Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 009_འདུལ་བ།_ཏ

Văn bản gốc(Tây Tạng)

Trang 9 / 20 (50.000 ký tự/trang)
འདས་བགྲེས་འཁོགས་གཏུགས་པས་འཁོར་བཞི་པོ་ལ་གདམས་པར་མཉེལ་བས། ཀྱེ་མ་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་བདག་ལ་གཏད་དེ། བདག་གིས་དགེ་སློང་གི་དགེ་འདུན་ཡོངས་སུ་
དྲུང་ཞིང་བཅོམ་ལྡན་འདས་ནི་མཐོང་བའི་ཆོས་ལ་བདེ་བར་གནས་པའི་རྣལ་འབྱོར་ལ་རྗེས་སུ་བརྩོན་ཞིང་ཐུགས་ལས་ཆུང་ངུར་བཞུགས་ཀྱང་ཅི་མ་རུང་སྙམ་མོ། །ཇི་ཙམ་ན་ལྷས་བྱིན་བཅོམ་ལྡན་འདས་ག་ལ་བ་དེར་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་
བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ད་ལྟར་བགྲེས་འཁོགས་ཞེས་བྱ་བ་ནས་མཐོང་བའི་ཆོས་ལ་བདེ་བར་གནས་པའི་རྣལ་འབྱོར་ལ་རྗེས་སུ་བརྩོན་ཞིང་ཞེས་བྱ་བའི་བར་དུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་
ལྡན་འདས་ཀྱིས་ལྷས་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐྱེས་བུ་གཏི་མུག་ངས་རེ་ཞིག་ཚངས་པ་མཚུངས་པར་སྤྱོད་པ་དེས་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་དག་ལ་ཡང་དགེ་སློང་གི་དགེ་འདུན་མི་གཏད་ན་མཆིལ་མ་འཐུང་བ་རོ་ཁྱོད་ལ་ལྟ་སྨོས་ཀྱང་ཅི་དགོས།

དེ་སྐད་ཅེས་བཀའ་སྩལ་པ་དང་། ལྷས་བྱིན་ཁྲོས་འཁྲུགས་ནས་མགོ་ལན་གསུམ་གཅོགས་ཏེ་མཇལ་ཏོ་ཞེས་བྱ་བ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་ལྷས་བྱིན་དེ་ཕྱིན་ཆད་དགེ་སློང་གི་དགེ་འདུན་གྱི་དབྱེན་བྱ་བར་
བརྩམས་སོ། །དེའི་ཚེ་དགེ་སློང་མ་སྦོམ་དགའ་མོ་ཞེས་བྱ་བས་ཀྱང་དགེ་སློང་མའི་དགེ་འདུན་གྱི་དབྱེན་བྱ་བར་འབད་པ་བརྩམས་པ་དང་། དགེ་སློང་མ་རྣམས་ཀྱིས་དེ་འབད་པ་རྩོམ་པར་འཕྲིགས་སོ། །སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ། །དགེ་སློང་
དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཀྱིས་སྦོམ་དགའ་མོ་ལ་བཞམས་ཏེ་སྒོ་ཤིག །བཞམས་ཏེ་བསྒོ་བ་ཡང་འདི་ལྟར་བྱ་སྟེ། སྦོམ་དགའ་མོ་ཁྱེད་དགེ་སློང་མའི་དགེ་འདུན་མཐུན་པ་དབྱེ་
བའི་ཕྱིར་མ་འཇུག་ཅིག །དབྱེ་བར་བྱ་བའི་ཕྱིར་རྩོད་པ་ཡང་དག་པར་བཟུང་ནས་རབ་ཏུ་འཛིན་ཅིང་མ་འདུག་ཅིག་སྦོམ་དགའ་མོ་ཁྱེད་དགེ་འདུན་དང་མཐུན་པར་གྱིས་ཤིག །དགེ་འདུན་མཐུན་མི་ཕྱེད། ཀུན་དུ་དགའ་མི་རྩོད་དེ། རྩེ་གཅིག་ལ་འདོན་པ་གཅིག་ཅིང་ཆུ་དང་
འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས་སྦོམ་དགའ་མོ་ཁྱེད་ཀྱིས་དགེ་འདུན་གྱི་དབྱེན་བྱེད་པའི་གཞི་དེ་ལྟ་བུ་ཐོང་ཤིག །དེ་ལ་དེ་སྐད་དུ་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ཕྱིར་ཞིང་ནན་
གྱིས་མཆོག་ཏུ་བཟུང་ནས་འདི་ཁོ་ན་བདེན་གྱི་གཞན་ནི་རྨོངས་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་སོ། །དགེ་སློང་མ་དེའི་གྲོགས་མོ་རྣམས་ཀྱང་དགེ་སློང་མ་དེ་དག་ལ་འདི་སྐད་ཅེས་ཟེར་ཏེ། ཕུ་ནུ་མོ་ཁྱེད་དགེ་སློང་མ་འདི་ལ་དགེ་ཡང་རུང་སྡིག་ཀྱང་རུང་ཅུང་ཟད་ཀྱང་མ་སྨྲ་
ཤིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་འདི་ནི་ཆོས་སྨྲ་བ་འདུལ་བ་སྨྲ་བ་སྟེ་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་འཛིན་ཅིང་རྗེས་སུ་ཐ་སྙད་འདོགས་པས། དགེ་སློང་མ་འདི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་ནི་མ་ཡིན་ནོ། །དགེ་སློང་མ་འདི་གང་ལ་

འདོད་ཅིང་བཟོད་པ་དེ་ལ་ངེད་ཀྱང་འདོད་ཅིང་བཟོད་དོ། །དེ་ནས་དགེ་སློང་མ་རབ་ཏུ་མང་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་
བདག་ཅག་གིས་སྦོམ་དགའ་མོ་ལ་བཞམས་ཏེ་བསྒོ་ལགས་ཏེ། དེ་བཞམས་ཏེ་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས་གཞན་ནི་རྨོངས་པའོ་ཞེས་བྱ་བའི་བར་དུའོ། །དགེ་སློང་མ་དེའི་གྲོགས་མོ་རྣམས་ཀྱང་དགེ་སློང་མ་དེ་དག་ལ་འདི་སྐད་ཅེས་མཆི་སྟེ། ཕུ་
ནུ་མོ་ཁྱེད་དགེ་སློང་མ་འདི་ལ་ཅུང་ཟད་ཀྱང་མ་སྨྲ་ཤིག་ཅེས་བྱ་བ་ནས་དེ་ལ་ངེད་ཀྱང་འདོད་ཅིང་བཟོད་དོ་ཞེས་བྱ་བའི་བར་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཀྱིས་དགེ་སློང་མ་དེ་དག་དང་། གཞན་ཡང་དེ་ལྟ་བུ་དག་ལ་བཞམས་ཏེ་སྒོ་
ཤིག །བསྒོ་བ་ཡང་འདི་ལྟར་བྱ་སྟེ། དགེ་སློང་མ་ཁྱེད་དགེ་སློང་མ་གང་ཞིག་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་ཞུགས་ཏེ། དབྱེ་བའི་ཕྱིར་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་འཛིན་ཅིང་འདུག་པར་ཤེས་བཞིན་དུ་དེའི་གྲོགས་བྱེད་ཅིང་མི་མཐུན་པར་སྨྲ་བའི་རྗེས་སུ་
ཕྱོགས་པར་མ་བྱེད་པར་ཕུ་ནུ་མོ་དག་དགེ་འདུན་འབྱེད་པའི་རྗེས་སུ་འབྲང་བ་མི་མཐུན་པར་སྨྲ་བ་འདི་ལྟ་བུ་ཐོང་ཤིག །དགེ་སློང་མ་རྣམས་ཀྱིས་དེ་སྐད་དུ་སྨྲས་པ་ན་གལ་ཏེ་ཞེས་བྱ་བ་ནས་གཞི་དེ་ཉིད་ལ་ཞེས་བྱ་བ་དང་། གཞན་ནི་རྨོངས་པའོ་ཞེས་བྱ་བའི་བར་དུའོ། །
སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་སྨྲས་སོ། །དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཀྱིས་སྦོམ་དགའ་མོ་ལ་གསོལ་བ་དང་བཞིའི་ལས་ཀྱིས་སྒོ་ཤིག །
བསྒོ་བ་ཡང་འདི་ལྟར་བྱ་སྟེ། གནས་མལ་བཤམས་པ་བྱས་ལ་ཞེས་བྱ་བ་ནས། དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །འཕགས་མའི་དགེ་འདུན་ཕུ་ནུ་མོ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་སྦོམ་དགའ་མོ་འདི་དགེ་

འདུན་མཐུན་པ་དབྱེ་བའི་སླད་དུ་ཞུགས་ཏེ་དབྱེ་བའི་སླད་དུ་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་འཛིན་ཅིང་མཆིས་ནས། འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་བ་ན་འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་
གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ཀྱིས། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་།
འཕགས་མའི་དགེ་འདུན་གྱིས་སྦོམ་དགའ་མོ་ལ་ཕུ་ནུ་མོ་སྦོམ་དགའ་མོ་ཁྱོད་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་མ་འཇུག་ཅིག །དབྱེ་བར་བྱ་བའི་ཕྱིར་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་འཛིན་ཅིང་མ་འདུག་ཅིག །ཕུ་ནུ་མོ་ཁྱོད་དགེ་འདུན་དང་མཐུན་པར་གྱིས་ཤིག །
དགེ་འདུན་མཐུན་ཅིང་མི་ཕྱེད་ལ་ཀུན་དུ་དགའ་ཞིང་མི་རྩོད་དེ་རྩེ་གཅིག་ལ་འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། ཕུ་ནུ་མོ་སྦོམ་དགའ་མོ་ཁྱོད་དགེ་
འདུན་འབྱེད་པར་བྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་རྣམས་བདག་ལ་གསན་དུ་གསོལ། སྦོམ་དགའ་མོ་འདི་དགེ་
འདུན་དབྱེ་བའི་སླད་དུ་ཞུགས་ཏེ། དབྱེ་བའི་སླད་དུ་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་འཛིན་ཅིང་རྗེས་སུ་སྒྲུབ་སྟེ། འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ན་འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་
ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པ་དེའི་སླད་དུ་འཕགས་མའི་དགེ་འདུན་གྱིས་སྦོམ་དགའ་མོ་ལ་སྦོམ་དགའ་མོ་ཁྱོད་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་མ་འཇུག་ཅིག །དབྱེ་བར་བྱ་བའི་ཕྱིར་རྩོད་པ་ཡང་དག་

པར་བླངས་ནས་རབ་ཏུ་འཛིན་ཅིང་མ་འདུག་ཅིག །སྦོམ་དགའ་མོ་ཁྱོད་དགེ་འདུན་དང་མཐུན་པར་གྱིས་ཤིག །དགེ་འདུན་མཐུན་མི་ཕྱེད་ལ། ཀུན་དུ་དགའ། མི་རྩོད་དེ་རྩེ་གཅིག་ལ་འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ།
སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས་སྦོམ་དགའ་མོ་ཁྱེད་དགེ་འདུན་འབྱེད་པར་བྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཤིག །ཅེས་དགེ་སློང་མ་སྦོམ་དགའ་མོ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ན་
ཚེ་དང་ལྡན་པ་མ་གང་དག་དགེ་སློང་མ་སྦོམ་དགའ་མོ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ་དེ་བཞིན་དུ་ལན་གཉིས་ལན་
གསུམ་དུ་བརྗོད་པར་བྱའོ། །འཕགས་མའི་དགེ་འདུན་གྱིས་བཟོད་ཅིང་གནང་ནས་འཕགས་མའི་དགེ་འདུན་གྱིས་སྦོམ་དགའ་མོ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ལ་དེ་ལྟར་
གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་བྱ་བའི་བར་དུ་རྗེས་སུ་སྒྲུབ་བོ། །དེའི་གྲོགས་མོ་དགེ་སློང་མ་དེ་དག་ཀྱང་དགེ་སློང་མ་དེ་རྣམས་ལ་དགེ་སློང་མ་ཁྱེད་དགེ་སློང་མ་འདི་ལ་དགེ་
ཡང་རུང་སྡིག་ཀྱང་རུང་ཅི་ཡང་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་འདི་ནི་ཆོས་སྨྲ་བ་ཡིན་ལ། འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བཟུང་ནས་རབ་ཏུ་འཛིན་ཅིང་རྗེས་སུ་སྒྲུབ་པའོ། །དགེ་སློང་མ་འདི་ནི་ཤེས་བཞིན་སྨྲ་བ་ཡིན་གྱི་མི་ཤེས་པར་ནི་མ་ཡིན་ནོ། །
དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་ངེད་ཀྱང་འདོད་ཅིང་བཟོད་དོ་ཞེས་དེ་སྐད་ཅེས་སྨྲས་སོ། །དེ་ནས་དགེ་སློང་མ་རབ་ཏུ་མང་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་

ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་སྦོམ་དགའ་མོ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་བགྱི་བའི་བར་དུ་རྗེས་སུ་སྒྲུབ་ཅིང་དེའི་གྲོགས་
མོ་དགེ་སློང་མ་དེ་དག་ཀྱང་དགེ་སློང་མ་རྣམས་ལ་དགེ་སློང་མ་ཁྱེད་དགེ་སློང་མ་འདི་ལ་དགེ་ཡང་རུང་སྡིག་ཀྱང་རུང་ཅི་ཡང་མ་སྨྲ་ཤིག་ཅེས་བགྱི་བ་ནས་ངེད་ཀྱང་འདོད་ཅིང་བཟོད་དོ་ཞེས་དེ་སྐད་ཅེས་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཀྱིས་
དགེ་སློང་མ་དེ་དག་ལ་ཡང་བཞམས་ཏེ་སྒོ་ཤིག །བསྒོ་བ་ཡང་འདི་ལྟར་བྱ་སྟེ། དགེ་སློང་མ་ཁྱེད་དགེ་སློང་མ་གང་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྩོད་པ་ཡང་དག་པར་བླངས་ནས། རབ་ཏུ་འཛིན་ཅིང་རྗེས་སུ་སྒྲུབ་པར་ཤེས་བཞིན་དུ་དེའི་གྲོགས་བྱེད་ཅིང་མི་མཐུན་
པར་སྨྲ་བའི་རྗེས་སུ་ཕྱོགས་པར་མ་བྱེད་ཅིག །དགེ་སློང་མ་རྣམས་ལ་དགེ་སློང་མ་ཁྱེད་དགེ་སློང་མ་འདི་ལ་དགེ་ཡང་རུང་སྡིག་ཀྱང་རུང་ཅི་ཡང་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་འདི་ནི་ཆོས་སྨྲ་ཞིང་འདུལ་བ་སྨྲ་ལ་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བཟུང་
ནས་རབ་ཏུ་འཛིན་ཅིང་རྗེས་སུ་སྒྲུབ་པའོ། །དགེ་སློང་མ་འདི་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་ནི་མ་ཡིན་ཏེ། དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་ངེད་ཀྱང་འདོད་ཅིང་བཟོད་དོ་ཞེས་དེ་སྐད་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་འདི་ནི་ཆོས་སྨྲ་བ་
མ་ཡིན་ཞིང་འདུལ་བ་སྨྲ་བ་མ་ཡིན་གྱི། དགེ་སློང་མ་འདི་ནི་ཆོས་མ་ཡིན་པ་སྨྲ་ཞིང་། འདུལ་བ་མ་ཡིན་པ་སྨྲ་བ་ཡིན་ལ། དགེ་སློང་མ་འདི་ནི་ཆོས་མ་ཡིན་པ་དང་། འདུལ་བ་མ་ཡིན་པ་ཡང་དག་པར་བླངས་ནས་རབ་ཏུ་འཛིན་ཅིང་རྗེས་སུ་སྒྲུབ་པའོ། །དགེ་སློང་མ་འདི་
ནི་མི་ཤེས་བཞིན་དུ་སྨྲའི་ཤེས་པར་ནི་མ་ཡིན་གྱིས། དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་ཁྱེད་འདོད་པ་དང་བཟོད་པར་མ་བྱེད་ཅིག །ཕུ་ནུ་མོ་ཁྱེད་དགེ་འདུན་འབྱེད་འདོད་པར་མ་བྱེད་པར་ཕུ་ནུ་མོ་དག་དགེ་འདུན་མཐུན་པ་ཉིད་དུ་འདོད་པར་གྱིས་ཤིག །

དགེ་འདུན་མཐུན་ཞིང་མི་ཕྱེད་ལ། ཀུན་དུ་དགའ་ཞིང་མི་རྩོད་དེ། རྩེ་གཅིག་ལ་འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། ཕུ་ནུ་མོ་དག་དགེ་
འདུན་འབྱེད་པ་ལ་ཕྱོགས་པ་མི་མཐུན་པར་སྨྲ་བ་འདི་ལྟ་བུ་འདི་ཐོང་ཤིག །གལ་ཏེ་དགེ་སློང་མ་དེ་དག་ལ་དེ་སྐད་ཅེས་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། གཞན་ནི་བརྫུན་པའོ་ཞེས་བྱ་བའི་བར་དུ་རྗེས་སུ་སྒྲུབ་བོ། །སྐབས་དེ་དགེ་སློང་མ་རྣམས་
ཀྱིས་དགེ་སློང་རྣམས་ལ་བརྗོད་ཅིང་། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཀྱིས་གྲོགས་བྱེད་པ་དེ་དག་དང་། གཞན་ཡང་དེ་ལྟ་བུའི་རང་བཞིན་ཅན་རྣམས་ལ་གསོལ་བ་དང་བཞིའི་
ལས་ཀྱིས་སྒོ་ཤིག །བསྒོ་བ་ཡང་འདི་ལྟར་བྱ་སྟེ། གནས་མལ་བཤམས་པ་བྱས་ལ་ཞེས་བྱ་བ་ནས། དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱ་བའི་བར་དུའོ། །འཕགས་མའི་དགེ་འདུན་ཕུ་ནུ་མོ་རྣམས་བདག་ལ་གསན་དུ་གསོལ། རྗེས་སུ་ཕྱོགས་
པ་འདི་དག་དགེ་སློང་མ་གང་དགེ་འདུན་མཐུན་པ་དབྱེ་བའི་སླད་དུ་ཞུགས་ཏེ། དབྱེ་བའི་སླད་དུ་རྩོད་པ་ཡང་དག་པར་བླངས་ནས། རབ་ཏུ་འཛིན་ཅིང་རྗེས་སུ་སྒྲུབ་པར་འཚལ་བཞིན་དུ་དེའི་གྲོགས་བགྱིད་ཅིང་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པར་བགྱིད་ནས། དེ་ལ་དགེ་
སློང་མ་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ཞེས་བྱ་བ་ནས་གཞན་ནི་བརྫུན་པའོ་ཞེས་བྱ་བའི་བར་དུ་རྗེས་སུ་སྒྲུབ་ན་དེའི་སླད་དུ་འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་གྲོགས་བགྱིད་པ་དག་ལ་དགེ་སློང་མ་ཁྱེད་དགེ་སློང་མ་གང་དགེ་འདུན་མཐུན་པ་དབྱེ་བའི་
ཕྱིར་ཞུགས་ཏེ། དབྱེ་བའི་ཕྱིར་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་འཛིན་ཅིང་འདུག་པར་ཤེས་བཞིན་དུ་དེའི་གྲོགས་བྱེད་ཅིང་མི་མཐུན་པ་སྨྲ་བའི་རྗེས་སུ་ཕྱོགས་ནས་དེ་དག་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ཞེས་བྱ་བ་ནས་གཞན་ནི་བརྫུན་པའོ་

ཞེས་བྱ་བའི་བར་དུ་རྗེས་སུ་སྒྲུབ་ན། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་སློང་མ་གྲོགས་བགྱིད་པ་འདི་དག་ལ་དགེ་སློང་མ་ཁྱེད་དགེ་སློང་མ་གང་དགེ་
འདུན་དབྱེ་བའི་ཕྱིར་ཞུགས་ཏེ། དགེ་འདུན་དབྱེ་བའི་ཕྱིར་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་འཛིན་ཅིང་འདུག་པར་ཤེས་བཞིན་དུ་དེའི་གྲོགས་བྱེད་ཅིང་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པར་མ་བྱེད་ཅིག །ཕུ་ནུ་མོ་མི་མཐུན་པར་སྨྲ་བ་འདི་ལྟ་བུ་འདི་ཐོང་ཤིག །
དགེ་འདུན་མཐུན་ཞིང་མི་ཕྱེད་ལ། ཀུན་དུ་དགའ་ཞིང་མི་རྩོད་དེ་རྩེ་གཅིག་ལ། འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་རོ་ཞེས་གསོལ་བ་དང་བཞིའི་
ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ། །ལས་ཀྱང་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་རྗེས་སུ་ཕྱོགས་པ་འདི་དག་ནི་དགེ་སློང་མ་གང་དགེ་འདུན་མཐུན་པ་དབྱེ་བའི་སླད་དུ་ཞུགས་ཏེ། དབྱེ་
བའི་སླད་དུ་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་འཛིན་ཅིང་མཆིས་པར་འཚལ་བཞིན་དུ་དེའི་གྲོགས་བགྱིད་ཅིང་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་ནས་དེ་དག་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ཡང་། གཞི་དེ་ཉིད་ལ་ཞེས་བྱ་བ་ནས་གཞན་ནི་བརྫུན་པའོ་ཞེས་
བྱ་བའི་བར་དུ་རྗེས་སུ་སྒྲུབ་ན་དེའི་སླད་དུ་འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་ཁྱེད་དགེ་སློང་མ་གང་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་ཞུགས་ཏེ། དབྱེ་བའི་ཕྱིར་རྩོད་པ་ཡང་དག་པར་བཟུང་ནས་རབ་ཏུ་འཛིན་ཅིང་འདུག་པར་ཤེས་བཞིན་དུ་དེའི་གྲོགས་བྱེད་ཅིང་མི་མཐུན་
པར་སྨྲ་བའི་རྗེས་སུ་ཕྱོགས་པར་མ་བྱེད་ཅིག །ཕུ་ནུ་མོ་དགེ་འདུན་གྱི་དབྱེན་གྱི་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ན། འཕགས་མའི་དགེ་འདུན་གང་དག་དགེ་སློང་མ་འདི་དག་ལ་གསོལ་བ་

དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱ་བ་ནས། འཕགས་མའི་དགེ་འདུན་གྱིས་བཟོད་ཅིང་
གནང་ནས་འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་གྲོགས་བགྱིད་པ་དག་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བའི་བར་དུའོ། །དེ་དག་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་
ཡང་གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས་གཞན་ནི་བརྫུན་པའོ་ཞེས་བྱ་བའི་བར་དུ་རྗེས་སུ་སྒྲུབ་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ། །དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་
བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དོ། །ཡང་དགེ་སློང་མ་གང་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་ཞུགས་ཏེ། དབྱེ་བའི་ཕྱིར་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་འཛིན་ཅིང་འདུག་ན་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་
འཕགས་མ་ཁྱེད་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་མ་འཇུག་ཅིག །དབྱེ་བའི་ཕྱིར་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་འཛིན་ཅིང་རྗེས་སུ་མ་སྒྲུབས་ཤིག །འཕགས་མ་ཁྱོད་དགེ་འདུན་དང་མཐུན་པར་གྱིས་ཤིག །དགེ་འདུན་མཐུན་མི་ཕྱེད། ཀུན་དུ་དགའ་མི་
རྩོད་དེ་རྩེ་གཅིག་ལ། འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། འཕགས་མ་དགེ་འདུན་གྱི་དབྱེན་བྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཤིག་ཅེས་དེ་སྐད་ཅེས་བསྒོ་
བར་བྱའོ། །དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་ཅེས་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་དུ་གཞུག་པའི་ཕྱིར་ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་

