Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 009_འདུལ་བ།_ཏ

Văn bản gốc(Tây Tạng)

Trang 8 / 20 (50.000 ký tự/trang)
ཞུགས་སོ། །དེའི་ཚེ་སྦོམ་དགའ་མོ་སྤོས་འཚོང་
གི་ཁྱེའུ་ཞིག་ལ་ཆགས་སོ། །དེ་ནས་སྦོམ་དགའ་མོ་སྤོས་འཚོང་གི་ཁྱེའུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དེས་ཇི་ལྟར་དེ་ཡང་ཆགས་པར་འགྱུར་བ་དེ་ལྟ་བུར་བྱས་སོ། །དེ་ཆགས་པས་ཆགས་པ་ལས་ཅུང་ཟད་བདག་གིར་བྱེད་ཅིང་དེ་ཡང་དང་ཡང་དུ་སོང་ནས་ཟོང་ཅུང་ཟད་ཅིག་བྱིན་
ནས་རིན་མང་དུ་ལེན་ཏོ། །དེ་ནས་སྤོས་འཚོང་གི་ཁྱེའུ་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་ཇི་སྲིད་ཅིག་ན་ཉམས་སུ་མྱོང་བར་འགྱུར་ཞིག་གུ་སྙམ་མོ། །དེ་ནས་སྤོས་འཚོང་གི་ཁྱེའུ་དེས་དུས་གཞན་ཞིག་ན་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་མ་

བདག་དང་ནམ་ཞིག་མཇལ་བར་འགྱུར། དེས་འདི་སྐད་ཅེས་སྨྲས་སོ། །ཁྱོད་གླང་པོ་ཆེ་མོ་དང་ཕྲད་པར་འགྱུར་རོ། །དེ་ནས་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་དེས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་མ་མི་འདི་ཆགས་པར་མི་མཁྱེན་ཏམ།
དེས་འདི་སྐད་ཅེས་སྨྲས་སོ། །ཤེས་སོ། །ཅིའི་སླད་དུ་ཁྱོད་སྐྱེས་པ་ཆགས་པ་ལས་ཅུང་ཟད་བདག་གིར་མཛད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་ཐོས་སོ། །ཐོས་ནས་དགེ་སློང་དག་ལ་སྨྲས་སོ། །དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་
བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅས་སོ་ཞེས་བྱ་བའི་བར་དུ་སྟེ། ཡང་དགེ་སློང་མ་གང་ཆགས་ནས་སྐྱེས་པ་ཆགས་པ་ལ་ཅུང་ཟད་བདག་གིར་བྱེད་ན་ཆོས་འདི་ཡང་དང་པོ་ནས་ལྟུང་བར་འགྱུར་ཞིང་ངེས་པར་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་
ལྷག་མའོ། །དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཆགས་པ་ཞེས་བྱ་བ་ནི་འདོད་ཆགས་པ་དང་། ཀུན་དུ་འདོད་ཆགས་པ་དང་། ཀུན་ནས་དཀྲིས་པའོ། །སྐྱེས་པ་ཆགས་པ་ཞེས་བྱ་བ་ནི་འདོད་ཆགས་པ་དང་། ཀུན་དུ་འདོད་ཆགས་པ་དང་། ཀུན་
ནས་དཀྲིས་པ་སྤོས་འཚོང་གི་ཁྱེའུའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ལས་ཞེས་བྱ་བ་ནི་ཐད་ནས་སོ། །ཅུང་ཟད་ཅེས་བྱ་བ་ནི་བཟའ་བ་ལྔ་དང་བཅའ་བ་ལྔའོ། །བདག་གིར་བྱེད་ཅེས་བྱ་བ་ནི་བླངས་ནས་མགྲིན་པར་མིད་པའོ། །ཆོས་འདི་ཞེས་བྱ་བ་འདི་ནི་
ཆོས་མ་ཡིན་པ་ལ་ཆོས་ཀྱི་སྒྲར་གསུངས་པའོ། །དང་པོ་ནས་ལྟུང་བར་འགྱུར་བ་ཞེས་བྱ་བ་ནི་མོད་ལ་ལྟུང་བར་འགྱུར་བའོ། །ངེས་པར་འབྱུང་བ་དང་བཅས་པ་ཞེས་བྱ་བ་ནི་རྟོན་པ་དང་བཅས་པས་བྱ་བའོ། །དགེ་འདུན་ལྷག་མ་ཞེས་བྱ་བ་ནི་ལྟུང་བ་འདི་གཉི་
གའི་དགེ་འདུན་ལ་རག་ལས་པ་དང་། གཉི་གའི་དགེ་འདུན་དང་འབྲེལ་བ་དང་། གཉི་གའི་དགེ་འདུན་ལ་རྟོན་པ་དང་། ལྟུང་བ་འདི་གཉི་གའི་དགེ་འདུན་ལས་ལྡང་བར་འགྱུར་གྱི་གང་ཟག་ལས་མ་ཡིན་པ་དང་། གཞན་ཡང་ཕས་ཕམ་པར་འགྱུར་བ་བརྒྱད་ནི་

ལྷག་མ་མེད་པ་ཡིན་གྱི། ལྟུང་བ་འདི་ནི་ལྷག་མ་དང་བཅས་པ་ཡིན་ཏེ། དེ་བས་ན་དགེ་འདུན་ལྷག་མ་ཞེས་བྱའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་གང་ཆགས་པས་སྐྱེས་པ་ཆགས་པ་ལས་ཅུང་ཟད་བདག་གིར་བྱེད་ན་དགེ་འདུན་
ལྷག་མའོ། །ཆགས་པས་སྐྱེས་པ་མ་ཆགས་པ་ལས་ན་ཉེས་བྱས་སོ། །མ་ཆགས་པས་ཆགས་པ་ལས་ན་སྦོམ་པོའོ། །ལས་དང་པོ་པ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་མའི་རྣམ་པར་འབྱེད་པ་ལས་དགེ་འདུན་ལྷག་མ་བཞི་པ་རྫོགས་སྷོ།། །།
སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བསླབ་པ་བཅའ་བ་མཛད་པ་དང་། དེ་ཕྱིན་ཆད་ནམ་ཡང་དགེ་སློང་མ་རྣམས་
ཉོ་ཚོང་མི་བྱེད་དོ། །དེ་དག་ཕོངས་པ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དྲན་པ་ཉེ་བར་བཞག་ལ་ཉོ་བར་བྱའོ། །དེ་ནས་སྦོམ་དགའ་མོས་གཙུག་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཕུ་ནུ་མོ་རེ་ཞིག་ཁྱོད་མ་ཆགས་པར་གྱིས་ལ་ཁྱོད་མ་
ཆགས་པར་གྱུར་ནས་སྐྱེས་པ་ཆགས་པ་ལས་ཅུང་ཟད་ཞིག་ལོང་ཤིག །དེས་སོང་ནས་ཇི་ལྟར་སྐྱེས་པ་ཆགས་པ་ལས་ཅུང་ཟད་བདག་གིར་བྱེད་པ་དེ་ལྟར་བྱས་སོ། །དེ་ནས་གཙུག་དགའ་མོས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་མ་སྐྱེས་པ་འདི་
ནི་ཆགས་སོ། །དེས་འདི་སྐད་ཅེས་སྨྲས་སོ། །ཅིའི་ཕྱིར་ཆགས། དེ་དེ་ལྟར་བདག་གིར་བྱེད་པ་ན་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཅིའི་ཕྱིར་དེ་ལྟར་བྱེད། དེས་འདི་སྐད་ཅེས་སྨྲས་སོ། །དེར་ཟད་མོད་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་
པ་ནས་བསླབ་པ་བཅས་པའི་བར་དུ་སྟེ། ཡང་དགེ་སློང་མ་གང་དགེ་སློང་མ་ལ་འདི་སྐད་ཅེས་ཕུ་ནུ་མོ་རེ་ཞིག་ཁྱོད་མ་ཆགས་པར་གྱིས་ལ་ཁྱོད་མ་ཆགས་པར་གྱུར་ནས་སྐྱེས་པ་ཆགས་པ་ལས་ཅུང་ཟད་བདག་གིར་གྱིས་ཤིག་ཅེས་ཟེར་ན་ཆོས་འདི་ཡང་དང་པོ་ནས་ལྟུང་བར་འགྱུར་

ཞིང་ངེས་པར་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ། །དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །དགེ་སློང་མ་ལ་ཞེས་བྱ་བ་ནི་གཙུག་དགའ་མོ་ལའོ། །རེ་ཞིག་ཁྱོད་མ་ཆགས་པར་གྱིས་ལ་ཞེས་བྱ་བ་ནི་འདོད་མ་ཆགས་པ་དང་། ཀུན་དུ་
འདོད་མ་ཆགས་པ་དང་། ཀུན་ནས་མ་དཀྲིས་པར་གྱིས་ལའོ། །སྐྱེས་པ་ཆགས་པ་ལས་ཞེས་བྱ་བ་ནི་འདོད་ཆགས་པ་དང་། ཀུན་དུ་འདོད་ཆགས་པ་དང་། ཀུན་ནས་དཀྲིས་པ་ལས་སོ། །ཅུང་ཟད་བདག་གིར་གྱིས་ཞེས་བྱ་བ་ནི་བཟའ་བ་ལྔ་དང་། བཅའ་བ་ལྔ་ལོང་
ལ་བདག་གིར་གྱིས་ཤིག་པ་སྟེ་འདི་ནི་སྔ་མ་བཞིན་ནོ། །འདི་སྐད་དུ་ཟེར་ན་ཞེས་བྱ་བ་ནི་སྨྲ་ནའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། གང་ཅུང་ཟད་ཇི་ཙམ་དུ་དགེ་སློང་མས་དགེ་སློང་མ་ལ་འདི་སྐད་ཅེས་ཁྱོད་ཚུར་མ་ཆགས་པར་གྱུར་ནས་སྐྱེས་པ་ཆགས་པ་ལས་ཅུང་
ཟད་ལོང་ལ་བདག་གིར་གྱིས་ཤིག་ཅེས་ཟེར་ན་ཐམས་ཅད་དུ་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མའི་རྣམ་པར་འབྱེད་པ་ལས་དགེ་འདུན་ལྷག་མ་ལྔ་པ་རྫོགས་སྷོ།། །།དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་དགུ་པ། སངས་རྒྱས་བཅོམ་
ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །གང་གི་ཚེ་དགེ་སློང་མ་མཛའ་མོ་རང་གིས་ཁས་བླངས་པས་བསྙིལ་བ་དེའི་ཚེ་སྐྱེས་པས་བླངས་ནས་ཁྱིམ་གྱི་འཚོ་ཚིས་བྱེད་དུ་བཅུག་ཅིང་དེ་དང་རྩེ་བར་བྱེད་པ་ན་བུ་དང་བུ་མོ་དག་ཀྱང་སྐྱེས་སོ། །
དེ་དུས་གཞན་ཞིག་ན་ནད་ཀྱིས་ཐེབས་པ་དང་། དེའི་ཕུ་ནུ་མོ་དགེ་སློང་མ་མཛའ་ཅན་མ་ཞེས་བྱ་བས་དེ་ནད་ཀྱིས་ཐེབས་པར་ཐོས་ནས་བལྟ་བའི་ཕྱིར་གཅིག་པུ་སོང་སྟེ་དེས་དེ་ལ་བལྟས་ནས་སླར་ལོག་གོ། །དེ་ནས་མཛའ་མོས་ཕུ་ནུ་མོ་ལ་འདི་སྐད་ཅེས་འཕགས་མ་གལ་ཏེ་
ན་བདག་དོ་མོད་འགུམ་ཡང་གདས་མ་བཞུད་པར་འདིར་བཞུགས་ཤིག་ཅེས་སྨྲས་པ་དང་། དེ་ཡང་དེར་འདུག་གོ། །དེ་ནས་མཛའ་མོ་ཡང་དེ་ཉིད་ཀྱི་ནུབ་མོ་དུས་ལས་འདས་སོ། །དེ་ནས་མཛའ་མོའི་ཁྱོས་མྱ་ངན་བྱ་བར་བརྩམས་པ་དང་། དེའི་གྲོགས་པོ་ཞིག་གིས་

སྨྲས་པ། འདི་ནི་དེའི་ཕུ་ནུ་མོ་མཛའ་ཅན་མ་ཞེས་བྱ་བ་ཡིན་གྱིས་དེ་ཉིད་བླང་བར་གྱིས་ཤིག །དེ་ནས་མཛའ་མོའི་ཁྱོས་མཛའ་ཅན་མ་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་མཛའ་ཅན་མ་སྤྲོ་ན་ཁྱིམ་འདི་དང་། མཛའ་མོའི་བུ་དང་། བུ་མོ་དག་ཡོངས་སུ་སྐྱོངས་
ཤིག །མཛའ་ཅན་མས་འདི་སྙམ་དུ་གལ་ཏེ་འདིར་ཅུང་ཟད་ཅིག་སྨྲས་ན་དེ་ཉིད་དུ་བདག་བརྟུལ་ཞུགས་དང་ཕྲལ་བར་འགྱུར་བས་མི་སྨྲ་བར་བྱའོ་སྙམ་དུ་བསམས་ནས་ནམ་ནངས་པ་དང་དེ་འགྲོ་བར་བྱས་སོ། །དེ་ནས་སྐྱེས་པ་དེས་མཛའ་ཅན་མ་ལ་འདི་སྐད་ཅེས་སྨྲས་སོ། །
འཕགས་མ་ཁྱིམ་འདི་ཁྱོད་ཀྱི་ལགས་ཀྱིས་མ་བཞུད་ཅིག །དེས་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱི་ཁྱིམ་བཙོན་རར་གྱུར་ཅིག །ཁྱོད་ཀྱི་ཁྱིམ་མེས་ཚིག་པར་གྱུར་ཅིག་སྨྲས་ནས་སོང་ངོ་། །དེ་ལ་དགེ་སློང་མ་རྣམས་ཀྱིས་ཁྱོད་མདང་སུམ་ག་ལ་ཉལ་ཉལ་ཞེས་
དྲིས་པ་དང་། དེས་སྨྲས་པ། བདག་གི་ཕུ་ནུ་མོ་དུས་ལས་འདས་པའི་དེ་ནའོ། །དེ་དག་གིས་སྨྲས་པ། གལ་ཏེ་འགའ་ཞིག་གིས་ཁྱོད་བརྟུལ་ཞུགས་དང་ཕྲལ་ན་ཁྱོད་ཀྱིས་ཅི་བྱར་ཡོད། དེས་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་བདག་གིས་ཁ་རོག་པར་མ་
འདུག་ན་དེང་ཉིད་དུ་བདག་བརྟུལ་ཞུགས་དང་བྲལ་བར་གྱུར་ཏོ་ཞེས་བྱ་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ་ཞེས་བྱ་བ་ནས་བསླབ་པ་བཅས་པའི་བར་དུའོ། །ཡང་དགེ་སློང་མ་གང་མཚན་མོ་གཅིག་པུ་ཕྱི་རོལ་དུ་གནས་པར་བྱེད་ན་ཆོས་འདི་ཡང་
དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ། ངེས་པར་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མར་འགྱུར་རོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་མཛའ་ཅན་མའོ་མཚན་མོ་ཞེས་བྱ་བ་ནི་ཉི་མ་ནུབ་ནས་སོ། །གཅིག་པུ་ཞེས་བྱ་བ་ནི་གཉིས་པ་མེད་པར་རོ། །ཕྱི་རོལ་དུ་
གནས་པར་བྱེད་ན་ཞེས་བྱ་བ་ནི་དབྱར་ཁང་ལས་གཞན་དུ་སྐྱ་རེངས་ཤར་བར་བྱེད་ནའོ། །གཞན་དག་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་མཚན་མོ་གཅིག་པུ་ཕྱི་རོལ་དུ་གནས་པར་བྱེད་ན་ཇི་ལྟར་གྱུར་ཀྱང་རུང་སྟེ་དགེ་འདུན་

