་སྡོམ་རྫོགས་སྷོ།། །།སྡོམ་ནི། རྗེན་པ་བཙོ་བར་མི་བྱ་དང་། །ཆུས་ནི་གཏོར་བར་མི་བྱ་དང་། །སྔོན་པོར་བཤང་བ་མི་དོར་དང་། །རྩིག་པའི་རྒྱབ་ཏུ་མི་དོར་བའོ། །གླེང་གཞི་ནི་མཉན་ཡོད་ནའོ། །གྲོང་ཁྱེར་པ་དག་ལྡུམ་ར་དང་། སྐྱེད་མོས་ཚལ་ལ་དགའ་བས་དེ་
དག་གི་ཀུན་དུ་སྤྱོད་པ་ནི་གང་གི་ཚེ་སྐྱེད་མོས་ཚལ་དག་ཏུ་འདོང་བ་ན་གཡོས་མཁན་གྱིས་བཅའ་བ་འཚེད་པར་བྱེད་པ་ཡིན་པས་དེ་དག་གིས་ཡང་གཡོས་མཁན་ལ་སང་ནང་པར་སྔར་ཤོག་ཤིག་ཅེས་བསྒོ་བ་ལས། དེ་མ་འོངས་པར་སྦོམ་དགའ་མོ་སྔ་དྲོ་ཤམ་ཐབ་བགོས། ཆོས་གོས་དང་
ལྷུང་བཟེད་བླངས་ཏེ་བསོད་སྙོམས་ཀྱི་ཕྱིར་སྤྱོད་ཡུལ་དུ་ཞུགས་ནས་ཁྱིམ་བདག་ཅིག་གི་ཁྱིམ་དུ་ཞུགས་ཏེ་འདི་སྐད་ཅེས་སྨྲས་སོ། །མཚན་བཟངས་མ་བསོད་སྙོམས་བྱིན་ཅིག །དེས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་བདག་གློ་བ་མི་དགའ་བ་ལགས་སོ། །སྦོམ་དགའ་མོས་འདི་སྐད་ཅེས་
སྨྲས་སོ། །ཁྱོད་ཅི་སྟེ་མི་དགའ། དེས་སྐབས་དེ་རྒྱས་པར་སྨྲས་པ་དང་། དེས་འདི་སྐད་ཅེས་སྨྲས་སོ། །ཅིའི་ཕྱིར་ཁྱོད་རང་ཉིད་མི་འཚེད། དེས་འདི་སྐད་ཅེས་སྨྲས་སོ། །བདག་གིས་རྔོ་མི་ཐོག་ལགས་སོ། །དེ་ནས་སྦོམ་དགའ་མོས་ཁྱིམ་བདག་གི་ཆུང་མ་ལ་འདི་སྐད་ཅེས་སྨྲས་སོ། །ཅི་ཁྱོད་
ཀྱང་ཁབ་བཞིན་དུ་ལས་སྣ་གཅིག་པ་ཞིག་ཡིན་ནམ། དེས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་དེ་ལ་མཁྱེན་པ་མངའ་འམ། སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ། །ཁོ་མོས་བཟོའི་གནས་དང་། ལས་ཀྱི་གནས་གང་ལ་མཁས་པར་མ་བྱས་པ་དེ་གང་ཞིག་ཡོད། དེ་ནས་ཁྱིམ་
བདག་གི་ཆུང་མ་དེས་དེ་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་མ་ད་ནི་ཁྱོད་ལ་བདག་གསོལ་བ་འདེབས་ཀྱིས་བཅའ་བ་སྒྲོལ་ལ་བདག་ལ་སྩོལ་ཅིག །དེས་འདི་སྐད་ཅེས་སྨྲས་སོ། །ཁོ་མོ་ལ་སུ་བསོད་སྙོམས་སྟེར་བར་འགྱུར། ཁྱིམ་བདག་གི་ཆུང་མས་འདི་སྐད་ཅེས་སླད་
ཀྱིས་བདག་གིས་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་ལ་བདག་གིས་སློབ་དཔོན་ལ། བདག་གིས་མཁན་མོ་ལ། བདག་གིས་ཁང་སྐྱོང་མའི་བར་ལ་སླད་ཀྱིས་འབུལ་ལོ་ཞེས་སྨྲས་པ་དང་། དེས་ལྷུང་བཟེད་དང་། ཆོས་གོས་མཐའ་གཅིག་ཏུ་བཞག །གོས་གཞན་དག་བརྫེས་ཏེ་ཞེས་

བྱ་བ་ནས་དེས་དོག་ལེ་བཀྲུས་བཤལ་བ་བསྲེགས་ཏེ། མར་ཁུས་བཀང་ནས་ཇི་ཙམ་ན་རིམ་བཞིན་དུ་ཀུན་དུ་གཡོས་པ་དང་། ལེགས་པར་གཡོས་པ་དང་། འབྲས་བུ་ལས་གཡོས་པ་དང་། ལ་དུ་དང་། ཁོང་ཚངས་ཅན་དང་། ཅེ་ཀུན་དང་། རིམ་བརྒྱ་པ་དང་། སྲིན་བུའི་
དབྱིབས་ལྟ་བུ་སྟེ། དེ་ལྟ་བུ་དག་བཙོས་ཏེ་དེས་གྲོང་རྡལ་དེའི་ཕྱེད་དྲི་ཡིས་ཁྱབ་པར་བྱས་སོ། །ཇི་ཙམ་ན་དེས་གྲོང་རྡལ་གྱི་ཕྱེད་ན་འདུག་པ་དག་འོངས་ནས་དྲིས་པ། ཅི་ཁྱོད་ཀྱི་ཁྱིམ་དུ་གཡོས་མཁན་འོངས་སམ། དེས་འདི་སྐད་ཅེས་སྨྲས་སོ། །མ་འོངས་ཏེ། དེ་ལྟ་མོད་ཀྱི་འཕགས་མ་
སྦོམ་དགའ་མོ་འཚེད་དོ། །དེ་དག་ཀྱང་འོངས་ནས་གསོལ་བ་བཏབ་པ་དང་། དེས་འདི་སྐད་ཅེས་སྨྲས་སོ། །ཁོ་མོ་ལ་སུ་བསོད་སྙོམས་སྟེར་བར་འགྱུར། དེ་དག་གིས་འདི་སྐད་ཅེས། བདག་ཅག་གིས་ཁང་སྐྱོང་གི་བར་ལ་དབུལ་ལོ་ཞེས་སྨྲས་པ་དང་། དེ་བཞིན་དུ་སྦོམ་དགའ་མོས་གྲོང་
ཁྱེར་ཕྱེད་ཀྱི་བཅའ་བ་ཐམས་ཅད་བཙོས་ཏེ། དེ་ནས་བཙོས་ནས་བསོད་སྙོམས་ཀྱིས་ཁུར་བསླང་ནས་དབྱར་ཁང་དུ་སོང་ངོ་། །དེའི་འོག་ཏུ་གཡོས་མཁན་འོངས་ཏེ་འོངས་ནས་སྒོ་སྒོར་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་མོ་དག་བཙུན་མོ་དག་བཅའ་བ་དག་བཙོས་སྣོམས་ཏེ་སྤྱོན་ཅིག །
དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ཁོ་མོ་དག་གིས་བཙོས་ཟིན་ནོ། །རྒྱ་ཚོས་མཁན་གྱིས་འདི་སྐད་ཅེས་སྨྲས་སོ། །སུ་ཞིག་གིས། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །སྦོམ་དགའ་མོས་སོ་ཞེས་གྲོང་རྡལ་ཕྱེད་པོ་ཐམས་ཅད་ཀྱི་བར་གྱིས་གོ་བར་བྱས་པ་དང་། དེས་འདི་སྐད་
ཅེས་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་ཀྱི་ཚུལ་དང་། ཚངས་པའི་ཚུལ་ནི་ཚིག་པ་ཡིན་ཏེ། གང་གི་ཕྱིར་འདི་ལྟར་འཚོ་བ་ཡང་བཅད་དོ་ཞེས་འཕྱ་བར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་
ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རྗེན་པ་འཚེད་པར་བྱེད་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །རྗེན་པ་འཚེད་ན་ཞེས་བྱ་བ་ནི་བཅའ་བ་འཚེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་

གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རྗེན་པ་འཚེད་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དོ། །དེ་ནས་དགེ་འདུན་གྱི་བྲེལ་བ་བྱུང་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ཕྱིར་དབེན་
པར་འདུག་ནས་བཙོ་བར་བྱ་སྟེ་ལྟུང་བ་མེད་དོ། །ལྟུང་བྱེད་དགུ་པའི་དང་པོ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་ཁྱིམ་བདག་ཅིག་ཆུང་མ་དང་ལྷན་ཅིག་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ཞེས་བྱ་བ་ནས། དགེ་སློང་མ་རྣམས་ལ་བལྟ་
བའི་ཕྱིར་དབྱར་ཁང་དུ་དོང་ངོ་། །ཇི་ཙམ་ན་དེ་དེ་ན་ནང་པར་ཐུག་པ་ཞིག་འཐུང་བ་དང་། དགེ་སློང་མ་དེ་ཡང་ཆུ་སྣོད་ཅིག་ཐོགས་ཏེ། མདུན་ན་སྡོད་ཅིང་འདུག་གོ། །དེ་ནས་དགེ་སློང་དེ་དགོད་ནས་འདི་སྐད་ཅེས། ཁོ་བོ་ཁྱིམ་པར་གྱུར་པ་ན་ཁྱོད་དེ་ལྟར་མདུན་ན་སྡོད་དོ་
ཞེས་སྨྲས་པ་དང་། དེས་ཆུ་སྣོད་དེ་ནས་མགོར་གཏོར་ནས་འདི་སྐད་ཅེས་སྨྲས་སོ། །ཁོ་མོ་ཁྱོད་ཀྱི་ཡོན་ཏན་ཡང་དག་པར་སྒྲོགས་ན་ཁྱོད་ཁོ་མོའི་སྐྱོན་རྣམས་ལ་འཇུག་པར་བྱེད་དམ་ཞེས་སྨྲས་ནས་བྲོས་པ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཁྱོད་ཀྱིས་ཅིའི་ཕྱིར་
འཁོར་གྱི་གཙོ་བོའི་མགོ་ལ་ཆུས་གཏོར་ཞེས་བྱ་བ་ནས་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་
མ་གང་ཆུས་འཐོར་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །འཁོར་གྱི་གཙོ་བོ་ཞེས་བྱ་བ་ནི་འཁོར་གྱི་མཆོག་གོ། །ཆུས་འཐོར་ན་ཞེས་བྱ་བ་ནི་ཆུས་སོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་
ཇི་ཙམ་ཅུང་ཟད་འཁོར་གྱི་གཙོ་བོ་ལ་ཆུས་གཏོར་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་བརྒྱལ་བ་ལ་གདོང་དུ་ཆུ་ལྕག་གིས་འཐོར་བ་ལ་ནི་ལྟུང་བ་མེད་དོ། །ལྟུང་བྱེད་དགུ་པའི་གཉིས་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་དབྱར་ཁང་