བྱའོ། །ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན། གཞི་དེ་གཏོང་ན་དེ་ལྟ་ན་ནི་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་པ་ལ་ངེས་པར་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ། །
ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའམ། གཞན་ཡང་དེ་ལྟ་བུ་དང་མཐུན་པ་གང་ཡིན་པའོ། །དགེ་འདུན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན་ནོ། །མཐུན་པ་ཞེས་བྱ་བ་ནི་རོ་གཅིག་པའོ། །དབྱེ་བའི་ཕྱིར་ཞེས་བྱ་བ་ནི་རྣམ་པ་
གཉིས་སུ་བྱ་བའི་ཕྱིར་རོ། །ཞུགས་ཏེ་ཞེས་བྱ་བ་ནི་བརྩོན་པར་བྱེད་པའོ། །དབྱེན་བྱ་བའི་ཕྱིར་ཞེས་བྱ་བ་ནི་དབྱེན་བྱེད་པའི་གཞི་ནི་བཅུ་བཞི་སྟེ། ཆོས་སམ་ཆོས་མ་ཡིན་པའམ། འདུལ་བའམ། འདུལ་བ་མ་ཡིན་པའམ། ལྟུང་བའམ། ལྟུང་བ་མ་ཡིན་
པའམ། ལྷག་མ་ཡོད་པའམ། ལྷག་མ་མེད་པའམ། ལྕི་བའམ། ཡང་བའམ། བཤགས་པར་བྱ་བའམ། བསྡམ་པར་བྱ་བའམ། འདུལ་བ་ལས་འགལ་བའམ། ཉེས་པར་བཤད་པར་འགྱུར་བ་སྟེ། འདི་དག་ལས་གང་ཡང་རུང་བའི་
དངོས་པོ་ལེགས་པར་རབ་ཏུ་ཤིན་ཏུ་བཟུང་བ་ཡིན་ནོ། །རྩོད་པ་ཞེས་བྱ་བ་ནི་རྩོད་པ་བཞི་སྟེ་ཞེས་བྱ་བ་ནས་བྱ་བའི་ཕྱིར་རྩོད་པའི་བར་དག་གོ། །ཡང་དག་པར་བླངས་ནས་རབ་ཏུ་འཛིན་ཅིང་ཞེས་བྱ་བ་ནི་མངོན་པར་ཞེན་ནས་སོ། །དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་
ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །བཞམས་ཏེ་བསྒོ་བར་བྱའོ་ཞེས་བྱ་བ་ནི་སྔར་ཇི་སྐད་བསྒོ་བ་བཞིན་དུའོ། །གལ་ཏེ་དགེ་སློང་མ་རྣམས་ཀྱིས་བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་ན་ཞེས་བྱ་བ་ནི་ལྟ་བ་དེའོ། །གཏོང་ན་དེ་ལྟ་ན་ནི་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་
བཟང་ངོ་ཞེས་བྱ་བའོ། །གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནི་ལྟ་བ་དེའོ། །ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱ་ཞེས་བྱ་བ་ནི་སྔར་གསོལ་བ་དང་བཞིའི་ལས་ཀྱིས་ཇི་སྐད་བསྒོ་བ་བཞིན་དུ་སྟེ། འདི་ནི་ཡང་དག་པར་

གདམས་པ་ཡིན་ནོ། །འདི་ནི་ཡང་དག་པར་བསྟན་པ་ཡིན་ནོ། །ཆོས་འདི་ཡང་ཞེས་བྱ་བ་ནི་ཆོས་མ་ཡིན་པ་ལ་ཆོས་ཀྱི་སྒྲར་གསུངས་པའོ། །ལན་གསུམ་པ་ལ་ངེས་པར་འབྱུང་བར་བྱ་བ་སྟེ་ཞེས་བྱ་བ་ནི་སྟོན་པ་དང་བཅས་པའོ། །གཞན་ནི་སྔ་མ་ཇི་ལྟ་བ་
བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་དགེ་འདུན་དབྱེ་བའི་ཕྱིར་ཞུགས་ན་གང་ཅི་ཡང་རུང་སྟེ་ཐམས་ཅད་དུ་ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ། །བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་པ་
སྦོམ་པོའོ། །གཞན་ནི་སྔ་མ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །དགེ་སློང་མའི་རྣམ་པར་འབྱེད་པ་ལས་དགེ་འདུན་ལྷག་མ་བཅུ་བདུན་པ་རྫོགས་སྷོ།། །།དེ་ནས་བཅོམ་ལྡན་འདས་གདན་དེ་ཉིད་ལ་བཞུགས་བཞིན་དུ་བསླབ་པའི་གཞི་གཉིས་པ་འཆའ་བར་
མཛད་དེ། དགེ་སློང་མ་རྣམས་ལ་གཅིག་གམ། གཉིས་སམ། མང་པོ་ཡང་རུང་སྟེ། དགེ་སློང་མ་དེའི་གྲོགས་སུ་གྱུར་ལ། མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་ནས་དགེ་སློང་མ་དེ་རྣམས་དགེ་སློང་མ་རྣམས་ལ་འཕགས་མ་ཁྱེད་དགེ་སློང་མ་འདི་ལ་དགེ་ཡང་
རུང་སྡིག་ཀྱང་རུང་ཅི་ཡང་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་འདི་ནི་ཆོས་སྨྲ་བ་འདུལ་བ་སྨྲ་བ་ཡིན་ལ། དགེ་སློང་མ་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་འཛིན་ཅིང་རྗེས་སུ་སྒྲུབ་པའོ། །དགེ་སློང་མ་འདི་ནི་ཤེས་བཞིན་དུ་སྨྲའི། མི་ཤེས་
པར་ནི་མ་ཡིན་ཏེ། དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་ངེད་ཀྱང་འདོད་ཅིང་བཟོད་དོ་ཞེས་དེ་སྐད་ཅེས་ཟེར་ན། དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་འཕགས་མ་ཁྱེད་དགེ་སློང་མ་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ་ཡིན་ལ། དགེ་སློང་མ་
འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་འཛིན་ཅིང་རྗེས་སུ་སྒྲུབ་པའོ། །དགེ་སློང་མ་འདི་ནི་ཤེས་བཞིན་དུ་སྨྲའི། མི་ཤེས་པར་ནི་མ་ཡིན་ཏེ། དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་ངེད་ཀྱང་འདོད་ཅིང་བཟོད་དོ་ཞེས་དེ་སྐད་མ་ཟེར་ཅིག །

དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་འདི་ནི་ཆོས་སྨྲ་བ་མ་ཡིན། འདུལ་བ་སྨྲ་བ་མ་ཡིན་གྱི། དགེ་སློང་མ་འདི་ནི་ཆོས་མ་ཡིན་པ་སྨྲ་བ། འདུལ་བ་མ་ཡིན་པ་སྨྲ་བ་ཡིན་ལ། དགེ་སློང་མ་འདི་ནི་ཆོས་མ་ཡིན་པ་དང་། འདུལ་བ་མ་ཡིན་པ་ཡང་དག་
པར་བླངས་ནས་རབ་ཏུ་འཛིན་ཅིང་རྗེས་སུ་སྒྲུབ་པའོ། །དགེ་སློང་མ་འདི་ནི་མི་ཤེས་བཞིན་དུ་སྨྲའི། ཤེས་པར་མ་ཡིན་གྱིས། དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་ཁྱོད་འདོད་ཅིང་བཟོད་པར་མ་བྱེད་ཅིག །ཁྱེད་དགེ་འདུན་འབྱེད་པར་མ་བྱེད་ཅིག །ཁྱེད་
དགེ་འདུན་མཐུན་པར་འདོད་པར་གྱིས་ཤིག །དགེ་འདུན་དང་མཐུན་པར་གྱིས་ཤིག །དགེ་འདུན་མཐུན་ཞིང་མི་ཕྱེད་ཀུན་དུ་དགའ་ཞིང་མི་རྩོད་དེ་རྩེ་གཅིག་ལ་འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་
བར་བྱེད་ན། བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། དགེ་སློང་མ་ཁྱེད་དགེ་འདུན་འབྱེད་པའི་ཕྱིར་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་དེ་སྐད་ཅེས་བརྗོད་པར་བྱའོ། །དེ་ལྟར་དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་
ཅེས་བརྗོད་པ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་དུ་གཞུག་པའི་ཕྱིར་ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་
པར་བསྒོ། ཡང་དག་པར་བསྟན་པ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་པ་ལ་ངེས་པར་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ། །དགེ་སློང་མ་དེའི་ཞེས་བྱ་བ་ནི་སྦོམ་དགའ་མོའིའོ། །དགེ་སློང་མ་
གྲོགས་སུ་གྱུར་ལ་ཞེས་བྱ་བ་ནི་བཅུ་གཉིས་སྡེ་རྣམས་སོ། །གཅིག་གམ་ཞེས་བྱ་བ་ནི་གཅིག་ཉིད་དོ། །གཉིས་སམ་ཞེས་བྱ་བ་ནི་གཉིས་ཉིད་དོ། །མང་པོ་ཡང་རུང་ཞེས་བྱ་བ་ནི་གཉིས་ལས་ལྷག་པ་ནི་མང་པོའོ། །དེ་དག་དགེ་སློང་མ་རྣམས་ལ་ཞེས་བྱ་བ་

ནི་ཆོས་འདི་པ་རྣམས་ལའོ། །དེ་སྐད་ཅེས་ཟེར་ན་ཞེས་བྱ་བ་ནི་སྨྲ་ནའོ། །འཕགས་མ་ཁྱེད་ཅེས་བྱ་བ་ནི་ཁྱེད་ཅག་གོ། །དགེ་སློང་མ་འདི་ལ་ཞེས་བྱ་བ་ནི་སྦོམ་དགའ་མོ་ལའོ། །ཅི་ཡང་མ་སྨྲ་ཤིག་ཅེས་བྱ་བ་ནི་མང་ཡང་རུང་ཉུང་ཡང་རུང་ཅི་ཡང་མ་སྟོན་ཅིག་ཅེས་བྱ་བའོ། །
དགེ་ཡང་རུང་ཞེས་བྱ་བ་ནི་དགེ་བ་འཛིན་དུ་མ་གཞུག་ཅིག་ཅེས་བྱ་བའོ། །སྡིག་ཀྱང་རུང་ཞེས་བྱ་བ་ནི་སྡིག་པ་ལས་མ་བསླང་ཤིག་ཅེས་བྱ་བའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ་ཞེས་བྱ་བ་ནི་ཆོས་ཇི་ལྟ་བ་བཞིན་དང་། སྤྱོད་པ་ཇི་ལྟ་བ་
བཞིན་དུའོ། །འདི་ནི་ཤེས་བཞིན་དུ་སྨྲ་བ་ཡིན་གྱི་མི་ཤེས་པར་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཇི་ལྟར་ཤེས་པ་དང་ཇི་ལྟར་མཐོང་བ་དེ་བཞིན་དུ་ཐ་སྙད་འདོགས་པའོ། །འདི་གང་ལ་འདོད་པ་ཞེས་བྱ་བ་ནི་འདི་དང་བདག་ཅག་མཐུན་པར་བཟོད་པའོ། །དགེ་སློང་མ་དེ་དག་ལ་ཞེས་བྱ་
བ་ནི་བཅུ་གཉིས་སྡེ་རྣམས་ལའོ། །དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །དེ་སྐད་ཅེས་བརྗོད་པར་བྱ་ཞེས་བྱ་བ་ནི་དེ་སྐད་ཅེས་བསྒོ་བར་བྱ་བའོ། །མཐུན་པ་ཞེས་བྱ་བ་ནི་རོ་གཅིག་པའོ། །དགེ་འདུན་ཞེས་བྱ་བ་ནི་དེ་བཞིན་
གཤེགས་པའི་ཉན་ཐོས་མའི་དགེ་འདུན་ནོ། །འབྱེད་པ་ཞེས་བྱ་བ་ནི་རྣམ་པ་གཉིས་སུ་འགྱུར་བའོ། །འཇུག་ཅེས་བྱ་བ་ནི་བརྩོན་པའོ། །དེའི་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །གྲོགས་སུ་གྱུར་ཅེས་བྱ་བ་ནི་མཇུག་རྫོགས་པར་བྱེད་པའོ། །རྗེས་སུ་ཕྱོགས་པ་
ཞེས་བྱ་བ་ནི་བཟོད་པ་དང་། འདོད་པ་དང་། བློ་གྲོས་དག་བསམ་པའོ། །མི་མཐུན་པར་སྨྲ་བའི་ཞེས་བྱ་བ་ནི་མཐུན་པ་དང་བྲལ་བར་བྱེད་པའོ། །དགེ་སློང་མ་དེ་དག་ལ་ཞེས་བྱ་བ་ནི་བཅུ་གཉིས་སྡེ་རྣམས་ལའོ། །དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་
པ་རྣམས་ཀྱིས་སོ། །དེ་སྐད་ཅེས་བརྗོད་པར་བྱ་ཞེས་བྱ་བ་ནི་དེ་སྐད་བསྒོ་བར་བྱ་བའོ། །ཕུ་ནུ་མོ་དགེ་འདུན་གྱི་དབྱེན་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བྱ་བ་ནི་རྣམ་གྲངས་དུ་མས་དགེ་འདུན་དབྱེ་བར་འདོད་པར་མ་བྱེད་ཅེས་བྱ་བའོ། །གལ་ཏེ་