ལྷག་མར་འགྱུར་རོ། །དགེ་ཚུལ་མ་དང་ལྷན་ཅིག་ཕྱི་རོལ་དུ་གནས་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློབ་མ་དང་ལྷན་ཅིག་ཕྱི་རོལ་དུ་གནས་པར་བྱེད་ན་ཉེས་བྱས་སོ། །གལ་ཏེ་ཕྱི་བཞིན་འབྲང་བའི་དགེ་སློང་མ་ཤི་བར་གྱུར་ཏམ།
ཉམས་པར་གྱུར་ཏམ། བྲོས་པར་གྱུར་ཏམ། བབས་པར་གྱུར་ན་ལྟུང་བ་མེད་དོ། །དགེ་སློང་མའི་རྣམ་པར་འབྱེད་པ་ལས་དགེ་འདུན་ལྷག་མ་དྲུག་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་སྦོམ་དགའ་མོ་བྲམ་ཟེ་དང་ཁྱིམ་བདག་གི་
ཁྱིམ་དག་ན་གཅིག་པུ་ཉི་མ་ནུབ་ནུབ་ཏུ་ཆོས་འཆད་པར་བྱེད་དོ། །ཉི་མ་ནུབ་པ་དང་དབྱར་ཁང་དུ་འོངས་ནས་དེས་དགེ་སློང་མ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཁོ་མོའི་རྒྱབ་དང་རྐེད་པ་དག་རྫིས་ཤིག །དེ་དག་གིས་དྲིས་པ། འཕགས་མ་ཁྱོད་གང་ནས་འོངས། དེས་
འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཆོས་བསྟན་པ་ནས་སོ། །ཁྱོད་ཀྱི་ཕྱི་བཞིན་འབྲང་བའི་དགེ་སློང་མ་སུ་དང་ལྷན་ཅིག་སོན། དེས་སྨྲས་པ། ཁོ་མོ་གཅིག་པུ་སོན་ཏོ། །དེ་དག་གིས་སྨྲས་པ། གལ་ཏེ་འགའ་ཞིག་གིས་ཁྱོད་བརྟུལ་
ཞུགས་དང་ཕྲལ་ན་ཁྱོད་ཀྱིས་ཅི་བྱར་ཡོད། དེས་སྨྲས་པ། སྤོས་འཚོང་གི་ཁྱེའུ་གང་ཡིན་པ་རྡོག་པ་གཅིག་བསྣུན་པས་རྩིབ་མ་གཉིས་བཅག་པ་ཁྱེད་ཅག་གིས་མ་མཐོང་ངམ། དེ་དག་གིས་སྨྲས་པ། ཆུ་རྫ་ཆུའི་དོན་དུ་ཁྲོན་པར་བཅུག་པ་རྟག་ཏུ་མཁྲང་པོར་མི་
ལྡོག་གོ། །དེ་ནས་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ་ཞེས་བྱ་བ་ནས་བསླབ་པ་བཅས་པའི་བར་དུའོ། །ཡང་དགེ་སློང་མ་གང་ཉིན་པར་གཅིག་པུ་ཕྱི་རོལ་དུ་གནས་པར་བྱེད་ན་ཆོས་འདི་ཡང་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ། ངེས་པར་འབྱུང་བ་དང་
བཅས་པ་སྟེ་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཉིན་པར་ཞེས་བྱ་བ་ནི་ཉི་མ་ཤར་ནས་སོ། །གཅིག་པུ་ཞེས་བྱ་བ་ནི་གཉིས་པ་མེད་པར་རོ། །ཕྱི་རོལ་དུ་གནས་པར་བྱེད་ན་ཞེས་བྱ་བ་ནི་དབྱར་ཁང་ལས་གཞན་དུ་

ཉི་མ་ནུབ་པར་བྱེད་ནའོ། །གཞན་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་ཉིན་པར་གཅིག་པུ་ཕྱི་རོལ་དུ་གནས་པར་བྱེད་ན་ཇི་ལྟར་ཡང་རུང་སྟེ། ཐམས་ཅད་དུ་དགེ་འདུན་ལྷག་མར་འགྱུར་རོ། །དགེ་ཚུལ་མ་དང་ལྷན་ཅིག་ཕྱི་རོལ་
དུ་གནས་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་མ་དང་ཕྱི་རོལ་དུ་ལྷན་ཅིག་གནས་པར་བྱེད་ན་ཉེས་བྱས་སོ། །གལ་ཏེ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་ཤི་བར་གྱུར་ཏམ། ཉམས་པར་གྱུར་ཏམ། བྲོས་པར་གྱུར་ཏམ། བབས་པར་གྱུར་ན་ལྟུང་
བ་མེད་དོ། །དགེ་སློང་མའི་རྣམ་པར་འབྱེད་པ་ལས་དགེ་འདུན་ལྷག་མ་བདུན་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་སྦོམ་དགའ་མོ་གཅིག་པུ་ལམ་པོ་ཆེའི་བཞི་མདོ་དག་ཏུ་འདུག་ནས་དོན་མཐུན་ཐམས་ཅད་ཆས་ནས་ལམ་དུ་ཞུགས་ཏེ་
གྲོང་ཁྱེར་ཆེན་པོ་གང་དང་གང་དུ་འགྲོ་བའི་གྲོང་ཁྱེར་ཆེན་པོ་དེ་དང་དེར་རྒྱང་གྲགས་དང་རྒྱང་གྲགས་ཕྱེད་ཙམ་དུ་འགྲོ་བར་བྱེད་ཅིང་ལྡོག་པར་ཡང་བྱེད་དོ། །དེ་བཞིན་དུ་ཇི་ཙམ་ན་ཉི་མ་ནུབ་པ་ན་དབྱར་ཁང་དུ་འོངས་པ་ནས་གཞོན་རབས་དག་ལ་འདི་སྐད་ཅེས་སྨྲས་སོ། །ད་
བདག་གི་རྒྱབ་རྫིས་ཤིག །བདག་གི་རྐེད་པ་དང་། རྩིབ་ལོགས་རྫིས་ཤིག །དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་གར་བཞུད་བཞུད་དེས་སྨྲས་པ། དེང་ཁོ་མོ་གྲོང་ཁྱེར་ཆེན་པོ་དྲུག་པོ་དག་གི་ལམ་དུ་སོན་ཏོ། །དེ་དག་གིས་སྨྲས་པ།
ཁྱོད་ཀྱི་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་སུ་དང་ལྷན་ཅིག་ཕྱིན། དེས་སྨྲས་པ། ཁོ་མོ་གཅིག་པུའོ། །དེ་དག་གིས་སྨྲས་པ། གལ་ཏེ་འགའ་ཞིག་གིས་ཁྱོད་བརྟུལ་ཞུགས་དང་ཕྲལ་ན་ཁྱོད་ཀྱིས་ཅི་བྱར་ཡོད། དེས་འདི་སྐད་ཅེས་གལ་ཏེ་བུ་ཟན་མོའི་བུ་དག་
ང་ལ་རེག་ཏུ་འོང་ན་ངས་ལྷུང་བཟེད་ནག་པོས་སོ་བཅག་ཏུ་ཟད་མོད་ཅེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ། །ཞེས་བྱ་བ་ནས་བསླབ་པ་བཅས་པའི་བར་དུའོ། །ཡང་དགེ་སློང་མ་གང་གཅིག་པུ་འགྲོན་ལམ་དུ་ཞུགས་ཤིང་འགྲོ་བར་བྱེད་

ན་ཆོས་འདི་ཡང་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ། ངེས་པར་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །གཅིག་པུ་ཞེས་བྱ་བ་ནི་གཉིས་པ་མེད་པར་རོ། །འགྲོན་ལམ་
ཞེས་བྱ་བ་ནི་དགོན་པའི་ལམ་མོ། །གཞན་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་གཅིག་པུ་འགྲོན་ལམ་དུ་འགྲོ་བར་བྱེད་ན་ཇི་ལྟར་ཡང་རུང་སྟེ་དགེ་འདུན་ལྷག་མར་འགྱུར་རོ། །གཞན་ནི་སྔ་མ་བཞིན་ནོ། །དགེ་སློང་མའི་རྣམ་
པར་འབྱེད་པ་ལས་དགེ་འདུན་ལྷག་མ་བརྒྱད་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་དགེ་སློང་མ་མང་པོ་ལྗོངས་རྒྱུ་བ་རྒྱུ་ཞིང་ཆུ་འགྲམ་ཞིག་ཏུ་ཕྱིན་ཏོ། །དེ་དག་བྱ་བ་ཅུང་ཟད་ཙམ་གྱིས་ཕྱི་རོལ་དུ་འགྲོ་བར་འདོད་ནས་གྲུ་བཙལ་བ་དང་།
མཉན་པས་ཕ་རོལ་གྱི་འགྲམ་དུ་ཕུར་པ་ལ་གྲུ་བཏགས་ཏེ་འདུག་གོ། །རེ་ཞིག་ན་དགེ་སློང་མ་རྣམས་ཀྱིས་མཐོང་ནས། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་བདག་ཅག་ལས་རྐྱལ་ཤེས་པ་འགའ་ཞིག་ཡོད་ན་དེ་སོང་ལ་གྲུ་བླང་བར་གྱིས་ཤིག །དེའི་
ཚེ་ན་སྔོན་མཉན་པ་མོ་བྱེད་བྱེད་པ་དགེ་སློང་མ་ནག་མོ་ཞེས་བྱ་བ་དེས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་དག་བདག་སོང་ལ་གྲུ་བླང་བར་བགྱིའོ་ཞེས་སྨྲས་ནས་དེས་ཆོས་གོས་བརྟུལ་ཏེ་ཆུའི་ནང་དུ་ཞུགས་སོ། །དེ་ཡང་སྔོན་གྱི་གོམས་པ་གང་ཡིན་པ་དེ་བྲི་ཞིང་ལུས་
ཀྱང་ལྕི་བར་གྱུར་པས་དབུས་སུ་ཕྱིན་པ་དང་གཏིང་དུ་བྱིང་ལ་ཐུག་པར་གྱུར་ཏོ། །དེ་ནས་དགེ་སློང་མ་འགྲམ་ན་འདུག་པ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །ནག་མོ་རྐྱོལ་ཅིག་ནག་མོ་རྐྱོལ་ཅེས་སྨྲས་ནས། དེ་ཡང་ངལ་ཆད་དེ་འགྲམ་དུ་ཕྱིན་ཏེ་ཉི་མ་ནུབ་པ་དང་དབྱར་ཁང་
དུ་འོངས་སོ། །དགེ་སློང་མ་རྣམས་ཀྱིས་ཅུང་ཟད་བདེ་བར་བརྒྱུས་སམ་ཞེས་དྲིས་པ་དང་། དེས་ཇི་ལྟར་གྱུར་པ་དེ་དག་རྒྱས་པར་སྨྲས་པ་ན། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ཁྱོད་གཅིག་པུ་ཆུར་ཞུགས་སམ། དེས་སྨྲས་པ། གཅིག་པུའོ། །དེ་དག་

