Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 009_འདུལ་བ།_ཏ

Văn bản gốc(Tây Tạng)

Trang 18 / 20 (50.000 ký tự/trang)
ོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་མ་གསོལ་བར་ཚངས་པར་སྤྱད་པ་ཉེ་བར་གནས་
པའི་སྡོམ་པ་དང་། བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་ཞེས་བྱ་བ་ནི་ལོ་བཅུ་གཉིས་སུ་ཁྱིམ་ན་གནས་པར་གྱུར་པ་གང་ཡིན་པའོ། །ཚངས་པར་སྤྱད་པ་ཉེ་བར་གནས་པའི་
སྡོམ་པ་ཞེས་བྱ་བ་ནི་གསོལ་བ་དང་། གཉིས་ཀྱི་ལས་ཀྱིས་སོ། །མ་གསོལ་བར་ཞེས་བྱ་བ་ནི་མ་བསླངས་པར་རོ། །བསྙེན་པར་རྫོགས་པར་བྱེད་ན་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་སོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་
ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་མ་གསོལ་བར་ཚངས་པར་སྤྱོད་པ་ཉེ་བར་གནས་པའི་སྡོམ་པ་དང་། བསྙེན་པར་རྫོགས་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅྭ་ལྔ་པའི་ཚིགས་སུ་བཅད་པའི་སྡོམ་
རྫོགས་སྷོ།། །།སྡོམ་ལ། འདོད་ཆེན་སྡོམ་པ་བྱིན་པ་དང་། །སྦྲུམ་པ་དང་ནི་བསླབ་པ་དང་། །བཞག་ནས་ཕན་མི་འདོགས་པ་དང་། །བཀར་བར་བྱ་བ་ཐ་མ་ཡིན། །གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་སྦོམ་དགའ་མོས་འདོད་ཆེན་གྱི་འཁོར་བཞག་
ནས་མི་འཛིན། མི་སྟོན་གདམས་ངག་མི་སྟེར་བས་དེ་དག་མ་དུལ་བ་དང་། མ་ཞི་བ་དང་། མ་སྦས་པ་དང་། མ་བསྲུངས་པར་གྱུར་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་
འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་འདོད་ཆེན་གྱི་འཁོར་བཞག་ནས་རྗེས་སུ་སྐྱོང་བར་མི་བྱེད་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །འདོད་ཆེན་ཞེས་བྱ་བ་ནི་ཆོག་མི་ཤེས་

པའོ། །འཁོར་ཞེས་བྱ་བ་ནི་ལྷན་ཅིག་གནས་པ་དང་། ཉེ་གནས་སོ། །བཞག་ནས་ཞེས་བྱ་བ་ནི་བཟུང་ནས་སོ། །རྗེས་སུ་སྐྱོང་བར་མི་བྱེད་ན་ཞེས་བྱ་བ་ནི་རྗེས་སུ་འཛིན་པར་མི་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་
འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འདོད་ཆེན་གྱི་འཁོར་འཇོག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅུ་དྲུག་པའི་དང་པོ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །རང་བཞིན་དུ་གནས་པའི་དགེ་སློང་མ་གང་ཡིན་པ་དེ་དག་འདོད་ཆེན་གྱི་འཁོར་འཇོག་
པར་སྤྲོ་བའི་སྐབས་དེ་དགེ་སློང་མ་དེ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དེས་དགེ་སློང་མའི་དགེ་འདུན་ལ་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་གསོལ་བར་
བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་བཤམས་པ་བྱས་ཏེ་ཞེས་བྱ་བ་ནས། དྲིས་པའི་ལན་གྱིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་སློང་མ་དེས་རྒན་རིམས་ཀྱི་མཐར་འདུད་པ་དང་
བཅས་པར་བྱས་ཏེ། དགེ་སློང་མའི་དགེ་འདུན་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཚིག་འདི་སྐད་ཅེས་འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། བདག་དགེ་སློང་མ་མིང་འདི་ཞེས་བགྱི་བ་འཕགས་མའི་དགེ་འདུན་ལས་འདོད་ཆེན་གྱི་འཁོར་འཇོག་
པའི་སྡོམ་པ་གསོལ་ན། འཕགས་མའི་དགེ་འདུན་ཐུགས་བརྩེ་བ་ཅན་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་མིང་འདི་ཞེས་བགྱི་བ་ལ་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་སྩལ་དུ་གསོལ། དེ་ལྟར་ལན་གཉིས་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་
སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་འཕགས་མའི་དགེ་འདུན་ལས་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་གསོལ་ན། གལ་ཏེ་འཕགས་མའི་

དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འཕགས་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལ་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་སྩོལ་བར་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་
དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་འཕགས་མའི་དགེ་འདུན་ལས་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་གསོལ་ཏེ། འཕགས་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལ་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་སྩོལ་བར་མཛད་ན།
གང་དག་མིང་འདི་ཞེས་བགྱི་བ་ལ་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འཕགས་མའི་དགེ་འདུན་གྱིས་བཟོད་ཅིང་གནང་ནས། འཕགས་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་
ལ་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ལྟར་དགེ་སློང་མ་གང་སུ་ཡང་རུང་བ་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་ཕོག་པར་གྱུར་པ་དེས་ཅི་བདེ་བ་ཁོ་ནར་འདོད་ཆེན་གྱི་འཁོར་གཞག་པར་བྱ་སྟེ།
འདི་ལ་འགྱོད་པར་མི་བྱའོ། །དེ་ནས་སྦོམ་དགའ་མོས་དགེ་འདུན་ལས་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་མ་གསོལ་བར་འདོད་ཆེན་གྱི་འཁོར་བཞག་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་
འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་འདུན་ལས་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་མ་གསོལ་བར་འདོད་ཆེན་གྱི་འཁོར་འཇོག་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །འདོད་ཆེན་
གྱི་སྡོམ་པ་ཞེས་བྱ་བ་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ། །དགེ་འདུན་ལས་འདོད་ཆེན་གྱི་འཁོར་འཇོག་པ་མ་གསོལ་བར་རབ་ཏུ་འབྱིན་པའམ། བསྙེན་པར་རྫོགས་པའམ། གནས་སྦྱིན་པ་ཅི་འདོད་པར་བྱེད་ན་སྟེ་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་

ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཅི་ཙམ་ཅུང་ཟད་འདོད་ཆེན་གྱི་སྡོམ་པ་མ་གསོལ་བར་འདོད་ཆེན་གྱི་འཁོར་འཇོག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅུ་དྲུག་པའི་གཉིས་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །
དེ་ནས་སྦོམ་དགའ་མོས་བུད་མེད་སྦྲུམ་མ་ཞིག་རབ་ཏུ་ཕྱུང་བ་དེ་བྲམ་ཟེ་དང་། ཁྱིམ་བདག་གི་ཆུང་མ་རྣམས་ཀྱིས་མཐོང་ནས་དགེ་སློང་མ་འདི་དག་ནི་འདྲེན་མ་འདྲེན་མར་ཚངས་པར་སྤྱད་པ་ལ་སྤྱོད་དོ་ཞེས་ཁ་ཟེར་བའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་
བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་བུད་མེད་སྦྲུམ་མ་རབ་ཏུ་འབྱིན་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །སྦྲུམ་མ་ཞེས་བྱ་བ་ནི་སེམས་ཅན་དང་ལྡན་པའོ། །བུད་མེད་ཅེས་བྱ་བ་ནི་བུད་
མེད་དོ། །རབ་ཏུ་འབྱིན་ན་ཞེས་བྱ་བ་ནི་ཆོས་འདུལ་བ་འདི་ལའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་བུད་མེད་སྦྲུམ་མ་རབ་ཏུ་འབྱིན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅུ་དྲུག་པའི་གསུམ་པ་
རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་སྦོམ་དགའ་མོས་རབ་ཏུ་ཕྱུང་ནས་སློབ་པར་མི་བྱེད་པ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཁྱོད་ཀྱིས་འཁོར་དུ་བཞག་ནས་ཅིའི་ཕྱིར་མི་བསླབ། དེས་སྨྲས་པ། འདི་ཉིད་དུ་སློབ་གྲང་། གལ་ཏེ་མི་སློབ་ན་འདི་ཉིད་དུ་
སློབ་གྲང་ཞེས་ཟེར་བའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རབ་ཏུ་ཕྱུང་ནས་མི་སློབ་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །རབ་
ཏུ་ཕྱུང་ནས་ཞེས་བྱ་བ་ནི་ཆོས་འདུལ་བ་འདི་ལའོ། །མི་སློབ་ན་ཞེས་བྱ་བ་ནི་དགེ་སློང་མའི་བསླབ་པ་ལའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རབ་ཏུ་ཕྱུང་ནས་མི་སློབ་ན་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་

བཅུ་དྲུག་པའི་བཞི་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་སྦོམ་དགའ་མོས་རབ་ཏུ་ཕྱུང་ནས་གདམས་ངག་མི་འབོགས། མི་སྟོན་ཕན་མི་འདོགས་པ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་
བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རབ་ཏུ་ཕྱུང་ནས་ཕན་མི་འདོགས་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །རབ་ཏུ་ཕྱུང་ནས་ཞེས་བྱ་བ་ནི་ཆོས་འདུལ་བ་འདི་ལའོ། །ཕན་མི་
འདོགས་ན་ཞེས་བྱ་བ་ནི་ལྷུང་བཟེད་དང་། ཆོས་གོས་དང་། ལྷུང་བཟེད་ཀྱི་སྣོད་དང་། རྒྱ་ཅང་དང་། སྐ་རགས་དང་། ལུང་དབོག་པ་དང་། ཀློག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱེད་པས་སོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་
ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རབ་ཏུ་བྱུང་ནས་འཁོར་ལ་ཕན་མི་འདོགས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅུ་དྲུག་པའི་ལྔ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་སྦོམ་དགའ་མོས་ཁྱིམ་ཐབ་བྱེས་སུ་སོང་བའི་ཆུང་མ་
ཞིག་རབ་ཏུ་ཕྱུང་བ་ལས་དུས་གཞན་ཞིག་ན། དེའི་ཁྱིམ་ཐབ་འོངས་པ་དང་བུད་མེད་དེས་ཀྱང་བདག་གི་ཁྱིམ་ཐབ་འོངས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་བུད་མེད་དེ་སྦོམ་དགའ་མོ་གང་ན་བ་དེར་སོང་སྟེ་ཕྱིན་ནས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་མ་བདག་གི་
སྡུམ་ཐབ་མཆིས་ཀྱིས་རེ་ཞིག་བདག་ཕྱོགས་གཞན་ཞིག་ཏུ་བཀར་དུ་གསོལ། དེས་མ་བཀར་བ་དང་། དེ་ནས་ཁྱིམ་ཐབ་དེ་འོངས་ནས་བཟུང་སྟེ་འདི་སྐད་ཅེས་སྨྲས་སོ། །འདི་སུས་གནང་སྟེ་རབ་ཏུ་ཕྱུང་དེས་དེ་ཉིད་དུ་འཕགས་མ་ཁྱོད་ཀྱིས་བདག་བཀར་བར་གྱུར་ན་སྡུམ་ཐབ་
ཀྱིས་བདག་ཟིན་པར་མི་འགྱུར་བ་ཞིག་ཅེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།