དེ་སྐད་ཅེས་བརྗོད་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་བཞམས་ཏེ་བསྒོ་བར་བྱའོ་ཞེས་བྱ་བ་ནི་སྔར་ཇི་སྐད་བསྒོ་བ་བཞིན་ནོ། །དེ་བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གསོལ་བ་
དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ་ཞེས་བྱ་བ་ནི་སྔར་ཇི་སྐད་བསྒོ་བ་བཞིན་དུ་སྟེ། འདི་ནི་ཡང་དག་པར་བསྒོ་བ་ཡིན་ནོ། །འདི་ནི་ཡང་དག་པར་བསྟན་པ་ཡིན་ནོ། །ཆོས་འདི་ཡང་ཞེས་བྱ་བ་ནི་ཆོས་མ་ཡིན་པ་ལ་ཆོས་ཀྱི་སྒྲར་བསྟན་པའོ། །ལན་གསུམ་པ་ལ་ངེས་
པར་འབྱུང་བ་དང་བཅས་པ་སྟེ་ཞེས་བྱ་བ་ནི་སྟོན་པ་དང་བཅས་པའོ། །གཞན་ནི་སྔ་མ་ཇི་ལྟ་བ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་དགེ་འདུན་གྱིས་དབྱེན་གྱི་རྗེས་སུ་ཕྱོགས་པར་ཞུགས་ན་གང་ཅི་ཡང་རུང་སྟེ། ཐམས་ཅད་དུ་ཉེས་བྱས་
ཀྱི་ལྟུང་བར་འགྱུར་རོ། །བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ། །གཞན་ནི་སྔ་མ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །དགེ་སློང་མའི་རྣམ་པར་འབྱེད་པ་ལས་དགེ་འདུན་ལྷག་མ་བཅྭ་བརྒྱད་པ་
རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་རེ་ལྡེ་རི་ལ་འགྲོ་མགྱོགས་དང་ནབ་སོ་གཉིས་དང་། དགེ་སློང་དམར་སེར་ཅན་རྣམས་ཁྱིམ་སུན་འབྱིན་
པའི་སྡིག་པའི་ཆོས་ཀུན་དུ་སྤྱོད་ཅིང་འཁོད་དོ། །དེ་རྣམས་བུད་མེད་དང་ལྷན་ཅིག་ཏུ་ཅོ་འདྲི་བར་བྱེད། ཀུན་དུ་རྩེ་བར་བྱེད། ཅ་ཅོ་འདོན་པར་བྱེད། དགོད་པ་དང་། རྩེ་བ་དང་། ལུས་ཀྱིས་རྩབ་ཧྲལ་བྱེད་ཅིང་། དེ་རྣམས་བུད་མེད་དང་ལྷན་ཅིག་ཏུ་སྟན་གཅིག་
དང་། མལ་གཅིག་ལ་འཁོད་པར་བྱེད། སྣོད་གཅིག་ཏུ་བཟའ་བ་རྣམ་པ་དུ་མ་ཟ་བར་བྱེད། སྣོད་གཅིག་ནས་བཏུང་བ་དུ་མ་འཐུང་བར་བྱེད། མེ་ཏོག་དག་འཐོག་པར་བྱེད། འཐོག་ཏུ་འཇུག་པར་བྱེད། རྣ་རྒྱན་དུ་བྱེད། རྣ་རྒྱན་དུ་བྱེད་དུ་འཇུག །མེ་

ཏོག་ཕྲེང་རྒྱུད་པར་བྱེད། རྒྱུད་དུ་འཇུག་པར་བྱེད། བྲོ་རྡུང་བར་བྱེད། གླུ་ལེན་པར་བྱེད། རོལ་མོའི་སྒྲ་ཡང་འབྱིན་པར་བྱེད་ཅིང་། ཅི་བྲོ་ལེགས་པར་བརྡུངས་སམ། གླུ་ལེགས་པར་བླངས་སམ། རོལ་མོའི་སྒྲ་ལེགས་པར་ཕྱུང་ངམ་ཞེས་བྱ་བ་ནས་རྒྱུག་
པར་བྱེད། སྙེགས་པར་བྱེད། མཆོང་བར་བྱེད་པའི་བར་དང་། ཆོས་གོས་བཞག་སྟེ། བྲང་གིས་འགྲོ་བར་བྱེད། ཉ་འཕར་བ་དང་། རུས་སྦལ་འགྲེ་བ་དང་། འབུར་ལོག་ཀྱང་བྱེད་དོ། །ལག་པ་རྡོབ་པར་བྱེད། དཔུང་པ་རྡོབ་པར་བྱེད། བརླ་སྒྱུར་བར་
བྱེད། རྡོབ་པར་བྱེད་ཅིང་ཁ་ནས་རྔ་པ་ཊ་ཧའི་སྒྲ་དག་ཀྱང་འབྱིན་པར་བྱེད། ཁ་ནས་རྔ་མན་དུ་ཀ་དང་། ཁ་ནས་རྔའི་སྒྲ་དག་འབྱིན་པར་བྱེད་ལ། ཁྱུ་མཆོག་གི་ང་རོ་འབྱིན་པར་བྱེད། མ་ཧེའི་སྐད་འབྱིན་པར་བྱེད། གླང་པོ་ཆེའི་བཞིན་དུ་སྐད་འདོན་པར་བྱེད། རྨ་
བྱའི་སྐད་འབྱིན་པར་བྱེད། ཁུ་བྱུག་གི་སྐད་འདོན་པར་བྱེད་ཅིང་། གླང་པོ་ཆེ་དང་། རྟ་དང་། ཤིང་རྟ་དང་། དཔུང་བུ་ཆུང་གི་དམག་ཀྱང་འགྱེད་ཅིང་། འགྱེད་དུ་འཇུག་པར་བྱེད། བུད་མེད་ཀྱི་དམག་དང་། སྐྱེས་པའི་དམག་དང་། ཁྱེའུའི་དམག་དང་། བུ་མོའི་
དམག་ཀྱང་འགྱེད་པར་བྱེད། འགྱེད་དུ་འཇུག་པར་བྱེད་ལ། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོའི་དམག་ཀྱང་འགྱེད་པར་བྱེད། འགྱེད་དུ་འཇུག་པར་བྱེད་ཅིང་། བྱ་གག་གི་འཐབ་མོ་དང་། ལུག་གི་འཐབ་མོ་དང་། བྱ་ལ་བ་ཀའི་འཐབ་མོ་དང་། ཐི་
བའི་འཐབ་མོ་དང་། བྱ་གག་དང་། ལུག་དང་། བྱ་ལ་བ་ཀ་དང་། ཐི་བའི་འཐབ་མོ་དག་ཀྱང་འགྱེད་པར་བྱེད། འགྱེད་དུ་འཇུག་པར་བྱེད་དོ། །འདི་དག་དང་གཞན་ཡང་དགེ་སྦྱོང་གིས་བྱ་བ་མ་ཡིན་པ་བྱེད་ཅིང་བྱེད་དུ་འཇུག་པར་བྱེད་དོ། །དེའི་ཚེ་གྲོགས་བྱེད་པ་
བཅུ་གཉིས་སྡེ་ཡང་དགོད་པ་དང་། རྩེ་བ་དང་། ལུས་ཀྱིས་རྩབ་ཧྲལ་བྱེད་དེ། དེ་རྣམས་སྤྱོད་པ་དེ་དང་། སྤྱོད་ཚུལ་དེ་དང་། སྤྱོད་ལམ་དེས་གནས་པ་ན་དགེ་སློང་སྡིག་པ་ཅན་གནས་པའི་ཕྱིར་དགེ་སློང་མ་ལྷགས་པ་རྣམས་ཀྱང་མི་འོང་ཞིང་། ལྷགས་པའི་རྣམས་ཀྱང་

སླར་འདོད་པར་བྱེད། སྐྲ་འགྲེང་བ་དང་། སྐྲ་འཕྱར་བ་རྣམས་ཀྱང་མི་འཁོད་དོ། །དེ་རྣམས་ཀྱི་སྤྱོད་ལམ་དེས་རེ་ལྡེ་རི་ལ་འཁོད་པའི་བྲམ་ཟེ་དང་། ཁྱིམ་བདག་རྣམས་ཡིད་མ་རངས་ཤིང་མ་དད་པར་གྱུར་ནས་དགེ་སློང་གཉུག་མ་རྣམས་ལ་ཡང་
བསོད་སྙོམས་མི་སྦྱིན་ཞིང་མི་བྱའོ་སྙམ་དུ་སེམས་ན་གློ་བུར་དུ་འོངས་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས། དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་དགེ་སློང་གནས་བརྟན་གནས་བརྟན་རྣམས་དང་རེ་ལྡེ་རི་ལ་དོང་སྟེ། དགེ་སློང་འགྲོ་མགྱོགས་དང་ནབ་སོ་གཉིས་བསྐྲད་པའི་ལས་བྱས་
སོ། །དེ་ཉིད་ཀྱི་ཚེ་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱང་ཁྱིམ་སུན་འབྱིན་པ་བྱས་པའི་ཕྱིར་བསྐྲད་པའི་ལས་བྱས་སོ། །དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱི་ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ཀྱིས་ནི་མཉན་ཡོད་དུ་ལྷགས་ནས་བཤགས་པར་བྱ་བ་གང་ཡིན་པ་
དེ་བཤགས་ཤིང་། བསྡམ་པར་བྱ་བ་གང་ཡིན་པ་བསྡམས་ཏེ། རང་བཞིན་དུ་གནས་པའི་དགེ་སློང་མ་རྣམས་དང་ལྷན་ཅིག་ཏུ་གསོ་སྦྱོང་དང་དགག་དབྱེ་དང་། གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་དག་ཉམས་སུ་མྱོང་བར་བྱེད་
དོ། །དེ་ནས་བཅུ་གཉིས་སྡེ་རྣམས་ཀྱིས་བསམས་པ། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་དང་། དགེ་སློང་མའི་དགེ་འདུན་ལ་བཟོད་པ་གསོལ་དུ་འདོང་ངོ་སྙམ་མོ། །དེ་ནས་བཅུ་གཉིས་སྡེ་རྣམས་མཉན་ཡོད་ག་ལ་བ་དེར་རྒྱུ་ཞིང་སོང་སྟེ། མཐར་
གྱིས་རྒྱུ་ཞིང་འགྲོ་བ་ན་མཉན་ཡོད་དུ་ཕྱིན་པ་དང་། དགེ་སློང་མ་རྣམས་ཀྱིས་དགེ་སློང་མ་བཅུ་གཉིས་སྡེ་རྣམས་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་བཅུ་གཉིས་སྡེ་འདི་རྣམས་བསྐྲད་པའི་ལས་བགྱིས་ན་བདག་ཅག་གིས་
ཇི་ལྟར་བསྒྲུབ་པར་བགྱི། མི་སྨྲ་བར་བྱ་ཞིང་ལག་བརྡས་གཙུག་ལག་ཁང་ཐ་མ་བསྟན་པར་བྱའོ། །དེ་རྣམས་ཀྱིས་དེ་བཞིན་དུ་བྱས་སོ། །དེ་ནས་དེ་དག་གི་ལྷན་ཅིག་གནས་པ་དང་། ཉེ་གནས་དེ་རྣམས་ཀྱང་སྨྲ་བར་མི་བྱེད། ཀུན་དུ་སྨྲ་བར་མི་བྱེད། ཀུན་དུ་

དགའ་བར་མི་བྱེད་པ་དང་། དེ་རྣམས་ཀྱིས་ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཕུ་ནུ་མོ་དག་གང་ཁྱེད་ཀྱིས་མ་སྨྲས་མ་བརྗོད་མ་བསྐྱོད་པ་ལས་ངེད་ཀྱིས་སྨྲས། བརྗོད་བསྐྱོད་པ་ཅི་ཞིག་ཡོད་ཀྱེ་དགེ་སློང་མའི་གནས་
བརྟན་གནས་བརྟན་རྣམས་མི་སྨྲ་ཞིང་ཀུན་དུ་མི་སྨྲ་བ་ནི་རུང་སྟེ། དེར་ཟེར་ན་ཁྱེད་ཀོ་ཅིའི་ཕྱིར་མི་སྨྲ། དེ་རྣམས་ཀྱིས་དགེ་སློང་མ་དག་བར་དུ་བཞག་ནས་འདི་སྐད་ཅེས་སྨྲས་སོ། །ཇི་སྐད་ཟེར་བ་དེ་ནི་དེ་ལྟ་ཡང་ཡིན་ན་འོན་ཀྱང་བདག་ཅག་གིས་ནི་བཤགས་པར་བྱ་བ་
གང་ཡིན་པ་དེ་ཡང་བཤགས། བསྡམ་པར་བྱ་བ་གང་ཡིན་པ་དེ་ཡང་བསྡམས་ནས་བདག་ཅག་གསོལ་བ་དང་བཞིའི་ལས་ཀྱི་བར་ཉམས་སུ་མྱོང་ངོ་། །དེ་ནས་དགེ་སློང་མ་བཅུ་གཉིས་སྡེ་དེ་དག་གིས་དགེ་སློང་མ་རྣམས་གནས་བརྟན་གནས་བརྟན་རྣམས་ལ་འདི་སྐད་ཅེས་
སྨྲས་སོ། །འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དག་ཡོད་དེ། གང་དུ་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་མ་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ། །
དེ་ནས་དགེ་སློང་མ་རྣམས་ཀྱིས་དགེ་སློང་མ་བཅུ་གཉིས་སྡེ་ལ་སྨྲས་པ། སུ་ལ་འདུན་པས་འགྲོ་བའོ་ཞེས་གཤེ། དེ་དག་གིས་སྨྲས་པ། དགེ་སློང་མ་གནས་བརྟན་གནས་བརྟན་རྣམས་ལའོ། །སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ། །
དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཀྱིས་དགེ་སློང་མ་བཅུ་གཉིས་སྡེ་ལ་བཞམས་ཏེ། དགེ་སློང་མ་ཁྱེད་དགེ་སློང་མ་གནས་བརྟན་གནས་བརྟན་རྣམས་ལ་འདི་སྐད་ཅེས་འདི་ན་
དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་ཡོད་དེ། གང་དུ་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་མ་ཁ་ཅིག་ནི་སྐྲོད་པར་བྱེད་ལ། ཁ་ཅིག་ནི་སྐྲོད་པར་མི་བྱེད་དེ་ཞེས་མ་ཟེར་

ཅིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་འདི་དག་ནི་འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་མ་ཡིན་གྱི། འོན་ཀྱང་དགེ་སློང་མ་ཁྱེད་ཉིད་ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས་
ཀུན་དུ་སྤྱད་པ་ཡིན་ཏེ། ཁྱེད་ཀྱིས་ཁྱིམ་སུན་ཕྱུང་བར་ཡང་མཐོང་ངམ། ཐོས་སམ། རབ་ཏུ་ཤེས། ཁྱེད་སྡིག་པའི་ཆོས་ཀུན་དུ་སྤྱོད་པར་ཡང་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་ཀྱིས། ཕུ་ནུ་མོ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་
ནས་འཇིགས་པས་འགྲོ་བ་ཞེས་བྱ་བའི་བར་གྱི་ཚིག་གི་ལམ་དེ་ལྟ་བུ་ཐོང་ཤིག་ཅེས་བྱའོ། །དེ་དག་ལ་བཞམས་ཏེ་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས་གཞན་ནི་གཏི་མུག་གོ་ཞེས་བྱ་བའི་བར་དུའོ། །སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་
སྨྲས་སོ། །དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཀྱིས་བཅུ་གཉིས་སྡེ་ལ་གསོལ་བ་དང་། བཞིའི་ལས་ཀྱིས་སྒོ་ཤིག་བསྒོ་བ་ཡང་འདི་ལྟར་བྱ་སྟེ། གནས་མལ་བཤམས་པ་
བྱས་ནས་དགེ་སློང་མ་གཅིག་གིས་གསོལ་བ་བྱས་ནས་ལས་བྱའོ། །འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་བཅུ་གཉིས་སྡེ་འདི་དག་ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས་ཀུན་དུ་སྤྱོད་པ་ལགས་ཏེ། འདི་དག་གིས་ཁྱིམ་སུན་ཕྱུང་བར་
ཡང་མཐོང་ངམ། ཐོས་སམ། རབ་ཏུ་ཤེས། འདི་དག་སྡིག་པའི་ཆོས་ཀུན་དུ་སྤྱོད་པར་ཡང་རབ་ཏུ་ཤེས་པའི་བར་དུ་སྟེ། དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་རེ་ལྡེ་རི་ལ་དེ་དག་བསྐྲད་པའི་ལས་བྱས་པ་དང་། དེ་དག་དགེ་སློང་མ་རྣམས་ལ་འདུན་
པས་འགྲོ་བ་ཞེས་བྱ་བ་ནས་འཇིགས་པས་འགྲོ་བ་ཞེས་བྱ་བའི་བར་གྱིས་གཤེ་བར་བགྱིད་ནས་དེ་དག་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས་ཏེ་བསྒོ་བ་དང་། དེ་དག་བཞམས་ཏེ་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས་གཞན་ནི་གཏི་མུག་གོ་ཞེས་བྱ་བའི་བར་དུ་

སྟེ། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་གནང་བར་མཛོད་ཅིག་དང་། འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་བཅུ་གཉིས་སྡེ་ལ་གསོལ་བ་དང་། བཞིའི་ལས་ཀྱིས་བསྒོ་བ་མཛད་དེ། ཕུ་ནུ་མོ་ཁྱེད་འདི་སྐད་ཅེས་འདི་ན་དགེ་སློང་མ་ཁ་
ཅིག་འདུན་པས་འགྲོ་བ་ནས། འཇིགས་པའི་བར་གྱིས་འགྲོ་བ་ཡོད་དོ་ཞེས་མ་ཟེར་ཅིག །འོན་ཀྱང་ཁྱེད་ཉིད་ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས་ཀུན་དུ་སྤྱོད་པ་ཡིན་ཏེ་ཞེས་བྱ་བ་ནས་ཁྱེད་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་ཡང་མཐོང་ངམ། ཐོས་སམ། རབ་ཏུ་
ཤེས་སོ་ཞེས་བྱ་བའི་བར་དུ་སྟེ། ཕུ་ནུ་མོ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དེ་ལྟ་བུ་ཐོང་ཤིག་ཅེས་བྱ་སྟེ། འདི་ནི་གསོལ་བའོ། །
ལས་ཀྱང་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་བཅུ་གཉིས་སྡེ་འདི་དག་ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས་ཀུན་དུ་སྤྱོད་པ་ལགས་ཏེ། དེ་དག་གིས་ཁྱིམ་སུན་ཕྱུང་བར་ཡང་མཐོང་ངམ། ཐོས་སམ། རབ་ཏུ་
ཤེས་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་རེ་ལྡེ་རི་ལ་སོང་སྟེ། བསྐྲད་པའི་ལས་བགྱིས་པ་དང་། དེ་དག་དགེ་སློང་མ་རྣམས་ལ་འདུན་པས་འགྲོ་བ་ཞེས་བགྱི་བ་ནས་འཇིགས་པས་འགྲོ་བ་ཞེས་བགྱི་བའི་བར་གྱིས་གཤེ་བར་བགྱིད་ན་དེ་དག་ལ་དགེ་སློང་མ་
རབ་ཏུ་མང་པོས་བཞམས་ཏེ་བསྒོ་བ་དང་། དེ་དག་བཞམས་ཏེ་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས་གཞན་ནི་གཏི་མུག་གོ་ཞེས་བྱ་བའི་བར་དུའོ། །འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་བཅུ་གཉིས་སྡེ་ལ་གསོལ་བ་དང་། བཞིའི་ལས་ཀྱིས་བསྒོ་བ་
མཛད་དེ། ཕུ་ནུ་མོ་ཁྱེད་འདི་སྐད་ཅེས་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ་ནས་འཇིགས་པའི་བར་གྱིས་འགྲོ་བ་ཡོད་དོ་ཞེས་མ་ཟེར་ཅིག །འོན་ཀྱང་ཁྱེད་ཉིད་ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས་ཀུན་དུ་སྤྱོད་པ་ཡིན་ཏེ་ཞེས་བྱ་བ་ནས། ཁྱེད་སྡིག་པའི་ཆོས་

ཀུན་དུ་སྤྱོད་པར་ཡང་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་ཀྱིས་ཕུ་ནུ་མོ་དགེ་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་
དེ་ལྟ་བུ་ཐོང་ཤིག་ཅེས་བྱ་བའི་བར་དུ་སྟེ། འཕགས་མའི་དགེ་འདུན་གང་དག་བཅུ་གཉིས་སྡེ་འདི་དག་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་བརྗོད་པ་དང་
པོའོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་ཡང་དོན་དེ་ཉིད་བརྗོད་པར་བྱ་སྟེ། འཕགས་མའི་དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་བཅུ་གཉིས་སྡེ་འདི་དག་ལ་གསོལ་བ་དང་། བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་
གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བའི་བར་དུའོ།། །།དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅུ་གཅིག་པ། དེ་རྣམས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། གཞན་ནི་གཏི་མུག་གོ་
ཞེས་བྱ་བའི་བར་གྱི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དོ། །དགེ་སློང་མ་རབ་ཏུ་
མང་པོ་གྲོང་ངམ་གྲོང་རྡལ་ཞིག་ཏུ་ཉེ་བར་རྟེན་ཅིང་གནས་ལ་དེ་དག་ཀྱང་ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས་ཀུན་དུ་སྤྱོད་པར་གྱུར་ཅིང་། དེ་དག་གིས་ཁྱིམ་སུན་ཕྱུང་བ་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་སམ། སྡིག་པའི་ཆོས་ཀུན་དུ་སྤྱོད་པར་ཡང་མཐོང་
ངམ། ཐོས་སམ། རབ་ཏུ་ཤེས་ན་དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་འཕགས་མ་དག་ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས་ཀུན་དུ་སྤྱོད་པ་ཡིན་ཏེ། ཁྱེད་ཀྱིས་ཁྱིམ་སུན་ཕྱུང་བར་མཐོང་ངམ། ཐོས་སམ། རབ་ཏུ་ཤེས། ཁྱེད་ཀྱིས་སྡིག་

པའི་ཆོས་ཀུན་དུ་སྤྱོད་པར་ཡང་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་ཀྱིས། འཕགས་མ་དག་གནས་འདི་ན་གནས་པས་ཆོག་གིས། གནས་འདི་ནས་དེང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་མ་དེ་དག་དགེ་སློང་མ་རྣམས་ལ་འདི་སྐད་ཅེས་འདི་ན་དགེ་
སློང་མ་ཁ་ཅིག་འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དག་ཡོད་དེ། གང་དུ་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་མ་ཁ་ཅིག་ནི་སྐྲོད་པར་བྱེད་ལ། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་ཟེར་ན་དགེ་སློང་
མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་ཚིག་འདི་སྐད་ཅེས་ཀྱེ་འཕགས་མ་དག་ཁྱེད་ཅག་འདི་སྐད་ཅེས་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ་ཡོད། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དག་ཡོད་དེ། གང་དུ་ལྟུང་
བ་འདྲ་བ་ཁོ་ན་ལས་དགེ་སློང་མ་ཁ་ཅིག་ནི་སྐྲོད་པར་བྱེད་ལ། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མ་ཟེར་ཅིག །འོན་ཀྱང་ཕུ་ནུ་མོ་དག་ཁོ་ན་ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས་ཀུན་དུ་སྤྱོད་པ་ཡིན་ཏེ། ཁྱེད་ཀྱིས་ཁྱིམ་སུན་ཕྱུང་བར་མཐོང་ངམ། ཐོས་སམ།
རབ་ཏུ་ཤེས། ཁྱེད་སྡིག་པའི་ཆོས་ཀུན་དུ་སྤྱོད་པར་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་ཀྱིས། འཕགས་མ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་དང་། གཏི་མུག་དང་། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་
བུ་འདི་ཐོང་ཤིག་ཅེས་དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནས། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བའི་
བར་དུའོ། །གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་གྱི་བར་གྱིས་ངེས་པར་འབྱུང་བར་འོས་པའི་དགེ་འདུན་ལྷག་

མའོ། །དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པ་དག་གིའོ། །རབ་ཏུ་མང་པོ་ཞེས་བྱ་བ་ནི་གཉིས་ལས་ལྷག་པ་རབ་ཏུ་མང་པོ་དག་གོ། །གྲོང་ངམ། གྲོང་རྡལ་ཞིག་ན་ཞེས་བྱ་བ་ནི་རེ་ལྡེ་རི་ལའོ། །དེ་དག་ཁྱིམ་སུན་འབྱིན་ཅེས་བྱ་བ་ལ། ཁྱིམ་
ཞེས་བྱ་བ་ནི་བྲམ་ཟེ་དང་། རྒྱལ་རིགས་དང་། ཁྱིམ་བདག་གི་ཁྱིམ་དག་གོ། །སུན་འབྱིན་པ་ཞེས་བྱ་བ་ནི་རྒྱུ་གཉིས་ཀྱིས་ཁྱིམ་དག་ཏུ་སུན་འབྱིན་པར་རབ་ཏུ་ཤེས་ཏེ། འགྲོགས་པ་དང་། ལོངས་སྤྱོད་པས་སོ། །ཇི་ལྟར་འགྲོགས་པས་ཤེ་ན། བུད་མེད་
དང་། ཁྱེའུ་དང་། བུ་མོ་རྣམས་དང་ལྷན་ཅིག་དགོད་པ་དང་། རྩེ་བ་དང་། ལུས་ཀྱིས་རྩབ་ཧྲལ་བྱེད་ཅིང་དེ་ཉིད་ན་གནས་པ་སྟེ། དེ་ལྟར་འགྲོགས་པས་སོ། །ཇི་ལྟར་ལོངས་སྤྱོད་པས་ཤེ་ན། ཁྱིམ་དེ་དག་ཉིད་དུ་མེ་ཏོག་གམ། འབྲས་བུའམ། སོ་ཤིང་
དག་སྟོབས་པར་བྱེད་པ་སྟེ། དེ་ལྟར་ལོངས་སྤྱོད་པས་སོ། །མཐོང་ངམ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པས་སོ། །ཐོས་སམ་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པས་སོ། །རབ་ཏུ་ཤེས་ཞེས་བྱ་བ་ནི་དེ་ལས་གཞན་པའི་རྣམ་པར་ཤེས་པའི་ཚོགས་
དག་གིས་སོ། །དགེ་སློང་མ་དེ་དག་གིས་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གིས་སོ། །དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །འདི་སྐད་ཅེས་བྱ་བ་ནི་འདི་སྐད་ཅེས་ཡང་དག་པར་བསྒོ་བ་ནའོ། །དགེ་སློང་མ་དག་འདི་སྐད་ཅེས་འདུན་
པས་འགྲོ་བའོ་ཞེས་མ་སྨྲ་ཤིག་ཅེས་བྱ་བ་ནི་གཤེ་བའོ། །ལྟུང་བ་འདྲ་བ་ཁོ་ན་ལས་ཞེས་བྱ་བ་ནི་ལྟུང་བ་མཚུངས་པ་ལས་སོ། །དགེ་སློང་མ་ཁ་ཅིག་ནི་སྐྲོད་པར་བྱེད་ལ་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། །ཁ་ཅིག་ནི་སྐྲོད་པར་མི་བྱེད་ཅེས་བྱ་བ་ནི་དེ་དག་ཉིད་
ཀྱིས་ལྷན་ཅིག་གནས་པ་དང་། ཉེ་གནས་དག་གོ། །དགེ་སློང་མ་རྣམས་ཀྱིས་ཚིག་འདི་སྐད་ཅེས་བྱ་བ་ནི་ཕུ་ནུ་མོ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང་ཞེས་བྱ་བ་ནས། འཇིགས་པས་འགྲོ་བ་ཞེས་བྱ་བའི་བར་གྱི་ཚིག་གི་ལམ་འོར་ཅིག་ཅེས་བྱ་བའོ། །

དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་ཅེས་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བའོ། །གལ་ཏེ་མི་གཏོང་ན་བཞམས་ཏེ་བསྒོ་བར་བྱའོ་ཞེས་བྱ་བ་ནི་ཇི་སྐད་སྔར་བསྒོ་བ་བཞིན་བྱ་བའོ། །དེ་དག་ལ་བཞམས་ཏེ་བསྒོ་བ་ན་
གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ་ཞེས་བྱ་བ་ནི་ཇི་སྐད་སྔར་བསྒོ་བ་བཞིན་བྱ་བའོ། །ཡང་དག་པར་བསྒོ་བ་དེ་ནི་དེ་ཡིན། ཡང་དག་པར་བསྟན་པ་དེ་ནི་དེ་ཡིན་ནོ། །ཆོས་འདི་ཡང་ཞེས་བྱ་བ་ནི་ཆོས་
མ་ཡིན་པ་འདི་ཆོས་ཀྱི་སྒྲར་གསུངས་པའོ། །ལན་གསུམ་གྱི་བར་གྱིས་འབྱུང་བར་འོས་པ་ཞེས་བྱ་བ་ནི་སྟོན་པ་དང་བཅས་པའོ། །གཞན་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་ལ་འདི་སྐད་ཅེས་འདི་
ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ་ཡོད། ཞེ་སྡང་དང་། གཏི་མུག་དང་། འཇིགས་པས་འགྲོ་བ་ཡོད་དོ་ཞེས་སྨྲ་ན་ཐམས་ཅད་དུ་ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ། །བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་སྦོམ་པོར་
འགྱུར་རོ། །གཞན་ནི་གོང་མ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ། །དགེ་སློང་མའི་རྣམ་པར་འབྱེད་པ་ལས་དགེ་འདུན་ལྷག་མ་བཅུ་དགུ་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་ཀཽ་ཤཱམྦཱིའི་གདངས་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་
ཚེ་ཀཽ་ཤཱམྦཱི་ན་ཤཱཀྱའི་བུ་མོ་དགེ་སློང་མ་འདུན་མ་ཞེས་བྱ་བ་ལ་ལྟུང་བ་བྱུང་ནས། དེ་ལ་ཚངས་པ་མཚུངས་པར་སྤྱོད་པ། དོན་འདོད་པ། ཕན་པར་འདོད་པ། བདེ་བར་འདོད་པ། རེག་པར་འདོད་པ། གྲུབ་པ་དང་བདེ་བར་འདོད་པ་རྣམས་ཀྱིས་སྨྲས་པ། འདུན་མ་ཁྱོད་ལ་
ལྟུང་བ་བྱུང་གིས་ཤོགས་ཤིག །དེས་དེ་དག་ལ་འདི་སྐད་ཅེས་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་ཁོ་མོ་ལ་ཅི་ཡང་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཁྱེད་ཅག་ནི་རིགས་སྣ་ཚོགས་དང་། རུས་སྣ་ཚོགས་དང་། རྒྱུད་སྣ་ཚོགས་ལས་རབ་ཏུ་བྱུང་བ་དག་ཡིན་

ཏེ། ཇི་ལྟར་སྟོན་ཀའི་དུས་ན་ཤིང་རྣམས་ཀྱི་ལོ་མ་སྐྱ་བོ་དག་རླུང་གིས་བསྡུས་ནས་གཅིག་ཏུ་སོགས་ཤིང་འཇོག་པ་དེ་བཞིན་དུ་ཁྱེད་ཅག་ཀྱང་རིགས་སྣ་ཚོགས་དང་། རུས་སྣ་ཚོགས་དང་། རྒྱུད་སྣ་ཚོགས་ལས་རབ་ཏུ་བྱུང་བ་དག་ཡིན་གྱི། ཁོ་མོའི་
འཕགས་པས་ནི་བྱང་ཆུབ་མངོན་པར་སངས་རྒྱས་སོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་ཁྱེད་ཀྱིས་དགེ་
སློང་མ་འདུན་མ་ལ་བཞམས་ཏེ་བསྒོ་བར་བྱ་སྟེ། འདུན་མ་ཁྱོད་ལ་དགེ་སློང་མ་དོན་འདོད་པ། ཕན་པར་འདོད་པ། བདེ་བར་འདོད་པ། རེག་པར་འདོད་པ། གྲུབ་པ་དང་བདེ་བར་འདོད་པ་རྣམས་ཀྱིས་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་
བྱེད་པར་བདག་ཉིད་བརྗོད་པར་གྱིས་ཤིག །དགེ་སློང་མ་རྣམས་ཀྱང་འདུན་མ་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས། ཁྱོད་ཀྱང་དགེ་སློང་མ་རྣམས་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲོས་ཤིག །དེ་ཅིའི་ཕྱིར་ཞེ་ན། འདི་
ལྟ་སྟེ། གཅིག་ལ་གཅིག་རྗོད་པར་བྱེད་པ་དང་། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་དེ་ལྟ་བུས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་
འཁོར་འཕེལ་བར་འགྱུར་གྱིས། འདུན་མ་ཁྱོད་བདག་ཉིད་རྗོད་པར་བྱེད་པ་མ་ཡིན་པའི་ལས་ཀྱི་མཐའ་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དེ་ལ་དགེ་སློང་མ་རྣམས་ཀྱིས་བསྒོ་བ་ན་གཞི་དེ་ཉིད་ཅེས་བྱ་བ་ནས་གཞན་ནི་བརྫུན་པའོ་ཞེས་བྱ་བའི་བར་གྱི་སྐབས་དེ་དགེ་སློང་མ་རྣམས་
ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་ཁྱེད་ཀྱིས་དགེ་སློང་མ་འདུན་མ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །བསྒོ་བ་ནི་འདི་ལྟར་བྱ་སྟེ། གནས་

མལ་བཤམས་པ་བྱས་ལ་ཞེས་བྱ་བ་ནས། དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་འདུན་མ་འདི་ལ་ཚངས་པ་མཚུངས་པར་སྤྱོད་
པ་དོན་འཚལ་བ། ཕན་པར་འཚལ་བ། བདེ་བར་འཚལ་བ། རེག་པར་འཚལ་བ། གྲུབ་པ་དང་བདེ་བར་འཚལ་བ་རྣམས་ཀྱིས་ལྟུང་བ་ཤོགས་ཤིག་ཅེས་སྨྲས་ན། དེ་འདི་སྐད་ཅེས་ཕུ་ནུ་མོ་དག་དགེ་ཡང་རུང་སྡིག་ཀྱང་རུང་ཁོ་མོ་ལ་ཅི་ཡང་མ་སྨྲ་ཤིག །ཁོ་
མོ་ཡང་ཁྱེད་ཅག་ལ་དགེ་ཡང་རུང་སྡིག་ཀྱང་རུང་ཅི་ཡང་མི་སྨྲའོ་ཞེས་མཆི་ནས། དེ་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ན། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་
འདོགས་པར་བགྱིད་ན། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་སློང་མ་འདུན་མ་ལ་འདུན་མ་ཁྱོད་ལ་དགེ་སློང་མ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་
མཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་བདག་ཉིད་བརྗོད་པར་བྱ་བར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་རྣམས་ཀྱིས་ཁྱོད་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། ཁྱོད་ཀྱིས་དགེ་
སློང་མ་རྣམས་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲ་བ་ཡིན་ནོ། །འདི་ལྟ་སྟེ། གཅིག་ལ་གཅིག་རྗོད་པར་བྱེད་པ་དང་། གཅིག་ལ་གཅིག་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་དེ་ལྟ་བུས་བཅོམ་ལྡན་འདས་དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འཕེལ་བར་འགྱུར་རོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་འདུན་མ་འདི་ལ་ཚངས་

པ་མཚུངས་པར་སྤྱོད་པ། དོན་འཚལ་བ། ཕན་པར་འཚལ་བ། བདེ་བར་འཚལ་བ། རེག་པར་འཚལ་བ། གྲུབ་པ་དང་བདེ་བར་འཚལ་བ་རྣམས་ཀྱིས་ལྟུང་བ་ཤོགས་ཤིག་ཅེས་སྨྲས་ན། དེ་འདི་སྐད་ཅེས་ཕུ་ནུ་མོ་དག་དགེ་ཡང་རུང་སྡིག་ཀྱང་
རུང་ཁོ་མོ་ལ་ཅི་ཡང་མ་སྨྲ་ཤིག །ཁོ་མོ་ཡང་ཁྱེད་ཅག་ལ་དགེ་ཡང་རུང་སྡིག་ཀྱང་རུང་ཅི་ཡང་མི་སྨྲའོ་ཞེས་མཆི་ནས། དེ་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས་ཏེ་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ཉིད་བདེན་གྱི་གཞན་ནི་
བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ཀྱིས། དེའི་སླད་དུ་འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་འདུན་མ་ལ་འདུན་མ་ཁྱོད་ལ་དགེ་སློང་མ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་
བྱེད་པར་བདག་ཉིད་བརྗོད་པར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་རྣམས་ཀྱིས་ཁྱོད་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། ཁྱོད་ཀྱིས་དགེ་སློང་མ་རྣམས་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲ་བ་ཡིན་ནོ། །
འདི་ལྟ་སྟེ། གཅིག་ལ་གཅིག་རྗོད་པར་བྱེད་པ་དང་། གཅིག་ལ་གཅིག་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་དེ་ལྟ་བུས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་
འཕེལ་བར་འགྱུར་རོ་ཞེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ན། དགེ་སློང་མ་གང་དག་དགེ་སློང་མ་འདུན་མ་འདི་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །
འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་དོན་འདི་ཉིད་ལན་གཉིས་ལན་གསུམ་གྱི་བར་དུ་བཟླས་སོ། །དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་དགེ་སློང་མ་འདུན་མ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་

ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་བྱ་བའི་བར་གྱི་སྐབས་དེ་དགེ་
སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། འདི་ན་དགེ་སློང་མ་ཁ་ཅིག་བཀའ་བློ་མི་བདེ་
བའི་རང་བཞིན་དུ་གྱུར་ལ། དེ་ལ་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་དགེ་སློང་མ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་
མ་ཡིན་པར་བྱེད་དེ། འཕགས་མ་དག་དགེ་ཡང་རུང་སྡིག་ཀྱང་རུང་ཁོ་མོ་ལ་ཅི་ཡང་མ་སྨྲ་ཤིག །ཁོ་མོ་ཡང་དགེ་ཡང་རུང་སྡིག་ཀྱང་རུང་འཕགས་མ་དག་ལ་ཅི་ཡང་མི་སྨྲའོ། །འཕགས་མ་དག་གིས་བདག་ལ་ཚིག་གི་ལམ་ཐོང་ཤིག །ཁྱེད་ལ་ཡང་བདག་གིས་
སྨྲས་པས་ཅི་ཞིག་བྱ་ཞེས་ཟེར་བ་ན། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་འཕགས་མ་ཁྱོད་ལ་གདོན་པར་གཏོགས་པའི་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་དགེ་སློང་མ་རྣམས་ཀྱིས་ཆོས་དང་མཐུན་
པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་འཕགས་མ་བདག་ཉིད་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག །འཕགས་མ་ལ་དགེ་སློང་མ་རྣམས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲ་བ་ན། འཕགས་
མས་ཀྱང་དགེ་སློང་མ་རྣམས་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲོས་ཤིག །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། གཅིག་ལ་གཅིག་རྗོད་པར་བྱེད་པ་དང་། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་ལྟུང་བ་ལས་