གིས་འདི་སྐད་ཅེས་གལ་ཏེ་འགའ་ཞིག་གིས་ཁྱོད་བརྟུལ་ཞུགས་དང་ཕྲལ་ན་ཁྱོད་ཀྱིས་ཅི་བྱར་ཡོད་ཅེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ་ཞེས་བྱ་བ་ནས་བསླབ་པ་བཅས་པའི་བར་དུའོ། །ཡང་དགེ་སློང་མ་གང་གཅིག་པུ་ཆུ་ཀླུང་གི་ཕ་རོལ་
དུ་རྐྱལ་བར་བྱེད་ན་ཆོས་འདི་ཡང་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ་ངེས་པར་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མར་འགྱུར་རོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་དགེ་སློང་མ་ནག་མོའོ། །གཅིག་པུ་ཞེས་བྱ་བ་ནི་གཉིས་པ་མེད་པར་རོ། །ཆུ་ཀླུང་གི་ཕ་རོལ་
དུ་རྐྱལ་བར་བྱེད་ན་ཞེས་བྱ་བ་ནི་ཆུ་བོ་རྒལ་བར་བྱེད་ནའོ། །གཞན་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཡང་དགེ་སློང་མ་གང་གཅིག་པུ་ཆུ་ཀླུང་གི་ཕ་རོལ་དུ་རྐྱལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །རྩང་ལག་རྒལ་བར་བྱེད་ན་
ཉེས་པ་སྦོམ་པོར་འགྱུར་རོ། །ཆུ་བྲན་རྒལ་བར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཡུར་ཆུ་རྒལ་བར་བྱེད་ན་ཉེས་བྱས་སོ། །དགེ་སློང་མའི་རྣམ་པར་འབྱེད་པ་ལས་དགེ་འདུན་ལྷག་མ་དགུ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་
ན་རྒྱལ་པོ་གསལ་རྒྱལ་ལ་དམག་ཚོགས་མཐུ་སྟོབས་རྡུལ་དུ་རློག་པ་ཞེས་བྱ་བ་དང་། རིགས་བཟང་པོ་ཞེས་བྱ་བ་གཉིས་ཡོད་དེ་དེ་དག་རྒྱལ་པོ་གསལ་རྒྱལ་གྱི་མདུན་དུ་འགྲོ་ཞིང་རི་བྲགས་གང་ཡང་རུང་བ་ལོག་པར་གྱུར་ན་དེ་དག་དེར་སོང་ནས་གཡུལ་འགྱེད་པར་བྱེད་དོ། །དེ་
དག་དེར་སོང་བ་ན་ཆུང་མ་རྣམས་གཡོན་ཅན་དང་། འཕྱོན་མ་དང་། ཟོལ་པ་རྣམས་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་ནས་དེ་དག་གིས་འདི་སྙམ་དུ་བདག་ཅག་གིས་ནི་རི་བྲགས་པ་ལོག་པའི་རྣམས་འདུལ་བར་བྱེད་ན་རང་གི་
ཆུང་མ་དག་གདུལ་བར་མི་ནུས་སམ་ཁྲིམས་བཅའ་གོར་མ་ཆག་སྙམ་དུ་བསམས་ནས། བདག་ཅག་གི་ཆུང་མ་གང་ཞིག་སྐྱེས་པ་གཞན་དང་ལྷན་ཅིག་མི་རིགས་པ་བྱེད་པར་གྱུར་པ་དེའི་མགོ་སྐེར་བཅད་ནས་དོར་བར་བྱའོ། །དེ་དག་ཁ་ཅིག་གིས་སྨྲས་པ། ཁྲིམས་འདི་

ཧ་ཅང་བརླང་ཆེས་ཀྱིས་རྒྱལ་པོ་ལ་བདག་ཅག་གིས་ཞུ་བར་བྱའོ། །དེ་ནས་དམག་དཔོན་དཔོག་བྱེད་དམག་གི་ཚོགས་དང་ལྷན་ཅིག་རྒྱལ་པོ་གསལ་རྒྱལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་སྐབས་དེ་དག་རྒྱས་པར་རྒྱལ་པོ་ལ་བསྙད་པ་དང་། རྒྱལ་པོས་ཀྱང་
མ་ཉེས་སོ་ཞེས་བྱས་སོ། །དེ་ནས་དམག་དཔོན་དཔོག་བྱེད་ཀྱི་བུ་མོ་སྡེ་ཅན་མ་ཞེས་བྱ་བ་དེས་ཁྲིམས་དང་འགལ་བར་བྱས་པ་ན་བུད་མེད་ཕལ་དག་གིས་འདི་སྐད་ཅེས་གལ་ཏེ་འདི་ཆད་པས་མ་བཅད་པར་གྱུར་ན་བདག་ཅག་གིས་ཀྱང་ཁྲིམས་དྲལ་བར་བྱའོ་ཞེས་སྨྲས་པ་དམག་
མི་རྣམས་ཀྱིས་ཐོས་ནས་དེ་དག་གིས་དཔོག་བྱེད་ལ་སྨྲས་སོ། །དམག་དཔོན་དཔོག་བྱེད་ཀྱིས་འདི་སྙམ་དུ་བདག་གིས་ཁྲིམས་བཅས་ལ་བདག་གིས་དྲལ་དུ་ག་ལ་རུང་སྙམ་དུ་བསམས་ནས་དམག་དཔོན་དཔོག་བྱེད་ཀྱིས་སྡེ་ཅན་མ་ཡོངས་སུ་བཏང་ནས་དམག་མི་རྣམས་ལ་སོད་ཅིག་
ཅེས་བསྒོའོ། །དེ་ནས་སྡེ་ཅན་མས་ཐོས་ནས་རིངས་པ་རིངས་པར་སོང་སྟེ་དམག་མི་རྣམས་ཀྱི་རྐང་པ་ལ་གཏུགས་ནས་བཟོད་པ་གསོལ་ལོ། །དེ་དག་གིས་སྨྲས་པ། ཁོ་བོ་ཅག་གིས་འདི་ལྟ་བུའི་མི་རིགས་པ་བྱེད་པ་ལ་བཟོད་པར་མི་ནུས་མོད་ཀྱི། འོན་ཀྱང་དམག་
མི་ལ་བལྟས་པ་དོན་མེད་པར་མི་འགྱུར་བར་བྱ་བའི་ཕྱིར་དེའི་ལན་ཞག་བདུན་ན་སྦྱིན་པར་བྱའོ། །དེས་ཀྱང་ཞག་བདུན་ན་ལན་ཐོབ་ནས་ངུ་ཞིང་སྦྱིན་པ་ནི་སྦྱིན། བསོད་ནམས་ནི་བྱེད་པ་ན་དགེ་སློང་མ་ཕྱར་མོས་སྡེ་ཅན་མ་ལ་ཅི་སྟེ་ངུ་ཞེས་དྲིས་སོ། །དེས་འདི་སྐད་
ཅེས་སྨྲས་སོ། །ཁོ་མོ་ཕས་ཡོངས་སུ་བཏང་ངོ་། །ཁོ་མོ་མས་ཡོངས་སུ་བཏང་ངོ་། །ཁོ་མོ་ཁྱོས་ཡོངས་སུ་བཏང་སྟེ་ཁོ་མོ་ནི་ཉི་མ་བདུན་ན་མེད་དོ། །དེས་འདི་སྐད་ཅེས་རེ་ཞིག་རབ་ཏུ་འབྱུང་བར་མི་འདོད་དམ་ཞེས་སྨྲས་པ་དང་། དེ་དེ་ལས་རབ་ཏུ་བྱུང་སྟེ་དེས་དེ་དབྱར་
ཁང་དུ་ཁྲིད་དེ་སོང་ངོ་། །དེ་ཡང་དམག་མི་རྣམས་ཀྱིས་ཐོས་ནས་དེ་དག་གིས་འདི་སྐད་ཅེས་གལ་ཏེ་བ་གླང་གི་རྭ་ཕྲག་ཏུ་ཞུགས་ཀྱང་དེ་ནི་གསོན་པོར་མི་བྱའོ་ཞེས་སྨྲས་སོ། །དེ་ཡང་སྡེ་ཅན་མས་ཐོས་ནས་སྐྲག་སྟེ་བཅུ་གཉིས་སྡེ་ལ་སྐྱབས་སུ་སོང་བ་དང་། དེ་དག་གིས་འདི་སྐད་

ཅེས་ཕུ་ནུ་མོ་གལ་ཏེ་བུ་ཟན་མའི་བུ་རྣམས་འོངས་ན་ལྷུང་བཟེད་ནག་པོས་སོ་གཅག་གིས་རྟོན་ཅིག་ཅེས་སྨྲས་སོ། །དེས་འདི་སྙམ་དུ་བཅུ་གཉིས་སྡེ་ཁ་བྱ་འདི་དག་གིས་ནི་ནོན་མི་ནུས་སོ་སྙམ་དུ་བསམས་ནས་དེ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་སྐྱབས་སུ་སོང་བ་དང་། དེས་
སྨྲས་པ། འདི་ལྟར་ཕས་ཡོངས་སུ་བཏང་བ། མས་ཡོངས་སུ་བཏང་བ། དམག་མིས་ཡོངས་སུ་བཏང་བ། རྒྱལ་པོས་ཡོངས་སུ་བསྒོ་བ། ཁྱིམ་ཐབ་ཀྱིས་སྤངས་པ་ཁྱོད་སུས་རབ་ཏུ་ཕྱུང་ཞེས་བྱ་བ་ནས་བཙུན་མོ་ཕྲེང་ལྡན་མ་ལ་སྐྱབས་སུ་སོང་བའི་བར་དུའོ། །དེ་
ནས་བཙུན་མོ་ཕྲེང་ལྡན་མས་དཔོག་བྱེད་ཀྱི་བུ་མོ་སྡེ་ཅན་མའི་ཕྱིར་རྒྱལ་པོ་ལ་གསོལ་བ་བཏབ་པ་དང་། རྒྱལ་པོས་ཀྱང་ཁས་བླངས་སོ། །དེ་ནས་རྒྱལ་པོ་དམག་མི་ག་ལ་བ་དེར་སོང་སྟེ་ཕྱིན་ནས་འདི་སྐད་ཅེས་སྨྲས་སོ། །དཔོག་བྱེད་ཀྱི་བུ་མོ་སྡེ་ཅན་མ་འདི་ནི་སངས་རྒྱས་ལ་
སྐྱབས་སུ་སོང་བ། ཆོས་ལ་སྐྱབས་སུ་སོང་བ། དགེ་འདུན་ལ་སྐྱབས་སུ་སོང་བ། ང་ལ་སྐྱབས་སུ་འོངས་པ། ཁྱེད་ཅག་ལ་སྐྱབས་སུ་སོང་བ་ཡིན་གྱིས་མ་གསོད་ཅིག་དེ་དག་གིས་སྨྲས་པ། ལྷ་ཅི་ཁྲིམས་དྲལ་བར་བགྱིའམ། དེས་འདི་སྐད་ཅེས་ག་ལ་དྲལ་གྱི་
སྟེང་དུ་ལེགས་པར་རབ་ཏུ་བསྲུང་མོད་ཀྱིས་འོན་ཀྱང་འདིའི་ཕྱིར་མཆོག་ཞིག་སྦྱིན་པར་བྱའོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ། །དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་
འདི་དང་། གླེང་གཞི་འདི་དང་། དངོས་པོ་འདི་དང་། སྐབས་འདི་ལ་ཞེས་བྱ་བ་ནས་བསླབ་པ་བཅས་པའི་བར་དུའོ། །ཡང་དགེ་སློང་མ་གང་བུད་མེད་གང་ཞིག་རྒྱལ་པོས་བསྒོ་བ། ཁྱིམ་ཐབ་ཀྱིས་སྤངས་པ། ཕ་མས་ཡོངས་སུ་བཏང་བ། དམག་མི་རྣམས་ལ་
སོད་ཅིག་ཅེས་བསྒོ་བར་ཤེས་བཞིན་དུ་འཁོར་དུ་འཇོག་པར་བྱེད་ན་ཆོས་འདི་ཡང་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ། ངེས་པར་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མར་འགྱུར་རོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་འཕྱར་མོའོ། །བུད་མེད་གང་ཞིག་ཅེས་བྱ་བ་ནི་

སྡེ་ཅན་མའོ། །རྒྱལ་པོས་བསྒོ་བ་ཞེས་བྱ་བ་ནི་གསལ་རྒྱལ་གྱིས་རང་གིས་རུང་བར་བྱས་པའོ། །ཁྱིམ་ཐབ་ཀྱིས་སྤངས་པ་ཞེས་བྱ་བ་ནི་ཁྱོས་སོ། །ཕ་མས་ཡོངས་སུ་བཏང་བ་ཞེས་བྱ་བ་ནི་དཔོག་བྱེད་དང་དཔོག་བྱེད་ཀྱི་ཆུང་མས་སོ། །དམག་མི་རྣམས་
ལ་སོད་ཅིག་ཅེས་བསྒོ་བ་ཞེས་བྱ་བ་ནི་མཐུ་སྟོབས་རྡུལ་དུ་རློག་པ་དང་། རིགས་བཟང་པོ་ལའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་དེ་བདག་ཉིད་ཀྱིས་སམ། གཞན་གྱིས་སྨྲས་པ་ནས་སོ། །འཁོར་དུ་འཇོག་ན་ཞེས་བྱ་བ་ནི་ཆོས་འདུལ་བ་འདི་ལ་གསོལ་བ་དང་བཞིའི་ལས་ཀྱིས་
རབ་ཏུ་འབྱིན་ཅིང་བསྙེན་པར་རྫོགས་པར་བྱེད་ནའོ། །གཞན་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་རྣམ་པ་འདི་ལྟ་བུའི་བུད་མེད་རབ་ཏུ་འབྱིན་པར་བྱེད་ན་ཇི་ལྟར་ཡང་རུང་སྟེ་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མའི་རྣམ་པར་
འབྱེད་པ་ལས་དགེ་འདུན་ལྷག་མ་བཅུ་པ་རྫོགས་སྷོ།། །།སྡོམ་ལ། གང་གི་ཚེ་ན་ཆགས་རྒྱ་དང་། །བཟོད་པ་གསོལ་དུ་འཇུག་བྱེད་དང་། །སངས་རྒྱས་ཆོས་དང་དགེ་འདུན་གཏོང་། །འདུན་དང་ཞེ་སྡང་འཇིགས་སྨྲ་དང་། །གཉིས་པོ་ལྷན་ཅིག་གནས་བྱེད་
དང་། །དེ་ཡི་རྗེས་སུ་ཕྱོགས་པ་དང་། །དགེ་འདུན་དབྱེན་དང་རྗེས་ཕྱོགས་དང་། །ཁྱིམ་སུན་བཀའ་བློ་མི་བདེ་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་
མཉན་ཡོད་ན་ཁྱིམ་བདག་ཅིག་ནད་ཀྱིས་ཐེབས་ནས་དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་དང་། ཕོངས་པ་རྣམས་ལ་སྦྱིན་པ་ནི་སྦྱིན། བསོད་ནམས་ནི་བྱེད་པ་དེ་སྦོམ་དགའ་མོས་ཐོས་སོ། །དེ་ནས་སྦོམ་དགའ་མོ་ཁྱིམ་བདག་ག་ལ་བ་དེར་སོང་སྟེ་ཕྱིན་
ནས་ཁྱིམ་བདག་དེ་ལ་ཆོས་བཤད་པ་བྱས་སོ། །ཆོས་བཤད་པ་བྱས་ནས་ཀྱང་ཁྱིམ་བདག་དེ་ལ་འདི་སྐད་ཅེས་སྨྲས་སོ། །བཞིན་བཟངས་བུད་མེད་ནི་རྙེད་པ་ཆུང་བ་ཡིན་གྱིས་བདག་ལ་ཡང་ཅུང་ཟད་ཅིག་བྱིན་ཅིག །དེས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་ཁྱོད་ཅིའི་