ཡང་དགེ་སློང་མ་གང་རབ་ཏུ་ཕྱུང་ནས་མ་བཀར་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །རབ་ཏུ་ཕྱུང་ནས་ཞེས་བྱ་བ་ནི་ཆོས་འདུལ་བ་འདི་ལའོ། །མ་བཀར་ན་ཞེས་བྱ་བ་ནི་གནས་གཞན་དུའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་
བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འཁོར་དུ་བཞག་སྟེ་མ་བཀར་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅུ་དྲུག་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །།སྡོམ་ལ། ལོ་ནི་ཉི་ཤུར་མ་ལོན་དང་། །ལོན་ཡང་གསོལ་བ་མ་བྱས་དང་། །གཏུམ་མོ་མྱ་ངན་
གྱིས་གདུངས་དང་། །ཆོས་དྲུག་དག་ལ་མ་བསླབས་པའོ། །གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་དགེ་སློང་མ་རྣམས་ཀྱིས་གཞོན་ནུ་མ་ལོ་ཉི་ཤུ་མ་ལོན་པ་དག་བསྙེན་པར་རྫོགས་པར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་ནུ་མ་ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་
པར་མི་བྱའོ། །དེ་ནས་སྦོམ་དགའ་མོས་ལོ་ཉི་ཤུ་མ་ལོན་པ་དག་བསྙེན་པར་རྫོགས་པར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་
དེ། ཡང་དགེ་སློང་མ་གང་གཞོན་ནུ་མ་ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ལོ་ཉི་ཤུ་མ་ལོན་པར་ཞེས་བྱ་བ་ནི་གང་གི་ལོ་ཉི་ཤུར་མ་ཚང་བའོ། །བསྙེན་པར་རྫོགས་པར་བྱེད་ན་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་
ཀྱིས་སོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གཞོན་ནུ་མ་ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅུ་བདུན་པའི་དང་པོ་རྫོགས་སྷོ།། །།གླེང་
གཞི་ནི་མཉན་ཡོད་ནའོ། །དེ་ནས་དགེ་སློང་མ་དེ་དག་གིས་དགེ་སློང་དག་ལ་འདི་སྐད་ཅེས་ཁྱེད་ཀྱང་ལོ་ཉི་ཤུ་ལོན་ནས་བསྙེན་པར་རྫོགས་པར་མཛད་ན། བདག་ཅག་ཀྱང་ལོ་ཉི་ཤུ་ལོན་ནས་བསྙེན་པར་རྫོགས་པར་བགྱིད་པ་མ་ལགས་སམ། འདི་ལ་ཁྱེད་དང་བདག་ཅག་ཁྱད་པར་ནི་ཅི་མཆིས།

བསམ་པ་ནི་ཅི་མཆིས། ཐ་དད་དུ་བགྱི་བ་ནི་ཅི་མཆིས་ཞེས་སྨྲ་བའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། གཞོན་ནུ་མ་ལོ་ཉི་ཤུ་ལོན་ན་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་གི་
བསླབ་པའི་སྡོམ་པ་བྱིན་ཅིག །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་གཞོན་ནུ་མ་ལོ་ཉི་ཤུ་ལོན་ན་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་བྱིན་ཅིག་ཅེས་གསུངས་པ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་ཐོས་ནས་བཅོམ་ལྡན་འདས་གང་ན་བ་དེར་
སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད་ཅེས་བྱ་བ་
ནས། ཅང་མི་གསུང་ངོ་ཞེས་བྱ་བའི་བར་རོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་རྗེས་ཆད་པར་རིག་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བགོས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་
བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་དམ་པ་གནང་བའི་རིགས་སོ། །བདེ་བར་གཤེགས་པ་བདག་ལ་དམ་པ་གནང་བའི་རིགས་སོ། །གཽ་ཏ་མཱི་ཁྱོད་དམ་པ་ཅི་གསོལ། དེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་
ལོན་པ་འདི་དག་དང་། གཞོན་ནུ་མ་ལོ་ཉི་ཤུ་ལོན་པ་འདི་དག་གིས་རབ་ཏུ་བྱུང་བ་ནི་ལེགས་པར་རྙེད་ལགས་ན། ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་སྩལ་ལགས་ན་ཧ་ཅང་ཐོགས་པར་གྱུར་ན། གལ་ཏེ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་
ན་ཁྱིམ་སོ་བཟུང་བ་ལོ་བཅུ་ལོན་པ་དང་། གཞོན་ནུ་མ་ལོ་བཅྭ་བརྒྱད་ལོན་པ་ན་དེ་དག་ལ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་སྩལ་བར་གསོལ། དེ་ལྟར་མཛད་ན་འདི་གཉི་གས་ཀྱང་ཚང་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། ཁྱིམ་སོ་བཟུང་བ་ལོ་བཅུ་ལོན་པ་དང་། གཞོན་ནུ་མ་ལོ་བཅྭ་བརྒྱད་ལོན་པ་ལ་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་བྱིན་ཅིག །དེ་ལྟ་མོད་ཀྱི་ཁྱིམ་སོ་བཟུང་བ་ལོ་བཅུ་ལོན་པ་དང་།
གཞོན་ནུ་མ་ལོ་བཅྭ་བརྒྱད་ལོན་པས་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་སྤྱད་ཟིན་པ་དང་། དེའི་འོག་ཏུ་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པར་བྱའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་གཞོན་ནུ་མ་ལོ་ཉི་ཤུ་ལོན་པ་ལ་ཚངས་
པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་བྱིན་ཅིག་ཅེས་བཀའ་སྩལ་པ་ན་དེ་དག་གིས་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་བཤམས་པ་བྱས་ཏེ་ཞེས་བྱ་བ་ནས། གཞོན་ནུ་མ་ལོ་ཉི་ཤུ་ལོན་པ་དེས་རྒན་པའི་མཐའ་ནས་གདུད་པ་དང་བཅས་པར་བྱས་ཏེ།
དགེ་སློང་མའི་དགེ་འདུན་ལ་ཐལ་མོ་སྦྱར་བ་བཏུད་ནས་ཚིག་འདི་སྐད་ཅེས་འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། བདག་གཞོན་ནུ་མ་ལོ་ཉི་ཤུ་ལོན་པ་མིང་འདི་ཞེས་བགྱི་བ་མཁན་མོ་མིང་འདི་ཞེས་བགྱི་བས་དགེ་འདུན་ལས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་
སྡོམ་པ་གསོལ་ན། འཕགས་མའི་དགེ་འདུན་ཐུགས་བརྩེ་བ་ཅན་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་གཞོན་ནུ་མ་ལོ་ཉི་ཤུ་ལོན་པ་མིང་འདི་ཞེས་བགྱི་བ་ལ་མཁན་མོ་མིང་འདི་ཞེས་བགྱི་བས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་སྩལ་དུ་གསོལ་ཞེས་དེ་ལྟར་ལན་གཉིས་
ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། གཞོན་ནུ་མ་ལོ་ཉི་ཤུ་མ་ལོན་པ་མིང་འདི་ཞེས་བགྱི་བ་འདི་མཁན་མོ་
མིང་འདི་ཞེས་བགྱི་བ་འདིས་དགེ་འདུན་ལས་ཚངས་པར་སྤྱོད་པ་ཉེ་བར་གནས་པའི་སྡོམ་པ་གསོལ་ན། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འཕགས་མའི་དགེ་འདུན་གྱིས་གཞོན་ནུ་མ་ལོ་ཉི་ཤུ་

ལོན་པ་མིང་འདི་ཞེས་བགྱི་བ་ལ་མཁན་མོ་མིང་འདི་ཞེས་བགྱི་བས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་སྩོལ་བར་མཛད་དོ། །འདི་ནི་གསོལ་བའོ། །དེ་བཞིན་དུ་ལས་ཀྱང་རྒྱས་པར་བརྗོད་པར་བྱའོ། །དེ་ནས་སྦོམ་དགའ་མོས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་
མ་གསོལ་བར་བསྙེན་པར་རྫོགས་པར་བྱེད་པ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གཞོན་
ནུ་མ་ལོ་ཉི་ཤུ་ལོན་པ་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་མ་གསོལ་བར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །གཞོན་ནུ་མ་ཞེས་བྱ་བ་ནི་གཞོན་ནུ་མ་རབ་ཏུ་བྱུང་བའོ། །ལོ་ཉི་ཤུ་ལོན་པ་ཞེས་བྱ་བ་ནི་གང་གི་ལོ་ཉི་ཤུར་
ཚང་བར་གྱུར་པའོ། །ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་ཞེས་བྱ་བ་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ། །མ་གསོལ་བར་ཞེས་བྱ་བ་ནི་དགེ་འདུན་ལས་སོ། །བསྙེན་པར་རྫོགས་པར་བྱེད་ན་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་སོ། །ལྟུང་བྱེད་དོ་
ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གཞོན་ནུ་མ་ལོ་ཉི་ཤུ་ལོན་པ་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་མ་གསོལ་བར་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་
རོ། །ལྟུང་བྱེད་བཅུ་བདུན་པའི་གཉིས་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་སྦོམ་དགའ་མོ་སྔ་དྲོ་ཤམ་ཐབས་བགོས་ནས་སྤྱོད་ཡུལ་དུ་ཞུགས་པ་ན་སྦོམ་དགའ་མོས་ལམ་པོ་ཆེ་ཞིག་ན་བུད་མེད་གཅིག་བུད་མེད་དག་ཅིག་དང་ལྷན་ཅིག་འཐབ་མོ་བྱུང་
བ་མཐོང་ཞིང་། སྦོམ་དགའ་མོས་བུད་མེད་དེ་ཁྲོས་པས་སྐྲ་འགྲེང་བར་གྱུར་པ་མཐོང་ངོ་། །དེ་ནས་སྦོམ་དགའ་མོས་འདི་སྙམ་དུ་བསམས་ཏེ། གང་གི་ཚེ་བདག་འཐབ་མོ་འགྱེད་པའི་གྲོགས་སུ་འགྱུར་བའི་གྲོགས་མོ་ཞིག་བདག་གིས་རྙེད་དོ་སྙམ་དུ་བསམས་ནས། སྦོམ་