དང་མི་རིང་བ་ཞིག་ན་ནེའུ་གསིང་སྔོན་པོ་ཞིག་ཡོད་པ་དེ་ན་བྲམ་ཟེ་ཞིག་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ལ་བྲམ་ཟེའི་གསང་ཚིག་ཀློག་ཏུ་འཇུག་གོ། །དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་སྦོམ་དགའ་མོ་སྤྱོད་ཡུལ་དུ་འཇུག་པ་མཐོང་ནས་ཐོ་བཙམས་སོ། །ཇི་ཙམ་ན་སྦོམ་དགའ་མོས་
འཁྲུ་བར་འགྱུར་བའི་སྨན་ཟོས་པས་དེ་མང་དུ་འཁྲུས་ནས་འཁྲུས་པ་དེ་ཕྱགས་ཏེ་ནེའུ་གསིང་སྔོན་པོའི་སྟེང་དུ་སོང་ནས་དེས་འཁྲུ་བས་ནེའུ་གསིང་སྔོན་པོ་ཐམས་ཅད་སྦགས་སོ། །དེ་ནས་ཡང་བྲམ་ཟེའི་ཁྱེའུ་རྣམས་ལྷགས་ནས་འདུག་སྟེ། དེ་དག་གིས་འདི་སྐད་ཅེས་ཀུད་སའི་བུ་དག །
བད་སའི་བུ་དག །བ་ར་དྭ་ཛའི་བུ་དག་ངན་སྐྱུགས་ཀྱི་དྲི་མནམ་མོ་ཞེས་སྨྲས་པ་ལས། ཇི་ཙམ་ན་དེ་དག་གི་ལག་པ་དང་། རྐང་པ་དང་། གོས་རྣམས་ངན་སྐྱུགས་ཀྱིས་འབགས་པར་གྱུར་ཏོ། །བྲམ་ཟེ་རྣམས་ནི་གཙང་སྦྲ་འདོད་པ་ཡིན་པས་དེ་ནས་བྲམ་ཟེའི་བུ་དེ་རྣམས་ཡིད་
མི་བདེ་ཞིང་འདུག་གོ། །དེ་ནས་ཡང་སྦོམ་དགའ་མོ་བསོད་སྙོམས་ལས་སླར་ལོག་པ་ན་བྲམ་ཟེའི་ཁྱེའུ་དེ་རྣམས་ཡིད་མི་བདེ་ཞིང་འདུག་པ་མཐོང་ནས་འདི་སྐད་ཅེས་སྨྲས་སོ། །ཀྱེ་བྲམ་ཟེའི་ཁྱེའུ་དག་ཅི་མང་དུ་གནོད་པ་བྱས་སམ། ཇི་ཙམ་ན་དགོད་ནས་འདི་སྐད་ཅེས་ཁྱེད་
དེ་ལྟར་བཅོས་སོ་ཞེས་བྱ་བ་ནས་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ནེའུ་གསིང་སྔོན་པོ་ལ་
བཤང་བ་འདོར་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ནེའུ་གསིང་སྔོན་པོ་ལ་ཞེས་བྱ་བ་ནི་རྩྭ་སྔོན་པོ་ལའོ། །བཤང་བ་འདོར་ན་ཞེས་བྱ་བ་ནི་མི་གཙང་བའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་
སློང་མས་ཇི་ཙམ་ཅུང་ཟད་འདི་སྙམ་དུ་ནེའུ་གསིང་སྔོན་པོ་ལ་དོར་རོ་སྙམ་ནས་བཤང་བ་འདོར་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་དགུ་པའི་གསུམ་པ་རྫོགས་སྷོ།། །།དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་ཉི་ཤུ་གསུམ་པ།

གླེང་གཞི་ནི་མཉན་ཡོད་ནའོ། །སྦོམ་དགའ་མོས་མང་དུ་ཟོས་ཤིང་མང་དུ་འཐུངས་པས་དེ་མཚན་མོ་གཅི་བས་ཐེབས་ནས་དེས་ཤོལ་ཟངས་བཞག་སྟེ་གཅིས་སོ། །དེ་ནས་ཡང་གླང་པོའི་སྣ་ཆེན་པོ་ལ་གཏོགས་པ་དཔལ་སྐྱེད་ཅེས་བྱ་བ། རྒྱལ་པོ་གསལ་རྒྱལ་གྱིས་ཆད་པས་བཅད་
པ་ཞིག་ཡོད་པ་དེ་ནང་པར་གྱི་དུས་སུ་དབྱར་ཁང་དང་ཉེ་བ་ཞིག་ནས་རྒྱལ་པོའི་ཕོ་བྲང་དུ་སོང་བ་ལས་སྦོམ་དགའ་མོ་དེས་ཤོལ་ཟངས་གཅིན་གྱིས་བཀང་བ་མ་བརྟགས་པར་གཏོར་བས་མགོ་ལ་ཕོག་པར་གྱུར་ཏོ་ཞེས་བྱ་བ་ནས་དེ་རིང་བདག་ལ་བཀྲ་ཤིས་པར་འགྱུར་རམ། འོན་ཏེ་བཀྲ་མི་ཤིས་
པར་འགྱུར་སྙམ་པ་ལས་ཇི་ཙམ་ན་རི་དགས་འཛིན་གྱིས་རྒྱལ་པོ་དཔལ་སྐྱེད་ལ་བཟོད་པ་བྱེད་དུ་བཅུག་ནས། འདི་ལྟར་རྒྱལ་པོས་གླང་པོ་ཆེ་པད་མ་དཀར་པོ་ཞེས་བྱ་བ་ཅིག་དང་། དེའི་དབང་ཐང་ཉིད་ཀྱང་སླར་བྱིན་ནོ། །དེ་ནས་དཔལ་སྐྱེད་ཀྱིས་རས་ཡུག་པོ་ཆེ་ཞིག་ཁྱེར་ཏེ་དགེ་སློང་མའི་
དབྱར་ཁང་དུ་ཕྱིན་པ་ཇི་ཙམ་ན་སྦོམ་དགའ་མོས་ཐོས་ནས་སྐྲག་པར་གྱུར་པ་དང་ཞེས་བྱ་བ་ནས་དཔལ་སྐྱེད་ཀྱིས་འདི་སྐད་ཅེས་སྨྲས་སོ། །གང་གིས་ནང་པར་གྱི་དུས་སུ་ཁོ་བོ་ལ་གཅིན་གཏོར་བའི་དེའི་གཅིན་ནི་བཀྲ་ཤིས་པ་དགའ་བར་བྱེད་པ་ཡིན་པས། དེ་ལ་ཁོ་བོ་དེ་རིང་བསྐོན་པ་རས་ཡུག་པོ་
ཆེ་འབུལ་ན་དགེ་སློང་མ་དེ་གང་ལགས། དེ་ནས་སྦོམ་དགའ་མོས་འདི་སྐད་ཅེས། ཁོ་མོ་ཡིན་ནོ་ཞེས་སྨྲས་པ་དང་། དེས་དེ་ལ་རས་ཡུག་པོ་ཆེ་ཅིག་བསྐོན་ནོ། །ཇི་ཙམ་ན་སྦོམ་དགའ་མོ་དགེ་སློང་མ་རྣམས་དང་ལྷན་ཅིག་འཐབ་མོ་བྱུང་བ་དེའི་ཚེ་དེ་ན་རེ་ངན་སྐྱུགས་ཀྱང་ཁྱེད་དང་མི་མཚུངས་
སོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་བརྟགས་པར་དོར་བར་མི་བྱའོ། །འདོར་ན་དེ་ལྟུང་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མ་བརྟགས་པར་
བཤང་བ་དང་། གཅི་བ་འདོར་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །མ་བརྟགས་པར་ཞེས་བྱ་བ་ནི་བརྟགས་པར་མ་བྱས་པར་རོ། །བཤང་བའམ། གཅི་བ་འདོར་ན་ཞེས་བྱ་བ་ནི་འདོར་བར་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་

ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་མ་བརྟགས་པར་བཤང་བའམ། གཅི་བ་འདོར་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་ཁང་སྟོང་ངམ་རྩིག་པ་རལ་བ་ཡིན་ན་ལྟུང་བ་མེད་དོ། །ལྟུང་བྱེད་དགུ་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །།
སྡོམ་ནི། སྐྱབས་ཡོད་པར་ནི་སྐྱེས་པ་དང་། །དགེ་སློང་མ་དང་འདུག་མི་བྱ། །བླ་གབ་མེད་པར་སྐྱེས་པ་དང་། །དགེ་སློང་གཉིས་ནི་མ་ཡིན་དང་། །འབའ་ཞིག་གནས་པར་མི་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་སྦོམ་དགའ་མོ་སྐྱེས་པ་དང་ལྷན་ཅིག་སྐྱབས་ཡོད་པ་ན་གཏམ་
བྱེད་པ་དང་བྲམ་ཟེ་དང་། ཁྱིམ་བདག་གི་ཆུང་མ་རྣམས་ཀྱིས་འདི་སྐད་ཅེས་དེ་ལྟར་བརྡ་བྱེད་ནས་མཚན་མོ་ཉེས་པར་སྤྱད་པ་སྤྱོད་པར་འགྱུར་རོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་
བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གཅིག་པུ་སྐྱེས་པ་ཅིག་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འདུག་པ་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །སྐྱེས་པ་དང་ལྷན་ཅིག་ཅེས་བྱ་བ་ནི་ཕོ་དང་ངོ་། །གཅིག་པུ་ཞེས་
བྱ་བ་ནི་གང་ན་གསུམ་པ་སྐྱེས་པའམ། བུད་མེད་དམ། མ་ནིང་མེད་པར་རོ། །དབེན་པ་སྐྱབས་ཡོད་པ་ཞེས་བྱ་བ་ལ། སྐྱབས་ཡོད་པ་ནི་གསུམ་སྟེ། རྩིག་པའི་སྐྱབས་ཡོད་པ་དང་། སབ་མའི་སྐྱབས་ཡོད་པ་དང་། ཡོལ་བའི་སྐྱབས་ཡོད་པའོ། །འདུག་ན་ཞེས་བྱ་བ་
ནི་གཏམ་ཟེར་ཞིང་ངོ་། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་ཇི་ཙམ་ཅུང་ཟད་སྐྱེས་པ་དང་ལྷན་ཅིག་སྐྱབས་ཡོད་པ་ན་འདུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅུ་པའི་དང་པོ་རྫོགས་སྷོ།། །།གླེང་གཞི་ནི་
མཉན་ཡོད་ནའོ། །གང་གི་ཚེ་འཆར་ཀ་དང་། སྦེད་མ་རབ་ཏུ་བྱུང་བ་དེའི་ཚེ་འཆར་ཀ་དགེ་སློང་མའི་དབྱར་ཁང་གང་ན་བ་དེར་སོང་སྟེ་ཕྱིན་ནས་སྦེད་མ་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འདུག་པ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །

དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གཅིག་པུ་དགེ་སློང་ཅིག་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འདུག་པ་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦེད་མའོ། །གཅིག་པུ་དགེ་སློང་ཅིག་
དང་ལྷན་ཅིག་ཞེས་བྱ་བ་ནི་གང་ན་གསུམ་པ་སྐྱེས་པ་དང་། བུད་མེད་དང་། མ་ནིང་མེད་པར་འཆར་ཀ་དང་ངོ་། །དབེན་པ་སྐྱབས་ཡོད་པ་ན་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །འདུག་ན་ཞེས་བྱ་བ་ནི་གཏམ་སྨྲ་ཞིང་ངོ་། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་
བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འདུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་གྲོགས་གཉིས་པ་ཡོད་ན་ལྟུང་བ་མེད་དོ། །ལྟུང་བྱེད་བཅུ་པའི་གཉིས་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་
ནའོ། །དེ་ནས་སྦོམ་དགའ་མོས་སྐྱེས་པ་ཞིག་དང་ལྷན་ཅིག་བླ་གབ་མེད་པར་འདུག་ནས་རྐུན་ལ་རྩེད་མོ་ཞེས་བརྡའི་ཚིག་སྨྲའོ་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གཅིག་པུ་སྐྱེས་པ་ཞིག་དང་ལྷན་ཅིག་བླ་གབ་མེད་པར་དབེན་པར་འདུག་ན་ལྟུང་
བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །གཞན་ནི་སྔ་མ་བཞིན་ནོ། །བླ་གབ་མེད་པར་ཞེས་བྱ་བ་ནི་ཐང་ལའོ། །དབེན་པར་འདུག་ན་ཞེས་བྱ་བ་ནི་གཏམ་ཟེར་ཞིང་སྟེ། ཁྱད་པར་ནི་འདི་ཡོད་དོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་
འགྱུར་ཞེ་ན། དགེ་སློང་མ་ཇི་ཙམ་ཅུང་ཟད་སྐྱེས་པ་དང་ལྷན་ཅིག་བླ་གབ་མེད་པ་ན་འདུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །གྲོགས་ཡོད་ན་ལྟུང་བ་མེད་དོ། །ལྟུང་བྱེད་བཅུ་པའི་གསུམ་པ་རྫོགས་སྷོ།། །།དེ་བཞིན་དུ་སྦེད་མ་དང་། འཆར་ཀ་དབེན་པ་བླ་གབ་མེད་པ་ན་
འདུག་ནས་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གཅིག་པུ་དགེ་སློང་ཞིག་དང་ལྷན་ཅིག་བླ་གབ་མེད་པ་དབེན་པར་འདུག་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦེད་མའོ། །དགེ་སློང་ནི་འཆར་ཀའོ། །གཞན་ནི་གོང་ནས་འབྱུང་བ་བཞིན་

ནོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཅེས་བྱ་བ་སྔ་མ་བཞིན་ནོ། །གྲོགས་ཡོད་ན་ལྟུང་བ་མེད་དོ། །ལྟུང་བྱེད་བཅུ་པའི་བཞི་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །སྦོམ་དགའ་མོས་སྐྱེས་
པ་ཞིག་ལ་བརྡ་བྱས་པ་དང་། དེས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་ཁྱོད་ནི་རབ་ཏུ་བྱུང་བ་ལགས་ལ། བདག་ཀྱང་ཁྱིམ་པའི་ནང་ན་དགེ་བསྙེན་ལགས་ཏེ་གལ་ཏེ་འགའ་ཞིག་གིས་ཤེས་པར་གྱུར་ན་གཉིས་ཀ་སྨོད་པར་འགྱུར་རོ། །དེས་འདི་སྐད་ཅེས་སྨྲས་སོ། །ཁྱོད་
ཇི་སྙམ་དུ་སེམས། དུང་དང་། རྔ་པ་ཊ་ཧ་འབུད་ཅིང་འོང་དགོས་སམ། དེ་ལྟ་མོད་ཀྱི་དབྱར་ཁང་གི་གནས་ཁང་དུ་ཤོག་ཤིག །ཅི་ཙམ་ན་སྐྱེས་པ་དེ་གནས་ཁང་དུ་འོངས་སོ། །དེ་ནས་སྦོམ་དགའ་མོས་སྐྱེས་པ་དེ་སྐྱབས་ཡོད་པར་ཁྲི་སྟེང་དུ་འདུག་ཏུ་བཅུག་ནས་འདི་སྐད་ཅེས་སྨྲས་སོ། །
ཁོ་མོ་མཁན་མོའི་ཞབས་བཀྲུ་བའི་ཆེད་དུ་ལྟ་ཞིག་འགྲོའོ་ཞེས་སྨྲས་ནས་སོང་ངོ་། །དེས་ཀྱང་མཁན་མོ་ལ་ཞུས་ནས་ལུང་ཡང་མནོས། གཞོན་ནུ་མ་རྣམས་ལ་ཡང་ལུང་ཕོག་གཏམ་དག་གླེང་བ་ཡང་བྱས་ཏེ། དེ་ལྟར་བྱ་བ་མང་ཞིང་བསྒྲུབ་པ་མངས་པས་ཅི་ཙམ་ན་སྐྱེས་པ་དེ་བརྗེད་དོ། །དེ་
གཙུག་ལག་ཁང་གི་ཕྱི་རོལ་དུ་རྐང་པ་བཀྲུས་ནས། གནས་ཁང་གི་ནང་དུ་ཞུགས་ཏེ་ཁྲི་སྟེང་དུ་འདུག་པ་དང་སྐྱེས་པ་དེ་ཡང་འགུལ་བར་བརྩམས་སོ། །དེས་འགུལ་བས་ཁྲི་ལྡེགས་པ་དང་། དེས་རྐུན་པོ་བྱུང་ངོ་རྐུན་པོ་བྱུང་ངོ་ཞེས་ཁུས་བཏབ་པ་དང་། དེ་ནས་སྐྱེས་པ་དེ་ཡང་ཁ་ཟེར་ཞིང་བྲོས་
སོ། །དགེ་སློང་མ་རྣམས་ཀྱིས་འཕྲིགས་ཏེ། འཕྲིགས་ནས་ཀྱང་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གཅིག་པུ་གཉིས་སུ་མེད་པར་
དགེ་སློང་མ་མེད་པའི་གནས་ཁང་དུ་མཚན་མོ་གནས་པར་བྱེད་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །གཅིག་པུ་གཉིས་སུ་མེད་པར་དགེ་སློང་མའི་གནས་ཁང་དུ་གནས་པར་བྱེད་ན་ཞེས་བྱ་བ་ནི་ཉལ་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་

བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་ཇི་ཙམ་ཅུང་ཟད་གཅིག་པུ་གཉིས་སུ་མེད་པར་གནས་ཁང་དུ་ཉལ་བར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅུ་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །།སྡོམ་ལ། རྣ་བར་གཤུབ་པ་གཉིས་
དང་ནི། །བདག་ཉིད་ལ་ནི་མཐོ་འཚམས་དང་། །ཚངས་པར་སྤྱོད་ལ་མནའ་མིན་དང་། །ཉེས་པར་མཐོང་བ་མི་གླེང་བའོ། །གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་སྦོམ་དགའ་མོས་སྐྱེས་པ་ཞིག་གི་རྣ་བར་གཤུབས་པ་དང་། བྲམ་ཟེ་དང་། ཁྱིམ་བདག་དག་ན་རེ་གང་གི་
ཕྱིར་རབ་ཏུ་བྱུང་བ་ཡང་ཁྱིམ་ན་གནས་པའི་རྣ་བར་གཤུབ་ལ། ཁྱིམ་ན་གནས་པ་ཡང་གཤུབ་པར་བྱེད་ན་འདི་གཉིས་ལ་ཁྱད་པར་ནི་ཅི་ཞིག་ཡོད། བསམ་པ་ནི་ཅི་ཡོད། ཐ་དད་དུ་བྱ་བ་ནི་ཅི་ཡོད་ཅེས་འཕྱ་བར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་
བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་སྐྱེས་པའི་རྣ་བར་གཤུབ་པར་བྱེད་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །རྣ་བར་གཤུབ་
པར་བྱེད་ན་ཞེས་བྱ་བ་ནི་རྣ་བར་གཏམ་སྨྲ་བར་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་སྐྱེས་པའི་རྣ་བར་གཤུབ་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅུ་གཅིག་པའི་དང་པོ་
རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་བཞིན་དུ་སྦེད་མ་འཆར་ཀའི་རྣ་བར་གཤུབ་པར་བྱེད་པ་ནས། དོན་ཉུང་བའི་དགེ་སློང་མ་རྣམས་འཕྱ་བར་བྱེད་པའི་བར་གྱི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་
པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་དང་ལྷན་ཅིག་རྣ་བར་གཤུབ་པར་བྱེད་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦེད་མའོ། །དགེ་སློང་ཞེས་བྱ་བ་ནི་འཆར་ཀའོ། །ལྷན་ཅིག་རྣ་བར་གཤུབ་པར་བྱེད་ན་ཞེས་བྱ་བ་ནི་རྣ་བར་གཏམ་སྨྲ་བར་བྱེད་ནའོ། །

ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་གི་རྣ་བར་གཤུབ་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅུ་གཅིག་པའི་གཉིས་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །
དེའི་ཚེ་སྦོམ་དགའ་མོ་དགེ་སློང་མ་རྣམས་དང་ལྷན་ཅིག་འཐབ་མོ་བྱུང་བ་ན་དེ་ལ་དགེ་སློང་མ་རྣམས་ཀྱིས་རྩོད་པ་འགའ་ཞིག་ལ་གླེང་བར་བྱེད་དེ། དེ་གླེངས་པ་ན་རང་ལ་འཚོགས་པར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་
ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་འཁྲུགས་ནས་རང་ལ་རྡེག་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །རང་ལ་རྡེག་ན་ཞེས་བྱ་བ་ནི་རང་ལ་འཚོག་པར་བྱེད་
ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རང་གི་ལུས་ལ་རྡེག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅུ་གཅིག་པའི་གསུམ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་
ནས་བཅུ་གཉིས་སྡེ་རྣམས་གང་དུ་ཁ་མི་འདུམ་པ་ཅི་བྱུང་ཡང་རུང་ཐམས་ཅད་དུ་སངས་རྒྱས་ལ་མནའ་འདོར་བར་བྱེད། ཆོས་དང་། དགེ་འདུན་དང་། ཚངས་པར་སྤྱོད་པ་ལ་གནས་པ་དང་། མཁན་མོ་དང་། སློབ་དཔོན་ལ་མནའ་འདོར་བར་བྱེད་པ་ན། དོན་ཉུང་བའི་དགེ་སློང་
མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཚངས་པར་སྤྱོད་པ་ལ་མནའ་འདོར་བར་བྱེད་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་
བཅུ་གཉིས་སྡེ་དག་གོ། །ཚངས་པར་སྤྱོད་པས་ཞེས་བྱ་བ་ནི་ཚུལ་ཁྲིམས་ལ་མནའ་འདོར་བའོ། །མནའ་འདོར་བར་བྱེད་ན་ཞེས་བྱ་བ་ནི་ཡིད་ཆེས་པར་བྱ་བའི་ཕྱིར་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་

ཅུང་ཟད་སངས་རྒྱས་ལ་མནའ་འདོར་བར་བྱེད་ན་ལྟུང་བྱེད་དོ། །ཆོས་ལ་ནི་ལྟུང་བྱེད་དོ། །དགེ་འདུན་ལ་ནི་ལྟུང་བྱེད་དོ། །ཚངས་པར་སྤྱོད་པ་ལ་གནས་པ་ལ་ནི་ལྟུང་བྱེད་དོ། །མཁན་མོ་དང་། སློབ་དཔོན་ལ་ནི་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅུ་
གཅིག་པའི་བཞི་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་བཅུ་གཉིས་སྡེ་རྣམས་དགེ་སློང་མ་རྣམས་དང་ལྷན་ཅིག་འཐབ་མོ་བྱུང་སྟེ། དེ་དག་འཐབ་མོ་བྱུང་བ་ན་དགེ་སློང་མ་རྣམས་ལ་གླེང་བར་བྱེད་དེ། གང་གི་ཚེ་ལྕོགས་པར་མི་ནུས་པ་དེའི་ཚེ་དེ་དག་དགེ་
སློང་མ་རྣམས་ལ་ཉེས་པར་མཐོང་བས་གླེང་བར་བྱེད། ཉེས་པར་ཐོས་པ་དང་། ཉེས་པར་དོགས་པས་གླེང་བར་བྱེད་པ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་
ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་ལ་ཉེས་པར་མཐོང་བ་དང་། ཉེས་པར་ཐོས་པ་དང་། ཉེས་པར་དོགས་པས་གླེང་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། །དགེ་སློང་མ་རྣམས་ལ་ཞེས་བྱ་བ་ནི་ཆོས་
འདི་པ་རྣམས་ལའོ། །ཉེས་པར་མཐོང་བས་གླེང་ན་ལྟུང་བྱེད་དོ། །ཉེས་པར་ཐོས་པ་དང་། ཉེས་པར་དོགས་པས་མ་བརྟགས་པར་གླེང་བར་བྱེད་ན་ཞེས་བྱ་བ་ནི་གཤེ་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་
མས་ཇི་ཙམ་ཅུང་ཟད་ཉེས་པར་མཐོང་བས་གླེང་ན་ལྟུང་བྱེད་དོ། །ཉེས་པར་ཐོས་པས་ན་ལྟུང་བྱེད་དོ། །ཉེས་པར་དོགས་པས་ན་ལྟུང་བྱེད་དོ། །ལྟུང་བྱེད་བཅུ་གཅིག་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །།སྡོམ་ལ། མུན་པར་རྒྱ་སྐྱེགས་བཅངས་པ་དང་། །མ་
གཏད་པར་ནི་འགྲོ་བ་དང་། །ཁྱིམ་པའི་སྟན་ནི་བཤམས་པ་དང་། །དེར་ནི་ཉལ་བར་མི་བྱ་བའོ། །གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་དགེ་སློང་མ་རྣམས་ལྗོངས་རྒྱུ་བ་ན་རི་འོར་ཞིག་ཏུ་ཕྱིན་ནས་དེ་དག་གིས་དེར་ཁྱིམ་བདག་ཅིག་ལ་གནས་ཞིག་བརྙས་ཏེ། དེ་དག་ནུབ་མོ་དེ་ན་