སླད་དུ་ཆེས་སྔར་མ་བྱོན། བདག་འགུམ་པར་འགྱུར་བ་འདྲ་ནས་བདག་གིས་ཐམས་ཅད་འཇིག་རྟེན་ཕ་རོལ་དུ་བསྐྱས་ལགས་སོ། །དེས་འདི་སྐད་ཅེས་སྨྲས་སོ། །མཚར་བྱས་ཏེ་ཅང་མི་ཉེས་པར་ལོ་བརྒྱར་འཚོ་བར་འགྱུར་རོ། །དེས་འདི་སྐད་ཅེས་སྨྲས་སོ། །འཕགས་
མ་ཆགས་རྒྱ་བཞེད་དམ། དེས་འདི་སྐད་ཅེས་སྨྲས་སོ། །བཞིན་བཟངས་གལ་ཏེ་བྱིན་པར་གྱུར་ནའོ། །དེ་ནས་དེས་དེ་ལ་བྱིན་ནོ། །དེས་ཆགས་རྒྱ་བླངས་ནས་ཁྱིམ་བདག་གཞན་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཁྱིམ་བདག་དེ་ལ་འདི་སྐད་ཅེས་སྨྲས་སོ། །བཞིན་བཟངས་འདི་
ཅུང་ཞིག་ལྷོགས། དེས་བཀླགས་སོ། །བཀླགས་ནས་ཀྱང་འདི་སྐད་ཅེས་འདི་འཕགས་མ་ཁྱོད་མངའ་འམ། དེས་སྨྲས་པ། བདག་དབང་ངོ་། །བདག་གིས་དབུལ་བར་བགྱིའོ། །དེ་ནས་སྦོམ་དགའ་མོས་ཁྱིམ་བདག་དེ་བཟུང་ནས་གལ་ཏེ་ཁྱོད་ཀྱིས་འདི་ང་ལ་མ་བྱིན་
པར་འགྲོ་ན་རྒྱལ་པོའི་ཕོ་བྲང་དུ་དབུལ་ལོ་ཞེས་བྱས་པ་དང་། དེ་ཡང་དེར་འདུག་གོ། །དེའི་གྲོགས་པོ་ཞིག་འོངས་ནས་དེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །འདི་ན་ཅི་བྱེད། དེས་སྨྲས་པ། ཁོ་བོ་བུ་ལོན་དེད་པས་བཟུང་ངོ་། །བུ་ལོན་དེད་པ་སུ་ཡིན། དེས་འདི་སྐད་ཅེས་
སྨྲས་སོ། །དགེ་སློང་མའོ། །དེས་སྨྲས་པ། ཁྱོད་ཀྱིས་འཇིག་རྟེན་ན་གཞན་ལས་ཅི་ཡང་མི་རྙེད་དམ་ཅི་ན་དགེ་སློང་མ་ལས་ལེན། དེ་ནས་བྲམ་ཟེ་དང་ཁྱིམ་བདག་རྣམས་གང་གི་ཕྱིར་ཆགས་རྒྱ་ཡང་ལེན་པར་བྱེད་པས་ཤཱཀྱའི་བུའི་དགེ་སྦྱོང་མ་རྣམས་ཀྱི་དགེ་སྦྱོང་གི་
ཚུལ་ནི་ཚིག་པའོ། །ཞེས་འཕྱ་བར་བྱེད། སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ། །དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་
བྱ་བ་ནས་བསླབ་པ་བཅས་པའི་བར་དུའོ། །ཡང་དགེ་སློང་མ་གང་ཆགས་རྒྱ་ལེན་པར་བྱེད་ན་ཆོས་འདི་ཡང་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ་ངེས་པར་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མར་འགྱུར་རོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཆགས་རྒྱ་

ཞེས་བྱ་བ་ནི་བུ་ལོན་བདའ་བའི་དཔང་རྒྱའོ། །ལེན་པར་བྱེད་ན་ཞེས་བྱ་བ་ནི་ལེན་ནའོ། །ཆོས་འདི་ཡང་ཞེས་བྱ་བ་འདི་ནི་ཆོས་མ་ཡིན་པ་ལ་ཆོས་ཀྱི་སྒྲར་བསྟན་པའོ། །གཞན་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་
མ་ཆགས་རྒྱ་ལེན་པར་བྱེད་ན་ཇི་ལྟར་ཡང་རུང་སྟེ་དགེ་འདུན་ལྷག་མར་འགྱུར་རོ། །ཚེགས་ཆུང་ངུས་ཁུགས་པ་དང་། ལས་དང་པོ་པ་ལ་སོགས་པ་ལ་ལྟུང་བ་མེད་དོ། །དགེ་སློང་མའི་རྣམ་པར་འབྱེད་པ་ལས་དགེ་འདུན་ལྷག་མ་བཅུ་གཅིག་པ་རྫོགས་སྷོ།། །།གླེང་
གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་མཉན་ཡོད་ན་དགེ་སློང་མ་འདུན་མ་ཞེས་བྱ་བ་འཐབ་མོ་བྱེད་པ། འགྱེད་པར་བྱེད་པ། འཐབ་ཀྲོལ་བྱེད་པ། རྩོད་པར་བྱེད་པ། དེའི་བུ་མོ་འདུན་མ་མོ་ཞེས་བྱ་བ་དེ་ཐོས་སོ་ཅོག་དེ་ཐམས་ཅད་མ་ལ་ཟློས་པར་བྱེད་དོ། །དེའི་
རྒྱུས་དགེ་སློང་མའི་དགེ་འདུན་རྣམས་འཚང་ཀར་ལྷགས་ཏེ་འཐབ་པ་དང་རྩོད་པར་བྱེད་དོ། །དེ་ནས་དགེ་སློང་མའི་དགེ་འདུན་གྱིས་རྩད་ཆོད་ནས་འདུན་མ་བསོད་སྙོམས་ལ་སོང་བའི་འོག་ཏུ་དགེ་སློང་མའི་དགེ་འདུན་གྱིས་དགེ་སློང་མ་འདུན་མ་མོ་མ་མཐོང་བའི་ཕྱིར་གནས་ནས་
དབྱུང་བའི་ལས་བྱས་སོ། །དེ་ནས་འདུན་མ་མོ་ངུ་ཞིང་མ་ལ་དགེ་འདུན་མས་བདག་ལ་མ་མཐོང་བའི་ཕྱིར་གནས་ནས་དབྱུང་བའི་ལས་བྱས་སོ་ཞེས་སྨྲས་པ་དང་། དེས་འདི་སྐད་ཅེས་ཁམས་གསུམ་ནས་བསྐྲད་པའི་ལས་ཀྱང་བྱེད་ལ་རག་གོ་ཞེས་སྨྲས་ནས། དེ་ཡང་
དཀྱིལ་འཁོར་གྱི་མཚམས་ཀྱི་ཕྱི་རོལ་དུ་སོང་སྟེ་བཟོད་པ་གསོལ་དུ་བཅུག་ནས་དེ་དང་ལྷན་ཅིག་གནས་པར་བྱེད། ལྷན་ཅིག་ཟ་བར་བྱེད། ལྷན་ཅིག་ཁྱིམ་ན་ཉལ་བར་བྱེད་པ་དང་། དགེ་སློང་མ་དེ་དག་གིས་འདུན་མ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཅི་བསྐྲད་པ་དང་
ལྷན་ཅིག་གནས་པར་བྱེད་དམ། ཟ་བར་བྱེད་དམ། ཁྱིམ་ན་ལྷན་ཅིག་གནས་པར་བྱེད་དམ། དེས་འདི་སྐད་ཅེས་སྨྲས་སོ། །ཅི་བསྐྲད་ཅེས་ཏེ་ཕྱོགས་དང་ཡུལ་དུ་འདུག་ཏུ་མི་རུང་ངམ། དགེ་སློང་མ་དེ་དག་གིས་སྨྲས་པ། དགེ་སློང་མའི་དགེ་འདུན་མ་ལ་བཟོད་པ་

གསོལ་ཅིག །དེས་འདི་སྐད་ཅེས་སྨྲས་སོ། །འདི་ངས་ཕྱུང་ངོ་། །དགེ་སློང་མ་དག་གིས་གང་དུ་ཇི་ལྟར་ཕྱུང་། དེས་སྨྲས་པ། མཚམས་ཀྱི་ཕྱི་རོལ་དུའོ། །དགེ་སློང་མ་དག་གིས་མཚམས་ཀྱི་ཕྱི་རོལ་དུ་དེ་ལྟར་དབྱུང་དུ་རུང་ངམ། དེས་སྨྲས་པ། རུང་ཡང་བླ་མི་
རུང་ཡང་བླ་སྟེ་ངས་ཕྱུང་ངོ་ཞེས་སྨྲས་པ་དང་། བཟོད་པ་ནི་ལེགས་ཀྱིས་གསོལ་བར་བྱ་སྟེ། འོན་ཀྱང་ཁྱེད་ཅག་ནི་འདུན་པས་བྱེད་དོ། །ཞེ་སྡང་དང་གཏི་མུག་གིས་བྱེད་དོ་ཞེས་བྱ་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ། །དགེ་སློང་དག་གིས་
ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཅག་གིས་དགེ་སློང་མ་འདུན་མའམ། གཞན་ཡང་དེ་ལྟ་བུ་དང་མཐུན་པ་གང་ཡང་རུང་བ་དག་ལ་བཞམས་ཏེ་བསྒོ་བར་བྱའོ། །དགེ་སློང་མ་རྣམས་ཀྱིས་དགེ་སློང་མ་
དེ་ལ་བཞམས་ཏེ་བསྒོའོ། །དེ་ལ་བཞམས་ཏེ་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་ནི་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ། །
དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་རྣམས་ཀྱིས་དགེ་སློང་མ་འདུན་མ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །བསྒོ་བ་ཡང་འདི་ལྟར་བྱ་སྟེ། གནས་མལ་བཤམས་པ་
བྱས་ཏེ་ཞེས་བྱ་བ་ནས་དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །ལས་ཀྱང་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་འདུན་མ་འདི་དགེ་སློང་མའི་དགེ་འདུན་མ་རྣམས་ཀྱིས་དགེ་སློང་མ་གང་ཞིག་མ་
མཐོང་བའི་ཕྱིར་གནས་ནས་དབྱུང་བའི་ལས་བགྱིས་པར་འཚལ་བཞིན་དུ་གནས་ནས་དབྱུང་བའི་ལས་བགྱིས་པ་དེ་དང་ལྷན་ཅིག་གནས་པར་བགྱིད། ལྷན་ཅིག་ཟ་བར་བགྱིད། ལྷན་ཅིག་ཁྱིམ་ན་ཉལ་བར་བགྱིད་ནས་དགེ་སློང་མ་རྣམས་ཀྱིས་དེ་ལ་བཞམས་ཏེ་

བསྒོ་ལ་དེ་ལ་བཞམས་ཏེ་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ནི་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ཀྱིས་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་
མཛོད་ཅིག་དང་། དགེ་སློང་མ་འདུན་མ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་འདུན་མ་འདི་དགེ་སློང་མའི་
དགེ་འདུན་མ་རྣམས་ཀྱིས་དགེ་སློང་མ་གང་ཞིག་མ་མཐོང་བའི་ཕྱིར་གནས་ནས་དབྱུང་བའི་ལས་བྱས་པར་ཤེས་བཞིན་དུ་གནས་ནས་དབྱུང་བའི་ལས་བྱས་པ་དེ་དང་ལྷན་ཅིག་གནས་པར་བྱེད། ལྷན་ཅིག་ཟ་བར་བྱེད། ལྷན་ཅིག་ཁྱིམ་ན་ཉལ་བར་བྱེད་ནས་དགེ་
སློང་མ་རྣམས་ཀྱིས་དེ་ལ་བཞམས་ཏེ་བསྒོ་ལ་བཞམས་ཏེ་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ནི་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་པའི་སླད་དུ་འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་
འདུན་མ་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་མཛད་པ་ལ་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། གཉིས་པ་དང་གསུམ་པ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱ་སྟེ།
དགེ་འདུན་གྱིས་བཟོད་ཅིང་གནང་ནས་འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་འཛིན་ཅིང་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། སྐབས་དེ་དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་
ནས་བསླབ་པ་བཅས་པའི་བར་དུའོ། །ཡང་དགེ་སློང་མ་གང་དགེ་སློང་མའི་དགེ་འདུན་མཐུན་པས་དགེ་སློང་མ་གང་ཞིག་གནས་ནས་དབྱུང་བའི་ལས་བྱས་པར་ཤེས་བཞིན་དུ་དེ་གཅིག་པོ་མཚམས་ཀྱི་ཕྱི་རོལ་དུ་སོང་སྟེ་བཟོད་པ་གསོལ་དུ་འཇུག་པར་བྱེད་ན། ཆོས་འདི་