དགའ་མོས་བུད་མེད་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཕུ་ནུ་མོ་ཁྱོད་ཅིའི་ཕྱིར་རབ་ཏུ་མི་འབྱུང་། དེས་འདི་སྐད་ཅེས་སྨྲས་སོ། །བདག་ནི་ཤིན་དུ་གཏུམ་མོ་ལགས་ན་སུ་ཞིག་གིས་བདག་རབ་ཏུ་འབྱིན་པར་འགྱུར། དེ་ནས་སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ། །
ཁོ་མོས་ཁྱོད་རབ་ཏུ་དབྱུང་ངོ་ཞེས་དེས་དེ་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་བྱས་སོ། །དེ་ནས་སྦོམ་དགའ་མོ་དུས་གཞན་ཞིག་ན་དགེ་སློང་མ་རྣམས་དང་ལྷན་ཅིག་འཐབ་མོ་བྱུང་བ་ན་དེའི་གྲོགས་མོ་དེ་ཡང་སེམས་ལས་བསྟུངས་ཏེ་ཅང་མི་སྨྲའོ། །དེ་ནས་སྦོམ་དགའ་མོས་
དགེ་སློང་མ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁོ་མོས་ཁྱོད་དོན་འདིའི་ཕྱིར་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་བྱས་ན། ད་ལྟར་ཁྱོད་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པ་བཞིན་དུ་འདུག་གམ། ཁྱོད་ཁོ་མོ་འཐབ་མོ་བྱུང་བའི་གྲོགས་གྱིས་ཤིག །དེས་འདི་སྐད་ཅེས་
སྨྲས་སོ། །བདག་གིས་ཁྱིམ་པ་མོ་དེ་དག་གི་ཁ་ན་མ་ཐོ་བ་ནི་ཤེས་ཀྱི། བདག་གིས་དགེ་སློང་མ་འདི་དག་གི་ཁ་ན་མ་ཐོ་བ་ནི་མི་ཤེས་སོ། །སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ། །ཁོ་མོས་ཁྱོད་ལ་དེ་དག་གི་མཚང་བསྟན་གྱིས་རེ་ཞིག་སྐྱེ་དགུའི་བདག་མོ་ཆེན་མོ་འདི་ནི་རང་ཞུགས་
ཡིན་ནོ། །ཨུཏྤ་ལའི་མདོག་འདི་ནི་གྲོང་ཁྱེར་ཆེན་པོ་དྲུག་དག་ཏུ་སྨད་འཚོང་བྱས་པ་ཡིན་ནོ། །གཽ་ཏ་མཱི་སྐེམ་མོ་འདི་ནི་བུའི་ཤ་ཟོས་པ་དང་། དུར་དུ་བཅུག་པ་སེམས་འཁྲུགས་པ་ཡིན་ནོ། །དེ་ནས་དུས་གཞན་ཞིག་ན་དགེ་སློང་མ་རྣམས་དང་འཐབ་མོ་བྱུང་བ་ན་དགེ་སློང་མ་
ཤིན་ཏུ་གཏུམ་མོ་དེས་དགེ་སློང་མ་རྣམས་ལ་ཁ་ན་མ་ཐོ་བ་རབ་ཏུ་བསྒྲགས་པས་སྤྱོ་བར་བརྩམས་སོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོས་དགེ་སློང་མ་ཤིན་ཏུ་གཏུམ་མོ་དེ་མཐོང་ནས་འདི་སྐད་ཅེས་སྨྲས་སོ། །ཤིན་ཏུ་གཏུམ་མོ་འདི་སུས་རབ་ཏུ་ཕྱུང་དེ་དག་གིས་འདི་སྐད་ཅེས་
སྦོམ་དགའ་མོ་ལགས་སོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་བུད་མེད་གཏུམ་མོ་

རབ་ཏུ་འབྱིན་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་རང་གིས་སམ། གཞན་གྱིས་སྨྲས་པར་གྱུར་པའོ། །བུད་མེད་གཏུམ་མོ་ཞེས་བྱ་བ་ནི་ཁྲོ་བ་འཐབ་ཀྲོལ་ཅན་ནོ། །རབ་ཏུ་འབྱིན་ན་ཞེས་བྱ་བ་ནི་ཆོས་འདུལ་བ་འདི་ལའོ། །ལྟུང་
བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་བུད་མེད་གཏུམ་མོ་རབ་ཏུ་འབྱིན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅུ་བདུན་པའི་གསུམ་པ་རྫོགས་སྷོ།། །།དགེ་སློང་མའི་འདུལ་བ་རྣམ་པར་
འབྱེད་པ། བམ་པོ་ཉི་ཤུ་ལྔ་པ། གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་སྦོམ་དགའ་མོ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་བླངས་ཏེ་སྤྱོད་ཡུལ་དུ་ཞུགས་པ་དང་ཞེས་བྱ་བ་ནས། སྦོམ་དགའ་མོས་བུད་མེད་མྱ་ངན་གྱིས་གདུངས་པ་ཞིག་རབ་ཏུ་ཕྱུང་ངོ་ཞེས་
བྱ་བའི་བར་རོ། །དེ་ཐོ་རངས་སྔར་ལངས་ཏེ་ངུ་ཞིང་འདི་སྐད་ཅེས་ཀྱི་ཧུད་བུ། ཀྱི་ཧུད་བུ་མོ། རེ་ཞིག་རྨི་ལམ་ཙམ་དུ་ཡང་སྟོན་ཅིག་ཅེས་སྨྲ་ཞིང་སྨྲེ་སྔགས་འདོན་ལ་བྲང་རྡུང་ཞིང་ཆོ་ངེས་འདེབས་སོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོས་སྒྲ་དེ་ཐོས་ནས་འདི་སྐད་ཅེས་སྨྲས་
སོ། །མྱ་ངན་གྱིས་ནོན་པ་ཕ་བི་སུས་རབ་ཏུ་ཕྱུང་། དེ་དག་གིས་འདི་སྐད་ཅེས་སྦོམ་དགའ་མོས་སོ་ཞེས་སྨྲས་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།
ཡང་དགེ་སློང་མ་གང་ཤེས་བཞིན་དུ་བུད་མེད་མྱ་ངན་གྱིས་གདུངས་པ་རབ་ཏུ་འབྱིན་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་རང་ཉིད་ཀྱིས་སམ། གཞན་གྱིས་སྨྲས་པར་གྱུར་པའོ། །མྱ་ངན་གྱིས་གདུངས་པ་ཞེས་བྱ་
བ་ནི་སྡུག་པ་ཉེ་དུ་དང་རང་གི་སྐྱེ་བོ་དང་བྲལ་བའོ། །རབ་ཏུ་འབྱིན་ན་ཞེས་བྱ་བ་ནི་ཆོས་འདུལ་བ་འདི་ལའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཤེས་བཞིན་དུ་བུད་མེད་མྱ་ངན་གྱིས་གདུངས་པ་

རབ་ཏུ་འབྱིན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅུ་བདུན་པའི་བཞི་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་དགེ་སློང་མ་རྣམས་ཀྱིས་དེ་དག་དེ་བཞིན་དུ་རབ་ཏུ་ཕྱུང་བར་གྱུར་པ་དེའི་ཚེ། དེ་དག་བདག་ཅག་གིས་ལྷན་
ཅིག་གནས་པ་དང་། ཉེ་གནས་དག་ཇི་ཙམ་ན་ཇི་ལྟར་བསྙེན་པར་རྫོགས་པར་བྱ་བ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་སོ་བཟུང་བ་ལོ་བཅུ་ལོན་པ་དང་། གཞོན་ནུ་མ་ལོ་བཅྭ་བརྒྱད་ལོན་པ་ལ་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་
དྲུག་གི་བསླབ་པའི་སྡོམ་པ་བྱིན་ཅིག །དེ་དག་གིས་ཆོས་དྲུག་པོ་གང་དག་ཡིན་པ་དང་། རྗེས་སུ་མཐུན་པའི་ཆོས་དྲུག་པོ་གང་དག་ཡིན་པ་མ་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཅིག་པུ་ལམ་དུ་འགྲོ་མི་བྱ། །ཆུ་བོའི་ཕ་རོལ་བརྒལ་མི་བྱ། །སྐྱེས་པ་ལ་ནི་རེག་མི་
བྱ། །སྐྱེས་པ་དང་ནི་འདུག་མི་བྱ། །སྨྱན་དུ་འགྱུར་བ་མི་བྱ་ཞིང་། །ཁ་ན་མ་ཐོ་བཅབ་མི་བྱ། །འདི་དག་ནི་ཆོས་དྲུག་ཅེས་བྱའོ། །རྗེས་སུ་མཐུན་པའི་ཆོས་དྲུག་གང་ཞེ་ན། གསེར་ལ་གཟུང་བར་མི་བྱ་སྟེ། །སྤུ་ཡི་ལས་ནི་མི་བྱའོ། །ས་ཡང་བརྐོ་བར་མི་བྱ་སྟེ། །རྩྭ་སྔོན་དག་
ཀྱང་གཅད་མི་བྱ། །བྱིན་ལེན་མ་བྱས་མི་བཟའ་སྟེ། །བཞག་པ་བཟའ་བར་མི་བྱའོ། །ཆོས་དྲུག་པོ་འདི་དག་ནི་རྗེས་སུ་མཐུན་པའི་ཆོས་དྲུག་ཅེས་བྱ་སྟེ། ལོ་གཉིས་སུ་བསླབས་ནས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་བྱིན་ཏེ། དེའི་འོག་ཏུ་བསྙེན་པར་རྫོགས་པར་
བྱའོ། །དེ་ནས་སྦོམ་དགའ་མོས་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་མ་གསོལ་བར་བསྙེན་པར་རྫོགས་པར་བྱེད་ནས་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་
འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་ལ་མ་བསླབས་པར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །

ཤེས་བཞིན་དུ་ཞེས་བྱ་བ་ནི་རང་གིས་སམ། གཞན་གྱིས་སྨྲས་པར་གྱུར་པའོ། །ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་ཅེས་བྱ་བ་ནི་ཇི་སྐད་བསྟན་པ་ཡིན་ནོ། །ལོ་གཉིས་སུ་མ་བསླབས་པར་ཞེས་བྱ་བ་ནི་དགེ་སློབ་མར་འགྱུར་བའི་བསླབ་པ་འདི་ལའོ། །ལྟུང་བྱེད་
དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་མ་གསོལ་བར་བསྙེན་པར་རྫོགས་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །
ལྟུང་བྱེད་བཅུ་བདུན་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །།བསྡུས་པའི་སྡོམ་ལ། བསླབ་པ་དང་ནི་ལོ་རེ་དང་། །ཚོགས་དང་སྨེ་གབ་ཀྱི་ལྔ་དང་། །ཉེར་ཞི་ཁྱིམ་གྱི་གོ་རེ་ལོང་། །དཔུང་པ་དང་ནི་ཁྱིམ་པ་མོ། །སྐབས་མ་ཕྱེ་བར་འདྲི་བ་དང་། །བཤང་
བར་གཅིག་པུ་འགྲོ་མི་བྱ། །སྡོམ་ལ། ཆོས་དྲུག་དང་ནི་བསླབས་པ་དང་། །ཁྱིམ་ཐབ་ཀྱིས་ནི་མ་གནང་དང་། །གལ་ཏེ་བདག་ལ་གོས་བྱིན་དང་། །ཕྱི་ནས་ཁྱོད་དགའ་མ་ཡིན་ནོ། །གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་སྦོམ་དགའ་མོས་ལྷན་ཅིག་གནས་པ་དང་།
ཉེ་གནས་དག་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབས་ནས་དེས་དེ་དག་བསྙེན་པར་རྫོགས་པར་མི་བྱེད་པ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་ཁྱོད་ཀྱིས་བསླབས་ནས་ཅིའི་ཕྱིར་བསྙེན་པར་རྫོགས་པར་མི་
བྱེད། དེས་འདི་སྐད་ཅེས་འདི་དག་ཁོ་མོ་ལ་འདི་སྐད་ཅེས་སྦོམ་དགའ་མོ་ནི་མ་བསླབས་པར་བསྙེན་པར་རྫོགས་པར་བྱེད་དོ་ཞེས་ཟེར་བས་ཁོ་མོ་འདི་སྙམ་དུ་རེ་ཞིག་ཤིན་ཏུ་སློབ་ལ་རག་གོ་སྙམ་དུ་སེམས་སོ་ཞེས་སྨྲས་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་
བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་འཁོར་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་ལ་བསླབས་ནས་བསྙེན་པར་རྫོགས་པར་མི་བྱེད་ན་ལྟུང་བྱེད་

དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་རང་གིས་སམ། གཞན་གྱིས་སྨྲས་པར་གྱུར་པའོ། །བསླབས་ནས་ཞེས་བྱ་བ་ནི་དགེ་སློབ་མར་འགྱུར་བའི་བསླབས་པ་ལའོ། །བསྙེན་པར་རྫོགས་པར་མི་བྱེད་ན་ཞེས་བྱ་བ་ནི་གསོལ་
པ་དང་བཞིའི་ལས་ཀྱིས་སོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཤེས་བཞིན་དུ་ལོ་གཉིས་ཀྱི་བར་དུ་བསླབས་ཏེ། དེ་ལས་ལྷག་པར་འཇོག་ཅིང་བསྙེན་པར་རྫོགས་པར་མི་བྱེད་ན་ཐམས་ཅད་དུ་ལྟུང་
བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅྭ་བརྒྱད་པའི་དང་པོ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་སྦོམ་དགའ་མོ་སྔ་དྲོ་ཤམ་ཐབས་བགོས་ཏེ་ཁྱིམ་བདག་ཅིག་གི་ཁྱིམ་དུ་ཞུགས་པ་ལས། དེ་ན་བུད་མེད་ཅིག་ཁྱིམ་ཐབ་དང་ལྷན་ཅིག་རྩོད་ཅིང་འདུག་པ་དང་།
དེས་འདི་སྐད་ཅེས་སྨྲས་སོ། །ཅི་ཞིག་ཡིད་མི་བདེ་ཞིང་འདུག །དེས་སྐབས་དེ་རྒྱས་པར་སྨྲས་པ་དང་། དེ་ནས་སྦོམ་དགའ་མོས་བུད་མེད་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཅིའི་ཕྱིར་རབ་ཏུ་མི་འབྱུང་། དེས་འདི་སྐད་ཅེས་སྨྲས་སོ། །བདག་སུ་ཞིག་གིས་རབ་ཏུ་འབྱིན་
པར་འགྱུར། དེས་འདི་སྐད་ཅེས་ཁོ་མོས་བྱའོ་ཞེས་སྨྲས་པ་ནས་ཇི་ཙམ་ན་དེས་རབ་ཏུ་ཕྱུང་ངོ་། །དེའི་འོག་ཏུ་ཁྱིམ་ཐབ་འོངས་ནས་དེས་ཁྱིམ་ཚེས་ལ་དྲིས་པ། ཁོ་བོའི་ཆུང་མ་གང་དུ་སོང་། དེས་འདི་སྐད་ཅེས་སྨྲས་སོ། །སྦོམ་དགའ་མོས་རབ་ཏུ་ཕྱུང་ངོ་། །དེ་ནས་ཁྱིམ་
བདག་དེ་སྦོམ་དགའ་མོ་གང་ན་བ་དེར་སོང་སྟེ་ཕྱིན་ནས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་མ་བདག་གི་མཆིས་འབྲང་འདི་སུས་རབ་ཏུ་ཕྱུང་། སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་ཏེ། ཁོ་མོས་སོ། །དེ་ནས་ཁྱིམ་བདག་དེས་འདི་སྐད་ཅེས་འཕགས་མ་ཁྱོད་
ཁྱིམ་ཐབ་ཀྱིས་མ་གནང་བ་རབ་ཏུ་འབྱིན་པར་མཛད་པ་རིགས་སམ་ཞེས་སྨྲས་ནས་ཞེས་བྱ་བ་དག་ཁྱིམ་བདག་དེས་ཁ་བྱས་ཏེ་སོང་བ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་

དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་ཁྱིམ་ཐབ་ཀྱིས་མ་གནང་བ་རབ་ཏུ་འབྱིན་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་རང་ཉིད་ཀྱིས་སམ། གཞན་གྱིས་སྨྲས་པར་གྱུར་
པའོ། །ཁྱིམ་ཐབ་ཀྱིས་ཞེས་བྱ་བ་ནི་ཁྱོས་སོ། །མ་གནང་བ་ཞེས་བྱ་བ་ནི་མ་བཏང་བའོ། །རབ་ཏུ་འབྱིན་ན་ཞེས་བྱ་བ་ནི་ཆོས་འདུལ་བ་འདི་ལའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཁྱིམ་ཐབ་
ཀྱིས་མ་གནང་བ་རབ་ཏུ་འབྱིན་ན་ལྟུང་བྱེད་དོ། །ལྟུང་བྱེད་བཅྭ་བརྒྱད་པའི་གཉིས་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་སྦོམ་དགའ་མོ་ལ་དགེ་སློང་མས་སྨྲས་པ། འཕགས་མ་བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ། དེས་འདི་སྐད་ཅེས་གལ་ཏེ་
ཁོ་མོ་ལ་གོས་བྱིན་ན་དེའི་འོག་ཏུ་ཁྱོད་བསྙེན་པར་རྫོགས་པར་བྱའོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་
བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མས་དེ་སྐད་ཅེས་སྨྲས་པ་ན། གལ་ཏེ་ཁོ་མོ་ལ་གོས་བྱིན་ན་དེའི་འོག་ཏུ་བསྙེན་པར་རྫོགས་པར་བྱའོ་ཞེས་ཟེར་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །དགེ་སློང་མས་དེ་སྐད་ཅེས་སྨྲས་པ་ན་
ཞེས་བྱ་བ་ནི་ཟེར་ནའོ། །གལ་ཏེ་ཁོ་མོ་ལ་གོས་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ། །བྱིན་ན་ཞེས་བྱ་བ་ནི་ཕུལ་ནའོ། །དེའི་འོག་ཏུ་ཞེས་བྱ་བ་ནི་དུས་གཞན་ནའོ། །བསྙེན་པར་རྫོགས་པར་བྱའོ་ཞེས་བྱ་བ་ནི་དགེ་སློང་མའི་དངོས་པོར་རོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་
གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མས་དེ་སྐད་ཅེས་སྨྲས་པ་ན། གལ་ཏེ་ཁོ་མོ་ལ་གོས་བྱིན་ན་དེའི་འོག་ཏུ་ཁྱོད་བསྙེན་པར་རྫོགས་པར་བྱའོ་ཞེས་ཟེར་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་

བཅྭ་བརྒྱད་པའི་གསུམ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་བུད་མེད་ཅིག་གཽ་ཏ་མཱི་སྐེམ་མོ་གང་ན་བ་དེར་སོང་སྟེ་ཕྱིན་ནས། གཽ་ཏ་མཱི་སྐེམ་མོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་མ་གལ་ཏེ་ཁྱོད་ཀྱིས་བདག་རབ་ཏུ་དབྱུང་
ན་བདག་རབ་ཏུ་འབྱུང་བར་འཚལ་ལོ། །དེས་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱིས་ཁྱིམ་གྱི་བྱ་བ་མངོན་པར་སྤངས་དང་དེའི་འོག་ཏུ་དཀའ་བར་མི་འགྱུར་རོ། །དེ་ནས་ཁྱིམ་བདག་གི་ཆུང་མ་དེས་ཁྱིམ་གྱི་བྱ་བ་མངོན་པར་སྤངས་ཏེ་འོངས་པ་ན་གཽ་ཏ་མཱི་སྐེམ་མོ་དེས་ཀྱང་རབ་ཏུ་མ་ཕྱུང་
ངོ་། །དེ་བདག་ནི་ཁྱིམ་ན་གནས་པ་ཡང་མ་ཡིན་ལ། རབ་ཏུ་བྱུང་བ་ཡང་མ་ཡིན་ནོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་
སློང་མ་གང་ཁྱིམ་པ་མོས་དེ་སྐད་སྨྲས་པ་ན། ཁྱོད་ཀྱིས་ཁྱིམ་གྱི་བྱ་བ་མངོན་པར་སྤངས་དང་དེའི་འོག་ཏུ་དཀའ་བར་མི་འགྱུར་རོ་ཞེས་སྨྲས་ལ། འོངས་ནས་རབ་ཏུ་མི་འབྱིན་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་གཽ་ཏ་མཱི་སྐེམ་མོའོ། །ཁྱིམ་པ་མོ་ཞེས་བྱ་བ་ནི་ཁྱིམ་བདག་གི་ཆུང་
མའོ། །ཁྱོད་ཀྱིས་ཁྱིམ་གྱི་བྱ་བ་མངོན་པར་སྤངས་དང་དེའི་འོག་ཏུ་ཁྱོད་ལ་དཀའ་བར་མི་འགྱུར་རོ་ཞེས་བྱ་བ་ནི་རབ་ཏུ་འབྱུང་བར་འགྱུར་བ་ལའོ། །དེའི་འོག་ཏུ་མི་འབྱིན་ན་ཞེས་བྱ་བ་ནི་ཆོས་འདུལ་བ་འདི་ལའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན།
དགེ་སློང་མས་ཇི་ཙམ་ཅུང་ཟད་འདི་སྐད་ཅེས་ཁྱིམ་གྱི་བྱ་བ་མངོན་པར་སྤངས་དང་དེའི་འོག་ཏུ་དཀའ་བར་མི་འགྱུར་རོ་ཞེས་སྨྲས་ལ་འོངས་ནས་རབ་ཏུ་མི་འབྱིན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅྭ་བརྒྱད་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །།སྡོམ་ལ། ལོ་རེ་
རེ་ནི་བཀག་པ་དང་། །ཞག་ལོན་བདུན་པ་མ་ཡིན་དང་། །ཟླ་བ་ཕྱེད་ཕྱེད་གདམས་པ་དང་། །དགེ་སློང་མེད་པའི་གསོ་སྦྱོང་དང་། །དགེ་སློང་མེད་པར་དབྱར་གནས་མིན། །དབྱར་གནས་པས་ནི་དགག་དབྱེ་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་སྦོམ་དགའ་མོས་

ལོ་རེ་རེ་ཞིང་རབ་ཏུ་ཕྱུང་ནས་ཕྱིས་གང་གི་ཚེ་དེ་དག་ལ་འབོད་པ་དེའི་ཚེ་འདི་སྐད་ཅེས་ལོ་གཅིག་པ་ལོ་གཉིས་པ་ཞེས་བྱ་བ་ནས་ལོ་ལྔ་པ་ཞེས་བྱ་བའི་བར་དག་ཏུ་འབོད་པ་དང་། དེ་ནས་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་ཅི་ཁྱོད་ཀྱིས་འདི་རྣམས་ཀྱི་མིང་མི་ཤེས་
སམ། དེས་འདི་སྐད་ཅེས་འདི་སྙེད་ཀྱི་མིང་སུས་ཤེས་པར་འགྱུར་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ།
ཡང་དགེ་སློང་མ་གང་ལོ་རེ་རེ་ཞིང་འཁོར་འཇོག་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ལོ་རེ་རེ་ཞིང་ཞེས་བྱ་བ་ནི་ལོ་རེ་རེའོ། །འཁོར་འཇོག་ན་ཞེས་བྱ་བ་ནི་རབ་ཏུ་འབྱིན་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན།
དགེ་སློང་མས་ཇི་ཙམ་ཅུང་ཟད་ལོ་རེ་ཞིང་རབ་ཏུ་འབྱིན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅུ་དགུ་པའི་དང་པོ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་སྦོམ་དགའ་མོས་བཅྭ་ལྔ་པ་སྔ་མའི་འདུན་པ་བླངས་པས་བཅྭ་ལྔ་པ་ཕྱི་མའི་གསོ་
སྦྱོང་ཡང་ཉམས་སུ་མྱོང་བར་བྱེད་པ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་ཁྱོད་ཅིའི་ཕྱིར་དེ་ལྟར་བྱེད། དེས་འདི་སྐད་ཅེས་ཁོ་མོ་སྡེ་སྣོད་གསུམ་པ་ཡིན་པས་ཇི་ལྟར་འགྱུར་བ་ཤེས་སོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་
སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་འདུན་པ་ཞག་ལོན་པས་གསོ་སྦྱོང་ཉམས་སུ་མྱོང་བར་བྱེད་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་
དགའ་མོའོ། །ཞག་ལོན་པས་ཞེས་བྱ་བ་ནི་སྤྱད་ཟིན་པའོ། །འདུན་པ་ཞེས་བྱ་བ་ནི་བློ་གྲོས་སོ། །གསོ་སྦྱོང་ཉམས་སུ་མྱོང་བར་བྱེད་ན་ལྟུང་བྱེད་དོ། །ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འདུན་པ་ཞག་ལོན་པས་སོ་