རྟེན་ཅིང་འཁོད་པ་ལས་ཇི་ཙམ་ན་མཚན་མོ་ནམ་སྲོས་པ་ན་ཆར་ཕབ་ནས་དེ་དག་ཕུགས་ལོགས་སུ་ནུར་ཏེ་ཞུགས་པ་དང་། དེ་ན་ཡང་སྐྱེས་པ་ཞིག་སྔར་ཞུགས་པ་ཞིག་ཡོད་པ་དེས་དགེ་སློང་མ་བཟུང་བ་དང་དེས་ཁུས་བཏབ་པོ། །ཇི་ཙམ་ན་དགེ་སློང་མ་རྣམས་ཀྱིས་གསོལ་བ་བྱས་ཏེ་
བཏང་བ་ནས་མཉན་ཡོད་དུ་ལྷགས་པ་དང་། སྐབས་དེ་དགེ་སློང་མ་རྣམས་ལ་རྒྱས་པར་སྨྲས་པའི་བར་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་བྱུང་བ་དེ་ནི་དགེ་སློང་མ་དག་ཁྱིམ་དུ་མ་བརྟགས་
པར་གནས་འཆའ་བ་ལས་གྱུར་ཏོ་སྙམ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གནས་མ་བརྟགས་པར་གནས་སུ་གནས་འཆའ་བར་བྱེད་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་ཆོས་
འདི་པ་དག་གིའོ། །གནས་མ་བརྟགས་པར་ཞེས་བྱ་བ་ནི་བརྟག་པ་མ་བྱས་པར་རོ། །གནས་པར་བྱེད་ན་ཞེས་བྱ་བ་ནི་ཁྱིམ་པའི་ཁྱིམ་དུ་ཉལ་བར་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་
ཟད་མུན་ཁུང་དུ་ཁྱིམ་པའི་ཁྱིམ་དུ་མ་བརྟགས་པར་ཉལ་བར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅུ་གཉིས་པའི་དང་པོ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་སྦོམ་དགའ་མོ་ཁྱིམ་ཐབ་བྱེས་སུ་སོང་བའི་ཆུང་མ་ཞིག་གི་དྲུང་དུ་སོང་ནས་
དྲིས་པ། ཁྱོད་དེའི་བར་དུ་ཇི་ལྟ་བུ་ཞིག་གིས་ཉོན་མོངས་པ་སེལ་བར་བྱེད། ཁྱོད་ནི་རབ་ཏུ་བྱུང་བ་ལགས་ན་འདི་ཅིར་འཚལ་ཞེས་བྱ་བ་ནས། རྒྱ་སྐྱེགས་བཅངས་པས་ལགས་སོ་ཞེས་བྱ་བའི་བར་རོ། །དེ་ནས་སྦོམ་དགའ་མོས་ཅི་ཙམ་ན་བཙུན་མོ་ཕྲེང་ལྡན་མའི་དྲུང་དུ་སོང་ནས་དྲིས་
པ། བཙུན་མོ་གལ་ཏེ་གསུས་པོ་ཆེ་ཡུལ་གཞན་དུ་གཤེགས་ན་དེའི་བར་དུ་ཇི་ལྟ་བུ་ཞིག་གིས་ཉོན་མོངས་བ་སེལ་བར་མཛད་དེ། དེས་འདི་སྐད་ཅེས་ཁྱོད་ནི་རབ་ཏུ་བྱུང་བ་ཡིན་ན་འདྲི་ཅི་དགོས་ཞེས་བྱ་བ་ནས། རྒྱ་སྐྱེགས་བཅངས་པས་ཡིན་ནོ་ཞེས་བྱ་བའི་བར་རོ། །དེ་

ནས་སྦོམ་དགའ་མོ་རྒྱ་སྐྱེགས་ཀྱི་ཚིགས་མ་མཁན་གྱི་དྲུང་དུ་སོང་སྟེ་ཞེས་བྱ་བ་ནས། རྒྱ་སྐྱེགས་བཅངས་པ་ཞིག་ཉོས་ཏེ། ཇི་ཙམ་ན་དབྱར་ཁང་དུ་འོངས་ནས་མཚན་མོ་རྐང་པའི་རྟིང་པ་ལ་བཅིངས་ནས་ཉོན་མོངས་པ་སེལ་བར་བྱེད་པ་དང་། ཅི་ཙམ་ན་
དབྱར་ཁང་དུ་མེ་ཤོར་བར་གྱུར་ཏོ། །དེ་ནས་སྦོམ་དགའ་མོ་སྔངས་ཤིང་བརྟགས་པས་གཅེར་བུ་སྒྲེན་མོར་སྐས་ལས་བབས་པ་དང་། ཀྲོལ་ཀྲོལ་ཟེར་བའི་སྒྲ་བྱུང་བ་ན་སྐྱེ་བོའི་ཚོགས་ཆེན་པོས་བགད་དོ་ཞེས་བྱ་བ་ནས། དེས་འདི་སྐད་ཅེས་མ་ལ་དྲིས་ཤིག །སྲིང་མོ་ལ་
དྲིས་ཤིག །བུ་མོ་ལ་དྲིས་ཤིག་ཅེས་སྨྲས་སོ་ཞེས་བྱ་བའི་བར་རོ། །ཇི་ཙམ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅས་བའི་བར་
དུ་མཛད་དེ། ཡང་དགེ་སློང་མ་གང་རྒྱ་སྐྱེགས་བཅངས་པ་འཆང་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །བཅངས་པ་ཞེས་བྱ་བ་ནི་རྒྱ་སྐྱེགས་ལས་བཅོས་པའོ། །འཆང་ན་ཞེས་བྱ་བ་ནི་རང་གིས་སོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་
ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རྒྱ་སྐྱེགས་བཅངས་པ་འཆང་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་རྣམས་ཐེ་ཙོམ་སྐྱེས་ནས་ཞེས་བྱ་བ་ནས། བཙུན་པ་སྦོམ་དགའ་མོས་སྐྱེ་བོའི་ཚོགས་ཆེན་པོ་གད་མོ་བཏོན་པ་ལ་གཟིགས་ཞེས་བྱ་བའི་བར་
རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་གྱི་འདིར་མ་ཟད་ཀྱིས་འདས་པའི་དུས་ན་ཡང་སྦོམ་དགའ་མོས་སྐྱེ་བོ་ཚོགས་ཆེན་པོ་གད་མོ་སྟོན་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པ་ན་གྲོང་ཁྱེར་བཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་རྒྱལ་སྲིད་
བྱེད་དུ་འཇུག་གོ། །ཇི་ཙམ་ན་བྲམ་ཟེ་ཅིག་གིས་ལྗོངས་ཀྱི་བྲམ་ཟེ་ཞིག་གི་བུ་མོ་ཆུང་མར་བླངས་པ་དང་ཞེས་བྱ་བ་ནས། བྲམ་ཟེའི་བུ་མོ་དེ་བྲམ་ཟེ་དེ་ལ་འཇར་དུ་མ་བཏུབ་ནས་ཞེས་བྱ་བའི་བར་ཏེ། གྱོས་པོའི་ཁྱིམ་དུ་བསྐྱལ་བའི་ཕྱིར་བུ་མོ་དེ་བོང་བུ་ཞིག་ལ་ཞོན་ཏེ། བུ་མོ་དེའི་ཕའི་ཁྱིམ་

གང་ན་བ་དེར་ཆས་པ་དང་། ཇི་ཙམ་ན་བུ་མོ་དེས་དྲིས་པ་ལས་དེས་ཀྱང་སྨྲས་སོ་ཞེས་བྱ་བ་ནས། བུ་མོ་དེས་དྲིས་པ་ན་ཐ་སྙད་ཇི་ལྟ་བ་བཞིན་དུ་བྲམ་ཟེ་དེས་ཉལ་བར་བརྩམས་སོ་ཞེས་བྱ་བ་ནས། བྲམ་ཟེ་ནི་གཙང་སྦྲ་འདོད་པ་ཡིན་པས་ཆུ་ལེན་པར་བྱེད་པ་ན་ཇི་ཙམ་ན་བྱ་མ་བུམ་
འཁྲོགས་པའི་སྒྲས་བོང་བུ་འདྲོགས་ཏེ། དེ་འདྲོགས་པས་བུ་མོ་དེ་ཆ་བྱད་དེ་ཉིད་ཀྱིས་གྲོང་ཁྱེར་བ་ནས་སྐྱེ་བོའི་ཚོགས་ཆེན་པོས་གད་མོས་བཏབ་པའི་བར་རོ། །དེ་ནས་བྲམ་ཟེ་དེས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། བྱ་མ་བུམ་ནི་འཁྲོགས་པ་ཡིས། །བོང་བུ་རབ་ཏུ་འདྲོགས་
གྱུར་ཏེ། །བུད་མེད་འདི་ཡི་ལས་དག་གིས། །བདག་ཀྱང་འདིར་ནི་ངོ་ཚའོ། །དགེ་སློང་དག་ཇི་སྙམ་དུ་སེམས། །བྲམ་ཟེའི་བུ་མོ་གང་ཡིན་པ་དེ་ནི་སྦོམ་དགའ་མོ་འདི་ཉིད་ཡིན་ཏེ་ཞེས་བྱ་བ་ནས། སྔོན་དང་ད་ལྟར་ཡང་ཞེས་བྱ་བའི་བར་རོ། །ལྟུང་བྱེད་བཅུ་གཉིས་པའི་
གཉིས་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་ཁྱིམ་བདག་གི་ཆུང་མ་རབ་དུ་མང་པོས་སྦོམ་དགའ་མོ་ལ་འཕགས་མ་ཆོས་བཤད་དུ་གསོལ་ཞེས་གསོལ་བ་བཏབ་པ་དང་། དེས་འདི་སྐད་ཅེས་སྟན་ཤོམས་ཤིག་ཅེས་སྨྲས་སོ། །དེ་དག་གིས་
དེའི་ཆེད་དུ་སྟན་བཤམས་པ་དང་། དེ་སྟན་བཤམས་པ་ཉིད་ལ་འདུག་ནས་ཁ་རྩིག་པ་ལ་བལྟས་ཏེ་མདོ་རིང་པོ་བཟུང་སྟེ་འཆད་པ་ལ་ཞུགས་སོ། །དེ་ནས་བྲམ་ཟེ་དང་། ཁྱིམ་བདག་གི་ཆུང་མ་དེ་དག་འདི་སྙམ་དུ་སེམས་ཏེ། དགེ་སློང་མ་རྣམས་ཀྱི་ལས་ནི་བཀླག་པར་བྱ་བ་དང་།
དྲན་པར་བྱ་བ་འདི་ཁོ་ནར་ཟད་ཀྱི། བདག་ཅག་ནི་ཁྱིམ་གྱི་བྱ་བ་དག་ཉམས་པར་འགྱུར་རོ་སྙམ་དུ་བསམས་ནས་དོང་ངོ་། །ཕྱི་བཞིན་འབྲང་བའི་དགེ་སློང་མ་དེས་སྨྲས་པ། འཕགས་མ་སུ་ལ་ཆོས་འཆད། དེས་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་དང་། ཁྱིམ་བདག་གི་ཆུང་མ་
རྣམས་ལའོ། །དེ་དག་ནི་སྐྱོ་ནས་དོང་ལགས་སོ་ཞེས་བྱ་བ་ནས། སྦོམ་དགའ་མོས་ཀྱང་སྟན་བོར་ཏེ་སོང་ངོ་ཞེས་བྱ་བའི་བར་རོ། །སྟན་དེ་མ་བྱིན་པར་ལེན་པ་དག་གིས་བརྐུས་སོ་ཞེས་བྱ་བ་ནས། བྲམ་ཟེ་དང་། ཁྱིམ་བདག་གི་ཆུང་མ་རྣམས་ཁ་ཟེར་བར་བྱེད་པའི་སྐབས་དེ་བཅོམ་

ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཆོས་འཆད་པ་ན་ཁྱིམ་པ་ལ་སྟན་མ་གཏད་པར་བོར་ཏེ་འགྲོ་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་
སྦོམ་དགའ་མོའོ། །སྟན་མ་གཏད་པར་ཞེས་བྱ་བ་ནི་བདག་པོ་ལ་མ་གཏད་པར་རོ། །འགྲོ་ན་ཞེས་བྱ་བ་ནི་སོང་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་སྟན་བདག་པོ་ལ་མ་གཏད་པར་འགྲོ་ན་ཐམས་ཅད་
དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅུ་གཉིས་པའི་གསུམ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་ཡུལ་དབུས་པའི་ཡུལ་ཆོས་ཀྱིས་བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱི་ཁྱིམ་ན་སྟན་བཤམས་པ་དག་མི་རྟུལ་བ་ཡིན་པས་བྲམ་ཟེ་ཞིག་གིས་སྟན་
བཤམས་ནས་དེར་སྲུང་མ་ཞིག་བཞག་གོ། །སྦོམ་དགའ་མོ་ཡང་ཁྱིམ་དེར་བསོད་སྙོམས་ཀྱི་ཕྱིར་ཞུགས་ཏེ་དེས་འདི་སྐད་ཅེས་སྨྲས་སོ། །མཚན་བཟངས་མ་བསོད་སྙོམས་བྱིན་ཅིག །དེ་ནས་བུད་མེད་དེས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་སྟན་སྲུང་ལགས་སོ། །
ཁོ་མོས་སྲུང་གིས་ཁྱོད་སོང་ལ་བསོད་སྙོམས་ཁྱེར་ཏེ་ཤོག་ཤིག །བུད་མེད་དེ་ཡང་བསོད་སྙོམས་ཀྱི་ཕྱིར་ནང་དུ་ཞུགས་པ་དང་། སྦོམ་དགའ་མོས་ཀྱང་བྲམ་ཟེའི་སྟན་ལ་འདུག་གོ། །བྲམ་ཟེ་དེ་འོངས་ནས་སྦོམ་དགའ་མོ་སྟན་དེའི་སྟེང་ན་འདུག་པ་མཐོང་ནས་སྨོད་པར་བྱེད་དོ་ཞེས་
བྱ་བའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མ་གནང་བར་ཁྱིམ་གྱི་ནང་དུ་སྟན་ལ་འདུག་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་
མོའོ། །མ་གནང་བར་ཞེས་བྱ་བ་ནི་ཁྱིམ་གྱི་བདག་པོ་ལ་མ་བརྟགས་པར་རོ། །ཁྱིམ་གྱི་ནང་དུ་ཁྱིམ་པའི་སྟན་ལ་འདུག་ན་ཞེས་བྱ་བ་ནི་བསྡད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་མ་གནང་བར་ཁྱིམ་

པའི་སྟན་ལ་འདུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅུ་གཉིས་པའི་བཞི་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དགེ་སློང་མ་རབ་ཏུ་མང་པོ་ལྗོངས་རྒྱུ་ཞིང་དོང་བ་དང་། ཐ་ག་པ་ཞིག་གི་ཁྱིམ་དུ་ནུབ་མོ་བྲང་བཏབ་སྟེ་འདུག་གོ། །དེའི་འོག་ཏུ་མུན་སྲོས་པ་
དང་ཁྱིམ་བདག་འོངས་ནས་དེས་དགེ་སློང་མ་དེ་དག་མ་མཐོང་མ་ཐོས་སོ། །དེ་ནས་ཁྱིམ་བདག་དེ་ཆུང་མ་དང་ལྷན་ཅིག་ཀུན་དུ་སྤྱོད་པ་ལ་ཞུགས་པ་ན་དེས་སྐད་ངན་ཤོར་བ་གཞོན་ནུ་རབ་ཏུ་བྱུང་བའི་དགེ་སློང་མ་ཞིག་ཡོད་པ་དེས་ཐོས་ནས་བགད་དོ། །དེ་ནས་ཁྱིམ་བདག་གིས་ཁྱིམ་བདག་གི་
ཆུང་མ་དེ་ལ་འདི་སྐད་ཅེས་སྨྲས་སོ། །དེ་སུ་ཞིག་དེས་སྨྲས་པ། དགེ་སློང་མའོ། །ཁྱིམ་བདག་དེས་ཐོས་ནས་ཁྲོས་ཏེ་འདི་སྐད་ཅེས་ཅིའི་ཕྱིར་ཁྱོད་ཀྱིས་འཇིག་རྟེན་ལ་ཅོ་འདྲི་བ་རྣམས་ཀྱི་གནས་སྦྱིན་ཞེས་སྨྲས་ནས། དེ་ཁྲོས་ཏེ་ནམ་ཕྱེད་ན་སྒོར་བཏོན་པ་དང་། དེ་དག་གིས་གསོལ་
བ་བཏབ་པ་དང་ཞེས་བྱ་བ་ནས། སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྱིམ་གྱི་བདག་པོ་ལ་མ་བརྟགས་པར་ཁྱིམ་གྱི་ནང་དུ་ནུབ་མོ་གནས་བཅས་
ཏེ་འདུག་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །ཐ་ག་པའི་ཁྱིམ་གྱི་བདག་པོ་ལ་མ་བརྟགས་པར་ཁྱིམ་གྱི་ནང་དུ་ཞེས་བྱ་བ་ནི་ཐག་པའི་ཁྱིམ་དུའོ། །ནུབ་མོ་གནས་བཅས་ཏེ་འདུག་ན་ཞེས་བྱ་བ་ནི་ཉལ་བར་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་
ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཁྱིམ་གྱི་བདག་པོ་ལ་མ་བརྟགས་པར་ཁྱིམ་གྱི་ནང་དུ་ནུབ་མོ་གནས་འཆའ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅུ་གཉིས་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །།སྡོམ་ལ། སྔ་ནས་
འདུག་པར་ཤེས་པ་དང་། །ནད་པའི་རིམ་གྲོ་བྱ་བ་དང་། །དབྱར་ཁང་ནས་ནི་མི་བསྐྲད་དང་། །ཁྲི་དང་གདིང་བ་གཅིག་ལ་མིན། །གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་སྦོམ་དགའ་མོ་ལྗོངས་རྒྱུ་ཞིང་ཁྱིམ་བདག་ཅིག་གི་ཁྱིམ་དུ་ཞུགས་པ་དང་། དེ་ན་ཡང་དགེ་སློང་མ་སྔ་ནས་

འཁོད་པ་དག་ཡོད་པ་དེ་དག་གིས་དེ་ལ་འཇིག་རྟེན་པའི་ཚུལ་དག་མ་བྱས་པ་དང་། དེས་དེ་དག་ཐབས་ཀྱིས་ཁྱིམ་དེ་ནས་བསྐྲད་པ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་
ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མ་དག་སྔ་མ་ནས་འདུག་པར་ཤེས་བཞིན་དུ་དེའི་འོག་ཏུ་འོངས་ནས་ཁྱིམ་ནས་སྐྲོད་པར་བྱེད་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །སྔ་ནས་འདུག་པར་ཞེས་བྱ་བ་ནི་ཐོག་མ་ནས་གནས་
པར་རོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་རང་ཉིད་ཀྱིས་སམ། །གཞན་གྱིས་སྨྲས་པར་གྱུར་པའོ། །དགེ་སློང་མ་རྣམས་ཞེས་བྱ་བ་ནི་ཆོས་འདི་པ་དག་གོ། །དེའི་འོག་ཏུ་འོངས་ནས་ཞེས་བྱ་བ་ནི་དུས་གཞན་ནའོ། །ཁྱིམ་ནས་སྐྲོད་ན་ཞེས་བྱ་བ་ནི་གནས་ནས་སོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་
ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་སྔ་ནས་འཁོད་པ་དག་ཁྱིམ་ནས་སྐྲོད་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅུ་གསུམ་པའི་དང་པོ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་སྦོམ་དགའ་མོས་
ལྷན་ཅིག་གནས་པ་དང་། ཉེ་གནས་དག་ཉེ་བར་བཞག་ནས་ན་བ་ན་རིམ་གྲོ་མི་བྱེད་དོ། །དེ་དག་མགོན་མེད་པས་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་པ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་
བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ལྷན་ཅིག་གནས་པ་དང་། ཉེ་གནས་དག་ཉེ་བར་བཞག་ནས་ན་བ་ན་རིམ་གྲོ་མི་བྱེད་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ལྷན་ཅིག་གནས་པ་དང་། ཉེ་གནས་དག་ཉེ་བར་
བཞག་ནས་ཞེས་བྱ་བ་ནི་རབ་ཏུ་ཕྱུང་སྟེ་བཞག་ནས་སོ། །ན་བ་ན་ཞེས་བྱ་བ་ནི་ནད་ཀྱིས་ཐེབས་ནའོ། །རིམ་གྲོ་མི་བྱེད་ན་ཞེས་བྱ་བ་ནི་རྩ་བའི་སྨན་ལ་སོགས་པས་སོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འཁོར་

ཉེ་བར་བཞག་ནས་ན་བ་ན་རིམ་གྲོ་མི་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅུ་གསུམ་པའི་གཉིས་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་སྦོམ་དགའ་མོས་བསམས་པ། བདག་གིས་དགེ་སློང་མ་གང་ཞིག་དབྱར་ཁང་འདི་ནས་བསྐྲད་པར་བྱ་
སྙམ་པ་ལས་འདི་སྙམ་དུ་སྐྱེ་དགུའི་བདག་མོ་ཆེན་མོ་འདི་ནི་སྤོང་བ་པ་འཁོར་རྒྱ་ཆེན་པོ་ཅན་ཡིན་ནོ། །ཆོས་སྦྱིན་མ་འདི་ཡང་ལུང་འབོགས་པ་པ་འཁོར་རྒྱ་ཆེན་པོ་ཅན་ཡིན་ནོ། །གཽ་ཏ་མཱི་སྐེམ་མོ་འདི་ནི་དོན་ཉུང་བ། འཁོར་དོན་ཉུང་བ་ཅན་ཡིན་གྱིས། གཽ་ཏ་མཱི་ཆུང་ངུ་བསྐྲད་པར་བྱའོ་སྙམ་དུ་
དེས་བསམས་སོ། །དེ་ནས་སྦོམ་དགའ་མོ་སྔ་དྲོའི་ཚེ་ལྟོའི་གཏམ་དག་གླེངས་ནས་སྔ་དྲོ་ཤམ་ཐབས་བགོས་ཏེ་མ་ལུས་པར་ཆས་ཏེ་དོང་ངོ་། །ཇི་ཙམ་ན་གཽ་ཏ་མཱི་སྐེམ་མོས་དགེ་སློང་མ་དེ་དག་དགེ་བའི་ཕྱོགས་ལ་སྦྱར་ནས། དེ་ནས་གཽ་ཏ་མཱི་སྐེམ་མོ་འདི་སྙམ་དུ་མ་ལ་བདག་གིས་སྦོམ་དགའ་མོ་
ལ་ཡང་ཆོས་བཤད་པར་བྱའོ་སྙམ་དུ་བསམས་སོ། །དེ་ནས་གཽ་ཏ་མཱི་སྐེམ་མོས་སྦོམ་དགའ་མོ་ལ་ཕུ་ནུ་མོ་ཅི་ཁྱོད་ལྟོ་ཁོ་ན་སེམས་ཤིང་འདུག་གི །དགེ་བའི་ཕྱོགས་ལ་མ་ཡིན་ནམ་ཞེས་ཆོས་བཤད་པར་བརྩམས་པ་དང་། དེ་ནས་སྦོམ་དགའ་མོ་འདི་སྙམ་དུ་བདག་གིས་ཡུན་རིང་མོ་ཞིག་ལོན་
ནས་གླགས་རྙེད་དོ་སྙམ་དུ་བསམས་ཏེ། དེས་དེ་ལ་བུའི་ཤ་ཟན་མོ། སེམས་འཁྲུགས་མ། དུར་དུ་བཅུག་མ་ཞེས་སྤྱོས་ནས་དབྱར་གྱི་ནང་ལོགས་སུ་དབྱར་ཁང་ནས་བསྐྲད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་
བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྲོས་འཁྲུགས་རྔམ་ཡི་མ་རངས་པར་གྱུར་ནས། དགེ་སློང་མ་དབྱར་ཁང་ནས་སྐྲོད་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཁྲོས་འཁྲུགས་རྔམ་
ཞེས་བྱ་བ་ནི་ཁྲོ་བའི་ཀུན་ནས་དཀྲིས་པ་གནས་ནས་སོ། །དགེ་སློང་མ་ཞེས་བྱ་བ་ནི་གཽ་ཏ་མཱི་སྐེམ་མོའོ། །དབྱར་ཁང་ནས་ཞེས་བྱ་བ་ནི་གནས་ནས་སོ། །སྐྲོད་ན་ཞེས་བྱ་བ་ནི་འབྱིན་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ལུས་སྐྱོད་