ཡང་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ། ངེས་པར་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མར་འགྱུར་རོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་འདུན་མའོ། །དགེ་སློང་མའི་དགེ་འདུན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན་ནོ། །
དགེ་སློང་མ་གང་ཞིག་ཅེས་བྱ་བ་ནི་འདུན་མ་མོའོ། །གནས་ནས་དབྱུང་བའི་ལས་བྱས་པ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་སོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ། དེ་ལ་གཞན་གྱིས་སྨྲས་པར་གྱུར་ནས་སོ། །དེ་གཅིག་པོ་ཞེས་བྱ་བ་
ནི་དེ་འབའ་ཞིག་གོ། །མཚམས་ཀྱི་ཕྱི་རོལ་དུ་སོང་སྟེ་ཞེས་བྱ་བ་ནི་མཚམས་ཀྱི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་སོང་སྟེའོ། །བཟོད་པ་གསོལ་དུ་འཇུག་པར་བྱེད་ན་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་སོ། །གཞན་ནི་སྔ་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་
འགྱུར་ཞེ་ན། དགེ་སློང་མས་དགེ་སློང་མ་གང་ཞིག་གནས་ནས་དབྱུང་བའི་ལས་བྱས་པར་ཤེས་བཞིན་དུ་ཞེས་བྱ་བ་ནས་མཚམས་ཀྱི་ཕྱི་རོལ་དུ་སོང་སྟེ་བཟོད་པ་གསོལ་དུ་བཅུག་ནས་དེ་དང་ལྷན་ཅིག་འདུག་པར་བྱེད། ལྷན་ཅིག་ཟ་བར་བྱེད། ལྷན་ཅིག་ཁྱིམ་ན་ཉལ་
བར་བྱེད་ན། ཇི་ལྟར་ཡང་རུང་སྟེ་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །བཞམས་ཏེ་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་བ་དེ་ལྟ་ན་ལེགས། ཇི་སྟེ་གཏོང་བར་མི་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་དང་པོའི་ཚིག་བརྗོད་པ་མ་རྫོགས་པར་གལ་ཏེ་གཏོང་བ་དེ་ལྟ་ན་
ལེགས། ཇི་སྟེ་གཏོང་བར་མི་བྱེད་ལ་ཚིག་རྫོགས་པར་གྱུར་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་གཉིས་པའི་ཚིག་བརྗོད་པ་མ་རྫོགས་པར་གལ་ཏེ་གཏོང་བ་དེ་ལྟ་ན་ལེགས། ཇི་སྟེ་གཏོང་བར་མི་བྱེད་ལ་ཚིག་རྫོགས་པར་གྱུར་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་
གསུམ་པའི་ཚིག་བརྗོད་པ་ཡང་མ་རྫོགས་ལ་མཐུན་པས་ཆོས་མ་ཡིན་པར་བྱས་པ་དང་། མི་མཐུན་པས་ཆོས་མ་ཡིན་པར་བྱས་པ་དང་། མི་མཐུན་པས་ཆོས་བཞིན་དུ་བྱས་པ་དང་། ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པས་བསྟན་པ་ཇི་ལྟ་བ་

བཞིན་དུ་མ་བྱས་ན་ལྟུང་བ་མེད་དོ། །ལས་གསུམ་པའི་ཚིག་བརྗོད་པ་ཡང་རྫོགས་ལ་ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པས་བསྟན་པ་ཇི་ལྟ་བ་དེ་བཞིན་དུ་བྱས་ཀྱང་གཞི་དེ་གཏོང་བར་མི་བྱེད་ན་དགེ་འདུན་ལྷག་མར་འགྱུར་
རོ། །དགེ་སློང་མ་དེས་སྟན་དེ་ཉིད་དུ་འདུག་བཞིན་དུ་འདི་སྐད་ཅེས་འཕགས་མ་དག་བདག་ལ་དགེ་འདུན་ལྷག་མ་བྱུང་ངོ་ཞེས་བྱ་བའི་ཚིག་སྨྲ་བར་བྱེད་པ་དེ་ལྟ་ན་ལེགས། ཇི་སྟེ་སྨྲ་བར་མི་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དེས་ལྟུང་བ་མ་མཐོལ་ཞིང་མ་བཤགས་
བཞིན་དུ་དེའི་འོག་ཏུ་གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་ཉམས་སུ་མྱོང་བར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །ལས་དང་པོ་པ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་མའི་རྣམ་པར་འབྱེད་པ་ལས་དགེ་
འདུན་ལྷག་མ་བཅུ་གཉིས་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་ན་མཉན་ཡོད་ན་སྔོན་གཞན་མུ་སྟེགས་ཅན་དུ་གྱུར་པ་དགེ་སློང་མ་ནག་མོ་ཞེས་བྱ་བ་དེ་དགེ་སློང་མ་རྣམས་དང་འཐབ་པ་ན་ཁྲོས་ནས་འདི་སྐད་ཅེས། རེ་ཞིག་ཤཱཀྱའི་བུའི་དགེ་
སྦྱོང་འདི་དག་འབའ་ཞིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་མ་ཡིན་གྱི་དགེ་སྦྱོང་གཞན་ཡང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་ཡོད་པས་དེ་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས་སངས་རྒྱས་གཏོང་ངོ་། །ཆོས་དང་དགེ་འདུན་
གཏོང་ངོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ། །དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཅག་གིས་དགེ་སློང་མ་ནག་མོའམ། གཞན་
ཡང་དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་དག་ལ་བཞམས་ཏེ་བསྒོ་བར་བྱའོ། །བསྒོ་བ་ཡང་འདི་ལྟར་བྱ་སྟེ། ནག་མོ་ཁྱོད་འཐབ་པ་ན་ཁྲོས་ནས་འདི་སྐད་ཅེས་རེ་ཞིག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་འབའ་ཞིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་མ་ཡིན་

གྱི་དགེ་སྦྱོང་གཞན་ཡང་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་ཡོད་པས་དེ་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས་སངས་རྒྱས་གཏོང་ངོ་། །ཆོས་དང་དགེ་འདུན་གཏོང་ངོ་ཞེས་མ་ཟེར་ཅིག །ནག་མོ་ཁྱོད་ཀྱིས་སྡིག་པ་ཅན་གྱི་ལྟ་བར་གྱུར་
པའི་རྣམ་པ་འདི་ལྟ་བུ་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་མ་རྣམས་ཀྱིས་དེ་ལ་བཞམས་ཏེ་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་ནི་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་
དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ། །དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་རྣམས་ཀྱིས་དགེ་སློང་མ་ནག་མོ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །
བསྒོ་བ་ཡང་འདི་ལྟར་བྱ་སྟེ། གནས་མལ་བཤམས་པ་བྱ་སྟེ་ཞེས་བྱ་བ་ནས་དགེ་སློང་མ་གཅིག་གིས་གསོལ་བ་བྱ་སྟེ་ལས་བྱའོ། །ལས་ཀྱང་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་ནག་མོ་འདི་དགེ་
སློང་མ་རྣམས་དང་ལྷན་ཅིག་འཐབ་ནས་ཁྲོས་པ་ན་འདི་སྐད་ཅེས་རེ་ཞིག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་འབའ་ཞིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་མ་ཡིན་གྱི། དགེ་སྦྱོང་གཞན་ཡང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་ཡོད་པས་དེ་དག་གི་
དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས་སངས་རྒྱས་གཏོང་ངོ་། །ཆོས་དང་དགེ་འདུན་གཏོང་ངོ་ཞེས་མཆི་བ་དེ་ལ་དགེ་སློང་མ་མང་པོ་རྣམས་ཀྱིས་བཞམས་ཏེ་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ནི་བདེན་གྱི་གཞན་ནི་བརྫུན་པའོ་
ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་པའི་སླད་དུ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མ་ནག་མོ་དགེ་སློང་མ་རྣམས་དང་འཐབ་མོ་བགྱིད་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་

གསོལ་བའོ། །ལས་ཀྱང་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་ནག་མོ་འདི་དགེ་སློང་མ་རྣམས་དང་ལྷན་ཅིག་འཐབ་པ་ན་ཁྲོས་ནས་འདི་སྐད་ཅེས་རེ་ཞིག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་འབའ་
ཞིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་མ་ཡིན་གྱི། དགེ་སྦྱོང་གཞན་ཡང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་ཡོད་པས་དེ་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས་སངས་རྒྱས་གཏོང་ངོ་། །ཆོས་དང་དགེ་འདུན་གཏོང་ངོ་། །
ཞེས་མཆི་བ་དེ་ལ་དགེ་སློང་མ་མང་པོ་རྣམས་ཀྱིས་བཞམས་ཏེ་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ནི་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་པའི་སླད་དུ་འཕགས་མའི་དགེ་འདུན་གྱིས་དགེ་སློང་
མ་ནག་མོ་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་མཛད་དོ། །དགེ་འདུན་གྱིས་དགེ་སློང་མ་ནག་མོ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་
བརྗོད་པ་དང་པོ་སྟེ། གཉིས་པ་དང་། གསུམ་པ་ཡང་དེ་བཞིན་དུ་དོན་འདི་ཉིད་བརྗོད་པར་བྱ་སྟེ། ཞེས་བྱ་བ་ནས་དགེ་འདུན་གྱིས་བཟོད་ཅིང་གནང་སྟེ་འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བའི་བར་དུའོ། །དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་
བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་འཛིན་ཅིང་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ། །དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་
བྱ་བ་ནས། བསླབ་པ་བཅས་པའི་བར་དུའོ། །ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་དང་ལྷན་ཅིག་འཐབ་པ་ན་ཁྲོས་ནས་འདི་སྐད་ཅེས་རེ་ཞིག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་འབའ་ཞིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་མ་ཡིན་གྱི་དགེ་སྦྱོང་གཞན་ཡང་

ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་ཡོད་པས་དེ་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས་སངས་རྒྱས་གཏོང་ངོ་། །ཆོས་དང་དགེ་འདུན་གཏོང་ངོ་ཞེས་ཟེར་བའི་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་དགེ་སློང་མ་ཁྱོད་དགེ་སློང་མ་
རྣམས་དང་ལྷན་ཅིག་འཐབ་པ་ན་ཁྲོས་ནས་འདི་སྐད་ཅེས་རེ་ཞིག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་འབའ་ཞིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་མ་ཡིན་གྱི་དགེ་སྦྱོང་གཞན་ཡང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་ཡོད་པས་དེ་དག་གི་དྲུང་དུ་
ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས་སངས་རྒྱས་གཏོང་ངོ་། །ཆོས་དང་དགེ་འདུན་གཏོང་ངོ་ཞེས་མ་ཟེར་ཅིག །དགེ་སློང་མ་ཁྱོད་ཀྱིས་སྡིག་པ་ཅན་གྱི་ལྟ་བར་གྱུར་པའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་མ་རྣམས་ཀྱིས་དགེ་སློང་མ་དེ་ལ་
བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་བ་དེ་ལྟ་ན་ལེགས། ཇི་སྟེ་གཏོང་བར་མི་བྱེད་ན་ལན་གཉིས་ལན་གསུམ་གྱི་བར་དུ་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས། དགེ་སློང་མ་ཁྱོད་དགེ་སློང་མ་རྣམས་དང་ལྷན་ཅིག་འཐབ་པ་ན་ཁྲོས་ནས་འདི་སྐད་ཅེས་
རེ་ཞིག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་འབའ་ཞིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་མ་ཡིན་གྱི་དགེ་སྦྱོང་གཞན་ཡང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་ཡོད་པས་དེ་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས་སངས་རྒྱས་གཏོང་ངོ་། །ཆོས་
དང་དགེ་འདུན་གཏོང་ངོ་ཞེས་མ་ཟེར་ཅིག །དགེ་སློང་མ་ཁྱོད་ཀྱིས་སྡིག་པ་ཅན་གྱི་ལྟ་བར་གྱུར་པའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་མ་རྣམས་ཀྱིས་དགེ་སློང་མ་དེ་ལ་ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་
པ་ན་གལ་ཏེ་གཞི་དེ་གཏོང་བ་དེ་ལྟ་ན་ལེགས། ཇི་སྟེ་གཏོང་བར་མི་བྱེད་ན་ཆོས་འདི་ཡང་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ་ངེས་པར་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མར་འགྱུར་རོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་ནག་མོའོ། །འཐབ་པ་ན་ཞེས་བྱ་བ་ནི་ཕྱོགས་

གཉིས་སུ་གྱུར་པ་ནའོ། །ཁྲོས་ནས་ཞེས་བྱ་བ་ནི་ཡིད་མི་བདེ་ནས་སོ། །འདི་སྐད་ཅེས་རེ་ཞིག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་འབའ་ཞིག་ཅེས་བྱ་བ་ནི་འདི་དག་ཁོ་ནའོ། །ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ནི་ཇི་སྐད་གསུངས་པའི་ཚུལ་ཁྲིམས་དང་
ལྡན་པའོ། །ཡོན་ཏན་དང་ལྡན་པ་ཞེས་བྱ་བ་ནི་ཐོས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །དགེ་སྦྱོང་གཞན་ཡང་ཞེས་བྱ་བ་ནི་འདི་ལས་ཕྱི་རོལ་དུ་གྱུར་པའོ། །དེ་དག་གི་དྲུང་དུ་ཞེས་བྱ་བ་ནི་དེ་དག་གི་ཐད་དུའོ། །ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས་ཞེས་
བྱ་བ་ནི་རབ་ཏུ་བྱུང་བར་ཟད་ཀྱིས་སོ། །སངས་རྒྱས་གཏོང་ངོ་ཞེས་བྱ་བ་ནི་རྐང་གཉིས་ཀྱི་མཆོག་གོ། །ཆོས་དང་དགེ་འདུན་གཏོང་ངོ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བའི་མཆོག་དང་། ཚོགས་རྣམས་ཀྱི་མཆོག་གོ། །ཟེར་བའི་དགེ་སློང་མ་དེ་ལ་ཞེས་བྱ་བ་ནི་
ནག་མོ་ལའོ། །དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །འདི་སྐད་ཅེས་བྱ་བ་ནི་བཞམས་ཏེ་བསྒོ་བ་སྔ་མ་ཇི་ལྟ་བ་བཞིན་དུ་བསྒོ་བར་བྱ་བའོ། །བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་བ་དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བའོ། །
ཇི་སྟེ་གཏོང་བར་མི་བྱེད་ན་ཞེས་བྱ་བ་ནི་སྡིག་པ་ཅན་གྱི་ལྟ་བར་གྱུར་པ་དེའོ། །ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ་ཡང་དག་པར་བསྟན་པ་ན་ཞེས་བྱ་བ་ནི་སྔར་གསོལ་བ་དང་བཞིའི་ལས་ཀྱིས་ཇི་སྐད་བསྒོ་བ་བཞིན་དུའོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་
ཞེ་ན། དགེ་སློང་མ་གང་འཐབ་པ་ན་ཁྲོས་ནས་འདི་སྐད་ཅེས་རེ་ཞིག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་འབའ་ཞིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་མ་ཡིན་གྱི། དགེ་སྦྱོང་གཞན་ཡང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་ཡོད་པས་དེ་
དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས་སངས་རྒྱས་གཏོང་ངོ་། །ཆོས་དང་དགེ་འདུན་གཏོང་ངོ་ཞེས་ཟེར་ན་ཇི་ལྟར་ཡང་རུང་སྟེ་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །བཞམས་ཏེ་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་བ་དེ་ལྟ་ན་ལེགས། ཇི་སྟེ་གཏོང་བར་