སོར་ཐར་པ་ཉམས་སུ་མྱོང་བར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅུ་དགུ་པའི་གཉིས་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་བཅྭ་ལྔའི་འདུན་པ་ལེན་པའི་དགེ་སློང་མས་དགེ་སློང་མ་རྣམས་ཀྱི་
དྲུང་དུ་འགྲོ་བར་བྱ་ཞིང་དགེ་སློང་རྣམས་ལས་ཚེས་ཤིང་གདམས་ངག་དང་རྗེས་སུ་བསྟན་པ་ཉམས་སུ་མྱང་བར་བྱའོ་ཞེས་གསུངས་པ་དང་། འོན་ཀྱང་བཅུ་གཉིས་སྡེ་དེ་དག་གདམས་ངག་དང་རྗེས་སུ་བསྟན་པ་ཉམས་སུ་མྱོང་བར་མི་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་
ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཟླ་བ་ཕྱེད་ཕྱེད་ཅིང་གདམས་ངག་དང་རྗེས་སུ་བསྟན་པ་ཉམས་སུ་མྱོང་བར་མི་བྱེད་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གི་
བར་རོ། །ཟླ་བ་ཕྱེད་ཕྱེད་ཅིང་ཞེས་བྱ་བ་ནི་ཟླ་བ་ཕྱེད་ཅིང་ངོ་། །གདམས་ངག་དང་རྗེས་སུ་བསྟན་པ་ཉམས་སུ་མྱོང་བར་མི་བྱེད་ན་ཞེས་བྱ་བ་ནི་དགེ་སློང་མ་རྣམས་དང་ལྷན་ཅིག་རྗེས་སུ་སྒྲུབ་པར་མི་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་
མས་ཇི་ཙམ་ཅུང་ཟད་ཟླ་བ་ཕྱེད་ཕྱེད་ཅིང་གདམས་ངག་དང་རྗེས་སུ་བསྟན་པ་ཉམས་སུ་མྱོང་བར་མི་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅུ་དགུ་པའི་གསུམ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་དགེ་སློང་མ་རྣམས་ལྗོངས་རྒྱུ་ཞིང་དོང་བ་ན་དགེ་སློང་
མ་ཞིག་གི་དབྱར་ཁང་དུ་ཕྱིན་ནས་དེར་དེ་དག་གིས་དགེ་སློང་མེད་པའི་གནས་སུ་གསོ་སྦྱོང་བྱས་ཏེ། དེ་དག་རིམ་གྱིས་རྒྱུ་ཞིང་མཉན་ཡོད་དུ་ཕྱིན་ནས་དེ་དག་གང་གི་ཚེ་དབྱར་ཁང་དུ་འོངས་པ་དེའི་ཚེ་དགེ་སློང་མ་རྣམས་ཀྱིས་སྨྲས་པ་སངས་རྒྱས་ལྡན། ཆོས་ལྡན་དགེ་འདུན་ལྡན་འོངས་པ་ལེགས་
སོ། །ཁྱེད་ཅག་གིས་གང་དུ་གསོ་སྦྱོང་བྱས། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །གནས་ག་གེ་མོ་ཞིག་ཏུའོ། །དེ་ནས་དགེ་སློང་མ་དེ་རྣམས་ཀྱིས་དགེ་སློང་མ་དེ་དག་ལ་འདི་སྐད་ཅེས་ཁྱེད་ཅག་གིས་ཅིའི་ཕྱིར་དགེ་སློང་མེད་པའི་གནས་སུ་གསོ་སྦྱོང་བྱས་ཞེས་སྨྲས་པའི་སྐབས་དེ་བཅོམ་ལྡན་

འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མེད་པའི་གནས་སུ་གསོ་སྦྱོང་ཉམས་སུ་མྱོང་བར་བྱེད་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་ཆོས་འདི་པ་དག་གིའོ། །དགེ་སློང་
མེད་པའི་གནས་སུ་ཞེས་བྱ་བ་ནི་གང་ན་དགེ་སློང་མེད་པར་གྱུར་པའོ། །གསོ་སྦྱོང་ཞེས་བྱ་བ་ནི་སོ་སོར་ཐར་པ་ཉམས་སུ་མྱོང་བར་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མེད་པའི་གནས་སུ་
གསོ་སྦྱོང་ཉམས་སུ་མྱོང་བར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅུ་དགུ་པའི་བཞི་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་མས་དགེ་སློང་མེད་པའི་གནས་སུ་དབྱར་གནས་པར་ཁས་བླང་བར་མི་བྱའོ་ཞེས་
གསུངས་པ་དང་། དེ་ནས་ཡང་དགེ་སློང་མ་རྣམས་ལྗོངས་ཤིག་ནས་ལྷགས་ནས་དགེ་སློང་མེད་པའི་གནས་སུ་དབྱར་གནས་པར་ཁས་བླངས་ཏེ། དེ་ནས་དེ་དག་གིས་དབྱར་གནས་ནས་མཉན་ཡོད་དུ་ཕྱིན་པ་དང་། ཇི་ཙམ་ན་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཁྱེད་ཅག་གང་དུ་དབྱར་གནས།
དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །གནས་ག་གེ་མོ་ཞིག་ཏུའོ། །དེ་དག་ལ་དགེ་སློང་མ་རྣམས་ཀྱིས་དྲིས་པ། ཅི་རེ་ཞིག་དགེ་སློང་དང་བཅས་པ་ཡིན་ནམ་འོན་ཏེ་དགེ་སློང་མེད་པ་ཡིན། དེ་དག་གིས་འདི་སྐད་ཅེས་དགེ་སློང་མེད་པ་ཡིན་ནོ་ཞེས་སྨྲས་པ་ན་དོན་ཉུང་བའི་དགེ་སློང་མ་
དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མེད་པའི་གནས་སུ་དབྱར་གནས་པར་ཁས་ལེན་ན་ལྟུང་བྱེད་དོ། །ཡང་གང་ཞེས་
བྱ་བ་ནི་ཆོས་འདི་པ་དག་གིའོ། །དགེ་སློང་མེད་པའི་ཞེས་བྱ་བ་ནི་གང་ན་དགེ་སློང་མེད་པར་གྱུར་པའོ། །གནས་ཞེས་བྱ་བ་ནི་གང་ན་ལས་ཐམས་ཅད་མངོན་པའོ། །དབྱར་གནས་པར་ཁས་ལེན་ན་ཞེས་བྱ་བ་ནི་ཟླ་བ་གསུམ་དམ་འཆའ་བར་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་

མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མེད་པའི་གནས་སུ་དབྱར་གནས་པར་ཁས་ལེན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅུ་དགུ་པའི་ལྔ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །
གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དབྱར་གནས་པའི་དགེ་སློང་མ་རྣམས་ཀྱིས་གཉི་གའི་དགེ་འདུན་ལ་དགག་དབྱེ་བྱའོ་ཞེས་གསུངས་པ་དང་། དེ་ནས་དགེ་སློང་མ་དེ་རྣམས་ཀྱིས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་མ་གཉི་གའི་དགེ་འདུན་ལ་དགག་དབྱེ་བྱས་ཚུར་སྤྱོན། དེས་
འདི་སྐད་ཅེས་སྨྲས་སོ། །ཁོ་མོ་དེར་མི་འགྲོའོ། །ཅིའི་ཕྱིར། རེ་ཞིག་ཁོ་མོ་ནི་སྡེ་སྣོད་གསུམ་པ་ཡིན་པས་ཁོ་མོས་དགག་དབྱེ་ཇི་ལྟར་བྱ་བ་ཤེས་ཏེ། དགེ་སློང་གི་དགེ་འདུན་ལ་ལྕག་པོད་དང་། ཤུར་བུ་དང་། ཤུར་བུ་ཕྲེའུ་ཕལ་མོ་ཆེ་དབུལ་དགོས་པས་ཁྱེད་ཅག་དེང་ཤིག །ཁོ་
མོ་ནི་དེར་མི་འགྲོའོ་ཞེས་ཟེར་བའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དབྱར་གནས་ནས་གཉི་གའི་དགེ་འདུན་ལ་དགག་དབྱེ་མི་བྱེད་ན་ལྟུང་བྱེད་
དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །དབྱར་གནས་ནས་ཞེས་བྱ་བ་ནི་ཟླ་བ་གསུམ་གྱི་མཐར་ཕྱིན་ནས་སོ། །གཉི་གའི་དགེ་འདུན་ལ་ཞེས་བྱ་བ་ནི་དགེ་སློང་དང་དགེ་སློང་མའི་དགེ་འདུན་ལའོ། །དགག་དབྱེ་མི་བྱེད་ན་ཞེས་བྱ་བ་ནི་མཐོང་བ་དང་། ཐོས་པ་དང་དོགས་
པས་སོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དབྱར་གནས་ནས་གཉི་གའི་དགེ་འདུན་ལ་དགག་དབྱེ་མི་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཅུ་དགུ་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །།
སྡོམ་ལ། ཚོགས་ལ་སྤྱོ་བར་མི་བྱ་དང་། །མི་སྙན་པ་དང་སེར་སྣ་ལྔ། །སྤངས་ནས་བཟའ་བར་མི་བྱ་དང་། །བཙས་པ་བླང་བར་མི་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་སྦོམ་དགའ་མོས་ཚོགས་ལ་སྤྱོས་པ་དང་། དེ་ལ་ལྷན་ཅིག་གནས་པ་དང་། ཉེ་གནས་