པར་བྱེད་པའམ། ཚིག་ཏུ་སྨྲ་བར་བྱེད་པའམ་གཉི་ག་ལྡན་པས་ཏེ། སྤང་བའི་ལྟུང་བྱེད་ལས་ཇི་སྐད་འབྱུང་བ་ཡིན་ནོ། །ལྟུང་བྱེད་བཅུ་གསུམ་པའི་གསུམ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་འཆི་ལྟས་མ་དང་། ཉེ་བའི་འཆི་ལྟས་
མ་ཁྲི་གཅིག་ལ་ཉལ་བར་བྱེད་དོ། །དེ་གཉིས་ཁྲི་གཅིག་ལ་ཉལ་བ་ན་དཔེར་ན་སྐྱེས་པ་དང་། བུད་མེད་ལྷན་ཅིག་འཁོད་པ་བཞིན་དུ་དགོད་པ་དང་། འཕྱར་གཡེང་དང་། ལུས་ཀྱིས་རྩབ་ཧྲལ་བྱེད་པ་ན་དོན་ཉུང་བའི་དགེ་སློང་མ་རྣམས་འཕྱ་བར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མ་དང་ལྷན་ཅིག་ཁྲི་གཅིག་ལ་ཉལ་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་འཆི་ལྟས་མ་དང་། ཉེ་བའི་འཆི་ལྟས་མའོ། །ཁྲི་གཅིག་ལ་ཞེས་བྱ་བ་ནི་
མལ་གཅིག་ཏུའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་དང་ལྷན་ཅིག་ཁྲི་གཅིག་ལ་ཉལ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །དེ་ནས་ཡང་དགེ་སློང་མ་དག་རྒྱུ་ཞིང་དོང་བ་ན་ཁྲི་ཆེན་པོ་དག་རྙེད་ནས་
དེ་དག་རེ་རེ་བཟུང་སྟེ་ཉལ་བ་ན་ལྷག་མ་དག་སྡུག་བསྔལ་བར་གྱུར་པ་དང་། ཁྱིམ་པ་མོ་དག་གིས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་དག་ཁྱེད་ཅག་གི་ཁྲི་འདི་ཐམས་ཅད་ཞུགས་ཤིང་ལགས་ན། ཅིའི་སླད་དུ་ཁྱེད་ཅག་རེ་རེ་གཟིམས། དེ་དག་གིས་འདི་སྐད་ཅེས་བཅོམ་ལྡན་འདས་
ཀྱིས་བཀག་གོ་ཞེས་སྨྲས་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ལྷག་པར་ངོ་ཚ་བ་དང་། འཛེམ་པ་ཉེ་བར་བཞག་སྟེ་གཏུར་བུ་དང་ལྷུང་བཟེད་ཀྱི་གདུ་བུ་ལ་སོགས་པ་བར་དུ་བཞག་ནས་རང་རང་གི་ལུས་གོས་ཀྱིས་
དཀྲིས་ཤིང་ཉལ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །ལྟུང་བྱེད་བཅུ་གསུམ་པའི་བཞི་པ་རྫོགས་སྷོ།། །།དེ་བཞིན་དུ་གདིང་བ་ལ་ཡང་རྒྱས་པར་བརྗོད་པར་བྱའོ། །བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མ་དང་ལྷན་ཅིག་གདིང་བ་

གཅིག་ལ་བར་དུ་མ་བཅད་པར་ཉལ་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་འཆི་ལྟས་མ་དང་། ཉེ་བའི་འཆི་ལྟས་མའོ། །གདིང་བ་ཞེས་བྱ་བ་ནི་སྟེང་རིམ་དུ་གདིང་བའོ། །བར་དུ་མ་བཅད་པར་ཞེས་བྱ་བ་ནི་ལུས་ཀྱིས་ལུས་ཀྱི་རེག་པ་རང་གིར་བྱེད་པའོ། །ཉལ་ན་ཞེས་བྱ་བ་ནི་མཚན་
མོ་གནས་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་དང་ལྷན་ཅིག་གདིང་བ་ལ་བར་དུ་མ་བཅད་པར་ཉལ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་ཏེ་གཞུང་བླ་མ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །ལྟུང་བྱེད་
བཅུ་གསུམ་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །།སྡོམ་ལ། དབྱར་གྱི་ནང་དུ་འགྲོ་མི་བྱ། །དབྱར་རྫོགས་ནས་ནི་འགྲོ་བ་དང་། །དོགས་དང་བཅས་པའི་ཡུལ་འཁོར་གཉིས། །ལྷ་ཁང་དག་ནི་ཕྱི་མ་ཡིན། །གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་སྦོམ་དགའ་མོ་འཁོར་
དང་བཅས་པ་དབྱར་གྱི་ནང་ལོགས་སུ་རྒྱུ་ཞིང་འདོང་བ་ན་དགེ་སློང་མ་དེ་རྣམས་ལ་དགེ་སློང་མ་རྣམས་ཀྱིས་དྲིས་པ། ཕུ་ནུ་མོ་དག་ཁྱེད་ཅིའི་ཕྱིར་དབྱར་གྱི་ནང་ལོགས་སུ་རྒྱུ་ཞིང་འདོང་། དེ་དག་གིས་འདི་སྐད་ཅེས་འཕགས་མ་སྦོམ་དགའ་མོ་ན་རེ་ཁོ་མོ་སྡེ་སྣོད་གསུམ་ཤེས་ཀྱིས་འདོང་ངོ་
ཞེས་ཟེར་རོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དབྱར་གྱི་ནང་ལོགས་སུ་རྒྱུ་ཞིང་
འདོང་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །དབྱར་གྱི་ནང་ལོགས་སུ་ཞེས་བྱ་བ་ནི་དགག་དབྱེ་མ་བྱས་པར་རོ། །འདོང་ན་ཞེས་བྱ་བ་ནི་གྲོང་རྡལ་ལམ། གྲོང་ཁྱེར་རམ། ཡུལ་འཁོར་རམ། རྒྱལ་པོའི་ཕོ་བྲང་དག་ཏུ་འདོང་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་
གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དབྱར་གྱི་ནང་ལོགས་སུ་རྒྱུ་ཞིང་འདོང་ན་ལྟུང་བྱེད་དོ། །ལྟུང་བྱེད་བཅུ་བཞི་པའི་དང་པོ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་སྦོམ་དགའ་མོ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ།

འཕགས་མ་དགག་དབྱེ་བགྱིས་ལགས་ཀྱིས་རྒྱུ་ཞིང་བཞུད་དོ། །དེས་འདི་སྐད་ཅེས་སྨྲས་སོ། །ཁོ་མོ་སྡེ་སྣོད་གསུམ་པ་ཡིན་ཏེ། ད་དུང་རྒྱུ་བའི་དུས་ལ་མ་བབ་བོ། །དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་ཁྱེད་ཅག་དགག་དབྱེ་ནི་བྱས་ཟིན་ན་
ཅིའི་ཕྱིར་རྒྱུ་ཞིང་མི་འདོང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་སྦོམ་དགའ་མོ་ན་རེ་ཁོ་མོས་སྡེ་སྣོད་གསུམ་ཤེས་ཏེ་ད་དུང་རྒྱུ་བའི་དུས་ལ་མ་བབ་བོ་ཞེས་ཟེར་རོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དབྱར་གནས་ནས་རྒྱུ་ཞིང་མི་འདོང་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །དབྱར་གནས་ནས་རྒྱུ་ཞིང་མི་འདོང་ན་ཞེས་བྱ་བ་ནི་དགག་དབྱེ་བྱས་
ནས་སོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགག་དབྱེ་བྱས་ནས་རྒྱུ་ཞིང་མི་འདོང་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ཐ་ན་དབྱར་ཁང་གཅིག་ནས་ཅིག་ཤོས་སུ་ཡང་འདོང་བར་བྱའོ། །ལྟུང་བྱེད་
བཅུ་བཞི་པའི་གཉིས་པ་རྫོགས་སྷོ།། །།གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ། །དེའི་ཚེ་མ་སྐྱེས་དགྲས་སུ་ཡང་ཡངས་པ་ཅན་དུ་མ་འགྲོ་ཤིག་ཅེས་དྲིལ་བསྒྲགས་པ་བྱས་སོ། །དེ་ནས་དགེ་སློང་མ་རྣམས་རྒྱལ་པོའི་ཁབ་ནས་ཡངས་པ་ཅན་གང་ན་བ་དེར་རྒྱུ་ཞིང་དོང་ངོ་། །དེ་དག་དོང་བ་ན་
ལམ་ཁར་ཆོམ་རྐུན་པ་དག་གིས་སུན་ཕྱུང་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་མས་དོགས་པ་དང་བཅས་པའི་ཡུལ་འཁོར་དུ་འདོང་བར་མི་བྱའོ། །དེ་ནས་བཅོམ་ལྡན་
འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དོགས་པ་དང་བཅས་པའི་ལམ་ནས་ནང་གི་ཡུལ་འཁོར་དུ་འགྲོ་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །དོགས་པ་དང་བཅས་པའི་ལམ་ཞེས་བྱ་

བ་ནི་འཇིགས་པ་དང་བཅས་པར་གྲགས་པའོ། །ནང་གི་ཡུལ་འཁོར་ཞེས་བྱ་བ་ནི་ཕན་ཚུན་མི་མཐུན་པའི་འོ། །འགྲོ་ན་ཞེས་བྱ་བ་ནི་རྒྱུ་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཕན་ཚུན་མི་མཐུན་
པའི་ཡུལ་འཁོར་གཉིས་སུ་རྒྱུ་ཞིང་འགྲོ་ན་ལྟུང་བྱེད་དོ། །ལྟུང་བྱེད་བཅུ་བཞི་པའི་གསུམ་པ་རྫོགས་སྷོ།། །།གླེང་གཞི་ནི་ཡངས་པ་ཅན་ནའོ། །ཡངས་པ་ཅན་པ་དག་གིས་སུ་ཡང་རྒྱལ་པོའི་ཁབ་ཏུ་མ་འགྲོ་ཤིག་ཅེས་དྲིལ་བསྒྲགས་པ་བྱས་སོ་ཞེས་བྱ་བ་ནས། བསླབ་པ་བཅའ་
བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དོགས་པ་དང་བཅས་པའི་ལམ་ནས་ཕྱི་རོལ་གྱི་ཡུལ་འཁོར་དུ་རྒྱུ་ཞིང་འགྲོ་ན་ལྟུང་བྱེད་དོ། །གཞུང་གོང་མ་ཇི་ལྟ་བ་བཞིན་དུ་ལྟུང་བ་ནི་རྗེས་སུ་མཐུན་པར་བྱའོ། །ལྟུང་བྱེད་བཅུ་བཞི་པའི་བཞི་པ་རྫོགས་སྷོ།། །།གླེང་གཞི་ནི་རྒྱལ་པོའི་ཁབ་
ནའོ། །དེ་ནས་སྦོམ་དགའ་མོ་ལྷ་ཁང་དུ་སོང་ནས་ལྷ་ཁང་པ་དག་དང་། གཞན་ཡང་རྩོད་པ་དག་དང་ལྷན་ཅིག་ཏུ་རྩོད་པ་བྱེད་ཅིང་། དེའི་འོག་ཏུ་ཉི་མ་ཡོལ་ནས་དབྱར་ཁང་དུ་འོངས་ཏེ་རྒྱབ་དང་རྐེད་པ་ཚིར་ཅིག་ཅེས་ཟེར་བ་དང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ཁྱོད་གང་དུ་སོང་། དེས་
འདི་སྐད་ཅེས་སྨྲས་སོ། །ཁོ་མོས་ལྷ་ཁང་དུ་རྩོད་པ་རྣམས་ཚར་བཅད་དོ། །དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱི་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་གང་ཞིག །དེས་འདི་སྐད་ཅེས་ཁོ་མོ་འབའ་ཞིག་སོང་ངོ་ཞེས་སྨྲས་པ་ནས། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་
དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ལྷ་ཁང་དུ་སོང་ནས་རྩོད་པར་བྱེད་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ལྷ་ཁང་དུ་ཞེས་བྱ་བ་
ནི་གཞན་མུ་སྟེགས་ཅན་གྱི་ལྷ་ཁང་ངོ་། །སོང་ནས་ཞེས་བྱ་བ་ནི་ཞུགས་ནས་སོ། །རྩོད་པར་བྱེད་ན་ཞེས་བྱ་བ་ནི་འཐབ་པར་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ལྷ་ཁང་དུ་སོང་ནས་མུ་སྟེགས་