མི་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་དང་པོའི་ཚིག་བརྗོད་པ་མ་རྫོགས་པར་གལ་ཏེ་གཏོང་བ་དེ་ལྟ་ན་ལེགས། ཇི་སྟེ་གཏོང་བར་མི་བྱེད་ལ་ཚིག་རྫོགས་པར་གྱུར་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་གཉིས་པའི་ཚིག་བརྗོད་པ་མ་རྫོགས་པར་གལ་ཏེ་གཏོང་
བ་དེ་ལྟ་ན་ལེགས། ཇི་སྟེ་གཏོང་བར་མི་བྱེད་ལ་ཚིག་རྫོགས་པར་གྱུར་ན་ཉེས་པ་སྦོམ་པོར་འགྱུར་རོ། །ལས་གསུམ་པའི་ཚིག་བརྗོད་པ་ཡང་མ་རྫོགས་ལ་མཐུན་པས་ཆོས་མ་ཡིན་པར་བྱས་པ་དང་། མི་མཐུན་པས་ཆོས་མ་ཡིན་པར་བྱས་པ་དང་། མི་མཐུན་
པས་ཆོས་བཞིན་དུ་བྱས་པ་དང་། ཆོས་ཇི་ལྟ་བ་དང་འདུལ་བ་ཇི་ལྟ་བ་དང་། སྟོན་པས་བསྟན་པ་ཇི་ལྟ་བ་བཞིན་དུ་མ་བྱས་ན་ལྟུང་བ་མེད་དོ། །ལས་གསུམ་པའི་ཚིག་བརྗོད་པ་ཡང་རྫོགས་ལ་ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པས་བསྟན་
པ་ཇི་ལྟ་བ་དེ་བཞིན་དུ་བྱས་ཀྱང་གཞི་དེ་གཏོང་བར་མི་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མ་དེས་སྟན་དེ་ཉིད་ལ་འདུག་བཞིན་དུ་འདི་སྐད་ཅེས་འཕགས་མ་དག་བདག་ལ་དགེ་འདུན་ལྷག་མ་བྱུང་ངོ་ཞེས་བྱ་བའི་ཚིག་སྨྲ་བར་བྱེད་པ་དེ་ལྟ་ན་ལེགས། ཇི་སྟེ་སྨྲ་
བར་མི་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དེས་ལྟུང་བ་མ་མཐོལ་ཅིང་མ་བཤགས་བཞིན་དུ་དེ་ནས་མཇུག་ཐོགས་སུ་གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་ཉམས་སུ་མྱོང་བར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །
ལས་དང་པོ་པ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་མའི་རྣམ་པར་འབྱེད་པ་ལས་དགེ་འདུན་ལྷག་མ་བཅུ་གསུམ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་ན་སྦོམ་དགའ་མོ་དགེ་སློང་མ་ཞིག་དང་ལྷན་ཅིག་འཐབ་ཅིང་
གནས་རྩོད་པ་འཛིན་པར་བྱེད། འགྱེད་པར་གྱུར་ནས། དེ་ལ་དགེ་སློང་མ་རྣམས་ཀྱིས་ཕུ་ནུ་མོ་ཁྱོད་འཐབ་མོ་མ་བྱེད་ཅིག་ཅེས་བསྒོ་བ་ན་དེ་དེ་དག་ལ་ཁྲོས་ནས་འདི་སྐད་ཅེས། གང་གི་ཕྱིར་ཁྱེད་ཅག་ཁོ་མོ་ལ་སྒོ་བར་བྱེད་ལ་གཞན་ལ་ནི་མི་བྱེད་པས་དགེ་སློང་མ་

ཁྱེད་ཅག་ནི་འདུན་པས་འགྲོ་བའོ། །ཞེ་སྡང་གིས་འགྲོ་བའོ། །གཏི་མུག་གིས་འགྲོ་བའོ། །འཇིགས་པས་འགྲོ་བའོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ། །དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་
ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཅག་གིས་སྦོམ་དགའ་མོའམ་ཞེས་བྱ་བ་ནས། འཐབ་མོ་མ་བྱེད་ཅིག་ཅེས་བཞམས་ཏེ་བསྒོ་བར་བྱའོ། །དེ་ལ་བཞམས་ཏེ་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། གསོལ་
བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ་ཞེས་བྱ་བའི་བར་དུའོ། །དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། བསླབ་པ་བཅས་པའི་བར་དུའོ། །ཡང་དགེ་སློང་མ་གང་འཐབ་མོ་བྱེད་ཅིང་གནས་ལ་དགེ་སློང་མ་རྣམས་ཀྱིས་ཕུ་
ནུ་མོ་ཁྱོད་འཐབ་མོ་མ་བྱེད་ཅིག་ཅེས་སྨྲས་པ་ན་དེ་ཁྲོས་ནས་འདི་སྐད་ཅེས། གང་གི་ཕྱིར་འཐབ་མོ་བྱེད་པ་ཁ་ཅིག་ལ་ནི་སྨྲ་བར་བྱེད་ལ། གཞན་ལ་ནི་སྨྲ་བར་མི་བྱེད་པས་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བའོ། །ཞེ་སྡང་གིས་འགྲོ་བའོ། །གཏི་མུག་གིས་
འགྲོ་བའོ། །འཇིགས་པས་འགྲོ་བའོ་ཞེས་ཟེར་བའི་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས། གང་གི་ཕྱིར་འཐབ་མོ་བྱེད་པ་ཁ་ཅིག་ནི་སྨྲ་བར་བྱེད་ལ། གཞན་ལ་ནི་སྨྲ་བར་མི་བྱེད་པས་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བའོ། །ཞེ་སྡང་གིས་
འགྲོ་བའོ། །གཏི་མུག་གིས་འགྲོ་བའོ། །འཇིགས་པས་འགྲོ་བའོ་ཞེས་མ་ཟེར་ཅིག་དགེ་སློང་མ་འདི་དག་ནི་འདུན་པས་འགྲོ་བ་མ་ཡིན། ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་པས་ཁྱོད་ཀྱིས་དེ་སྐད་ཅེས་
འདུན་པས་འགྲོ་བའོ། །ཞེ་སྡང་གིས་འགྲོ་བའོ། །གཏི་མུག་གིས་འགྲོ་བའོ། །འཇིགས་པས་འགྲོ་བའོ་ཞེས་བྱ་བའི་ཚིག་གིས་ལམ་དེ་ལྟ་བུ་འདི་ཐོང་ཤིག་ཅེས་བརྗོད་པར་བྱའོ། །དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་ཅེས་བརྗོད་པ་ན། གལ་ཏེ་གཞི་དེ་

གཏོང་བ་དེ་ལྟ་ན་ལེགས། ཇི་སྟེ་གཏོང་བར་མི་བྱེད་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་
པ་ན། གལ་ཏེ་གཞི་དེ་གཏོང་བ་དེ་ལྟ་ན་ལེགས། ཇི་སྟེ་གཏོང་བར་མི་བྱེད་ན་ཆོས་འདི་ཡང་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ། ངེས་པར་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མར་འགྱུར་རོ། །དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །འཐབ་མོ་
བྱེད་ཅིང་གནས་ལ་ཞེས་བྱ་བ་ནི་ཕྱོགས་གཉིས་སུ་གྱུར་པ་ལའོ། །དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །ཕུ་ནུ་མོ་ཁྱོད་འཐབ་མོ་མ་བྱེད་ཅིག་ཅེས་བྱ་བ་ནི་ཕྱོགས་གཉིས་སུ་མ་བྱེད་ཅིག་ཅེས་སོ། །ཁྲོས་ནས་ཞེས་བྱ་བ་ནི་ཡིད་མི་བདེ་ནས་
སོ། །འདི་སྐད་ཅེས་གང་གི་ཕྱིར་འཐབ་མོ་བྱེད་པ་ཁ་ཅིག་ལ་ནི་སྨྲ་བར་བྱེད་ལ། ཁ་ཅིག་ལ་ནི་སྨྲ་བར་མི་བྱེད་པས་ཞེས་བྱ་བ་ནས་འཇིགས་པས་འགྲོ་བའོ་ཞེས་བྱ་བའི་བར་དུ་ཟེར་བའི་དགེ་སློང་མ་དེ་ལ་ཞེས་བྱ་བ་ནི་སྦོམ་དགའ་མོ་ལའོ། །དགེ་སློང་མ་རྣམས་ཀྱིས་ཞེས་
བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །འདི་སྐད་ཅེས་བྱ་བ་ནི་བཞམས་ཏེ་བསྒོ་བ་སྔ་མ་ཇི་ལྟ་བ་བཞིན་དུ་བསྒོ་བར་བྱ་བའོ། །བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་བ་དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བའོ། །ཇི་སྟེ་གཏོང་བར་མི་བྱེད་ན་ཞེས་བྱ་བ་ནི་འདུན་
པས་འགྲོ་བའོ་ཞེས་བྱ་བ་ལ་སོགས་པའི་ཚིག་དེའོ། །ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་ཞེས་བྱ་བ་ནི་སྔར་གསོལ་བ་དང་བཞིའི་ལས་ཀྱིས་ཇི་སྐད་བསྒོ་བ་བཞིན་དུ་བྱས་ནའོ། །གཞན་ནི་སྔ་མ་བཞིན་ནོ། །དེ་ལ་
ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཇི་ཙམ་དུ་དགེ་སློང་མས་དགེ་སློང་མ་རྣམས་ལ་འདི་སྐད་ཅེས། འདུན་པས་འགྲོའོ་ཞེས་སྨྲས་ན་ཉེས་བྱས་སུ་འགྱུར་རོ། །ཞེ་སྡང་གིས་འགྲོའོ་ཞེས་བྱས་ན་ཉེས་བྱས་སུ་འགྱུར་རོ། །གཏི་མུག་གིས་འགྲོའོ་ཞེས་བྱས་ན་ཉེས་བྱས་སུ་འགྱུར་རོ། །

འཇིགས་པས་འགྲོའོ་ཞེས་བྱས་ན་ཉེས་བྱས་སུ་འགྱུར་རོ། །གཞན་ནི་ལྷག་མ་བཅུ་གཉིས་པོ་སྔ་མ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །དགེ་སློང་མའི་རྣམ་པར་འབྱེད་པ་ལས་དགེ་འདུན་ལྷག་མ་བཅུ་བཞི་པ་རྫོགས་སྷོ།། །།གླེང་གཞི་
ནི་གཉན་ཡོད་ནའོ། །དེའི་ཚེ་ན་དགེ་སློང་མ་འཆི་ལྟས་དང་། ཉེ་བའི་འཆི་ལྟས་གཉིས་འདྲེ་བར་གནས་པར་བྱེད་དོ། །དེ་དག་འདྲེ་བས་གནས་པ་ན་དགོད་པ་དང་། རྩེ་བ་དང་། ལུས་ཀྱིས་རྩབ་ཧྲལ་བྱེད་དོ། །དེ་གཉིས་ཤིན་ཏུ་འདྲེ་བས་གནས་པར་བྱེད་པ་ན་
དོགས་པའི་གནས་སུ་གྱུར་ཏེ། དགེ་སློང་མ་རྣམས་དོགས་པ་སྐྱེས་ནས། དགེ་སློང་མ་རྣམས་ཀྱིས་དེ་གཉིས་ལ་ཕུ་ནུ་མོ་ཁྱེད་གཉིས་ཧ་ཅང་འདྲེ་བས་གནས་པར་མ་བྱེད་ཅིག་ཅེས་བསྒོ་བ་ན། དེ་གཉིས་དེ་ཁོ་ན་བཞིན་དུ་འདྲེ་བས་གནས་པར་བྱེད་པའི་སྐབས་དེ་དགེ་
སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ། །དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་འདྲེ་བས་གནས་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། ཁྱེད་འདྲེ་བས་གནས་པར་བྱེད་ན་
དགེ་བའི་ཆོས་རྣམས་མི་འཕེལ་ཞིང་འགྲིབ་པ་ཉིད་དུ་འགྱུར་བར་རིག་པར་བྱའོ། །དགེ་སློང་མ་ཁྱེད་མི་འདྲེ་བས་གནས་པར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། ཁྱེད་ཅག་རྣམས་མི་འདྲེ་བས་གནས་པར་བྱེད་ན་དགེ་བའི་ཆོས་རྣམས་མི་འགྲིབ་ཅིང་འཕེལ་བ་
ཉིད་དུ་འགྱུར་བར་རིག་པར་བྱའོ་ཞེས་བཀའ་སྩལ་པ་ན། དགེ་སློང་མ་རྣམས་ཀྱིས་དེ་གཉིས་ལ་འདྲེ་བར་མ་བྱེད་ཅིག་ཅེས་བསྒོ་བ་ན་ཡང་དེ་ཁོ་ན་བཞིན་དུ་འདྲེ་ཞིང་གནས་པར་གྱུར་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ། །དགེ་སློང་དག་
གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཅག་གིས་དགེ་སློང་མ་འཆི་ལྟས་དང་། ཉེ་བའི་འཆི་ལྟས་དང་། གཞན་ཡང་དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་དག་བཞམས་ཏེ་བསྒོ་བར་བྱའོ། །