རྣམས་ཀྱིས་སྨྲས་པ། འཕགས་མ་དགེ་སློང་མའི་ཚོགས་ལ་སྤྱོ་བར་མི་རིགས་སོ། །དེས་འདི་སྐད་ཅེས་རིགས་ཀྱང་རུང་། མི་རིགས་ཀྱང་རུང་ཁོ་མོས་ནི་སྤྱོས་སོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་
ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཚོགས་ལ་སྤྱོས་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཚོགས་ལ་ཞེས་བྱ་བ་ནི་དགེ་སློང་མའི་དགེ་འདུན་ལའོ། །སྤྱོས་ན་
ཞེས་བྱ་བ་ནི་ཚར་བཅད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཚོགས་ལ་སྤྱོས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་ཉི་ཤུ་པའི་དང་པོ་རྫོགས་སྷོ།། །།གླེང་གཞི་ནི་མཉན་
ཡོད་ནའོ། །དེ་ནས་སྦོམ་དགའ་མོས་དགེ་སློང་མའི་ཚོགས་ལ་མི་སྙན་པ་ཁྱིམ་ཞེས་བྱ་བ་དང་། ནལ་ཞེས་བྱ་བ་དང་། བོང་བུ་དག་དང་ལྡན་པའི་གཤེ་བ་དག་གིས་གཤེ་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་
བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཚོགས་ལ་གཤེ་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཚོགས་ལ་ཞེས་བྱ་བ་ནི་དགེ་སློང་མའི་དགེ་འདུན་ལའོ། །གཤེ་ན་ཞེས་བྱ་བ་ནི་ཁྱིམ་པ་མོའི་ཚིག་དང་
ལྡན་པའི་གཤེ་བས་སོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཚོགས་ལ་གཤེ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་ཉི་ཤུ་པའི་གཉིས་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །
དེ་ནས་སྦོམ་དགའ་མོས་དགེ་སློང་མ་གློ་བུར་པ་རྣམས་ཀྱིས་དབྱར་ཁང་དུ་གནས་བྱིན་ནས་དེ་དག་རྙེད་པ་དང་། བཀུར་སྟི་རབ་ཏུ་མང་པོ་དང་ལྡན་པ་དང་། དེས་སེར་སྣས་དེ་དག་བསྐྲད་པ་ན། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་ཁྱོད་ཅི་སེར་སྣས་གནོད་པར་མ་

གྱུར་གྲང་། དེས་འདི་སྐད་ཅེས་ཁོ་མོ་གྲང་བའི་ཚེ་ན་གྲང་བས་ཉེན། ཚ་བའི་ཚེ་ན་ཚ་བས་ཉེན་བཞིན་དུ་སྡུག་བསྔལ་ཆེན་པོས་བསྒྲུབས་པའི་དབྱར་ཁང་ཁོ་མོས་ཁ་འཇམ་ཅན་འདི་རྣམས་ལ་སྐབས་དབྱེའམ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་
སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གནས་ལ་སེར་སྣ་བྱེད་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །
གནས་ལ་ཞེས་བྱ་བ་ནི་གཡར་ཁང་ལའོ། །སེར་སྣ་ཞེས་བྱ་བ་ནི་དེ་དང་ལྷན་ཅིག་ཏུ་མངོན་པར་མི་དགའ་བའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གནས་ལ་སེར་སྣ་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་
འགྱུར་རོ། །ལྟུང་བྱེད་ཉི་ཤུ་པའི་གསུམ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་དགེ་སློང་མ་རྣམས་ཀྱིས་བྲམ་ཟེ་དང་། ཁྱིམ་བདག་གི་ཁྱིམ་དག་ཏུ་སྐྱེ་དགུའི་བདག་མོ་ཆེན་མོའི་བསྔགས་པ་དག་རྗོད་པར་བྱེད་དེ། སྐྱེ་དགུའི་བདག་མོ་ཆེན་མོ་ནི་
བསོད་ནམས་དང་ལྡན་པ་སངས་རྒྱས་ཀྱི་ཡུམ། བཅོམ་ལྡན་འདས་ཀྱིས་ཀྱང་གནས་བརྟན་མའི་རྒྱལ་མོ་རྣམས་ཀྱི་ནང་ན་མཆོག་ཏུ་བསྟན་པ་ཡིན་ནོ། །ཨུཏྤ་ལའི་མདོག་ཀྱང་རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ཡིན་ནོ། །གཽ་ཏ་མཱི་སྐེམ་མོ་ཡང་འདུལ་བ་འཛིན་
པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ཡིན་ནོ། །ཆོས་སྦྱིན་ཡང་མདོ་སྡེ་རྣམ་པར་འབྱེད་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ཡིན་ནོ། །དེ་ནས་སྦོམ་དགའ་མོས་ཚིག་དེ་ཐོས་ནས་ཀྱེ་བུ་ཟན་མོའི་བུ་མོ་དག་རེ་ཞིག་སྐྱེ་དགུའི་བདག་མོ་ཆེན་མོ་འདི་ནི་རང་ཞུགས་ཡིན་ཏེ། འདི་ལ་མཁན་མོ་དང་།
སློབ་དཔོན་ཡང་མེད་དོ། །ཨུཏྤ་ལའི་མདོག་འདི་ནི་སྨད་འཚོང་མ་ཡིན་ནོ། །གཽ་ཏ་མཱི་སྐེམ་མོ་འདི་ནི་བུའི་ཤ་ཟོས་པ་ཡིན་ན། ཁྱེད་ཅག་དེ་དག་གི་བསྔགས་པ་རྗོད་པ་ལྟ་ཞེས་སྨོད་པར་བྱེད་པ་དང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་བསྔགས་པའི་སེར་

སྣས་གནོད་པར་མ་གྱུར་གྲང་། དེས་འདི་སྐད་ཅེས་ཁོ་མོ་ཤཱཀྱའི་རིགས་ལས་རབ་ཏུ་བྱུང་བ་སྡེ་སྣོད་གསུམ་པ་ཡིན་ན་བསྔགས་པར་མི་འོས་པ་དེ་དག་གི་བསྔགས་པ་བརྗོད་ཀྱིས་ཁོ་མོའི་མི་བརྗོད་ན་ཅིའི་ཕྱིར་ཁོ་མོ་ལ་གནོད་པར་མི་འགྱུར་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་
དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་བསྔགས་པ་ལ་སེར་སྣ་བྱེད་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་
སྦོམ་དགའ་མོའོ། །བསྔགས་པ་ཞེས་བྱ་བ་ནི་ལུང་དང་རྟོགས་པ་དག་བརྗོད་པ་ན་སེར་སྣ་དང་ཕྲག་དོག་བྱེད་པའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཡང་དག་པའི་བསྔགས་པ་ཇི་ལྟ་བ་བཞིན་
སྨྲས་པ་ན་བསྔགས་པ་ལ་སེར་སྣ་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་ཉི་ཤུ་པའི་བཞི་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་སྦོམ་དགའ་མོས་དགེ་སློང་མ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཕུ་ནུ་མོ་དག་ཁྱིམ་ག་གེ་མོར་ནི་
མ་དེང་ཤིག །དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ཅིའི་ཕྱིར་དེས་འདི་སྐད་ཅེས་སྨྲས་སོ། །ཁོ་མོས་ཁྱིམ་དེ་ངལ་བ་ཆེན་པོས་ཆོས་བཤད་ནས་དད་པར་བྱས་པ་ཡིན་ནོ། །དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་ཁྱོད་ཁྱིམ་གྱི་སེར་སྣས་གནོད་པར་མ་གྱུར་གྲང་།
དེས་འདི་སྐད་ཅེས་གྱུར་ཏོ་ཞེས་སྨྲས་པ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྱིམ་ལ་སེར་སྣ་
བྱེད་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཁྱིམ་ལ་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་ལའོ། །སེར་སྣ་བྱེད་ན་ཞེས་བྱ་བ་ནི་ཕྲག་དོག་སྐྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་

སློང་མས་ཇི་ཙམ་ཅུང་ཟད་ཁྱིམ་ལ་སེར་སྣ་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་ཉི་ཤུ་པའི་ལྔ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་སྦོམ་དགའ་མོས་དགེ་སློང་མ་རྣམས་ལ་གདམས་ངག་འབོགས་པ་ན་ཕུ་ནུ་མོ་དག་བྲམ་
ཟེ་ཡ་མཚན་དུ་འཛིན་པ་རྣམས་ཀྱིས་ཁུ་ཚུར་དང་། ཐལ་ལྕག་གིས་བརྒྱབ་ནས་ཀླད་པ་གས་པར་གྱུར་ན་མི་རུང་གིས་ཧ་ཅང་སྔར་བསོད་སྙོམས་ལ་མ་འདོང་ཤིག་ཅེས་དེས་གཞན་དག་བཟློག་ནས་རང་ཉིད་ནང་པར་ཆེས་སྔ་བ་ཞིག་ཏུ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་
བླངས་ཏེ་སྤྱོད་ཡུལ་དུ་ཞུགས་པ་དང་བྲམ་ཟེ་ཡ་མཚན་དུ་འཛིན་པ་ཞིག་གིས་མཐོང་ནས། དེས་དེ་བཟུང་སྟེ་ཁུ་ཚུར་དང་ཐལ་ལྕག་གིས་ཏེ་པོར་བརྡེགས་པས་དེའི་མིག་ཕུབས་སྣད་ཅིང་དབྱར་ཁང་དུ་སོང་བ་དང་དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་ཁྱོད་སུས་
བརྡེགས། དེས་སྐབས་དེ་རྒྱས་པར་སྨྲས་པ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་ཁྱོད་རྙེད་པའི་སེར་སྣས་གནོད་པར་མ་གྱུར་གྲང་། དེས་འདི་སྐད་ཅེས་གྱུར་ཏོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་
ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རྙེད་པ་ལ་སེར་སྣ་བྱེད་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །རྙེད་པ་ལ་སེར་སྣ་བྱེད་ན་ཞེས་བྱ་བ་ལ་རྙེད་
པ་ནི་གཉིས་ཏེ། ཟས་ཀྱི་རྙེད་པ་དང་། གོས་ཀྱི་རྙེད་པ་ཡིན་ཏེ། དོན་འདི་ལ་ནི་ཟས་ཀྱི་རྙེད་པ་ཡིན་པར་དགོངས་སོ། །སེར་སྣ་བསྐྱེད་ན་ཞེས་བྱ་བ་ནི་ཕྲག་དོག་སྐྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་
ཙམ་ཅུང་ཟད་རྙེད་པ་ལ་སེར་སྣ་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །དེ་ནས་སྔོན་གྱི་སྦྱོར་བ་ནི་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སྦོམ་དགའ་མོ་གཞན་དག་ལ་རྗེས་སུ་སྟོན་ཅིང་རང་མི་