ཅན་དག་དང་རྩོད་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅུ་བཞི་པའི་ལྔ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་ལྷ་ཁང་བལྟ་བ་དགག་པ་མཛད་པ་དེའི་ཚེ་རི་མོ་མཁན་གྱི་ཁང་པ་བལྟ་བའི་ཕྱིར་འགྲོ་བ་དང་། གར་
མཁན་གྱི་ཁང་པ་བལྟ་བའི་ཕྱིར་འགྲོ་བ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རི་མོ་མཁན་གྱི་ཁང་པའམ།
གར་མཁན་གྱི་ཁང་པ་བལྟ་བའི་ཕྱིར་འགྲོ་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །རི་མོ་མཁན་གྱི་ཁང་པའམ། གར་མཁན་གྱི་ཁང་པ་ཞེས་བྱ་བ་ནི་དགེ་སློང་མ་རྣམས་འཇུག་པར་བྱ་བ་མ་ཡིན་པའི་ཁྱིམ་གང་དག་ཡིན་པའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་
ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རི་མོ་མཁན་གྱི་ཁང་པའམ། གར་མཁན་གྱི་ཁང་པ་བལྟ་བའི་ཕྱིར་འགྲོ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅུ་བཞི་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །།དགེ་སློང་མའི་འདུལ་བ་རྣམ་པར་
འབྱེད་པ། བམ་པོ་ཉི་ཤུ་བཞི་པ། སྡོམ་ལ། ལོ་ནི་བཅུ་གཉིས་མ་ལོན་དང་། །ལོན་ཡང་བསྒོ་བ་མ་བྱས་དང་། །ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས། །དེ་ཡང་དགེ་འདུན་མ་བསྐོས་ནའོ། །གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་བཅུ་གཉིས་སྡེ་དག་གིས་དགེ་སློང་རྣམས་ལ་
དྲིས་པ། ཁྱེད་ཅག་ལོ་དུ་ལོན་ན་བསྙེན་པར་རྫོགས་པར་བྱེད། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ལོ་བཅུ་ལོན་ནའོ། །དེ་ནས་བཅུ་གཉིས་སྡེ་རྣམས་ཀྱིས་དགེ་སློང་རྣམས་ལ་འདི་སྐད་ཅེས་ཁོ་མོ་ཅག་ཀྱང་ལོ་བཅུ་ལོན་ན་བསྙེན་པར་རྫོགས་པར་བྱེད་ལ། ཁྱེད་ཀྱང་ལོ་བཅུ་ལོན་ན་
བསྙེན་པར་རྫོགས་པར་བྱེད་ན། འདི་ལ་ཁྱེད་ཅག་དང་ཁོ་མོ་ཅག་ཏུ་ཁྱད་པར་ནི་ཅི་ཡོད། བསམ་པ་ནི་ཅི་ཡོད། ཐ་དད་དུ་བྱ་བ་ནི་ཅི་ཡོད་ཅེས་སྨྲས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་

སུ་གནང་སྟེ། དགེ་སློང་མ་ལོ་བཅུ་གཉིས་ལོན་ནས་བསྙེན་པར་རྫོགས་པར་བྱའོ། །དེ་ནས་སྦོམ་དགའ་མོ་ལོ་བཅུ་གཉིས་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པ་ན་དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་
འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ལོ་བཅུ་གཉིས་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ལོ་བཅུ་གཉིས་མ་ལོན་པར་ཞེས་བྱ་བ་ནི་བསྙེན་པར་རྫོགས་
པར་བྱ་བ་ལོ་བཅུ་གཉིས་མ་ལོན་པ་གང་ཡིན་པའོ། །བསྙེན་པར་རྫོགས་པར་བྱེད་ན་ཞེས་བྱ་བ་ནི་འཁོར་དུ་འཇོག་པར་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་ཇི་ཙམ་ཅུང་ཟད་ལོ་བཅུ་གཉིས་མ་ལོན་པར་འཁོར་དུ་འཇོག་
པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅྭ་ལྔ་པའི་དང་པོ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལོ་བཅུ་གཉིས་མ་ལོན་པ་འཁོར་དུ་གཞག་པར་མི་བྱའོ་ཞེས་གསུངས་པ་དེའི་ཚེ་དེ་དག་ཁྱད་པར་མེད་པ་ཁོ་ནར་འཁོར་དུ་འཇོག་
ཅིང་བྱིས་པ་རྨོངས་པ། མི་གསལ་བ་མི་མཁས་པ་གང་དག་ཡིན་པ་དེ་དག་ཀྱང་འཁོར་དུ་འཇོག་པས་དེ་རྣམས་ཀྱང་མ་དུལ་བ། མ་བྱང་བར་གྱུར་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་འཇོག་
པར་འདོད་པ་གང་ཡིན་པ་དེས་དགེ་འདུན་ལས་འཁོར་གཞག་པའི་སྡོམ་པ་གསོལ་བར་བྱའོ། །གསོལ་བ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམས་པ་བྱས་ལ་ཞེས་བྱ་བ་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ལན་གྱིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་སློང་མ་དེ་
རྒན་པའི་མཐར་འདུག་ནས་དགེ་སློང་མའི་དགེ་འདུན་ལ་འདུད་པ་དང་བཅས་པས་ཐལ་མོ་སྦྱར་བ་བྱས་ནས། ཚིག་འདི་སྐད་ཅེས། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། བདག་དགེ་སློང་མ་མིང་འདི་ཞེས་བགྱི་བ་འཕགས་མའི་དགེ་འདུན་ལས་འཁོར་

གཞག་པའི་སྡོམ་པ་གསོལ་ཏེ། བདག་དགེ་སློང་མ་མིང་འདི་ཞེས་བགྱི་བ་འཕགས་མའི་དགེ་འདུན་གྱི་སྤྱན་སྔར་མཆིས་ནས་འཁོར་གཞག་པའི་སྡོམ་པ་གསོལ་ལགས་ན། འཕགས་མའི་དགེ་འདུན་གྱིས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་དགེ་སློང་མ་མིང་
འདི་ཞེས་བགྱི་བ་ལ་འཁོར་གཞག་པའི་སྡོམ་པ་སྩལ་དུ་གསོལ་ཞེས་དེ་ལྟར་ལན་གཉིས་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །གསོལ་བ་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་
ལ་གསན་དུ་གསོལ། །དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི་འཕགས་མའི་དགེ་འདུན་གྱི་སྤྱན་སྔར་མཆིས་ནས་འཁོར་གཞག་པའི་སྡོམ་པ་གསོལ་ན། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་
དང་། འདི་ལྟར་འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་མིང་འདི་ཞེས་བགྱི་བ་ལ་འཁོར་འཇོག་པའི་སྡོམ་པ་སྩོལ་བར་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་མིང་འདི་
ཞེས་བགྱི་བ་འདི་འཕགས་མའི་དགེ་འདུན་གྱི་སྤྱན་སྔར་མཆིས་ནས་འཁོར་གཞག་པའི་སྡོམ་པ་གསོལ་ནས། འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་མིང་འདི་ཞེས་བགྱི་བ་ལ་འཁོར་གཞག་པའི་སྡོམ་པ་སྩོལ་བར་མཛད་ན། འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་མིང་འདི་
ཞེས་བགྱི་བ་ལ་འཁོར་གཞག་པའི་སྡོམ་པ་སྩོལ་བར་བཟོད་པ་གང་དག་ལགས་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འཕགས་མའི་དགེ་འདུན་གྱིས་བཟོད་ཅིང་གནང་ནས། འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་མིང་འདི་ཞེས་
བགྱི་བ་ལ་འཁོར་གཞག་པའི་སྡོམ་པ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནས་སྦོམ་དགའ་མོ་དགེ་འདུན་གྱིས་མ་གནང་བཞིན་དུ་འཁོར་འཇོག་པར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་

འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་འདུན་ལས་དགེ་སློང་མའི་འཁོར་གཞག་པའི་སྡོམ་པ་མ་གསོལ་བར་འཁོར་འཇོག་པར་བྱེད་ན་ལྟུང་བྱེད་དོ། །ཡང་གང་
ཞེས་བྱ་བ་ནི་སྦོམ་དགའ་མོའོ། །དགེ་འདུན་གྱིས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན་གྱིས་སོ། །འཁོར་འཇོག་པའི་སྡོམ་པ་ཞེས་བྱ་བ་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ། །མ་གསོལ་བར་ཞེས་བྱ་བ་ནི་མ་བླངས་པར་རོ། །འཁོར་འཇོག་པར་བྱེད་
ན་ཞེས་བྱ་བ་ནི་རབ་ཏུ་བྱུང་བའམ། བསྙེན་པར་རྫོགས་པའམ། གནས་སྦྱིན་པར་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འཁོར་གཞག་པའི་སྡོམ་པ་མ་གསོལ་བར་འཁོར་འཇོག་པར་བྱེད་ན་ཐམས་
ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅྭ་ལྔ་པའི་གཉིས་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་དག་འོངས་པ་དང་རབ་ཏུ་བྱུང་ནས་དེ་དག་ལོ་ཉི་ཤུའི་བར་དུ་གཞག་པ་ལས། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །
བདག་ཅག་ཅིའི་སླད་དུ་བསྙེན་པར་རྫོགས་པར་མི་བགྱི། དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །ད་དུང་ཁྱེད་ཀྱིས་མ་གོམས་སོ། །དེ་དག་གིས་འདི་སྐད་ཅེས་འཕགས་མ་དག་བདག་ཅག་སྡུམ་པ་ན་མཆིས་པ་ན་སྡུམ་ཐབ་ཀྱི་སེམས་གཟུང་བ་དང་། ཁྱིམ་གྱི་ནང་མིའི་སེམས་
གཟུང་བ་དང་། དེ་བཞིན་དུ་ཁྱིམ་གྱི་བགྱི་བ་མང་པོ་དག་བགྱིས་ནད་བདག་ཅག་གིས་དགེ་སློང་མའི་དགེ་འདུན་གྱི་ཐུགས་མཉེས་པར་མི་འགྱུར་རམ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་
ལྟ་བས་ན་རྗེས་སུ་གནང་སྟེ། ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་ཡིན་ན་དེ་བསྙེན་པར་རྫོགས་པར་བྱའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་ཡིན་ན་བསྙེན་པར་རྫོགས་པར་བྱའོ་ཞེས་བཀའ་སྩལ་པ་དེའི་ཚེ་སྦོམ་དགའ་མོས་ལོ་བཅུ་