བསྒོ་བ་ཡང་འདི་ལྟར་བྱ་སྟེ། དགེ་སློང་མ་རྣམས་ཀྱིས་དེ་གཉིས་ལ་ཁྱེད་ཅག་འདྲེ་བས་གནས་པར་མ་བྱེད་པར་མི་འདྲེ་བས་གནས་པར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། ཁྱེད་ཅག་མི་འདྲེ་བས་གནས་པར་བྱེད་ན་དགེ་བའི་ཆོས་རྣམས་མི་འགྲིབ་ཅིང་འཕེལ་བ་ཉིད་དུ་
རིག་པར་བྱའོ་ཞེས་བསྒོ་བར་བྱའོ། །དེ་གཉིས་ལ་བཞམས་ཏེ་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས་གཞན་ནི་རྨོངས་པའོ་ཞེས་ཟེར་བའི་བར་གྱི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ། །དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་
གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཅག་གིས་དགེ་སློང་མ་འཆི་ལྟས་དང་། ཉེ་བའི་འཆི་ལྟས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །བསྒོ་བ་ཡང་འདི་ལྟར་བྱ་སྟེ། གནས་མལ་བཤམས་པ་བྱ་སྟེ་ཞེས་པ་ནས་
དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །ལས་ཀྱང་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་འཆི་ལྟས་དང་། ཉེ་བའི་འཆི་ལྟས་འདི་ཧ་ཅང་འདྲེ་བས་གནས་པར་གྱུར་ཏེ། དེ་གཉིས་ལ་དགེ་
སློང་མ་མང་པོ་རྣམས་ཀྱིས་ཕུ་ནུ་མོ་ཁྱེད་གཉིས་ཧ་ཅང་འདྲེ་བས་གནས་པར་མ་བྱེད་པར་ཕུ་ནུ་མོ་ཁྱེད་གཉིས་ལྷན་ཅིག་གནས་པར་མ་བྱེད་ཅིག །ཕུ་ནུ་མོ་ཁྱེད་གཉིས་མི་འདྲེ་བས་གནས་པར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། ཁྱེད་གཉིས་མི་འདྲེ་བས་གནས་
པར་བྱེད་ན་དགེ་བའི་ཆོས་རྣམས་མི་འགྲིབ་ཅིང་འཕེལ་བ་ཉིད་དུ་འགྱུར་བའི་ཕྱིར་རོ་ཞེས་དགེ་སློང་མ་དེ་རྣམས་ཀྱིས་དེ་ལ་བཞམས་ཏེ་བསྒོ་བ་ན་གཞི་དེ་ཉིད་ནན་གྱིས་ཞེས་བྱ་བ་ནས་གཞན་ནི་བརྫུན་པའོ་ཞེས་བྱ་བའི་བར་གྱི་སླད་དུ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་
དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་དགེ་འདུན་གྱིས་དགེ་སློང་མ་འཆི་ལྟས་དང་། ཉེ་བའི་འཆི་ལྟས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་གང་ལགས་པ་དེ་མཛད་དོ། །འདི་ནི་གསོལ་བའོ།། །།དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ།

བམ་པོ་བཅུ་པ། ལས་ནི་འདི་ལྟར་བྱ་སྟེ། ལན་གསུམ་དུ་བརྗོད་པ་རྒྱས་པར་བྱའོ། །དེ་ལྟར་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས་འདི་ཁོ་ན་བདེན་གྱི་གཞན་ནི་
རྨོངས་པའོ་ཞེས་བྱ་བའི་བར་གྱི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་སྨྲས་སོ། །དགེ་སློང་དག་གིས་ཀྱང་། བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བ་མཛད་པའི་བར་དུ་སྟེ།
ཡང་དགེ་སློང་མ་གང་དག་འདྲེས་པར་གནས་ཤིང་། དེ་དག་འདྲེས་པར་གནས་པ་ན་དགོད་པ་དང་། རྩེ་བ་དང་། ལུས་ཀྱིས་རྩབ་ཧྲལ་བྱེད་ན། དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཕུ་ནུ་མོ་ཁྱེད་འདྲེས་པར་མ་གནས་ཤིག །
ཁྱེད་འདྲེས་པར་གནས་ན་དགེ་བའི་ཆོས་རྣམས་ཉམས་པ་ཁོ་ནར་འགྱུར་གྱི་འཕེལ་བ་ནི་མ་ཡིན་པར་རིག་པར་བྱའོ། །ཁྱེད་ཐ་དད་དུ་གནས་ན་དགེ་བའི་ཆོས་རྣམས་འཕེལ་བ་ཁོ་ནར་འགྱུར་གྱི་ཉམས་པ་ནི་མ་ཡིན་པར་རིག་པར་བྱའོ། །གལ་ཏེ་དགེ་སློང་མ་རྣམས་ཀྱིས་དགེ་
སློང་མ་དེ་དག་ལ་དེ་སྐད་ཅེས་བརྗོད་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། ཇི་སྟེ་ཐ་དད་དུ་མི་གནས་ཀྱི་འདྲེས་པ་ཁོ་ནར་གནས་ན་གཞི་དེ་གཏོང་དུ་གཞུག་པའི་ཕྱིར་དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་
དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ངེས་པར་འབྱུང་བ་དང་བཅས་པ་སྟེ་དགེ་འདུན་ལྷག་མའོ། །ཡང་དགེ་སློང་མ་གང་
དག་ཅེས་བྱ་བ་ནི་འཆི་ལྟས་དང་། ཉེ་བའི་འཆི་ལྟས་སོ། །འདྲེས་པར་གནས་པ་ནི་ཚོལ་བ་སྟེ། སྟན་དང་མལ་དང་ཟས་ཀྱིས་འདྲེས་པར་གནས་པའོ། །དགོད་པ་ནི་འཕྱར་བའོ། །རྩེ་བ་ནི་རྩེད་མོའོ། །ལུས་ཀྱི་རྩབ་ཧྲལ་ནི་དགོད་བྲོར་རུང་བའོ། །དགེ་སློང་མ་དེ་དག་ལ་

ཞེས་བྱ་བ་ནི་འཆི་ལྟས་དང་། ཉེ་བའི་འཆི་ལྟས་ལའོ། །དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །འདི་སྐད་ཅེས་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི་འདི་སྐད་ཅེས་སྨྲ་བར་བྱ་བའོ། །ཕུ་ནུ་མོ་ཁྱེད་འདྲེས་པར་མ་གནས་ཤིག །ཁྱེད་འདྲེས་པར་
གནས་ན་དགེ་བའི་ཆོས་རྣམས་ཉམས་པ་ཁོ་ནར་འགྱུར་གྱི་འཕེལ་བར་ནི་མ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་ཁྱེད་འདྲེས་པར་གནས་ན་དགེ་བའི་ཕྱོགས་སུ་མི་འགྱུར་བས་ཁྱེད་སོ་སོ་ཐ་དད་དུ་གནས་པར་གྱིས་ཤིག །ཁྱོད་ཐ་དད་དུ་གནས་ན་དགེ་བའི་ཕྱོགས་འཕེལ་བ་
ཁོ་ནར་འགྱུར་བའོ། །གལ་ཏེ་དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །དགེ་སློང་མ་དེ་དག་ལ་དེ་སྐད་ཅེས་བརྗོད་པ་ན་ཞེས་བྱ་བ་ནི་འཆི་ལྟས་དང་། ཉེ་བའི་འཆི་ལྟས་དག་ལ་ཇི་ལྟར་སྔར་བཞམས་ཏེ་བསྒོ་བ་བཞིན་དུ་བསྒོ་ནའོ། །གཞི་དེ་
གཏོང་ན་དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བའོ། །གལ་ཏེ་གཞི་དེ་མི་གཏོང་ན་གཞི་དེ་གཏོང་དུ་གཞུག་པའི་ཕྱིར་ལན་གཉིས་ལན་གསུམ་དུ་ཇི་ལྟར་སྔར་བསྒོ་བ་བཞིན་གསོལ་བ་དང་བཞིའི་ལས་ཀྱིས་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་
བྱ་སྟེ། ཡང་དག་པར་བསྒོ་བ་ནི་འདི་ཡིན། ཡང་དག་པར་བསྟན་པ་ནི་འདི་ཡིན་ནོ། །ཆོས་འདི་ཡང་ཞེས་བྱ་བ་ནི་ཆོས་མ་ཡིན་པ་ལ་ཆོས་ཀྱི་སྒྲར་གསུངས་པའོ། །ངེས་པར་འབྱུང་བ་དང་བཅས་པ་ནི་རྟོན་པར་བྱ་བ་དང་བཅས་པའོ། །དེ་ལ་ལྟུང་བར་ཇི་ལྟར་
འགྱུར་ཞེ་ན། ཇི་ཙམ་དུ་ཅུང་ཟད་དགེ་སློང་མ་དག་ཐ་དད་དུ་གནས་པར་གྱིས་ཤིག །ཅེས་བརྗོད་པ་ལས་འདྲེས་པར་གནས་ནས་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །བཞམས་ཏེ་བསྒོ་བ་ལས་མ་མཉན་ན་སྦོམ་པོར་འགྱུར་རོ། །རིམ་པ་གཞན་ནི་ཇི་ལྟར་སྔར་
དགེ་འདུན་ལྷག་མ་བཅུ་གཉིས་པ་ལས་བཤད་པ་བཞིན་ནོ། །དགེ་སློང་མའི་རྣམ་པར་འབྱེད་པ་ལས་དགེ་འདུན་ལྷག་མ་བཅྭ་ལྔ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་མ་དེ་དག་ཐ་དད་དུ་གནས་སོ། །

ཐ་དད་དུ་གནས་པ་དེ་དག་ལ་སྦོམ་དགའ་མོས་སྨྲས་པ། ཁྱེད་ཅིའི་ཕྱིར་ཐ་དད་དུ་གནས། ཁྱེད་ཚུར་འདྲེས་པར་གནོས་ཤིག །བཅོམ་ལྡན་འདས་ཀྱིས་འབེལ་བའི་གཏམ་གཏན་ལ་འབེབས་པས་ཤེས་རབ་འཕེལ་བར་འགྱུར་བར་མ་གསུངས་སམ།
དེ་ལྟར་ཁྱེད་འདྲེས་པར་གནས་ན་དགེ་བའི་ཆོས་རྣམས་འཕེལ་བ་ཁོ་ནར་འགྱུར་གྱི་ཉམས་པ་ནི་མ་ཡིན་པར་རིག་པར་བྱའོ། །སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ། །དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཀྱིས་སྦོམ་དགའ་མོ་ལ་བཞམས་ཏེ་སྒོ་ཤིག །བསྒོ་བ་ཡང་འདི་ལྟར་བྱ་སྟེ། སྦོམ་དགའ་མོ་ཁྱོད་དགེ་སློང་མ་རྣམས་ཐ་དད་དུ་གནས་ཤིང་ཐ་དད་དུ་གནས་པ་དེ་དག་གི་དགེ་བའི་ཆོས་རྣམས་འཕེལ་བ་ཁོ་ནར་འགྱུར་གྱི་
ཉམས་པ་ནི་མ་ཡིན་པར་ཤེས་བཞིན་དུ་དེ་དག་ལ་འདི་སྐད་ཅེས། ཁྱེད་འདྲེས་པར་གནོས་ཤིག །ཁྱེད་འདྲེས་པར་གནས་ན་དགེ་བའི་ཆོས་རྣམས་འཕེལ་བ་ཁོ་ནར་འགྱུར་གྱི་ཉམས་པར་ནི་མ་ཡིན་ནོ་ཞེས་མ་སྨྲ་ཤིག་ཅེས་བྱ་བ་ནས། གཞན་ནི་གཏི་མུག་གོ་ཞེས་བྱ་
བའི་བར་དུའོ། །སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་སྨྲས་སོ། །དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་རྣམས་ཀྱིས་སྦོམ་དགའ་མོ་ལ་གསོལ་བ་དང་བཞིའི་ལས་ཀྱིས་
སྒོ་ཤིག །བསྒོ་བ་ཡང་འདི་ལྟར་བྱ་སྟེ། གནས་མལ་བཤམས་པ་བྱས་ནས་ཞེས་བྱ་བ་ནས། དགེ་སློང་མ་གཅིག་གིས་གསོལ་བ་བྱས་ནས་ལས་བྱ་བའི་བར་དུའོ། །ལས་ཀྱང་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་
དུ་གསོལ། སྦོམ་དགའ་མོ་འདི་དགེ་སློང་མ་ཐ་དད་དུ་གནས་པ་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་ཅེས། དགེ་སློང་མ་ཁྱེད་ཐ་དད་དུ་མ་གནས་པར་ཁྱེད་འདྲེས་པར་གནོས་ཤིག །ཁྱེད་འདྲེས་པར་གནས་ན་དགེ་བའི་ཆོས་རྣམས་འཕེལ་བ་ཁོ་ནར་འགྱུར་གྱི་ཉམས་པ་ནི་