སྒྲུབ་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་འདས་པའི་དུས་ན་ཡང་སྦོམ་དགའ་མོ་གཞན་ལ་རྗེས་སུ་སྟོན་ཅིང་རང་མི་སྒྲུབ་པས་ཚུལ་མ་ཡིན་པས་སྡུག་བསྔལ་དུ་གྱུར་པ་ཡིན་ཏེ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། ལམ་པོ་ཆེ་ཞིག་
ནས། རི་སྐེགས་མོ་རབ་ཏུ་མང་པོ་བརྒྱུས་པ་དང་། དེ་ན་རི་སྐེགས་མོ་རྣམས་ལ་ཕུ་ནུ་མོ་དག་ཁྱེད་མཁྲིས་པའི་ནད་ཀྱིས་སྨྱོས་པར་གྱུར་དང་མི་རུང་གིས་ཁྱེད་ཅག་ཏིལ་ལ་མ་ཟ་ཞིག་ཅེས་རྗེས་སུ་བསྟན་ནས། དེ་རང་ཉིད་ཤིང་རྟ་འོང་བའི་ལམ་ཁ་ན་ཏིལ་ཟ་ཟ་བ་ལས་ཤིང་རྟའི་
འཁོར་ལོས་མགོ་བཅད་པར་གྱུར་ཏོ། །དེ་ནས་ལྷ་ཞིག་གིས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། གཞན་ལ་རྗེས་སུ་སྟོན་བྱེད་ཅིང་། །རང་ཉིད་སྒྲུབ་པར་མི་བྱེད་པ། །བརྐམ་ཆགས་པ་ཡི་རང་བཞིན་ཅན། །རི་སྐེགས་མོ་འདི་འཁོར་ལོས་བཅོམ། །དགེ་སློང་དག་འདི་
སྙམ་དུ་སེམས། རི་སྐེགས་མོ་གང་ཡིན་པ་དེ་ནི་སྦོམ་དགའ་མོ་འདི་ཉིད་ཡིན་ཏེ། དེ་ན་ཡང་འདི་གཞན་དག་ལ་རྗེས་སུ་སྟོན་ཅིང་བདག་ཉིད་མི་སྒྲུབ་པས་ཚུལ་བཞིན་མ་ཡིན་པས་སྡུག་བསྔལ་བར་གྱུར་པ་ལ། ད་ལྟར་ཡང་གཞན་དག་ལ་རྗེས་སུ་སྟོན་ཅིང་བདག་ཉིད་
མི་སྒྲུབ་པས་ཚུལ་བཞིན་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏོ། །དེ་ལྟ་བས་ན་དགེ་སློང་དག་འདི་ལྟར་བསླབ་པར་བྱ་སྟེ། མཐུན་པ་གང་ལ་བདག་ཉིད་སྒྲུབ་པ་ལ་གཞན་དག་ཀྱང་རྗེས་སུ་བསྟན་པར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ། །ལྟུང་
བྱེད་ཉི་ཤུ་པའི་དྲུག་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་སྦོམ་དགའ་མོ་ལ་ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ཀྱིས་ལུང་བསླངས་པ་དང་། དེས་འདི་སྐད་ཅེས་དེང་ལ་རེ་ཞིག་ཁོ་མོའི་སྣོད་དུ་ཚོས་ཤིག །བུ་རམ་དང་སེ་འབྲུ་དག་ཉེས་ཤིག་
ཅེས་སྨྲས་ནས་དེ་ཕན་ཚུན་བསྒྱངས་ཏེ། དེ་དག་ལ་ལུང་མ་བྱིན་པ་དང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་ཁྱོད་ཆོས་ལ་སེར་སྣ་མི་བྱེད་གྲང་། དེས་འདི་སྐད་ཅེས་ཀྱེ་བུ་ཟན་མོའི་བུ་མོ་དག་ཁོ་མོ་དྲུག་སྡེ་རྣམས་ལ་ལུང་གི་ཆེད་དུ་སེའུ་འབྲུ་མཉེས་པས་ནི་

ལག་པ་ལ་སེར་ཀ་བྱུང་། བཟོད་པ་གསོལ་བས་ནི་མགོ་བོ་བྱི། པུས་མོ་བཙུགས་ནས་ལུང་གསོལ་བས་ནི་ལྕེ་གས་ན་ཁོ་མོ་ཅིའི་ཕྱིར་སེར་སྣ་མི་བྱེད་ཅེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཆོས་ལ་སེར་སྣ་བྱེད་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཆོས་ལ་སེར་སྣ་བྱེད་ན་ཞེས་བྱ་བ་ལ་ཆོས་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་གསུངས་
པའམ། ཉན་ཐོས་ཀྱིས་སྨྲས་པའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཆོས་ལ་སེར་སྣ་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །སེར་སྣ་ལྔའི་བར་སྡོམ་ནི། །གནས་དང་བསྔགས་དང་ཁྱིམ་
དང་ནི། །རྙེད་པ་ཉིད་དང་ཆོས་ལའོ། །ལྟུང་བྱེད་ཉི་ཤུ་པའི་བདུན་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་བཅུ་གཉིས་སྡེ་རྣམས་རྙེད་པ་གནས་ཅིག་ཏུ་ཟོས་ནས་ཅིག་ཤོས་སུ་ཡང་ཟ་བར་བྱེད་དེ། དེ་ལྟར་སྤངས་པ་དང་། མ་སྤངས་པ་ཟ་བ་ན་དོན་ཉུང་
བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཟོས་ཏེ་སྤངས་ཟིན་ནས་བཅའ་བ་དང་། བཟའ་བ་འཆོས་སམ་
ཟོས་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། །ཟོས་ཟིན་ནས་ཞེས་བྱ་བ་ནི་གནས་གཅིག་ཏུ་སྤངས་ནས་སྤྱོད་ལམ་བཤིག་པའོ། །བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་དང་། བཟའ་བ་ལྔའོ། །འཆོས་སམ་ཟོས་ན་ཞེས་བྱ་བ་ནི་ལྐོག་
མར་ཁམ་གྱིས་མིད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་སྤངས་པ་ལ་སྤངས་པའི་འདུ་ཤེས་ཀྱིས་འཆོས་སམ་ཟོས་ན་ལྟུང་བྱེད་དོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །དགེ་སློང་མས་མ་སྤངས་

པ་ལ་སྤངས་པའི་འདུ་ཤེས་ཀྱིས་འཆོས་སམ་ཟོས་ན་ཉེས་བྱས་སོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ། །ལྟུང་བྱེད་ཉི་ཤུ་པའི་བརྒྱད་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་སྦོམ་དགའ་མོ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་
བླངས་ནས་བསོད་སྙོམས་ཀྱི་ཕྱིར་བྱུང་སྟེ་ཁྱིམ་བདག་ཅིག་གི་ཁྱིམ་དུ་ཞུགས་པ་དང་། ཁྱིམ་བདག་དེའི་ཆུང་མ་བུ་ཐོན་བུ་བཙས་པས་རང་གིས་ཁྱེའུ་བཀྲུ་བ་མ་ཤེས་སོ། །དེ་ནས་སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ། །མཚན་བཟངས་མ་བསོད་སྙོམས་བྱིན་ཅིག །
དེས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་བདག་གློ་བ་མི་དགའ་ལགས་སོ། །སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ། །ཅིའི་ཕྱིར་བདག་གིས་ཁྱེའུ་སུས་ཀྱང་མ་བཀྲུས་སོ། །སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ། །ཅིའི་ཕྱིར་ཁྱོད་མི་འཁྲུ་མ་འཚལ་ཏོ། །
སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ། །ཅི་ཁྱོད་ཀྱང་ཁབ་བཞིན་དུ་ལས་སྣ་གཅིག་པ་ཡིན་ནམ། །དེས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་འདི་ལ་བྱང་བ་ཅུང་ཟད་མངའ་འམ། སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ། །ཁོ་མོས་བཟོའི་གནས་དང་། ལས་
ཀྱི་གནས་གང་ལ་མ་བྱང་བ་ཅུང་ཟད་ཡོད་དམ། དེས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་བདག་གི་ཁྱེའུ་ཁྲུས་གྱིས་ལ་སྩོལ་ཅིག །དེ་ནས་སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ། །ཁོ་མོ་ལ་སུས་བསོད་སྙོམས་སྦྱིན་པར་འགྱུར། དེས་འདི་སྐད་ཅེས་སྨྲས་སོ། །བདག་
གིས་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་དང་། བདག་གིས་མཁན་མོ་དང་། ཁང་སྐྱོང་མ་ལ་དབུལ་ལོ། །དེ་ནས་སྦོམ་དགའ་མོས་ལྷུང་བཟེད་བཞག །གོས་དག་བརྫེས་ནས་ཁྱེའུ་བླངས་ཏེ། ཡིད་ཙམ་ཞིག་བསྐྱོང་ནས་དེའི་འོག་ཏུ་འདག་རྫས་དག་གིས་བཀྲུས་དྲིལ་
ཏེ། དེ་ནས་ཆུ་དྲོན་གྱིས་བཀྲུས། མིག་ཏུ་མིག་སྨན་བླུགས། ས་ཞག་གིས་ཐིག་ལེ་བྲིས་སྐྲའི་བྱི་དོར་བྱས། སྦྲང་རྩི་དང་། མར་སར་གྱིས་བསྙོད་ནས་ཁུལ་ཞོར་བཅུག་སྟེ་བསྙལ་ནས་འདི་སྐད་ཅེས་ཁྱོད་ཀྱིས་འདི་བཞིན་དུ་ཉི་མ་རེ་རེ་ཞིང་ཁྲུས་བྱོས་ཤིག་ཅེས་བསྒོ་ནས། དེས་

བསོད་སྙོམས་ཀྱིས་ཁུར་བསླང་སྟེ་དབྱར་ཁང་དུ་སོང་ངོ་། །དེ་ནས་ཁྱིམ་བདག་དེ་འོངས་ནས་ཆུང་མ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བཟང་མོ་ཁྱོད་ཀྱིས་དེ་རིང་ཁྱེའུ་ཁྲུས་བྱས་པ་ལེགས་སོ། །འོར་ཆེའོ་ཞེས་བྱ་བ་ནས། སྦོམ་དགའ་མོས་བཀྲུས་སོ་ཞེས་བྱ་བ་དང་། བསོད་
སྙོམས་རབ་ཏུ་མང་དུ་ཕུལ་ལོ་ཞེས་བྱ་བའི་བར་རོ། །དེ་ནས་དུས་གཞན་ཞིག་ན་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་བླངས་ཏེ་ཁྱིམ་བདག་གི་ཁྱིམ་དེར་བསོད་སྙོམས་ཀྱི་ཕྱིར་ཞུགས་ནས་འདི་སྐད་ཅེས་སྨྲས་སོ། །མཚན་བཟངས་མ་བསོད་
སྙོམས་བྱིན་ཅིག །དེས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་བདག་གི་ཁྱེའུ་ཁྲུས་གྱིས་ལ་སྩོལ་ཅིག །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོས་འདི་སྐད་ཅེས་སྨྲས་སོ། །ཕུ་ནུ་མོ་ཁོ་མོས་བྱང་ཆུབ་སེམས་དཔའ་བཀྲུས་ཏེ། དེ་ལས་ཁྱེའུ་གཞན་ནི་མ་བཀྲུས་སོ། །ཕུ་ནུ་མོ་
ཁྱོད་དགེ་སློང་མ་ཚུལ་ཁྲིམས་དང་ལྡན་པ་ལ་མཆིད་སྩོལ་བའི་ཕྱིར་ཡང་བྲན་མོར་འགྱུར་བའི་ལས་སོགས་སམ། དེ་ལྟ་མོད་ཀྱི་ཕུ་ནུ་མོ་ཁྱོད་ཀྱིས་འདི་ལྟར་དགེ་སློང་མ་ཁྱེའུ་འཁྲུ་བ་ག་ལས་མཐོང་ངམ་ཐོས། དེས་འདི་འདི་སྐད་ཅེས་སྨྲས་སོ། །འཕགས་མ་སྦོམ་དགའ་མོས་བཀྲུས་
སོ། །སྐྱེ་དགུའི་བདག་མོ་ཆེན་མོས་འདི་སྐད་ཅེས་དེ་ཁོ་ནས་ཁོ་མོ་ཅག་ལ་ཡང་གནས་སྐབས་འདི་བྱུང་ངོ་། །ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་
བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་བུ་ལེན་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །བུ་ཞེས་བྱ་བ་ནི་བུ་ཆུང་ངུའོ། །ལེན་ན་ཞེས་བྱ་བ་ནི་རྩེ་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཅི་
ཡང་རུང་བུ་ལེན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་ཉི་ཤུ་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །།སྡོམ་ནི། ཁྲུས་རས་དག་ནི་བྱ་བ་དང་། །གོས་དག་བཀྲུ་བར་བྱ་བ་དང་། །སྣམ་སྦྱར་དག་ནི་བརྗེ་བ་དང་། །དགེ་ཚུལ་ཆོས་གོས་སྦྱིན་པའོ། །གླེང་གཞི་