གཉིས་མ་ལོན་པ་དག་བསྙེན་པར་རྫོགས་པར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་
དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་སུ་མ་ལོན་པ་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་རང་ཉིད་ཀྱིས་སམ། གཞན་གྱིས་སྨྲས་པར་གྱུར་པའོ། །ཁྱིམ་སོ་
བཟུང་བ་ཞེས་བྱ་བ་ནི་ཁྱིམ་གྱི་ཆོས་ལ་ལོ་བཅུ་གཉིས་སུ་གནས་པའོ། །ལོ་བཅུ་གཉིས་སུ་མ་ལོན་པ་ཞེས་བྱ་བ་ནི་ལོ་བཅུ་གཅིག་ལོན་པའོ། །བསྙེན་པར་རྫོགས་པར་བྱེད་ན་ཞེས་བྱ་བ་ནི་དགེ་སློང་མའི་དངོས་པོར་རོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་
འགྱུར་ཞེ་ན། ཡང་དགེ་སློང་མས་ཇི་ཙམ་ཅུང་ཟད་ལོ་བཅུ་གཉིས་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ། །ལྟུང་བྱེད་བཅྭ་ལྔ་པའི་གསུམ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་སྐྱེས་བུ་གཏི་མུག་ཅན་འཕགས་སྐྱེས་པོ་མི་དགེ་
བའི་བཤེས་གཉེན་སྡུག་བསྔལ་གྱི་མ་མོ་ལ་བརྟེན་ནས་ཤཱཀྱ་རྣམས་ཁ་བཏག་པ་དེའི་ཚེ་ཤཱཀྱ་མོ་རབ་ཏུ་མང་པོ་དག་ཁྱིམ་ཐབ་དང་བུའི་མྱ་ངན་གྱིས་གདུངས་ནས་རབ་ཏུ་བྱུང་ངོ་། །གང་གི་ཚེ་ཁྱིམ་ཐབ་དང་བུའི་མྱ་ངན་གྱིས་གདུངས་ནས་རབ་ཏུ་བྱུང་བ་དེའི་ཚེ་དེ་དག་ཉོན་མོངས་པས་མ་གདུངས་
སོ། །གང་གི་ཚེ་དེ་དག་མྱ་ངན་སངས་པ་དེའི་ཚེ་དེ་དག་ཉོན་མོངས་པས་གདུངས་པར་གྱུར་ཏོ། །དེ་ནས་ཤཱཀྱ་མོ་རྣམས་ཀྱིས་སྐབས་དེ་སྦོམ་དགའ་མོ་ལ་སྨྲས་པ་དང་། སྦོམ་དགའ་མོས་འདི་སྐད་ཅེས་ཁོ་མོ་ནི་ད་རྒས་པའི་གནས་སྐབས་ལ་བབ་པས་ཅི་བྱར་ཡོད། །ཁྱེད་ཅག་
ནི་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ་ཡིན་གྱིས་ད་སོ་སོར་ཤེས་པར་གྱིས་ལ་ནོར་ཅན་ནམ། ཚོང་དཔོན་ནམ། དེད་དཔོན་དག་དང་ལྷན་ཅིག་རྩེ་བར་གྱིས་ཤིག །དགའ་བར་གྱིས་ཤིག །དགའ་མགུར་སྤྱོད་པར་གྱིས་ཤིག་ཅེས་སྨྲས་སོ། །ཇི་ཙམ་ན་གཽ་

ཏ་མཱི་སྐེམ་མོའི་དྲུང་དུ་སོང་ནས། དེ་དག་གིས་གཽ་ཏ་མཱི་སྐེམ་མོ་ལ་སྦོམ་དགའ་མོས་བསྟན་པ་དག་རྒྱས་པར་སྨྲས་པ་དང་། དེས་འདི་སྐད་ཅེས་སྨྲས་སོ། །ཕུ་ནུ་མོ་དག་རེ་ཞིག་འཇིག་རྟེན་ཕ་རོལ་གྱི་སྡུག་བསྔལ་ལྟ་ཞོག་གི། ཁོ་མོས་འཇིག་རྟེན་འདིར་སྡུག་བསྔལ་ཉམས་སུ་
མྱོང་བ་གང་ཡིན་པ་དེ་ཉོན་ཅིག །ཁྱིམ་ཐབ་ཤི་བ་དང་། བུ་དང་བྲལ་བ་དང་། ཕ་དང་མ་ཐོག་གིས་བསད་པ་དང་། བུའི་ཤ་ཟོས་པ་དང་། དུར་དུ་བཅུག་པ་དང་། སེམས་འཁྲུགས་པ་དང་། སྒྲེན་མོར་འཕྱན་པ་སྟེ། འདི་དག་དང་གཞན་ཡང་འཇིག་རྟེན་འདི་ཁོ་ན་ལ་
སྡུག་བསྔལ་ཁོ་ན་ཉམས་སུ་མྱོང་ན་འཇིག་རྟེན་ཕ་རོལ་ལྟ་སྨོས་ཀྱང་ཅི་དགོས། །ཕུ་ནུ་མོ་དག་དེ་ལྟ་བུ་མ་བྱེད་ཅིག་ཅེས་གཽ་ཏ་མཱི་སྐེམ་མོས་ཤཱཀྱའི་བུ་མོ་རབ་ཏུ་མང་པོ་དེ་དག་མི་དགེ་བ་ལས་སེམས་བཟློག་སྟེ་དགེ་བ་ལ་སེམས་བཀོད་པ་དང་། དེ་དག་གིས་འདི་སྐད་ཅེས་བདག་ཅག་
སྦོམ་དགའ་མོས་ཕྱིར་མི་གཙང་བའི་དོང་དུ་བཅུག་གོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་
གི་བསླབ་པའི་སྡོམ་པ་བྱིན་ཅིག །དེ་དག་ལོ་གཉིས་སུ་བསླབ་པ་དང་མངོན་པར་དགའ་བར་གྱུར་ཏོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་བྱིན་ཅིག་ཅེས་གསུངས་པ་ན་དེ་དག་གིས་ཇི་ལྟར་སྦྱིན་པ་མ་ཤེས་
ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་བཤམས་པ་བྱས་ལ་གཎྜཱི་བརྡུངས་ཏེ་ཞེས་བྱ་བ་ནས། དྲིས་པའི་ལན་གྱིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ལ། ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་དེས་རྒན་པའི་མཐར་འདུག་སྟེ་འདུད་
པ་དང་བཅས་པས་ཐལ་མོ་སྦྱར་བ་བྱས་ཏེ། ཚིག་འདི་སྐད་ཅེས་འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། བདག་མིང་འདི་ཞེས་བགྱི་བ་མཁན་མོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་འཚལ་ཏེ། བདག་མིང་འདི་ཞེས་བགྱི་བ་མཁན་མོ་མིང་

འདི་ཞེས་བགྱི་བས་འཕགས་མའི་དགེ་འདུན་ལས་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་གསོལ་ལགས་ན་འཕགས་མའི་དགེ་འདུན་ཐུགས་བརྩེ་བ་ཅན་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་མིང་ཞེས་བགྱི་བ་མཁན་མོ་མིང་
འདི་ཞེས་བགྱི་བས་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་སྩལ་དུ་གསོལ་ཞེས་དེ་ལྟར་ལན་གཉིས་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ། །དེའི་འོག་ཏུ་ཐོས་པའི་ཉེན་ཀོར་ནས་བཀར་ཏེ། མཐོང་བའི་ཉེན་ཀོར་དུ་འདུག་ཏུ་བཅུག་ནས།
དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །བྱ་བ་ནི་འདི་ལྟ་བུ་ཡིན་ཏེ་འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་མིང་འདི་ཞེས་བགྱི་བ་འདི་མཁན་མོ་མིང་འདི་ཞེས་བགྱི་བས་འཕགས་མའི་དགེ་འདུན་
ལས་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་གསོལ་ན། གལ་ཏེ་འཕགས་མའི་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟར་འཕགས་མའི་དགེ་འདུན་གྱིས་བདག་མིང་འདི་ཞེས་
བགྱི་བ་མཁན་མོ་མིང་འདི་ཞེས་བགྱི་བས་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་སྩོལ་བར་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། །ཁྱིམ་སོ་
བཟུང་བ་ལོ་བཅུ་གཉིས་ལོན་པ་མིང་འདི་ཞེས་བགྱི་བ་འདི་མཁན་མོ་མིང་འདི་ཞེས་བགྱི་བས་འཕགས་མའི་དགེ་འདུན་ལས་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་གསོལ་ཏེ། འཕགས་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་
འདི་ལ་མཁན་མོ་མིང་འདི་ཞེས་བགྱི་བས་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་སྩོལ་བར་མཛད་ན། འཕགས་མའི་དགེ་འདུན་ལས་གང་དག་མིང་འདི་ཞེས་བགྱི་བ་མཁན་མོ་མིང་འདི་ཞེས་བགྱི་བས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་

སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འཕགས་མའི་དགེ་འདུན་གྱིས་བཟོད་ཅིང་གནང་ནས། འཕགས་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལ་མཁན་མོ་མིང་འདི་ཞེས་བགྱི་
བས་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །གང་གི་ཚེ་དེ་དག་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་བྱིན་པ་དེའི་ཚེ་དེ་དག་བསླབ་པས་མངོན་
པར་དགའ་བར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་འོག་ཏུ་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་བྱིན་ཅིག །བཅོམ་ལྡན་འདས་ཀྱིས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་བྱིན་ཅིག་ཅེས་གསུངས་ན། དེ་དག་གིས་མ་ཤེས་ནས། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། གནས་མལ་བཤམས་པ་བྱ་སྟེ་ཞེས་བྱ་བ་ནས་དྲིས་པའི་ལན་གྱིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ལ། ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་དེས་རྒན་པའི་མཐར་འདུག་སྟེ་འདུད་པ་དང་བཅས་པས་དགེ་སློང་མའི་དགེ་འདུན་ལ་ཐལ་མོ་སྦྱར་བ་བྱས་ཏེ།
ཚིག་འདི་སྐད་ཅེས་འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། བདག་མིང་འདི་ཞེས་བགྱི་བ་མཁན་མོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་འཚལ་ཏེ། བདག་མིང་འདི་ཞེས་བགྱི་བ་མཁན་མོ་མིང་འདི་ཞེས་བགྱི་བས་འཕགས་མའི་དགེ་འདུན་ལས་
ཚངས་པར་སྤྱོད་པ་ཉེ་བར་གནས་པའི་སྡོམ་པ་གསོལ་ན། འཕགས་མའི་དགེ་འདུན་ཐུགས་བརྩེ་བ་ཅན་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་མིང་འདི་ཞེས་བགྱི་བ་ལ་མཁན་མོ་མིང་འདི་ཞེས་བགྱི་བས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་སྩལ་དུ་གསོལ་ཞེས་དེ་ལྟར་ལན་
གཉིས་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་མ་གཅིག་གིས་གསོལ་བ་བྱ་སྟེ་ལས་བྱའོ། །བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། །མིང་འདི་ཞེས་བགྱི་བ་འདི་མཁན་མོ་མིང་འདི་ཞེས་བགྱི་བས་བསྙེན་

པར་རྫོགས་པར་འཚལ་ཏེ། མིང་འདི་ཞེས་བགྱི་བ་འདི་མཁན་མོ་མིང་འདི་ཞེས་བགྱི་བས་འཕགས་མའི་དགེ་འདུན་ལས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་གསོལ་ན། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། འཕགས་
མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འཕགས་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལ་མཁན་མོ་མིང་འདི་ཞེས་བགྱི་བས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་སྩོལ་བར་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། འཕགས་
མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་མཁན་མོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་འཚལ་ཏེ། མིང་འདི་ཞེས་བགྱི་བ་མཁན་མོ་མིང་འདི་ཞེས་བགྱི་བས་འཕགས་མའི་དགེ་འདུན་ལས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་
པ་གསོལ་ཏེ། འཕགས་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་ལ་མཁན་མོ་མིང་འདི་ཞེས་བགྱི་བས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་སྩལ་བར་མཛད་ན། འཕགས་མའི་དགེ་འདུན་ལས་གང་དག་མིང་འདི་ཞེས་བགྱི་བ་ལ་མཁན་མོ་མིང་འདི་ཞེས་བགྱི་བས་ཚངས་
པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འཕགས་མའི་དགེ་འདུན་གྱིས་བཟོད་ཅིང་གནང་ནས། འཕགས་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལ་མཁན་མོ་མིང་འདི་ཞེས་བགྱི་
བས་ཚངས་པར་སྤྱོད་པ་ཉེ་བར་གནས་པའི་སྡོམ་པ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ལྟར་དགེ་སློང་མའི་དགེ་འདུན་གྱིས་སུ་ཡང་རུང་བ་འགའ་ཞིག་ལ་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་ཕོག་ན་དགེ་སློང་མ་དེས་ཅི་བདེར་བསྙེན་
པར་རྫོགས་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །དེ་ནས་ཡང་སྦོམ་དགའ་མོས་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་དག་མ་གསོལ་བར་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་དང་། བསྙེན་པར་རྫོགས་པར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་

པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