མ་ཡིན་པར་རིག་པར་བྱའོ་ཞེས་མཆི་སྟེ། དེ་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ནི་གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས་གཞན་ནི་རྨོངས་པའོ་ཞེས་བྱ་བའི་བར་དུ་སྟེ། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་གནང་བར་མཛོད་ཅིག་དང་།
འཕགས་མའི་དགེ་འདུན་གྱིས་སྦོམ་དགའ་མོ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་གང་ལགས་པ་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ་ཞེས་བྱ་བ་ནས། གསོལ་བ་དང་བཞིའི་ལས་ཀྱིས་ལན་གསུམ་གྱི་བར་དུ་བསྒོ་ན་ནན་གྱིས་མཆོག་ཏུ་
ཞེས་བྱ་བ་ནས་གཞན་ནི་རྨོངས་པའོ་ཞེས་བྱ་བའི་བར་དུའོ། །སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་སྨྲས་སོ། །དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་
བཅའ་བ་མཛད་པའི་བར་དུ་སྟེ། ཡང་དགེ་སློང་མ་གང་ཞིག་དགེ་སློང་མ་གང་དག་འདྲེས་པར་གནས་ཤིང་། དགོད་པ་དང་། རྩེ་བ་དང་། ལུས་ཀྱིས་རྩབ་ཧྲལ་བྱེད་པར་ཤེས་བཞིན་དུ་དེ་དག་ཐ་དད་དུ་གནས་པ་ལ་འདི་སྐད་ཅེས་ཕུ་ནུ་མོ་ཁྱེད་ཐ་དད་དུ་མ་གནས་
པར་ཁྱེད་འདྲེས་པར་གནོས་ཤིག །ཁྱེད་འདྲེས་པར་གནས་ན་དགེ་བའི་ཆོས་རྣམས་འཕེལ་བ་ཁོ་ནར་འགྱུར་གྱི་འགྲིབ་པ་ནི་མ་ཡིན་པར་རིག་པར་བྱའོ་ཞེས་ཟེར་ན། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགེ་སློང་མ་འདྲེས་
པར་གནས་ཤིང་། དགོད་པ་དང་། རྩེ་བ་དང་། ལུས་ཀྱིས་རྩབ་ཧྲལ་བྱེད་པ་ལས་ཐ་དད་དུ་གནས་པ་རྣམས་ལ་འདི་སྐད་ཅེས་ཁྱེད་འདྲེས་པར་གནོས་ལ་ཐ་དད་དུ་མ་གནས་ཤིག་ཅེས་མ་ཟེར་ཅིག །དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་ཅེས་བརྗོད་པ་ན་གལ་ཏེ་གཞི་དེ་
གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་ཏེ། གཞི་དེ་གཏོང་ན་

དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ལན་གསུམ་ཞེས་བྱ་བ་ནས། ཆོས་འདི་ཡང་ངེས་པར་འབྱུང་བ་དང་བཅས་པ་དགེ་འདུན་ལྷག་མའོ། །ཡང་དགེ་སློང་མ་གང་ཞིག་ཅེས་བྱ་བ་ནི་སྦོམ་དགའ་མོའོ། །དགེ་སློང་མ་གང་དག་ཅེས་བྱ་བ་ནི་འཆི་ལྟས་དང་།
ཉེ་བའི་འཆི་ལྟས་སོ། །དགོད་པ་ནི་འཕྱར་བའོ། །རྩེ་བ་ནི་རྩེད་མོའོ། །ལུས་ཀྱི་རྩབ་ཧྲལ་ནི་དགོད་བྲོར་རུང་བའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ། གཞན་གྱིས་དེ་ལ་བརྗོད་ནས་སོ། །ཐ་དད་དུ་གནས་པ་དེ་དག་ལ་ཞེས་བྱ་བ་ནི་སོ་སོར་གནས་
པ་ལའོ། །འདི་སྐད་ཅེས་ཟེར་ན་ཞེས་བྱ་བ་ནི་སྨྲ་ནའོ། །ཕུ་ནུ་མོ་ཁྱེད་ཅེས་བྱ་བ་ནི་འཆི་ལྟས་དང་ཉེ་བའི་འཆི་ལྟས་སོ། །ཐ་དད་དུ་མ་གནས་པར་ཞེས་བྱ་བ་ནི་སོ་སོར་རོ། །ཁྱེད་འདྲེས་པར་གནོས་ཤིག་ཅེས་བྱ་བ་ནི་ཚོལ་བར་རོ། །ཁྱེད་འདྲེས་པར་གནས་ན་ཞེས་བྱ་
བ་ནི་ཚོལ་བར་རོ། །དགེ་བའི་ཆོས་རྣམས་འཕེལ་བ་ཁོ་ནར་འགྱུར་གྱི་ཉམས་པ་ནི་མ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་དགེ་བའི་ཕྱོགས་འཕེལ་བ་ཁོ་ནར་འགྱུར་གྱི་ཉམས་པ་ནི་མ་ཡིན་པའོ། །དགེ་སློང་མ་དེ་ལ་ནི་ཞེས་བྱ་བ་ནི་སྦོམ་དགའ་མོ་ལའོ། །དགེ་སློང་མ་
རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ། །འདི་སྐད་ཅེས་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི་བཞམས་ཏེ་ཇི་སྐད་སྔར་བསྒོ་བ་བཞིན་དུ་བསྒོ་བར་བྱའོ། །གཞི་དེ་གཏོང་ན་དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བའོ། །གལ་ཏེ་མི་གཏང་ན་གཞི་དེ་གཏང་བར་བྱ་
བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་ཇི་ལྟར་སྔར་བསྒོ་བ་ལྟར་རོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཇི་ཙམ་དུ་ཅུང་ཟད་དགེ་སློང་མས་དགེ་སློང་མ་གང་དག་
འདྲེས་པར་གནས་ཤིང་། དགོད་པ་དང་། རྩེ་བ་དང་། ལུས་ཀྱིས་རྩབ་ཧྲལ་བྱེད་པར་ཤེས་བཞིན་དུ་དེ་དག་ཐ་དད་དུ་གནས་པ་ལ་འདི་སྐད་ཅེས་ཁྱེད་ཐ་དད་དུ་མ་གནས་པར་ཁྱེད་འདྲེས་པར་གནོས་ཤིག་ཅེས་སྨྲ་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ། །དགེ་སློང་མའི་རྣམ་

པར་འབྱེད་པ་ལས་དགེ་འདུན་ལྷག་མ་བཅུ་དྲུག་པ་རྫོགས་སྷོ།། །།བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དེའི་ཚེ་མུ་གེ་མི་བཟད་པ་དགོན་པ་སློང་མོ་པས་ཟས་རྙེད་པར་དཀའ་བར་བྱུང་སྟེ། དགེ་སློང་གང་ཞིག་
རྫུ་འཕྲུལ་ཐོབ་པ་དེ་ནི་གང་གི་མིང་འཛམ་བུ་ཞེས་བྱ་བས་འཛམ་བུའི་གླིང་དུ་ཤེས་པ་དེར་སོང་ནས་ཤིང་འཛམ་བུའི་སྙེ་མ་ཁ་དོག་དང་དྲི་དང་། རོ་དང་ལྡན་པ་རྣམས་ཀྱིས་ལྷུང་བཟེད་བཀང་སྟེ་ཁྱེར་ནས། བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད། ཚངས་པ་མཚུངས་པར་སྤྱད་
པ་མཁས་པ་ཡོད་པ་དག་ལ་ཡང་བགོ་བཤའ་བྱེད་དོ། །ཤིང་འཛམ་བུའི་སྙེ་མ་ཇི་ལྟ་བ་དེ་བཞིན་དུ་ཤིང་བིལ་བ་དང་། སྐྱུ་རུ་ར་དང་། ཀ་པིད་ཐའི་སྙེ་མ་རྣམས་ཀྱིས་ལྷུང་བཟེད་བཀང་སྟེ་ཁྱེར་ནས། བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད། ཚངས་པ་མཚུངས་པར་སྤྱོད་པ་
ཡོད་པ་དག་ལ་ཡང་བགོ་བཤའ་བྱེད་དོ། །དེ་བཞིན་དུ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དག་གི་ནང་དུ་ཡང་སོང་། སུམ་བཅུ་རྩ་གསུམ་པའི་ལྷ་དག་གི་ནང་དུ་ཡང་སོང་ནས་བདུད་རྩི་དག་གིས་ལྷུང་བཟེད་བཀང་སྟེ་ཁྱེར་ནས་བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད། ཚངས་པ་མཚུངས་པར་
སྤྱོད་པ་མཁས་པ་ཡོད་པ་དག་ལ་ཡང་བགོ་བཤའ་བྱེད་དོ། །དེ་བཞིན་དུ་བྱང་གི་སྒྲ་མི་སྙན་གྱི་གླིང་དུ་སོང་ནས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་ཆན་གྱིས་ལྷུང་བཟེད་བཀང་སྟེ་ཁྱེར་ནས་བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད། ཚངས་པ་མཚུངས་པར་སྤྱོད་པ་ཡོད་པ་དག་ལ་ཡང་
བགོ་བཤའ་བྱེད་དོ། །དེ་བཞིན་དུ་ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བ་ལང་སྤྱོད་དུ་ཡང་སོང་བ་ནས། ཡུལ་གང་དག་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ་དེ་དག་ཏུ་ཡང་སོང་ནས་བཟའ་བ་དང་བཅའ་བ་གཙང་ཞིང་
བསོད་པ་ཁ་དོག་དང་དྲི་དང་རོ་དང་ལྡན་པས་ལྷུང་བཟེད་བཀང་སྟེ་ཁྱེར་ནས་བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད། ཚངས་པ་མཚུངས་པར་སྤྱོད་པ་ཡོད་པ་དག་ལ་ཡང་བགོ་བཤའ་བྱེད་དོ། །དེ་ནས་ལྷས་བྱིན་འདི་སྙམ་དུ་སེམས་ཏེ། ད་ལྟ་མུ་གེ་མི་བཟད་པ་དགོན་པ་སློང་མོ་པས་

ཟས་རྙེད་པར་དཀའ་བ་བྱུང་ངོ་སྙམ་མོ། །ཡང་ལྷས་བྱིན་འདི་སྙམ་དུ་སེམས་ཏེ། བདག་གིས་ཀྱང་རྫུ་འཕྲུལ་ཐོབ་པར་བྱས་ལ་བདག་ཀྱང་གང་གིས་མིང་འཛམ་བུ་ཞེས་བྱ་བས་འཛམ་བུའི་གླིང་དུ་ཤེས་པ་དེར་སོང་ལ་ཤིང་འཛམ་བུའི་སྙེ་མ་ཁ་དོག་དང་
དྲི་དང་རོ་དང་ལྡན་པ་རྣམས་ཀྱིས་ལྷུང་བཟེད་བཀང་སྟེ་བླངས་ནས། བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱད་པར་བྱ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་ཡོད་པ་དག་ལ་ཡང་བགོ་བཤའ་བྱའོ། །དེ་བཞིན་དུ་ཡུལ་གང་དག་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་
ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་གང་བ་དེ་དག་ཏུ་ཡང་སོང་ལ། བཟའ་བ་དང་བཅའ་བ་གཙང་ཞིང་བསོད་པ་ཁ་དོག་དང་དྲི་དང་། རོ་དང་ལྡན་པས་ལྷུང་བཟེད་བཀང་སྟེ་བླངས་ནས་བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད་པར་བྱ། ཚངས་པ་མཚུངས་པར་སྤྱོད་པ་མཁས་
པ་ཡོད་པ་དག་ལ་ཡང་བགོ་བཤའ་བྱའོ་སྙམ་མོ། །ཡང་ལྷས་བྱིན་འདི་སྙམ་དུ་སེམས་ཏེ་མ་ལ་བདག་བཅོམ་ལྡན་འདས་ག་ལ་བ་དེར་འགྲོའོ་སྙམ་མོ། །དེ་ནས་ལྷས་བྱིན་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་
ནས་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ལྷས་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་རྫུ་འཕྲུལ་གྱི་ལམ་བསྟན་དུ་གསོལ། བདེ་བར་གཤེགས་པ་བདག་ལ་རྫུ་འཕྲུལ་གྱི་ལམ་བསྟན་དུ་གསོལ།
དེ་ནས་བཅོམ་ལྡན་འདས་ཀྱིས་ལྷས་བྱིན་གྱི་འདོད་པ་སྡིག་པ་ཅན་དུ་གྱུར་པ་ཐུགས་སུ་ཆུད་ནས་ལྷས་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷས་བྱིན་རེ་ཞིག་ལྷག་པའི་ཚུལ་ཁྲིམས་ལ་བརྩོན་པར་གྱིས་ཤིག་དང་ཁྱོད་ལ་རྫུ་འཕྲུལ་དང་གཞན་ཡང་འབྱུང་བར་འགྱུར་རོ། །ལྷག་
པའི་སེམས་དང་། ལྷག་པའི་ཤེས་རབ་ལ་བརྩོན་པར་གྱིས་ཤིག་དང་ཁྱོད་ལ་རྫུ་འཕྲུལ་དང་གཞན་ཡང་འབྱུང་བར་འགྱུར་རོ། །དེ་ནས་ལྷས་བྱིན་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་བདག་ལ་རྫུ་འཕྲུལ་གྱི་ལམ་མི་སྟོན་ནོ་སྙམ་དུ་རིག་ནས་ལྷས་བྱིན་ཚེ་དང་ལྡན་པ་

ཀུན་ཤེས་ཀཽཎྜི་ནྱ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཀུན་ཤེས་ཀཽཎྜི་ནྱ་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་བདག་ལ་རྫུ་འཕྲུལ་གྱི་ལམ་སྟོན་ཅིག །དེ་ནས་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱས་བཅོམ་ལྡན་འདས་ཀྱི་ཐུགས་ལ་རྣམ་པར་བལྟས་ཏེ་དེའི་འདོད་པའི་སྡིག་
པ་ཅན་དུ་གྱུར་པར་རིག་ནས་ལྷས་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ལྷས་བྱིན་གཟུགས་ཚུལ་བཞིན་ཡིད་ལ་གྱིས་ཤིག་དང་ཁྱོད་ལ་རྫུ་འཕྲུལ་དང་གཞན་ཡང་འབྱུང་བར་འགྱུར་རོ། །རྣམ་པར་ཤེས་པའི་བར་ཚུལ་བཞིན་ཡིད་ལ་གྱིས་ཤིག་དང་ཁྱོད་ལ་རྫུ་འཕྲུལ་
དང་གཞན་ཡང་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནས། ལྷས་བྱིན་གྱིས་འོད་སྲུང་སྟོབས་བཅུ་པ་ལས་རྫུ་འཕྲུལ་བསྒྲུབས་ཏེ་དེ་གཅིག་ཏུ་གྱུར་ནས་དུ་མར་འགྱུར་ཞེས་བྱ་བའི་བར་དུའོ། །རེ་ཞིག་ན་སེམས་ཡོངས་སུ་གཏུགས་པ་དེ་ལ་འདོད་པ་སྡིག་པ་ཅན་དུ་གྱུར་
པ་འདི་ལྟ་བུ་བྱུང་སྟེ། ད་ལྟར་བཅོམ་ལྡན་