སློང་བ་དེ་ལྟ་བུས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འཕེལ་བར་འགྱུར་གྱིས། འཕགས་མ་ཁྱོད་ཀྱིས་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་དེ་ལྟ་བུ་
ཐོང་ཤིག་ཅེས་གལ་ཏེ་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་གྱི་བར་གྱིས་འབྱུང་བར་འོས་པའི་དགེ་འདུན་ལྷག་མའོ། །དགེ་སློང་མ་ཞེས་བྱ་བ་ནི་འདུན་མའོ། །བཀའ་
བློ་མི་བདེ་བ་ཞེས་བྱ་བ་ནི་ཚིག་གི་ལམ་མཐུན་པ་རྗེས་སུ་མཉན་པར་བྱ་བ་འཚམ་པ་དྲུང་པོར་འཇུག་པ་མི་འཛིན་པ་དང་། མི་མཐུན་པར་འཛིན་པའོ། །གདོན་པ་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོར་བསྟན་པའོ། །བདེ་བར་གཤེགས་པ་ཞེས་བྱ་བ་ནི་སྟོན་པའོ། །མདོ་
ཞེས་བྱ་བ་ནི་སངས་རྒྱས་ཀྱིས་གསུངས་པའམ། ཉན་ཐོས་ཀྱིས་སྨྲས་པ་སྟེ། བསླབ་པའི་གཞི་ཕས་ཕམ་པར་འགྱུར་བ་བརྒྱད་དང་། དགེ་འདུན་ལྷག་མ་ཉི་ཤུ་དང་། སྤང་བ་སུམ་བཅུ་རྩ་གསུམ་དང་། ལྟུང་བྱེད་བརྒྱ་བརྒྱད་བཅུ་དང་། སོ་སོར་བཤགས་པར་
བྱ་བ་བཅུ་གཅིག་དང་། བསླབ་པ་མང་པོ་དང་། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་དང་། འདུལ་བའི་གཞི་བཅུ་བདུན་དང་། ཕྲན་ཚེགས་དང་། སིལ་བུ་དང་། གླེང་གཞི་དང་། འདུལ་བ་མ་མོ་དང་། འདུལ་བ་གཅིག་ལས་འཕྲོས་པ་དང་། འདུལ་བ་ལྔ་པ་དང་། འདུལ་
བ་བཅུ་དྲུག་པ་དང་། བྲམ་ཟེའི་བུ་མོ་དང་། ཉེ་བ་འཁོར་གྱིས་ཞུས་པར་གཏོགས་པ་དག་ལེགས་པར་སྦྱར་བའོ། །དགེ་སློང་མ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པས་ཞེས་བྱ་བ་ནི་ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་
བ་དེ་ལྟ་བུའི་ལས་གང་ཡིན་པས་སོ། །སྨྲས་པ་ན་ཞེས་བྱ་བ་ནི་བདེ་བ་ལ་སྦྱར་བ་ནའོ། །བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་ན་ཞེས་བྱ་བ་ནི་དེའི་གདམས་ངག་དང་། བསྟན་པ་ལས་བདག་ཉིད་གཞན་དུ་སེལ་བའོ། །ཕུ་ནུ་མོ་དག །ཁོ་མོ་ལ་ཅི་ཡང་མ་སྨྲ་ཤིག་ཅེས་བྱ་བ་ནི་

བདག་ཉིད་ཕྱིར་ཞིང་ལྷག་པར་བཀའ་བློ་མི་བདེ་བ་ལ་འཇོག་པའོ། །དགེ་ཡང་རུང་ཞེས་བྱ་བ་ནི་མི་དགེ་བ་ལ་འཇོག་པའོ། །སྡིག་ཀྱང་རུང་ཞེས་བྱ་བ་ནི་སྡིག་པ་ལས་མི་སློང་བའོ། །ཁོ་མོ་ཡང་ཕུ་ནུ་མོ་རྣམས་ལ་ཅི་ཡང་མི་སྨྲའོ་ཞེས་བྱ་བ་ནི་བདག་ཉིད་ཕྱིར་ཞིང་ལྷག་པར་
གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་སྤོང་བའོ། །དགེ་ཡང་རུང་བདག་ཀྱང་ཕུ་ནུ་མོ་དག་ལ་ཞེས་བྱ་བ་ནི་དགེ་བ་ལ་མི་འཇོག་པའོ། །སྡིག་ཀྱང་རུང་བདག་ཀྱང་ཕུ་ནུ་མོ་དག་ལ་ཞེས་བྱ་བ་ནི་སྡིག་པ་ལས་མི་སློང་བའོ། །འཕགས་མ་དག་ཐོང་ཤིག་ཅེས་བྱ་བ་ནི་རིང་
དུ་འོར་ཅིག་ཅེས་བྱ་བ་སྟེ། ཅི་ཁྱོད་ཅག་ཅེས་བྱ་བ་ནི་རྒྱུ་འདི་དག་གིས་བདག་གི་རྗེས་སུ་སྟོན་པར་བསྐོས་སམ་ཞེས་བྱ་བའོ། །དགེ་སློང་མ་དེ་ལ་ཞེས་བྱ་བ་ནི་འདུན་མ་ལའོ། །དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་དག་གིས་སོ། །གཞི་དེ་གཏང་བར་བྱ་བའི་
ཕྱིར་ཞེས་བྱ་བ་ནི་སྔ་མ་བཞིན་དུའོ། །དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བའོ། །གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བས་ཇི་ལྟར་སྔ་མ་བཞིན་དུ་བསྒོ་བ་ནའོ། །དེ་ལ་བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་ན་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །
དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བའོ། །གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བས་ཇི་ལྟར་སྔ་མ་བཞིན་དུ་བསྒོ་བ་ནའོ། །ཡང་དག་པར་བསྒོ་བ་དེ་ནི་དེ་ཡིན་ནོ། །ཆོས་འདི་ཡང་ཞེས་བྱ་བ་ནི་ཆོས་མ་ཡིན་པ་འདི་ཆོས་ཀྱི་སྒྲར་
གསུངས་པའོ། །ལན་གསུམ་གྱི་བར་གྱིས་འབྱུང་བ་དང་བཅས་པ་ཞེས་བྱ་བ་ནི་འབྱུང་བར་འོས་པའོ། །དགེ་འདུན་ལྷག་མ་ཞེས་བྱ་བ་ནི་ལྟུང་བ་འདི་དགེ་འདུན་སྡེ་གཉིས་ལ་རག་ལས་པ་ཡིན། དགེ་འདུན་སྡེ་གཉིས་ལ་རྟོན་པ་ཡིན། དགེ་འདུན་སྡེ་གཉིས་ཀྱིས་དེ་ལྟུང་བ་
ལས་སློང་བར་འགྱུར་གྱིས་གང་ཟག་ལས་ནི་མ་ཡིན་པའོ། །འདི་ལྟར་ཕས་ཕམ་པར་འགྱུར་བ་བརྒྱད་པོ་དག་ནི་ལྷག་མ་མེད་པ་ཡིན་ལ་འདི་ནི་ལྷག་མ་དང་བཅས་པ་ཡིན་པས་དེ་བས་ན་དགེ་འདུན་ལྷག་མ་ཞེས་བྱའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་

ཇི་ཙམ་ཅུང་ཟད་དགེ་སློང་མ་རྣམས་ཀྱིས་སྨྲས་པ་ན་འདི་སྐད་ཅེས་ཕུ་ནུ་མོ་དག་ཁོ་མོ་ལ་ཅི་ཡང་མ་སྨྲ་ཤིག་ཅེས། སྨྲ་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །བཞམས་ཏེ་བསྒོ་བ་ན་གཞི་དེ་མི་གཏོང་ན་སྦོམ་པོའོ། །ལས་བརྗོད་པ་དང་པོ་བརྗོད་པ་ན་
གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་སྦོམ་པོའོ། །ལས་བརྗོད་པ་གཉིས་པ་བརྗོད་པ་ན་མ་རྫོགས་པར་གལ་ཏེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་བརྗོད་པ་རྫོགས་ན་སྦོམ་པོའོ། །ལས་བརྗོད་པ་གསུམ་པ་བརྗོད་པ་ན་མ་རྫོགས་པར་ཆོས་
མ་ཡིན་པས་མཐུན་པར་བྱེད་པ་དང་། ཆོས་ཀྱིས་མི་མཐུན་པར་བྱེད་དེ། ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་བཞིན་མི་བྱེད་ན་ལྟུང་བ་མེད་དོ། །ལས་བརྗོད་པ་བཞི་པ་བརྗོད་པ་ན་རྫོགས་ནས་ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་།
སྟོན་པའི་བསྟན་པ་ཇི་ལྟ་བ་བཞིན་དུ་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མ་དེས་སྟན་དེ་ཉིད་ལ་འདུག་བཞིན་དུ་འདི་སྐད་ཅེས་འཕགས་མ་དག་བདག་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ངོ་ཞེས་བརྗོད་པར་བྱའོ། །བརྗོད་ན་དེ་ལྟ་ན་ལེགས། གལ་ཏེ་མ་རྗོད་
ན་དེས་ལྟུང་བ་བཤགས་ཤིང་དེ་སོ་སོར་མ་བཤགས་པར་དེས་དེའི་འོག་ཏུ་གསོལ་བ་དང་། གསོལ་བ་དང་གཉིས་དང་གསོལ་བ་དང་བཞིའི་ལས་ཉམས་སུ་མྱོང་བར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །ལས་དང་པོ་པ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ། །དགེ་འདུན་
ལྷག་མ་ཉི་ཤུ་པ་རྫོགས་ཏེ། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས་དགེ་འདུན་ལྷག་མ་རྣམས་རྫོགས་སྷོ།། །།སྡོམ་ལ། ཞག་བཅུ་བཅང་དང་འབྲལ་མི་བྱ། །ཟླ་བ་ཉེ་དུ་མིན་མི་བསླང་། །བླ་གོས་མཐང་གོས་བཅས་པ་དང་། །པགས་པ་གཉིས་
དང་ཕོ་ཉ་བསྐུར། །མོན་དར་སར་པ་གསེར་དངུལ་དང་། །སྣ་ཚོགས་ཉོ་ཚོང་བྱེད་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་དགེ་སློང་མ་རྣམས་ལ་ཆོས་གོས་མང་པོ་

འདི་ལྟ་བུ་འདི་བྱུང་སྟེ། ཆོས་གོས་གཞན་གྱིས་ནི་མཁན་མོ་དང་། སློབ་དཔོན་དག་ལ་བལྟ་བའི་ཕྱིར་འགྲོ་བར་བྱེད། ཆོས་གོས་གཞན་གྱིས་ནི་གཙུག་ལག་ཁང་དུ་ཆག་ཆག་འདེབས་པར་བྱེད། ཕྱག་དར་འཕྱག་པར་བྱེད། ཆོས་གོས་གཞན་གྱིས་ནི་བའི་ལྕི་བ་སར་པའི་
བྱུག་པས་སྐུར་པར་བྱེད། ཆོས་གོས་གཞན་གྱིས་ནི་བཤང་བའི་ས་དང་། གཅི་བའི་ས་དག་འཕྱག་པར་བྱེད། ཆོས་གོས་གཞན་གྱིས་ནི་སོ་ཤིང་འདོར་བར་བྱེད། ཆོས་གོས་གཞན་གྱིས་ནི་གནས་མལ་དང་། སྣོད་སྤྱད་འབྲིམ་པར་བྱེད། ཆོས་གོས་གཞན་གྱིས་ནི་གྲོང་
དུ་བསོད་སྙོམས་ལ་འཇུག་པར་བྱེད། ཆོས་གོས་གཞན་གྱིས་ནི་ཟས་ཀྱི་གྲལ་དུ་བཀད་པར་བྱེད། ཆོས་གོས་གཞན་གྱིས་ནི་ཉིན་པར་ཆོས་ཉན་པར་བྱེད། ཆོས་གོས་གཞན་གྱིས་ནི་མཚན་མོ་ཆོས་ཉན་པར་བྱེད། ཆོས་གོས་གཞན་གྱིས་ནི་སྟོན་པའི་སྤྱན་སྔ་ནས། གདམས་ངག་དང་།
རྗེས་སུ་བསྟན་པ་དག་སོ་སོར་ཉམས་སུ་མྱོང་བར་བྱེད་པ་ན། དགེ་སློང་མ་དོན་ཉུང་བ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་།
གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་མའི་དགེ་འདུན་བསྡུ་བ་མཛད་དེ། ངའི་ཉན་ཐོས་མ་རྣམས་རྣམ་པར་ཤེས་པར་འགྱུར་བ་དང་། བསླབ་པའི་གཞི་ཡང་ལེགས་པར་བཅས་པར་འགྱུར་བའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་
པར་མཛད་པ་སྟེ། མཁྱེན་བཞིན་དུ་རྨེད་ཀྱི་མི་མཁྱེན་པར་ནི་མ་ཡིན། དུས་སུ་ཡིན་གྱི་དུས་མ་ཡིན་པར་མ་ཡིན། དོན་དང་ལྡན་པར་ཡིན་གྱི་དོན་དང་མི་ལྡན་པ་ནི་མ་ཡིན་གྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆུ་ལོན་གྱིས་ཟློག་པར་མཛད་པ་ཡིན་པས། འདི་ལྟ་སྟེ། དོན་དང་
ལྡན་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་རྨ་བ་རྨེད་པར་མཛད་དེ། དགེ་སློང་མ་དག་ཁྱེད་ཅག་ལ་ཆོས་གོས་མང་པོ་འདི་ལྟ་བུ་འདི་བྱུང་བ་བདེན་ནམ། བཅོམ་ལྡན་འདས་མད་ལགས་སོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསོ་དཀའ་བ་དང་།