ནི་མཉན་ཡོད་ནའོ། །དེ་ནས་བཅུ་གཉིས་སྡེ་དག་ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོ་དང་ལྷན་ཅིག་སྒྲེན་མོར་བྱུང་ནས་ཁྲུས་བྱེད་པ་དང་། དེ་ནས་སྦོམ་དགའ་མོས་ཁོ་མོའི་རྨོངས་ཀྱི་ཚོགས་ཤིན་ཏུ་གནག་ལ་ལེགས་པར་འཁྱིལ་བ་དཔེར་ན་སྲན་མ་ཤའི་འབྲས་བུ་ལྟར་འདུག་པ་ལ་ལྟོས་
ཞེས་སྟོན་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། དགེ་སློང་མས་ཁྲུས་རས་བཅང་བར་བྱའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ཀྱིས་ཁྲུས་རས་
བཅང་བར་བྱའོ། །ཞེས་བཀའ་སྩལ་པ་དེའི་ཚེ་སྦོམ་དགའ་མོ་མི་ཐོགས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་
མཛད་དེ། ཡང་དགེ་སློང་མ་གང་ཁྲུས་རས་མེད་པར་ཁྲུས་བྱེད་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཁྲུས་རས་ཞེས་བྱ་བ་ནི་ཁྲུས་ཀྱི་རས་ཏེ་དེ་མེད་པར་རོ། །ཁྲུས་བྱེད་ན་ཞེས་བྱ་བ་ལ་ཁྲུས་ནི་གཉིས་ཏེ། འཇུག་པའི་ཁྲུས་དང་དབང་བསྐུར་བའི་
ཁྲུས་སོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཁྲུས་གཉིས་བྱེད་ན་ཁྲུས་ཀྱི་ཁྲུས་རས་མི་འཆང་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་ཉི་ཤུ་གཅིག་པའི་དང་པོ་རྫོགས་སྷོ།། །།གླེང་
གཞི་ནི་མཉན་ཡོད་ནའོ། །དེ་ནས་སྦོམ་དགའ་མོས་མི་གཙང་བས་གོས་པའི་གོས་དག་བཙོ་བླག་མཁན་ལ་འཁྲུར་བཅུག་པ་དང་། །བྲམ་ཟེ་དང་ཁྱིམ་བདག་དག་བདག་ཅག་གི་གོས་ཀྱང་འདིས་ནི་མི་གཙང་བར་འགྱུར་རོ་ཞེས་ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་
ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་བཙོ་བླག་མཁན་ལ་གོས་འཁྲུར་འཇུག་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །བཙོ་བླག་

མཁན་ཞེས་བྱ་བ་ནི་ཁྱིམ་པ་མོའོ། །གོས་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ། །འཁྲུར་འཇུག་ན་ཞེས་བྱ་བ་ནི་བཀྲུ་བཤལ་བྱེད་དུ་འཇུག་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་
མི་གཙང་བས་གོས་པའི་གོས་འཁྲུར་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་ཉི་ཤུ་གཅིག་པའི་གཉིས་པ་རྫོགས་སྷོ།། །།དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་ཉི་ཤུ་དྲུག་པ། གླེང་གཞི་ནི་མཉན་ཡོད་ནའོ། །བུད་མེད་ནི་བརྗེད་ངས་པ་ཡིན་
པས་དགེ་སློང་མ་རྣམས་ཀྱིས་ཆོས་གོས་བྱིན་གྱིས་བརླབས་པ་བརྗེད་ནས་དེ་དག་གིས་བདག་ཅག་གི་གང་དག་ནི་བྱིན་གྱིས་བརླབས། གང་དག་ནི་བྱིན་གྱིས་མ་བརླབས་པ་མ་ཤེས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། དེ་ལྟ་བས་ན་དེང་ཕྱིན་ཆད་དགེ་སློང་མ་རྣམས་ཀྱིས། ཚེས་བཅྭ་ལྔ་བཅྭ་ལྔ་ཞིང་ཆོས་གོས་བྱིན་གྱིས་བརླབས་པ་ཉམས་སུ་མྱང་བར་བྱའོ། །དེ་ནས་སྦོམ་དགའ་མོས་ཚེས་བཅྭ་ལྔ་བཅྭ་ལྔ་ཞིང་ཆོས་གོས་བྱིན་གྱིས་བརླབ་པ་ཉམས་སུ་མྱོང་བར་མི་བྱེད་ནས། དེ་ལ་
དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་ཁྱོད་ཅིའི་ཕྱིར་ཚེས་བཅྭ་ལྔ་ཞིང་ཆོས་གོས་བྱིན་གྱིས་བརླབ་པ་ཉམས་སུ་མྱོང་བར་མི་བྱེད། དེས་འདི་སྐད་ཅེས་ཁོ་མོས་སྡེ་སྣོད་གསུམ་དྲན་ན་ཅིའི་ཕྱིར་ཁོ་མོས་ཆོས་གོས་བྱིན་གྱིས་བརླབ་པ་མི་དྲན་ཞེས་སྨྲས་པ་དང་། དོན་ཉུང་བའི་
དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཟླ་བ་ཕྱེད་ཅིང་ཆོས་གོས་བྱིན་གྱིས་བརླབ་པ་ཉམས་སུ་མྱོང་བར་མི་
བྱེད་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཟླ་བ་ཕྱེད་ཅིང་ཅེས་བྱ་བ་ནི་ཟླ་བ་ཕྱེད་ཅིང་ངོ་། །ཆོས་གོས་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ། །བྱིན་གྱིས་བརླབ་པ་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པར་བྱ་བ་དྲན་པར་བྱ་བའོ། །ཉམས་སུ་མྱོང་བར་མི་

བྱེད་ན་ཞེས་བྱ་བ་ནི་སྟོན་པའི་བསླབ་པ་ཉམས་སུ་མྱོང་བར་མི་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཚེས་བཅྭ་ལྔ་བཅྭ་ལྔ་ཞིང་ཆོས་གོས་བྱིན་གྱིས་བརླབ་པ་ཉམས་སུ་མྱོང་བར་མི་བྱེད་ན་ཐམས་
ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་ཉི་ཤུ་གཅིག་པའི་གསུམ་པ་རྫོགས་སྷོ།། །།གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ། །གང་གི་ཚེ་སྦོམ་དགའ་མོས་གར་མཁན་མོ་ལས་གླར་བཅའ་བ་བླངས་ཏེ་ཆོས་གོས་བྱིན་པ་དང་། དེས་བགོས་ནས་གར་བྱས་ཏེ་དེ་ཉིད་དུ་དྲུག་སྡེ་དག་སུན་
ཕྱུང་ངོ་། །དེ་ནས་དྲུག་སྡེ་རྣམས་ཀྱིས་ཐོས་ནས་སྦོམ་དགའ་མོའི་དྲུང་དུ་སོང་སྟེ། སྦོམ་དགའ་མོ་དང་གཏུགས་ནས་སྣད་པར་བརྡེགས་སོ། །དེ་ཡང་མིག་ཕུབས་སྐྲངས་ཤིང་དབྱར་ཁང་དུ་སོང་བ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཁྱོད་སུས་བརྡེགས།
དེས་འདི་སྐད་ཅེས་སྨྲས་སོ། །ཁོ་མོ་མིང་པོ་དག་གིས་བརྡེགས་ཀྱིས་མི་དགར་མ་བྱེད་ཅིག །དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ཅིའི་ཕྱིར་དེས་སྐབས་དེ་རྒྱས་པར་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྱིམ་པ་མོ་ལ་དགེ་སྦྱོང་གིས་ཆོས་གོས་བྱིན་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཁྱིམ་པ་མོ་ཞེས་བྱ་བ་ནི་ཁྱིམ་ན་གནས་པའོ། །དགེ་སྦྱོང་
གི་ཆོས་གོས་ཞེས་བྱ་བ་ནི་ངུར་སྨྲིག་གོ། །སྦྱིན་ན་ཞེས་བྱ་བ་ནི་གཏོང་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སྦྱོང་གི་ཆོས་གོས་ཁྱིམ་པ་མོ་ལ་བྱིན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་
ཉི་ཤུ་གཅིག་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །།སྡོམ་ནི། སྨེ་གབ་ཚོགས་ཀྱི་སྨེ་གབ་དང་། །བཀྲེན་པ་ཡི་རང་འཇུག་པ་དང་། །སྲ་བརྐྱང་འབྱུང་བར་བྱ་བ་དང་། །གོས་དག་བགོ་བར་བྱ་བའོ། །གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་བུད་མེད་ནི་སྔོན་གྱི་

ལས་ཀྱིས་འཕུངས་པའི་ཤུགས་ཡོད་པས་དགེ་སློང་མ་རྣམས་ཟླ་བ་ངོ་རེ་ཞིང་ཟླ་མཚན་འཛག་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨེ་གབ་བཅང་བར་བྱའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་སྨེ་གབ་བཅང་བར་བྱའོ། །ཞེས་
གསུངས་པ་དེའི་ཚེ་དེ་དག་བགོས་ཤིང་རྒྱུ་བ་ན་ལྷུང་བར་གྱུར་ནས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲད་བུས་གདགས་པར་བྱའོ། །ཡང་སྦོམ་དགའ་མོ་མི་ཐོགས་པས་དེ་བྱིན་པ་ལ་ཁྲག་འཛག་ཅིང་བསོད་སྙོམས་ལ་སོང་བ་བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱིས་མཐོང་
ནས་དྲིས་པ། འཕགས་མ་བྱིན་པ་ལ་ཁྲག་འཛག་པའོ་ནི་ཅི་ལགས། དེས་འདི་སྐད་ཅེས་མ་ལ་དྲིས་ཤིག །སྲིང་མོ་ལ་དྲིས་ཤིག །བུ་མོ་ལ་དྲིས་ཤིག་ཅེས་སྨྲས་པ་ན། དེ་དག་བདག་ཅག་གི་ཁྱིམ་ཐམས་ཅད་ཀྱང་བཙོག་པར་འགྱུར་རོ་ཞེས་ཕྱར་ཀ་གཏོང་བར་བྱེད། ཁ་
ཟེར་བར་བྱེད། སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་སྨེ་གབ་མི་འཆང་ན་ལྟུང་བྱེད་དོ། །ཡང་གང་
ཞེས་བྱ་བ་ནི་སྦོམ་དགའ་མོའོ། །སྨེ་གབ་ཅེས་བྱ་བ་ནི་བུད་མེད་ཀྱི་མི་བདེ་བ་དགབ་པའོ། །མི་འཆང་ན་ཞེས་བྱ་བ་ནི་རང་གིར་མི་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་སྨེ་གབ་མི་འཆང་
ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་ཉི་ཤུ་གཉིས་པའི་དང་པོ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་ཕྲེང་ལྡན་མས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་སྨེ་གབ་རྗེས་སུ་གནང་ངོ་ཞེས་ཐོས་ནས་དེ་འདི་སྙམ་དུ་ཀྱེ་མའོ་བདག་གིས་
དགེ་སློང་མའི་དགེ་འདུན་ཐམས་ཅད་ལ་སྨེ་གབ་དབུལ་ལོ་སྙམ་དུ་བསམས་སོ། །དེ་ནས་སྦོམ་དགའ་མོ་བཙུན་མོ་ཕྲེང་ལྡན་མ་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཙུན་མོ་ཕྲེང་ལྡན་མ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་མོ་བཅོམ་