དགང་དཀའ་བ་དང་། འདོད་པ་ཆེ་བ་དང་། ཆོག་མི་ཤེས་པ་དང་། སྦྱངས་པའི་ཡོན་ཏན་ཅན་མ་ཡིན་པ་དང་། ཚོད་མི་ཤེས་པའི་རྣམ་པར་སྨད་པས་རྣམ་པར་སྨད་པ་མཛད་ནས། དགེ་སློང་མ་རྣམས་ལ་གསོ་སླ་བ་དང་། དགང་སླ་བ་དང་། འདོད་
པ་ཆུང་བ་དང་། ཆོག་ཤེས་པ་དང་། སྦྱངས་པའི་ཡོན་ཏན་དང་། ཚོད་ཤེས་པའི་བསྔགས་པ་གསུངས་ཏེ། དགེ་སློང་མ་རྣམས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་དེ། དགེ་སློང་མ་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན་ཞག་བཅུའི་བར་དུ་གོས་ལྷག་པ་རུང་བར་མ་བྱས་
པ་བཅང་བར་བྱའོ། །དེ་ལས་ལྷག་པར་འཆང་ན་སྤང་བའི་ལྟུང་བྱེད་དོ། །ཆོས་གོས་ཟིན་པ་ཞེས་བྱ་བ་ལ་ཆོས་གོས་ཟིན་ལ་སྲ་བརྐྱང་མ་ཕྱུང་བ་ཡང་ཡོད། སྲ་བརྐྱང་ཕྱུང་ལ་ཆོས་གོས་མ་ཟིན་པ་ཡང་ཡོད། ཆོས་གོས་ཟིན་ལ་སྲ་བརྐྱང་ཕྱུང་བ་ཡང་ཡོད། ཆོས་གོས་མ་ཟིན་
ཅིང་སྲ་བརྐྱང་མ་ཕྱུང་བ་ཡང་ཡོད་དོ། །ཆོས་གོས་ཟིན་ལ་སྲ་བརྐྱང་མ་ཕྱུང་བ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང་མས་ཆོས་གོས་དག་བཀྲུ་བ་དང་། དྲ་བ་དང་། དྲུབ་པ་དང་། ཁ་བསྒྱུར་ཟིན་ལ། དགེ་འདུན་གྱིས་སྲ་བརྐྱང་མ་ཕྱུང་བ་ཡིན་ཏེ། དེ་ལྟ་བུ་ནི་ཆོས་གོས་
ཟིན་ལ་སྲ་བརྐྱང་མ་ཕྱུང་བ་ཡིན་ནོ། །སྲ་བརྐྱང་ཕྱུང་ལ་ཆོས་གོས་མ་ཟིན་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང་མའི་དགེ་འདུན་གྱིས་སྲ་བརྐྱང་ཕྱུང་ཟིན་ལ། དགེ་སློང་མས་ཆོས་གོས་དག་བཀྲུ་བ་དང་། དྲ་བ་དང་། དྲུབ་པ་དང་། ཁ་བསྒྱུར་མ་ཟིན་པ་སྟེ། དེ་ལྟ་
བུ་ནི་སྲ་བརྐྱང་ཕྱུང་ལ་ཆོས་གོས་མ་ཟིན་པ་ཡིན་ནོ། །ཆོས་གོས་ཟིན་ལ་སྲ་བརྐྱང་ཕྱུང་བ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང་མས་ཆོས་གོས་དག་བཀྲུ་བ་དང་། དྲ་བ་དང་། དྲུབ་པ་དང་། ཁ་བསྒྱུར་བ་ཟིན་ལ། དགེ་སློང་མའི་དགེ་འདུན་གྱིས་ཀྱང་སྲ་བརྐྱང་ཕྱུང་བ་ཡིན་
ཏེ། དེ་ལྟ་བུ་ཆོས་གོས་ཟིན་ལ་སྲ་བརྐྱང་ཕྱུང་བ་ཡིན་ནོ། །ཆོས་གོས་མ་ཟིན་ཅིང་སྲ་བརྐྱང་མ་ཕྱུང་བ་ཇི་ལྟ་བུ་ཞེ་ན། རྣམ་པ་དེ་དག་མ་གཏོགས་པའོ། །དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པ་དག་གིའོ། །ཞག་བཅུའི་བར་དུ་ཞེས་བྱ་བ་ནི་ཉིན་ཞག་བཅུའོ། །གོས་ལྷག་པ་

ཞེས་བྱ་བ་ནི་བྱིན་གྱིས་བརླབས་པ་ལྔ་ལས་ལྷག་པའོ། །རུང་བར་མ་བྱས་པ་ཞེས་བྱ་བ་ནི་གང་ཞིག་སུའི་མིང་གིས་ཀྱང་རུང་བར་མ་བྱས་ལ་བདག་ཉིད་ཀྱིའོ་ཞེས་བཅངས་པའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ལྟུང་བྱེད་ཀྱི་ལྟུང་བ་བཤགས་པར་བྱ་
བའོ། །ལྟུང་བ་ཞེས་བྱ་བ་ནི་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། ངན་སོང་དང་། ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་སྟེ། དེ་བས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང་མས་ཚེས་
ལ་གོས་རྙེད་ན་དགེ་སློང་མ་དེས་གོས་དེ་ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་བྱིན་གྱིས་བརླབ་པར་བྱ་བའམ། རུང་བར་བྱ་བའམ། གཏང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། རུང་བར་མི་བྱེད་དམ། གཏོང་བར་མི་བྱེད་དམ།
གཞན་ལ་སྦྱིན་པར་མི་བྱེད་ན་ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། །ཇི་ལྟར་ཚེས་ལ་གོས་རྙེད་ལ། དེ་བཞིན་དུ་ཚེས་གཉིས་དང་། གསུམ་དང་ཞེས་བྱ་བ་ནས་བཅུའི་ནང་དུ་ཞེས་བྱ་བའི་བར་དུ་སྟེ། དགེ་སློང་མ་དེས་གོས་དེ་ཞག་བཅུ་པོ་དེ་ཉིད་ཀྱི་ནང་
དུ་བྱིན་གྱིས་བརླབ་པར་བྱ་བའམ། རུང་བར་བྱ་བའམ། གཏང་བར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། རུང་བར་མི་བྱེད་ན་ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མས་ཚེས་ལ་གོས་གཅིག་
རྙེད་ལ། ཕྱི་དེ་ཉིན་པར་གཅིག་རྙེད་ན་དགེ་སློང་མ་དེས་གོས་སྔ་མ་བྱིན་གྱིས་བརླབ་པར་བྱ་ཞིང་། ཕྱི་མ་ཤོས་རུང་བར་བྱ་བའམ། བྱིན་གྱིས་བརླབ་པར་བྱའོ། །ཡང་ན་གོས་ཕྱི་མ་ཤོས་བྱིན་གྱིས་བརླབ་པར་བྱ་ཞིང་སྔ་མ་རུང་བར་བྱའོ། །བྱིན་གྱིས་རློབ་པར་མི་
བྱེད་དམ། རུང་བར་མི་བྱེད་དམ། གཏོང་བར་མི་བྱེད་ན། ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། །དེ་བཞིན་དུ་དགེ་སློང་མས་ཚེས་དགུ་ལ་གོས་ཤིག་རྙེད་ལ། ཚེས་བཅུ་ལ་གཅིག་རྙེད་ན་དགེ་སློང་མ་དེས་གོས་སྔ་མ་བྱིན་གྱིས་བརླབ་པར་བྱ་

ཞིང་། ཕྱི་མ་ཤོས་རུང་བར་བྱ་བའམ། གཏང་བར་བྱའོ་ཞེས་བྱ་བ་ནས་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དགེ་སློང་མས་ཚེས་གཅིག་ལ་གོས་གཉིས་རྙེད་ལ། ཚེས་གཉིས་ལ་ཡང་གཉིས་རྙེད་ན་དགེ་སློང་མ་དེས་གོས་སྔ་མ་གཉིས་བྱིན་
གྱིས་བརླབ་པར་བྱ་ཞིང་། གོས་ཕྱི་མ་ཤོས་གཉིས་རུང་བར་བྱ་བའམ། གཏང་བར་བྱའོ། །རུང་བར་མི་བྱེད་དམ། གཏོང་བར་མི་བྱེད་ན་ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མས་ཚེས་དགུ་ལ་གོས་གཉིས་རྙེད་ལ། ཚེས་
བཅུ་ལ་ཡང་གཉིས་རྙེད་ན་ཞེས་རྒྱས་པར་བརྗོད་པར་བྱའོ། །དགེ་སློང་མས་ཚེས་གཅིག་ལ་གོས་རབ་ཏུ་མང་པོ་རྙེད་ལ། ཚེས་གཉིས་ལ་ཡང་རབ་ཏུ་མང་པོ་རྙེད་ན་དགེ་སློང་མ་དེས་སྔ་མའི་གོས་རབ་ཏུ་མང་པོ་དག་བྱིན་གྱིས་བརླབ་པར་བྱ་ཞིང་། ཕྱི་མ་ཤོས་ཀྱི་གོས་རབ་ཏུ་
མང་པོ་དག་རུང་བར་བྱ་བའམ། གཏང་བར་བྱའོ། །ཡང་ན་ཕྱི་མ་ཤོས་ཀྱི་གོས་རབ་ཏུ་མང་པོ་དག་བྱིན་གྱིས་བརླབ་པར་བྱ་ཞིང་། སྔ་མའི་གོས་རབ་ཏུ་མང་པོ་དག་རུང་བར་བྱ་བའམ། གཏང་བར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། རུང་བར་མི་བྱེད་དམ། གཏོང་
བར་མི་བྱེད་ན། ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མས་ཚེས་དགུ་ལ་གོས་རབ་ཏུ་མང་པོ་རྙེད་ལ། ཚེས་བཅུ་ལ་ཡང་གོས་རབ་ཏུ་མང་པོ་རྙེད་ན་ཞེས་བྱ་བ་ནས་དེ་བཞིན་དུ་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དགེ་སློང་མའི་
གོས་སྤང་བར་གྱུར་ན་དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་གོས་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་ཤན་གྱིས་སྤང་བར་འགྱུར་རོ། །དགེ་སློང་མའི་གོས་སྤང་བར་གྱུར་ན་དེ་སྤངས་ཤིང་བྲལ་བར་མ་བྱས་ལ། ལྟུང་བ་མ་བཤགས་པར་
གོས་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་ཤན་གྱིས་སྤང་བར་འགྱུར་རོ། །དགེ་སློང་མའི་གོས་སྤང་བར་གྱུར་ན་དེ་སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་བཤགས་པར་གོས་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་ཤན་གྱིས་སྤང་བར་འགྱུར་རོ། །དགེ་སློང་མའི་གོས་

སྤང་བར་གྱུར་ན་དེ་སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་བཤགས་ནས་གོས་གཞན་ཞིག་རྙེད་ན་ལྟུང་བ་མེད་དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བས་ཉེན་པ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་མའི་རྣམ་པར་
འབྱེད་པ་ལས། སྤང་བའི་ལྟུང་བྱེད་དང་པོ་རྫོགས་སྷོ།།