Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 009_འདུལ་བ།_ཏ
Văn bản gốc(Tây Tạng)
Trang 10 / 20 (50.000 ký tự/trang)
།།གླེང་གཞི་ནི་མཉན་ཡོད་ནའོ། །དགེ་སློང་མ་དབྱར་གནས་པར་ཁས་བླངས་པ་དབྱར་མཐར་ཕྱིན་པར་གནས་པ་འགའ་ཞིག་གིས་ཆོས་གོས་དག་རྙེད་པར་གྱུར་ནས། དེས་དེ་དག་བཀྲུས་ཤིང་ཁ་བསྒྱུར་ཏེ། གཏུར་བུ་བཀང་ནས་བམ་པོར་བསྒྲེས་ཏེ། བླ་གོས་དང་། མཐང་གོས་དང་བཅས་པས་ལྗོངས་རྒྱུ་ཞིང་སོང་ནས། དེ་ལྗོངས་རྒྱུ་ཞིང་སོང་བ་ན་མ་སྦས་ཤིང་སྦེད་དུ་མ་བཅུག་པར་གྱུར་ཏོ། །དགེ་སློང་མ་གནས་ན་གཉུག་མར་གནས་པ་དག་ཀྱང་ཆོས་གོས་དེ་དག་ སྐེམས་པ་དང་། སྤྲུག་པས་བྱ་བ་མང་བ་དང་། བྱེད་པ་མང་བར་གྱུར་ཅིང་། ལུང་མནོད་པ་དང་། ཀློག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱེད་པ་དང་། ནང་གི་སེམས་ཀྱི་ཞི་གནས་གཏོང་བར་བྱེད་པ་ནས་དགེ་སློང་མ་དོན་ཉུང་བ་དག་སྨོད་ པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མ་ཆོས་གོས་ ཟིན་པས་སྲ་བརྐྱང་ཕྱུང་ནས་ཆོས་གོས་ལྔ་ལས་གང་ཡང་རུང་བ་ཞིག་དང་། མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ། །ཞེས་དེ་ལྟར་བསླབ་པའི་གཞི་བཅའ་བ་མཛད་དོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་ཁབ་ཏུ་གནས་ བརྟན་ཆེན་པོ་འོད་སྲུང་ལ་བརྟེན་ནས་སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་གནང་བ་བྱིན་ནས། ཡང་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་དགེ་སློང་མ་གནས་བརྟན་གནས་བརྟན་དག་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ལྷགས་ནས་བཅོམ་ལྡན་ འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ཅག་གིས་བསླབ་པའི་གཞི་འདི་ཇི་ལྟར་གདོན་པར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བསླབ་ པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་གསུངས་ནས་དགེ་སློང་མ་རྣམས་ལ་བཀའ་སྩལ་པ། དགེ་སློང་མ་དག་སྔ་མ་ནི་བཅས་པའོ། །འདི་ནི་གནང་བ་ཡིན་པས་ངའི་ཉན་ཐོས་མ་རྣམས་ཀྱིས་ཡང་འདུལ་བ་ ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་མ་ཆོས་གོས་ཟིན་ཏེ་སྲ་བརྐྱང་ཕྱུང་ནས་ཆོས་གོས་ལྔ་ལས་གང་ཡང་རུང་བ་ཞིག་དང་ནུབ་གཅིག་མཚམས་ཀྱི་ཕྱི་རོལ་དུ་བྲལ་ན་དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད་དོ། །ཆོས་གོས་ཟིན་པ་ ཞེས་བྱ་བ་ནི་གོང་མ་ཇི་ལྟ་བ་བཞིན་ནོ། །ཆོས་གོས་ལྔ་ཞེས་བྱ་བ་ནི་སྣམ་སྦྱར་དང་། བླ་གོས་ལ་སོགས་པ་ཆོས་གོས་བྱིན་གྱིས་བརླབས་པ་གང་ཡང་རུང་བ་དག་གོ། །མཚམས་ཀྱི་ཕྱི་རོལ་དུ་བྲལ་ན་ཞེས་བྱ་བ་ནི་སྐྱ་རེངས་འཆར་བར་བྱེད་ནའོ། །དགེ་འདུན་གྱིས་ གནང་བ་མ་གཏོགས་ཏེ་ཞེས་བྱ་བ་ནི་དགེ་འདུན་གྱིས་གནང་བ་བཞག་སྟེའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན།། །།ལྟུང་བའི་བར་སྡོམ་ལ། ཁྱིམ་གཅིག་པ་དང་ཁྱིམ་གཉིས་དང་། །ཚོགས་དང་ས་བར་ རྩིག་པ་དང་། །འོབས་ཀྱི་ཉེན་ཀོར་དག་དང་ནི། །ཁྱིམ་དང་ཚོང་ཁང་ཚོང་རྡལ་དང་། །ཡང་ཐོག་ཀུན་རྒྱུ་གཡུལ་དང་ནི། །གཡུལ་ཚོགས་མུ་སྟེགས་ཤིང་རྟ་དང་། །གྲུ་དང་ཀུན་དགའ་ར་བ་དང་། །ལྗོན་ཤིང་དང་ནི་ཞུས་པའོ། །ཁྱིམ་གཅིག་པའི་གྲོང་ ནི་གང་། ཁྱིམ་གཉིས་པའི་གྲོང་ནི་གང་། ཁྱིམ་གྱི་ཚོགས་ནི་གང་། རིབ་མས་བསྐོར་བའི་གྲོང་ནི་གང་། རྩིག་པས་བསྐོར་བའི་གྲོང་ནི་གང་། དེ་བཞིན་དུ་འོབས་ཀྱིས་བསྐོར་བའི་གྲོང་དང་། གྲོང་ཉེན་ཀོར་གཅིག་པ་དང་། གྲོང་ཉེན་ཀོར་ཐ་དད་པ་ དང་། གྲོང་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་དང་། གྲོང་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། ཁྱིམ་ཉེན་ཀོར་གཅིག་པ་ནི་གང་། ཁྱིམ་ཉེན་ཀོར་ཐ་དད་པ་ནི་གང་། ཁྱིམ་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་དང་། ཁྱིམ་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་ པ་དང་། དེ་བཞིན་དུ་ཚོང་ཁང་ཉེན་ཀོར་གཅིག་པ་དང་། ཉེན་ཀོར་ཐ་དད་པ་ཡང་ཡོད། རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་དང་། རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། དེ་བཞིན་དུ་ཚོང་རྡལ་ཉེན་ཀོར་གཅིག་པ་དང་། ཚོང་རྡལ་ཉེན་ཀོར་ཐ་དད་པ་ཡང་ཡོད། ཚོང་ རྡལ་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་དང་། རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། དེ་བཞིན་དུ་ཡང་ཐོག་ཉེན་ཀོར་གཅིག་པ་དང་། ཡང་ཐོག་ཉེན་ཀོར་ཐ་དད་པ་ཡང་ཡོད། ཡང་ཐོག་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་དང་། རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། དེ་བཞིན་དུ་གཡུལ་ཉེན་ཀོར་གཅིག་པ་དང་། ཉེན་ཀོར་ཐ་དད་པ་ཡང་ཡོད། གཡུལ་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་དང་། རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། དེ་བཞིན་དུ་གཡུལ་ཚོམས་ཉེན་ཀོར་གཅིག་པ་དང་། གཡུལ་ཚོམས་ཉེན་ཀོར་ཐ་དད་པ་དང་། གཡུལ་ཚོམས་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་ཡང་ཡོད། རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། དེ་བཞིན་དུ་མུ་སྟེགས་ཅན་གྱི་ཁྱིམ་ཉེན་ཀོར་གཅིག་པ་དང་། ཉེན་ཀོར་ཐ་དད་པ་ཡང་ཡོད། རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་དང་། རབ་ཏུ་མང་པོ་ཉེན་ཀོར་ཐ་ དད་པ་དང་། དེ་བཞིན་དུ་ཀུན་དུ་རྒྱུའི་ཁྱིམ་ཉེན་ཀོར་གཅིག་པ་དང་། ཉེན་ཀོར་ཐ་དད་པ་ཡང་ཡོད། རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་དང་། རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། དེ་བཞིན་དུ་ཤིང་རྟ་ཉེན་ཀོར་གཅིག་པ་དང་། ཉེན་ཀོར་ཐ་དད་པ་ཡང་ཡོད། རབ་ ཏུ་མང་པོ་ཉེན་ཀོར་གཅིག་པ་དང་། རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། དེ་བཞིན་དུ་གྲུ་ཉེན་ཀོར་གཅིག་པ་དང་། ཉེན་ཀོར་ཐ་དད་པ་ཡང་ཡོད། རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་དང་། རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། དེ་བཞིན་དུ་ཀུན་དགའ་ར་བ་ཉེན་ཀོར་ གཅིག་པ་དང་། ཉེན་ཀོར་ཐ་དད་པ་ཡང་ཡོད། རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་དང་། རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་དང་། དེ་བཞིན་དུ་ལྗོན་ཤིང་ཉེན་ཀོར་གཅིག་པ་དང་། ཉེན་ཀོར་ཐ་དད་པ་ཡང་ཡོད། རབ་ཏུ་མང་པོ་ཉེན་ཀོར་ གཅིག་པ་དང་། རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་སྟེ། ལྟུང་བ་དེ་ཡི་བསྟན་པ་ནི་འདི་ཡིན་ནོ། །ད་ནི་བཤད་པར་སྨྲ་བར་བྱ་སྟེ། དེ་ལ་ཁྱིམ་གཅིག་པའི་གྲོང་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བོད་དང་། རི་ཁྲོད་པ་དང་། ཀླ་ཀློ་བཟོ་ལ་ རག་ལས་པ་རྣམས་ཀྱི་གྲོང་གང་ཡིན་པ་སྟེ། གྲོང་འདི་ནི་ཁྱིམ་གཅིག་པ་ཡིན་ནོ། །ཁྱིམ་གཅིག་པ་ཇི་ལྟ་བར་ཁྱིམ་གཉིས་པའང་དེ་བཞིན་ནོ། །ཁྱིམ་གྱི་ཚོགས་ཀྱི་གྲོང་གང་ཞེ་ན། མིའི་གཙོ་བོ་སྣ་ཚོགས་གནས་པར་གྱུར་པའི་གྲོང་གང་ཡིན་པ་སྟེ། འདི་ནི་ཁྱིམ་གྱི་ཚོགས་ཀྱི་གྲོང་ཞེས་བྱའོ། །སབ་རས་བསྐོར་བའི་གྲོང་གང་ཞེ་ན། སབ་རས་བསྐོར་བའི་གྲོང་གང་ཡིན་པའོ། །དེའི་ཉེན་ཀོར་གང་ཞེ་ན་ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངམ་གང་དུ་སྐས་གདང་བུ་བཅུ་གཉིས་པས་ཁྱབ་ཅིང་འདུག་པའམ། ཡུལ་མ་ག་དྷཱའི་ཤིང་རྟ་སྨྱིག་མས་བཀང་བར་གྱུར་པའོ། །དགེ་སློང་མས་ནང་དུ་ཆོས་གོས་དག་བཞག་ནས་ཉེན་ཀོར་དུ་སྐྱ་རེངས་འཆར་བར་བྱེད་ན་ལྟུང་བ་མེད་དོ། །ཉེན་ཀོར་དུ་ཆོས་གོས་བཞག་སྟེ་ནང་དུ་སྐྱ་རེངས་འཆར་བར་བྱེད་ན་ཡང་ལྟུང་བ་མེད་དོ། །ནང་ངམ་ ཕྱི་རོལ་དུ་ཆོས་གོས་དག་བཞག་སྟེ། གཞན་དུ་སྐྱ་རེངས་འཆར་བར་བྱེད་ཅིང་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། །རྩིག་པས་བསྐོར་བ་གང་ཞེ་ན། ར་བས་བསྐོར་བའི་གྲོང་གང་ཡིན་པའོ། །དེའི་ཉེན་ཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ ངམ། གང་དུ་རྡུང་བར་བྱེད་པ་དང་། རྔོ་བར་བྱེད་པ་དང་། ཟ་བར་བྱེད་པ་དང་། ཁྱེའུ་སུས་བྱེད་པའམ། གང་དུ་མི་རང་བཞིན་གྱིས་ངོ་ཚ་དང་ལྡན་པ་བཤང་བར་འགྲོ་བའམ། བྱ་གག་འཕུར་སྟབས་ཀྱིས་མཆོད་པ་སྟེ། དེའི་ཉེན་ཀོར་ནི་དེ་ཡིན་ནོ། །དགེ་སློང་ མས་ནང་དུ་ཆོས་གོས་དག་བཞག་སྟེ། ཉེན་ཀོར་དུ་སྐྱ་རེངས་འཆར་བར་བྱེད་ན་ལྟུང་བ་མེད་དོ། །ཉེན་ཀོར་དུ་ཆོས་གོས་དག་བཞག་སྟེ། ནང་དུ་སྐྱ་རེངས་འཆར་བར་བྱེད་ན་ལྟུང་བ་མེད་དོ། །ནང་ངམ་ཉེན་ཀོར་དུ་ཆོས་གོས་དག་བཞག་སྟེ། གཞན་དུ་སྐྱ་རེངས་འཆར་ བར་བྱེད་ཅིང་། སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། །འོབས་ཀྱིས་བསྐོར་བའི་གྲོང་གང་ཞེ་ན། འོབས་ཀྱིས་བསྐོར་བའི་གྲོང་གང་ཡིན་པའོ། །དེའི་ཉེན་ཀོར་གང་ཞེ་ན། ནང་ཐམས་ཅད་དང་ཞེས་བྱ་བ་ནས། ཁྱེའུ་སུས་བྱེད་པ་ཞེས་བྱ་བའི་བར་རམ་གང་དུ་བ་ལང་དང་། ལུག་དག་འགྲོ་བའི་རྡུལ་ལངས་པ་རླུང་གིས་མ་བསྐྱོད་པའམ། ཕྱག་དར་བོར་བའི་བོང་བ་འདྲིལ་བས་སླེབས་པ་ཡིན་ཏེ། དགེ་སློང་མས་ནང་དུ་ཆོས་གོས་དག་ཅེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །གྲོང་ཉེན་ཀོར་གཅིག་པ་གང་ཞེ་ན། གྲོང་ གང་ན་སྐྱེད་མོས་ཚལ་ལམ། འདུན་སའམ། ལྷའི་གནས་གཅིག་ཡོད་པའོ། །དེའི་ཉེན་ཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ཞེས་བྱ་བ་ནས། ཁྱེའུ་སུས་བྱེད་པ་ཞེས་བྱ་བའི་བར་རོ། །དགེ་སློང་མས་ནང་དུ་ཆོས་གོས་དག་ཅེས་བྱ་བ་ ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །གྲོང་ཉེན་ཀོར་ཐ་དད་པ་གང་ཞེ་ན། གྲོང་གང་ན་སྐྱེད་མོས་ཚལ་ལམ། འདུན་སའམ། ལྷའི་གནས་མང་པོ་ཡོད་པའོ། །དེ་རྣམས་ཀྱི་ཉེན་ཀོར་གང་ཞེ་ན། སོ་སོ་བའོ། །ཅི་ཞིག་ཐུན་མོང་ཡིན་ ཞེ་ན་སྒོའོ། །གལ་ཏེ་དགེ་སློང་མས་ནང་ངམ། ཕྱི་རོལ་དུ་ཆོས་གོས་དག་བཞག་ལ་སྐྱ་རེངས་འཆར་ན་དགེ་སློང་མ་ཉེན་ཀོར་དང་བྲལ་བས་སྒོར་འདུག་ནས་སྐྱ་རེངས་འཆར་བར་བྱའོ། །གལ་ཏེ་གཞན་དུ་སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ། །གྲོང་ རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ། གྲོང་རབ་ཏུ་མང་པོ་དག་ལ་སྐྱེད་མོས་ཚལ་ལམ། འདུན་སའམ། ལྷའི་གནས་གཅིག་ཡོད་པའོ། །དེ་རྣམས་ཀྱི་ཉེན་ཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ཞེས་བྱ་བ་ནས་གཞན་དུ་ སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །གྲོང་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་གང་ཞེ་ན། དེ་རྣམས་ཀྱི་སྐྱེད་མོས་ཚལ་མང་པོ་ཡོད་པའོ། །དེ་རྣམས་ཀྱི་ཉེན་ཀོར་གང་ཞེ་ན། སོ་སོ་བའོ། །ཅི་ཞིག་ཐུན་མོང་ཡིན་ཞེ་ ན། ཅི་ཡང་མ་ཡིན་ནོ། །ཁྱིམ་ཉེན་ཀོར་གཅིག་པ་གང་ཞེ་ན་མི་གཅིག་གིའམ། སྤུན་སྒོ་མ་བྱེ་བའི་ཁྱིམ་གང་ཡིན་པའོ། །དེ་དག་གི་ཉེན་ཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངོ་ཞེས་བྱ་བ་ནས་གཞན་དུ་སྐྱ་རེངས་འཆར་བར་བྱེད་ ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །ཁྱིམ་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་གང་ཞེ་ན། མི་གཅིག་གིའམ། སྤུན་སྒོ་བྱེ་བ་དག་གི་ཁྱིམ་གང་དག་ཡིན་པའོ། །དེ་དག་གི་ཉེན་ཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངོ་ཞེས་ བྱ་བ་ནས་གཞན་དུ་སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །ཁྱིམ་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པ་དག་གིའམ། སྤུན་སྒོ་བྱེ་བའི་ཁྱིམ་གང་དག་ཡིན་པའོ། །དེ་དག་གི་ཉེན་ཀོར་གང་ཞེ་ན། སོ་སོ་བའོ། ། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ། །ཚོང་ཁང་ཉེན་ཀོར་གཅིག་པ་གང་ཞེ་ན། མི་གཅིག་གིའམ། སྤུན་སྒོ་མ་བྱེ་བ་དག་གི་ཚོང་ཁང་ཡིན་པའོ། །དེའི་ཉེན་ཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངམ། གང་དུ་འབྲུ་ སྤུང་བར་བྱེད་པ་དང་། གླེ་བ་དང་། བྲེའུ་ཅུང་འཇོག་པར་བྱེད་པ་དང་། འཇལ་བར་བྱེད་པའི་སྣོད་དག་འཇོག་པར་བྱེད་པ་སྟེ། དེའི་ཉེན་ཀོར་ནི་དེ་ཡིན་ནོ། །དགེ་སློང་མས་ནང་དུ་ཆོས་གོས་དག་ཅེས་བྱ་བ་ནས། གཞན་དུ་སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །ཚོང་ཁང་ཉེན་ཀོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པའིའམ། སྤུན་སྒོ་བྱེ་བའི་ཚོང་ཁང་གང་དག་ཡིན་པའོ། །དེ་དག་གི་ཉེན་ཀོར་གང་ཞེ་ན། སོ་སོ་བའོ། །ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཟོང་གི་མཛོད་དོ། །ཚོང་ཁང་ རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་གང་ཞེ་ན། མི་གཅིག་གིའམ། སྤུན་སྒོ་མ་བྱེ་བའི་ཚོང་ཁང་གང་དག་ཡིན་པའོ། །དེ་དག་གི་ཉེན་ཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ཞེས་བྱ་བ་ནས་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། ། ཚོང་ཁང་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པའིའམ། སྤུན་སྒོ་བྱེ་བའི་ཚོང་ཁང་གང་དག་ཡིན་པའོ། །དེ་དག་གི་ཉེན་ཀོར་གང་ཞེ་ན། སོ་སོ་བའོ། །ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ། །ཚོང་རྡལ་ཉེན་ཀོར་གཅིག་པ་གང་ཞེ་ ན། མི་གཅིག་གིའམ། སྤུན་སྒོ་མ་བྱེ་བ་དག་གི་ཚོང་རྡལ་གང་ཡིན་པའོ། །དེའི་ཉེན་ཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངམ། གང་དུ་དེ་དག་གི་སྤང་ལེབ་དག་འཇོག་པར་བྱེད་པ་དང་། དྲི་དག་འཐག་པར་བྱེད་པ་དང་། ཐུམ་ བུ་དག་འཆིང་བར་བྱེད་པ་དང་། འདྲ་བར་བྱེད་པ་དང་ཞེས་བྱ་བ་ནས་ཁྱེའུ་སུས་བྱེད་པ་ཞེས་བྱ་བའི་བར་རོ། །དགེ་སློང་མས་ཉེན་ཀོར་དུ་ཆོས་གོས་དག་ཅེས་བྱ་བ་ནས་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །ཚོང་རྡལ་ཉེན་ཀོར་ཐ་དད་པ་གང་ཞེ་ན། མི་ཐ་ དད་པའིའམ། སྤུན་སྒོ་བྱེ་བའི་ཚོང་རྡལ་གང་དག་ཡིན་པའོ། །དེའི་ཉེན་ཀོར་གང་ཞེ་ན། སོ་སོ་བའོ། །ཅི་ཞིག་ཐུན་མོང་ཡིན་ཞེ་ན། འདུག་སྟེགས་སོ། །ཚོང་རྡལ་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་གང་ཞེ་ན། མི་གཅིག་གིའམ། སྤུན་སྒོ་མ་བྱེ་བ་དག་ གི་ཚོང་རྡལ་གང་ཡིན་པའོ། །དེ་དག་གི་ཉེན་ཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ཞེས་བྱ་བ་ནས་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །ཚོང་རྡལ་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པའིའམ། སྤུན་སྒོ་བྱེ་བ་དག་གི་ཚོང་ རྡལ་གང་དག་ཡིན་པའོ། །དེ་དག་གི་ཉེན་ཀོར་གང་ཞེ་ན། སོ་སོ་བའོ། །ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ། །ཡང་ཐོག་ཉེན་ཀོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ། མི་གཅིག་གིའམ། སྤུན་སྒོ་མ་བྱེ་བ་དག་གི་ཡང་ཐོག་གོ། །དེའི་ཉེན་ཀོར་ གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངོ་། །གཞན་ནི་སྔ་མ་བཞིན་ནོ། །ཡང་ཐོག་ཉེན་ཀོར་ཐ་དད་པ་གང་ཞེ་ན། འདི་ལྟ་སྟེ། མི་ཐ་དད་པའིའམ། སྤུན་སྒོ་བྱེ་བ་དག་གི་ཡང་ཐོག་གོ། །དེ་དག་གི་ཉེན་ཀོར་གང་ཞེ་ན། སོ་སོ་བའོ། །ཅི་ཞིག་ཐུན་མོང་ཡིན་ཞེ་ན། སྐས་སོ། །ཡང་ཐོག་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ། མི་གཅིག་གིའམ། སྤུན་སྒོ་བྱེ་བ་དག་གི་ཡང་ཐོག་གོ། །དེ་དག་གི་ཉེན་ཀོར་གང་ཞེ་ན། སོ་སོ་བའོ། །ཅི་ཞིག་ཐུན་མོང་ཡིན་ ཞེ་ན། ཅི་ཡང་མ་ཡིན་ནོ། །ཀུན་དུ་རྒྱུའི་ཁྱིམ་གྱི་ཉེན་ཀོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ། མི་གཅིག་གིའམ། སྤུན་སྒོ་མ་བྱེ་བ་དག་གི་ཀུན་དུ་རྒྱུའི་ཁྱིམ་མོ། །དེའི་ཉེན་ཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངམ། གནས་གང་ དུ་དེ་དག་གི་སྨྱིག་མ་གཤེག་པར་བྱེད་པ་དང་། གླེ་བ་བྱེད་པ་དང་། གདུགས་ཀྱི་སྒོ་དག་ཅེས་བྱ་བ་ནས། སྐྱ་རེངས་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །ཀུན་དུ་རྒྱུའི་ཁྱིམ་ཉེན་ཀོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པའིའམ། སྤུན་སྒོ་བྱེ་ བ་དག་གི་ཀུན་དུ་རྒྱུའི་ཁྱིམ་གང་ཡིན་པའོ། །དེའི་ཉེན་ཀོར་གང་ཞེ་ན། སོ་སོ་བའོ། །ཅི་ཞིག་ཐུན་མོང་ཡིན་ཞེ་ན། རྒྱལ་མཚན་གྱི་ཤིང་ངོ་། །ཀུན་དུ་རྒྱུ་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་གང་ཞེ་ན། མི་གཅིག་གིའམ། སྤུན་སྒོ་མ་བྱེ་བ་དག་གི་ཀུན་དུ་རྒྱུའི་ ཁྱིམ་རབ་ཏུ་མང་པོ་གང་ཡིན་པའོ། །དེ་དག་གི་ཉེན་ཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངམ། གནས་གང་དུ་སྨྱིག་མ་དག་གཤག་པར་བྱེད་པ་དང་། ཞེས་བྱ་བ་ནས་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །ཀུན་དུ་རྒྱུ་རབ་ཏུ་མང་ པོ་ཉེན་ཀོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པའམ། སྤུན་སྒོ་བྱེ་བ་དག་གི་ཀུན་དུ་རྒྱུ་རབ་ཏུ་མང་པོའི་ཁྱིམ་གང་དག་ཡིན་པའོ། །དེ་དག་གི་ཉེན་ཀོར་གང་ཞེ་ན། སོ་སོ་བའོ། །ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ། །གཡུལ་ཉེན་ཀོར་གཅིག་པ་ གང་ཞེ་ན། མི་གཅིག་གིའམ། སྤུན་སྒོ་མ་བྱེ་བ་དག་གི་གཡུལ་གང་ཡིན་པའོ། །དེའི་ཉེན་ཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངམ། གནས་གང་དུ་སོག་མ་དག་འཇོག་པར་བྱེད་པ་དང་། བྲེ་བ་དང་། ཕྱགས་མ་དང་། གཞལ་ སྣོད་དག་འཇོག་པར་བྱེད་པ་དང་། འཕྱར་བར་བྱེད་པ་དང་། འབྲུ་དག་ཕྱར་བ་ན་ཕུབ་མ་རགས་པ་དག་གང་དུ་རླུང་གིས་མ་བདས་པར་ཕྱིན་པ་སྟེ། དེའི་ཉེན་ཀོར་ནི་དེ་ཡིན་ནོ། །དགེ་སློང་མས་ཉེན་ཀོར་དུ་ཆོས་གོས་དག་ཅེས་བྱ་བ་ནས་གཞན་ནི་སྔ་མ་བཞིན་ནོ། ། གཡུལ་ཉེན་ཀོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པའིའམ། སྤུན་སྒོ་བྱེ་བ་དག་གི་གཡུལ་གང་ཡིན་པའོ་ཞེས་བྱ་བ་ནས་ཅི་ཞིག་ཐུན་མོང་ཡིན་ཞེ་ན། གཡུལ་གྱི་དབུས་སོ། །གཡུལ་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་གང་ཞེ་ན། མི་གཅིག་གིའམ། སྤུན་སྒོ་ མ་བྱེ་བ་དག་གི་གཡུལ་གང་ཡིན་པའོ། །གཞན་ནི་སྔ་མ་བཞིན་ནོ། །གཡུལ་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་གང་ཞེ་ན། གཡུལ་གང་ཞིག་མི་ཐ་དད་པའིའམ་ཞེས་བྱ་བ་ནས་ཅི་ཞིག་ཐུན་མོང་ཞེ་ན། ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་རོ། །གཡུལ་ཚོགས་ ཉེན་ཀོར་གཅིག་པ་གང་ཞེ་ན། མི་གཅིག་གིའམ། སྤུན་སྒོ་མ་བྱེ་བ་དག་གི་གཡུལ་ཚོགས་གང་ཡིན་པའོ། །དེའི་ཉེན་ཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངམ། གང་དུ་གླང་དག་འདོགས་པར་བྱེད་པ་དང་། ལྕི་བ་དག་འདོར་བར་ བྱེད་པའོ། །གཞན་ནི་སྔ་མ་བཞིན་ནོ། །གཡུལ་ཚོགས་ཉེན་ཀོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པའིའམ། སྤུན་སྒོ་བྱེ་བ་དག་གི་གཡུལ་ཚོགས་གང་ཡིན་པའོ། །དེའི་ཉེན་ཀོར་གང་ཞེ་ན་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། སྒོ་ཞེས་བྱ་བའི་ བར་རོ། །གཡུལ་ཚོགས་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་གང་ཞེ་ན། གཡུལ་གང་ཞིག་མི་གཅིག་གིའམ། ཞེས་བྱ་བ་ནས་སྔ་མ་བཞིན་ནོ། །གཡུལ་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་གང་ཞེ་ན། གཡུལ་ཚོགས་གང་ཞིག་མི་ཐ་དད་པའིའམ་ཞེས་བྱ་ བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་རོ། །མུ་སྟེགས་ཅན་གྱི་ཁྱིམ་ཉེན་ཀོར་གཅིག་པ་གང་ཞེ་ན། མུ་སྟེགས་ཅན་ལྟ་བ་གཅིག་པ། བཟོད་པ་གཅིག་པ། འདོད་པ་གཅིག་པ། བསམ་པ་གཅིག་པ་ དག་གི་གང་ཡིན་པའོ། །དེ་དག་གི་ཉེན་ཀོར་གང་ཞེ་ན། གནས་གང་དུ་དེ་དག་མེའི་སྦྱིན་སྲེག་སྲེག་པར་བྱེད་པ་དང་། རྩྭ་དང་། ལྕི་བ་དང་། ཡམ་སྲེག་ཤིང་དང་། བླུགས་གཟར་དག་འཇོག་པའོ། །དེའི་ཉེན་ཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངམ། གང་དུ་གཅོད་པར་བྱེད་པ་དང་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །མུ་སྟེགས་ཅན་གྱི་ཁྱིམ་ཉེན་ཀོར་ཐ་དད་པ་གང་ཞེ་ན། མུ་སྟེགས་ཅན་ལྟ་བ་སྣ་ཚོགས་དང་ཞེས་བྱ་བ་ནས། བསམ་པ་སྣ་ཚོགས་གང་ ཡིན་པའོ། །ཞེས་བྱ་བའི་བར་རོ། །དེ་དག་གི་ཉེན་ཀོར་གང་ཞེ་ན། སོ་སོ་བའོ། །ཅི་ཞིག་ཐུན་མོང་ཡིན་ཞེ་ན། ལྷའི་གནས་སོ། །མུ་སྟེགས་ཅན་གྱི་ཁྱིམ་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་གང་ཞེ་ན། དང་པོ་པ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ། ། མུ་སྟེགས་ཅན་གྱི་ཁྱིམ་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་གང་ཞེ་ན། མུ་སྟེགས་ཅན་གྱི་ཁྱིམ་གང་དག་མི་ཐ་དད་པའིའམ་ཞེས་བྱ་བ་ནས་ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་རོ། །ཤིང་རྟ་ཉེན་ཀོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ། ཤིང་ རྟ་མི་གཅིག་གིའམ། སྤུན་སྒོ་མ་བྱེ་བ་དག་གིའོ། །དེའི་ཉེན་ཀོར་གང་ཞེ་ན། འགྲོ་བའམ། འདུག་ཀྱང་རུང་ཉེན་ཀོར་འདོམ་གང་ངམ། གནས་གང་དུ་གླང་འདོགས་པར་བྱེད་པ་དང་། རྩྭ་མུན་ཛ་དག་རྡུང་བར་བྱེད་པ་དང་། ཐག་གུ་དག་འཁལ་བར་ བྱེད་པའམ། ཡང་ན་གང་དུ་གཅོད་པར་བྱེད་པ་དང་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །ཤིང་རྟ་ཉེན་ཀོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པའིའམ། སྤུན་སྒོ་བྱེ་བའི་ཤིང་རྟ་གང་ཡིན་པ་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ ཞེ་ན། ཁ་ལོ་སྒྱུར་བའི་སྟན་ནོ་ཞེས་བྱ་བའི་བར་རོ། །ཤིང་རྟ་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་གང་ཞེ་ན། དང་པོ་པ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ། །ཤིང་རྟ་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་གང་ཞེ་ན། ཤིང་རྟ་གང་དག་མི་ཐ་དད་པའིའམ་ཞེས་བྱ་བ་ ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་རོ།། །།དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅུ་གཉིས་པ། གྲུ་ཉེན་ཀོར་གཅིག་པ་གང་ཞེ་ན། མི་གཅིག་གིའམ། སྤུན་སྒོ་མ་བྱེ་བ་དག་གི་གྲུ་གང་ཡིན་ པའོ། །དེའི་ཉེན་ཀོར་གང་ཞེ་ན། འགྲོ་བའི་ཉེན་ཀོར་འདོམ་གང་ངམ། གནས་གང་དུ་ཕུར་པ་འདེབས་པར་བྱེད་པ་དང་། གྲུ་རྟོད་པར་བྱེད་པ། རྩྭ་མུན་ཛ་དག་རྡུང་བར་བྱེད་པ་དང་། ཐག་པ་དག་འཁལ་བར་བྱེད་པ་དང་། རུ་སྐྱ་དག་འཇོག་པར་བྱེད་ པའམ། གང་དུ་གཅོད་པར་བྱེད་པ་དང་ཞེས་བྱ་བ་ནས། ཁྱེའུ་སུས་བྱེད་པ་ཞེས་བྱ་བའི་བར་རོ། །དགེ་སློང་མས་ནང་དུ་ཆོས་གོས་དག་ཅེས་བྱ་བ་ནས་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །གྲུ་ཉེན་ཀོར་ཐ་དད་པ་གང་ཞེ་ན། གྲུ་གང་དག་མི་ཐ་དད་ པའིའམ་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། གྲུ་གདང་ངོ་ཞེས་བྱ་བའི་བར་རོ། །གྲུ་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་གང་ཞེ་ན། དང་པོ་པ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ། །གྲུ་རབ་ཏུ་མང་པོ་ཉེན་ཀོར་ཐ་དད་པ་གང་ཞེ་ན། གྲུ་གང་དག་མི་ ཐ་དད་པའིའམ་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་རོ། །ཀུན་དགའ་ར་བ་ཉེན་ཀོར་གཅིག་པ་གང་ཞེ་ན། མི་གཅིག་གིའམ། སྤུན་སྒོ་བྱེ་བ་དག་གི་ཀུན་དགའ་ར་བ་གང་ཡིན་པའོ། །དེའི་ཉེན་ཀོར་གང་ཞེ་ན། གནས་གང་དུ་ལོ་མ་སྔོན་མོ་དག་འཁྲུ་བར་བྱེད་པ་དང་། ཐུམ་བུ་དག་འཕུར་བར་བྱེད་པ་དང་། མེ་ཏོག་དག་རྒྱུད་པར་བྱེད་པ་དང་། ཞེས་བྱ་བ་ནས་ཁྱེའུ་སུས་དག་བྱེད་པ་ཞེས་བྱ་བའི་བར་རོ། །དགེ་སློང་མས་ནང་དུ་ཆོས་གོས་དག་ཅེས་བྱ་བ་ནས། སྐྱ་རེངས་འཆར་ བར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །ཀུན་དགའ་ར་བ་ཉེན་ཀོར་ཐ་དད་པ་གང་ཞེ་ན། ཀུན་དགའ་ར་བ་གང་མི་ཐ་དད་པའི་འམ་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཁྲོན་པའོ་ཞེས་བྱ་བའི་བར་རོ། །ཀུན་དགའ་ར་བ་རབ་ཏུ་ མང་པོ་ཉེན་ཀོར་གཅིག་པ་གང་ཞེ་ན། ཀུན་དགའ་ར་བ་གང་དག་མི་གཅིག་གིའམ་ཞེས་བྱ་བ་ནས་དང་པོ་པ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ། །ཀུན་དགའ་ར་བ་མང་པོ་ཉེན་ཀོར་ཐ་དད་པ་གང་ཞེ་ན། ཀུན་དགའ་ར་བ་མང་པོ་གང་དག་མི་ཐ་དད་པའིའམ་ཞེས་བྱ་ བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་རོ། །ཤིང་ལྗོན་པའི་ཉེན་ཀོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ། ཤིང་ལྗོན་པའི་ཡལ་གའི་ལོ་འདབ་འབྱོར་པས་གཅིག་ཏུ་སྟུག་པའོ། །དེའི་ཉེན་ཀོར་གང་ཞེ་ན། ནང་ཐམས་ ཅད་དང་། ཕྱི་རོལ་འདོམ་གང་ངམ། སོ་ག་རྣམས་ཀྱི་ཟླ་བ་ཐ་མ་ལ་བབ་པའི་ཉི་མ་ཕྱེད་ཀྱི་གྲིབ་མས་ཁྱབ་ཅིང་འདུག་པའམ། ལོ་མ་སྐྱ་བོ་དག་རླུང་གིས་མ་བདས་པར་ལྷུང་བའམ། ཆར་བབ་པ་ན་ཆུའི་ཐིགས་པ་དག་འབབ་པ་སྟེ་དེའི་ཉེན་ཀོར་ནི་དེ་ཡིན་ནོ། །དགེ་ སློང་མས་ནང་དུ་ཞེས་བྱ་བ་ནས་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །ཤིང་ལྗོན་པ་ཉེན་ཀོར་ཐ་དད་པ་གང་ཞེ་ན། འདི་ལྟ་སྟེ། ཤིང་ལྗོན་པ་ཡལ་གའི་ལོ་མ་འདབ་མ་འབྱོར་པའམ་ཞེས་བྱ་བ་ནས། ཐུན་མོང་ཅི་ཞིག་ཡིན་ཞེ་ན། ཤིང་དྲུང་ངོ་ཞེས་བྱ་བའི་ བར་རོ། །ཤིང་ལྗོན་པ་རབ་ཏུ་མང་པོ་ཉེན་ཀོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ། ཤིང་ལྗོན་པ་རབ་ཏུ་མང་པོ་ཡལ་གའི་ལོ་མ་འདབ་མ་འབྱོར་པ་གྲིབ་མ་ཐ་དད་པ་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་རོ། ། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་དགེ་སློང་མ་ཤུལ་དུ་ཞུགས་པའི་ཉེན་ཀོར་གང་ལགས། འགྲོ་བ་ན་འདོམ་གང་། འགྲེང་བ་ན་འདོམ་གང་། འདུག་པ་ན་འདོམ་གང་། ཁོར་ཁོར་ཡུག་ཡིན་ནོ། ། བཙུན་པ་གལ་ཏེ་དགེ་སློང་མ་དག་ཤུལ་དུ་ཞུགས་ནས་ལྷན་ཅིག་གནས་པ་དང་། ཉེ་གནས་དག་ལ་ཆོས་གོས་དག་གཏད་དེ་དེ་སླད་བཞིན་མཆིས་ན་དེ་དག་གི་ཉེན་ཀོར་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་ཇི་སྐད་བྲམ་ཟེ་གྲོ་བཞིན་སྐྱེས་ ཀྱི་རིགས་ལ་བར་འདོམ་བདུན་བདུན་གྱིས་བཅད་དེ་ཨ་མྲ་བསྐྱེད་ན། ཤིན་ཏུ་མེ་ཏོག་ཕུན་སུམ་ཚོགས་པ་དང་། འབྲས་བུ་ཕུན་སུམ་ཚོགས་པ་དང་། ཡལ་ག་ཕུན་སུམ་ཚོགས་པར་འགྱུར་བར་གསུངས་པའི་ཨ་མྲ་གང་དག་ཡིན་པ་དེ་དག་གི་བར་ནི་འདོམ་བཞི་བཅུ་ རྩ་དགུར་འགྱུར་རོ། །བཙུན་པ་རེ་ཞིག་གཙུག་ལག་ཁང་གཉིས་ཀྱི་མཚམས་སུ་མཆིས་ཉལ་བར་བགྱིད་ན་མཚམས་གང་ལགས། ཇི་ཙམ་ཆོས་གོས་ཀྱི་གྲྭ་ལུས་དང་མ་བྲལ་བ་དེ་སྲིད་དུ་ཆོས་གོས་དང་བྲལ་བར་མི་འགྱུར་རོ། །གང་གི་ཚེ་དེའི་ཆོས་གོས་ཀྱི་གྲྭ་ལུས་ དང་བྲལ་བ་དེའི་ཚེ་ཆོས་གོས་དང་བྲལ་བར་འགྱུར་ཏེ། དགེ་སློང་མའི་ཆོས་གོས་སྤངས་པར་གྱུར་ཏེ་དེ་མ་སྤངས་པར་ཞེས་བྱ་བ་ནས། དང་པོ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ། །སྤང་བའི་ལྟུང་བྱེད་གཉིས་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ ཚེ་དགེ་སློང་མ་རྣམས་ལ་གོས་ཀྱི་རྙེད་པ་མང་པོ་འདི་ལྟ་བུ་འདི་བྱུང་སྟེ། གང་སུ་ཡང་རུང་བས་གོས་སྔོན་པོ་ཞིག་རྙེད་ནས་དེས་དེ་བྱེད་དུ་མི་འཇུག་པར་གང་གི་ཚེ་འདི་འདྲ་བའི་གོས་བདག་གིས་རྙེད་པར་གྱུར་པ་དེའི་ཚེ་བདག་གིས་ལངས་པར་བྱས་ལ་བཅང་བར་བྱའོ། །སྙམ་དུ་ རེ་བ་ཡོད་ཅིང་དེས་དེ་འཇོག་པར་བྱེད་དོ། །སྔོན་པོ་ལ་ཇི་ལྟ་བ་དེ་བཞིན་དུ་སེར་པོ་དང་། དམར་པོ་དང་། སྟུག་པོ་དང་། སྲབ་མོ་ལ་ཡང་བརྗོད་པར་བྱའོ། །སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་ གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མ་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན་དུས་མ་ཡིན་པར་གོས་ཤིག་རྙེད་ལ་འདོད་ན་དགེ་སློང་མ་དེས་གོས་དེ་བླང་བར་བྱའོ། །བླངས་ནས་ གལ་ཏེ་ལངས་ན་མྱུར་བ་ཁོ་ནར་བྱས་ཏེ་བཅང་བར་བྱའོ། །གལ་ཏེ་ཆོས་གོས་ལ་རེ་བ་ཡོད་པའམ། ཁ་མ་ལངས་པ་ཁ་སྐོང་བར་བྱེད་ན་དགེ་སློང་མ་དེས་གོས་དེ་ཟླ་བ་གཅིག་གི་མཐའི་བར་དུ་བཅང་བར་བྱའོ། །དེ་ལས་འདས་པར་འཇོག་ན་སྤང་བའི་ ལྟུང་བྱེད་དོ། །དགེ་སློང་མ་ཆོས་གོས་ཟིན་པས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །རྙེད་ལ་ཞེས་བྱ་བ་ནི་གཞན་ལས་སོ། །དུས་མ་ཡིན་པའི་གོས་ཞེས་བྱ་བ་ལ། གོས་ཀྱི་དུས་ནི་གང་ཡིན། དུས་མ་ཡིན་པའི་གོས་ནི་གང་ཡིན་ཞེ་ན། སྲ་བརྐྱང་བཏིང་བའི་གནས་ན་ནི་ སྟོན་ཟླ་འབྲིང་པོའི་ཉ་ནས་བཟུང་སྟེ། དཔྱིད་ཟླ་ར་བ་ཉའི་བར་གྱི་ཟླ་བ་ལྔ་པོ་དེ་དག་ནི་གོས་ཀྱི་དུས་ཡིན་ནོ། །ལྷག་མ་ཟླ་བ་བདུན་པོ་དག་ནི་དུས་མ་ཡིན་ནོ། །གོས་བདུན་པོ་གང་ཡང་རུང་བ་ཞེས་བྱ་བ་ལ། བདུན་པོ་དེ་དག་གང་ཞེ་ན། བལ་གྱི་དང་། རས་དང་། རས་ བལ་གྱི་དང་། མོན་དར་དང་། དུ་གུ་ལའི་རས་དང་། ཀོ་ཏམ་པའི་རས་དང་། ཉི་འོག་གི་གོས་སོ། །འདོད་ན་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར་ནའོ། །བླངས་ནས་གལ་ཏེ་ལངས་ན་མྱུར་བ་ན་ཁོ་ནར་བྱས་ཏེ་བཅང་བར་བྱའོ། །གལ་ཏེ་མི་ལངས་ན་ཞེས་བྱ་བ་ནི་ ལྔ་པོ་གང་ཡང་རུང་བའོ། །དགེ་སློང་མ་དེས་གོས་དེ་ཟླ་བ་གཅིག་གི་མཐར་བཅང་བར་བྱའོ་ཞེས་བྱ་བ་ནི་ཉིན་ཞག་སུམ་བཅུའི་མཐར་རོ། །གོས་དེའི་རེ་བ་ཞེས་བྱ་བ་ལ་གོས་ཀྱི་རེ་བ་གང་ཞེ་ན། བདག་ལ་མས་སྦྱིན་པར་འགྱུར་བའམ། བདག་ལ་ཕས་སྦྱིན་པར་འགྱུར་ བའམ། བདག་ལ་མིང་པོ་དང་ཕུ་ནུ་མོས་སྦྱིན་པར་འགྱུར་བའམ། ལོ་ལྔའི་དུས་སྟོན་ཆེན་པོའི་ཚེ་འཐོབ་པའོ། །ཁ་མ་ལངས་པ་ཁ་སྐོང་བར་བྱེད་ན་ཞེས་བྱ་བ་ནི་གོས་དེའི་ཁ་སྐོང་བར་བྱེད་ནའོ། །དེ་ལས་འདས་པར་ཞེས་བྱ་བ་ནི་དེ་ལས་ཐལ་བར་རོ། ། འཇོག་ན་ཞེས་བྱ་བ་ནི་འཆང་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ཞེས་བྱ་བ་ནས། ངན་འགྲོ་ལོག་པར་ལྟུང་བ་རྣམས་སོ་ཞེས་བྱ་བའི་བར་རོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན།། །།ལྟུང་བའི་བར་སྡོམ་ལ། རེ་བཅས་རེ་བ་ མེད་པ་དང་། །ཉམས་པར་གྱུར་ལ་གསུམ་དག་དང་། །མ་གྲུབ་པ་ལ་རྒྱུན་ཆད་དང་། །གོས་ནི་གཉིས་པོ་ཉིད་དག་དང་། །དེ་ནས་གོས་ནི་ལྔ་དག་དང་། །ཕྱག་དར་ཁྲོད་ལ་གཉིས་དང་ཡང་། །སྣམ་ཕྲན་ཚད་དང་གླན་པ་དང་། །རྔུལ་གཟན་མཐང་གོས་ཉིད་ དང་ཡང་། །འཁོར་གསུམ་ཁེབས་པ་དག་དང་ནི། །ཁོར་ཡུག་ཕྱི་མར་བྱས་པ་ཡིན། །དགེ་སློང་མས་ཚེས་ལ་གོས་སྔོན་པོ་ཞིག་རྙེད་ནས། དེས་དེ་བྱེད་དུ་མི་འཇུག་པར་གང་གི་ཚེ་བདག་གིས་འདི་འདྲ་བའི་གོས་རྙེད་པར་གྱུར་པ་དེའི་ཚེ་བྱའོ། །སྙམ་དུ་གོས་ཀྱི་ རེ་བ་ཡོད་པས་དེས་དེ་འཇོག་པར་བྱེད་ཅིང་དེ་གོས་ཀྱི་རེ་བ་ཡོད་པ་ལས་དེས་ཚེས་དེ་ཉིད་ཀྱི་ཉིན་པར་རེ་བ་ཡོད་པ་རྙེད་ན་དགེ་སློང་མ་དེས་གོས་དེ་ཉི་མ་བཅུ་པོ་དེ་ཉིད་ཀྱི་ནང་དུ་བྱིན་གྱིས་བརླབ་པར་བྱ་བའམ། གཏང་བར་བྱ་བའམ། རུང་བར་བྱའོ། །བྱིན་གྱིས་རློབ་པར་མི་ བྱེད་དམ། རུང་བར་མི་བྱེད་དམ། གཏོང་བར་མི་བྱེད་ན་ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མས་ཚེས་ཉིད་ལ་གོས་མ་རྙེད་དམ། ཚེས་གཉིས་ལ་ཡང་མ་རྙེད་མོད་ཀྱི་ཚེས་དགུ་ལ་རེ་བ་དང་བཅས་པ་ཞིག་རྙེད་ན་དགེ་སློང་མ་དེས་ཉི་མ་ བཅུ་པོ་དེ་ཉིད་ཀྱི་ནང་དུ་བྱིན་གྱིས་བརླབ་པར་བྱ་བའམ། རུང་བར་བྱ་བའམ། གཏང་བར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། རུང་བར་མི་བྱེད་དམ། གཏོང་བར་མི་བྱེད་ན་ཉི་མ་བཅུ་གཅིག་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། །གཞན་ཡང་དགེ་ སློང་མས་ཚེས་ཉིད་ལ་གོས་མ་རྙེད་ཅིང་། ཚེས་གཉིས་ལ་ཡང་མ་རྙེད་དེ། འོན་ཀྱང་ཞག་ཉི་ཤུ་རྩ་དགུའི་ཉིན་པར་རེ་བ་དང་བཅས་པ་ཞིག་རྙེད་ན་དགེ་སློང་མ་དེས་གོས་དེ་ཉི་མ་སུམ་བཅུ་པོ་དེ་ཉིད་ཀྱི་ནང་དུ་བྱིན་གྱིས་བརླབ་པར་བྱ་བའམ། རུང་བར་བྱ་བའམ། གཏང་ བར་བྱའོ། །བྱིན་གྱིས་རློབ་པར་མི་བྱེད་དམ། རུང་བར་མི་བྱེད་དམ། གཏོང་བར་མི་བྱེད་ན་ཉི་མ་སུམ་བཅུ་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དོ། །སྔོན་པོ་ལ་ཇི་ལྟ་བ་དེ་བཞིན་དུ་སེར་པོ་དང་། སྟུག་པོ་དང་། སྲབ་མོ་ཡང་དེ་བཞིན་ནོ། །དགེ་སློང་མས་ ཚེས་ལ་གོས་སྔོན་པོ་ཞིག་རྙེད་ལ་དེས་དེ་བྱེད་དུ་མི་འཇུག་པར་གང་གི་ཚེ་བདག་གིས་འདི་འདྲ་བའི་གོས་རྙེད་པར་གྱུར་པ་དེའི་ཚེ་བྱའོ་སྙམ་དུ་གོས་ཀྱི་རེ་བ་ཡོད་པས་དེས་དེ་འཇོག་པར་བྱེད་ཅིང་། དེས་ཚེས་དེ་ཉིད་ལ་རེ་བ་མེད་པ་གཞན་ཞིག་རྙེད་ན་དགེ་ སློང་མ་དེས་གོས་དེ་ཉི་མ་བཅུ་པོ་དེ་ཉིད་ཀྱི་ནང་དུ་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དགེ་སློང་མས་ཚེས་ཉིད་ལ་ཡང་མ་ཡིན། ཚེས་གཉིས་ལ་ཡང་མ་ཡིན་ཞེས་བྱ་བ་ནས་ཚེས་དགུ་དང་བཅུའི་ནང་དུ་ཡང་མ་ཡིན་ན་ཞེས་བྱ་བ་ནས། སྤང་ བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །གཞན་ཡང་དགེ་སློང་མས་ཚེས་ཉིད་ལ་ཡང་མ་ཡིན་ཞེས་བྱ་བ་ནས། ཚེས་ཉི་ཤུ་དགུའི་ཉིན་པར་རེ་བ་མེད་པ་ཞིག་རྙེད་ན་ཞེས་བྱ་བ་ནས་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །སྔོན་པོ་ལ་ཇི་ལྟ་བ་བཞིན་དུ་སྲབ་མོའི་བར་ ལ་ཡང་དེ་བཞིན་ནོ། །དགེ་སློང་མས་ཚེས་ལ་གོས་སྔོན་པོ་ཞིག་རྙེད་ལ། དེས་དེ་བྱེད་དུ་མི་འཇུག་པར་གང་གི་ཚེ་བདག་གིས་འདི་འདྲ་བའི་གོས་རྙེད་པར་གྱུར་པ་དེའི་ཚེ་བྱའོ་སྙམ་དུ་གོས་ཀྱི་རེ་བ་ཡོད་པ་ལས། དེའི་གོས་ཀྱི་རེ་བ་དེ་ཉམས་པར་གྱུར། འགྱངས་པར་ གྱུར། ཤས་ཆུང་བར་གྱུར་ལ། དེས་ཚེས་དེ་ཉིད་ལ་རེ་བ་མེད་པའི་གོས་གཞན་རྙེད་ན་ཞེས་བྱ་བ་ནས། དེ་བཞིན་དུ་ཚེས་དགུ་ལ་ཡང་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །གཞན་ཡང་དགེ་སློང་མས་ཚེས་ལ་གོས་གཞན་ཞིག་རྙེད་ ན་ཞེས་བྱ་བ་ནས། ཚེས་ཉི་ཤུ་དགུའི་ཉིན་པར་ཞེས་བྱ་བ་ནས་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །སྔོན་པོ་ལ་ཇི་ལྟ་བ་བཞིན་དུ་སྲབ་མོའི་བར་ལ་ཡང་དེ་བཞིན་ནོ། །དགེ་སློང་མས་ཚེས་ལ་གོས་སྔོན་པོ་ཞིག་རྙེད་ལ། དེས་དེ་བྱེད་དུ་མི་འཇུག་པར་གང་གི་ ཚེ་བདག་གིས་འདི་འདྲ་བའི་གོས་རྙེད་པར་གྱུར་པ་དེའི་ཚེ་བྱའོ། །སྙམ་དུ་གོས་ཀྱི་རེ་བ་ཡོད་ཅིང་དེས་དེ་འཇོག་པར་བྱེད་པ་ན། དེའི་གོས་ཀྱི་རེ་བ་ཡོད་པ་དེ་གྲུབ་པར་མ་གྱུར། རྒྱུན་ཆད་པར་མ་གྱུར་པར་དེས་ཚེས་དེ་ཉིད་ལ་རེ་བ་མེད་པའི་གོས་གཞན་རྙེད་ན་ཞེས་བྱ་བ་ དང་། དེ་བཞིན་དུ་ཚེས་ལ་མ་ཡིན་ཞེས་བྱ་བ་ནས་ཚེས་དགུའི་བར་དང་། ཚེས་ཉི་ཤུ་དགུའི་ཉིན་མོ་ཞེས་བྱ་བའི་བར་རྒྱས་པར་བརྗོད་པར་བྱའོ། །སྔོན་པོ་ལ་ཇི་ལྟ་བ་བཞིན་དུ་སྲབ་མོའི་བར་ལ་ཡང་དེ་བཞིན་ནོ། །དགེ་སློང་མས་ཚེས་ལ་གོས་སྔོན་པོ་ཞིག་རྙེད་ལ། དེས་དེ་བྱེད་དུ་མི་འཇུག་པར་གང་གི་ཚེ་བདག་གིས་འདི་འདྲ་བའི་གོས་རྙེད་པར་གྱུར་པ་དེའི་ཚེ་བྱའོ་སྙམ་དུ་གོས་ཀྱི་རེ་བ་ཡོད་པ་ལས་དེའི་གོས་ཀྱི་རེ་བ་དེ་ཐམས་ཅད་ཀྱི་ཐམས་ཅད་དུ་རྒྱུན་ཆད་པར་གྱུར་པ་དང་། དེས་ཚེས་དེ་ཉིད་ལ་རེ་བ་མེད་པའི་གོས་གཞན་ཞིག་རྙེད་ན་ཞེས་ བྱ་བ་དང་། དེ་བཞིན་དུ་ཚེས་ལ་ཡང་མ་ཡིན་ཞེས་བྱ་བ་ནས། ཚེས་དགུའི་བར་དང་། དེ་བཞིན་དུ་ཚེས་ཉི་ཤུ་དགུའི་ཉི་མ་ལ་རེ་བ་མེད་པའི་ཞེས་བྱ་བའི་བར་དུ་རྒྱས་པར་བརྗོད་པར་བྱའོ། །སྔོན་པོ་ལ་ཇི་ལྟ་བ་དེ་བཞིན་དུ་སྲབ་མོའི་བར་ལ་ཡང་དེ་བཞིན་ནོ། །གོས་ ནི་གཉིས་ཏེ། སར་པ་དང་། དུས་ཚིགས་སུ་སྤྱད་པའོ། །དེ་ལ་སར་པ་ནི་ཐ་ག་པས་གསར་དུ་བཏགས་པའོ། །དུས་ཚིགས་པ་ནི་དུས་ཚིགས་གསུམ་པོ་གང་ཡང་རུང་བའི་དུས་ཚིགས་སུ་སྤྱད་པར་གྱུར་པའོ། །གོས་ལྔ་པོ་དག་ལ་ལྔ་གང་ཞེ་ན། གོས་བདག་ པོ་ཡོད་པ་དང་། བདག་པོ་མེད་པ་དང་། བོར་བ་བླངས་པ་དང་། དུར་ཁྲོད་པ་དང་། ལྔ་པ་ནི་ཕྱག་དར་ཁྲོད་པའོ། །དེ་ལ་གོས་བདག་པོ་ཡོད་པ་ནི་སྐྱེས་པ་དང་། བུད་མེད་དང་། མ་ནིང་སྦྱིན་པ་པོར་བཏགས་པ་གང་ཡིན་པའོ། །བདག་པོ་མེད་པ་ནི་མ་ ནིང་གི་བར་དུ་སྦྱིན་པ་པོ་མེད་པ་གང་ཡིན་པའམ། ཡང་ན་ལམ་ཀར་ལྷུང་བ་རྙེད་པའོ། །བོར་བ་བླངས་པ་ནི་ཤི་བའི་ཉེ་དུས་གོས་ཀྱི་གདུགས་དག་བསྒྲེང་སྟེ་དུར་ཁྲོད་དུ་བསྐྱལ་ནས། དེ་ནས་བླངས་པ་དག་དགེ་སློང་མ་རྣམས་ལ་འབུལ་བར་བྱེད་པ་སྟེ། འདི་ནི་ བོར་བ་བླངས་པའི་གོས་ཞེས་བྱའོ། །དུར་ཁྲོད་པ་ཞེས་བྱ་བ་ནི་ཡོངས་སུ་འཛིན་པ་མེད་པའི་དུར་ཁྲོད་ནས་བླངས་པ་གང་ཡིན་པའོ། །ལྔ་པ་ཉིད་ནི་ཕྱག་དར་ཁྲོད་པའོ། །གཞན་ཡང་ཕྱག་དར་ཁྲོད་པ་ནི་ལྔ་སྟེ། ལྔ་གང་ཞེ་ན། ཕྱག་དར་ཁྲོད་པ་ལམ་པོ་ཆེ་པ་དང་། ཆུ་འགྲམ་པ་དང་། དགོན་པར་བོར་བ་དང་། རལ་རུལ་དང་། ལྔ་པ་ཉིད་ནི་ཕྱག་དར་ཁྲོད་པའོ། །གཞན་ཡང་ཕྱག་དར་ཁྲོད་པ་ནི་ལྔ་སྟེ། བེའུ་ཡིས་ཟོས་པ་དང་། སྲིལ་གྱིས་ཟོས་པ་དང་། བྱི་བས་ཟོས་པ་དང་། མེས་ཚིག་པ་ དང་། ལྔ་པ་ཉིད་ནི་ས་ལ་ལྷུང་བའི་གོས་སོ། །དགེ་སློང་མས་གོས་སར་པ་རྙེད་ལ་གལ་ཏེ་ནུས་ན་དེས་གོས་དེ་ལས་སྣམ་སྦྱར་ནི་ཉི་རིམ་དུ་བྱ། གདིང་བ་ཡང་ཉི་རིམ་དུ་བྱ། བླ་གོས་ནི་ཆིག་རྐྱང་དུ་བྱ། མཐང་གོས་ཀྱང་ཆིག་རྐྱང་དུ་བྱའོ། །དེ་བཞིན་དུ་རྔུལ་གཟན་ དང་། ཤིང་དཔུང་ཆད་ཀྱང་ཆིག་རྐྱང་དུ་བྱའོ། །དགེ་སློང་མས་སར་པ་ལ་སྣམ་སྦྱར་ཉི་རིམ་ལ་རིམ་པ་གསུམ་པ་གློན་པར་བྱེད་ན་དེ་གློན་པར་བྱེད་པ་ན་ཉེས་བྱས་སོ། །ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མས་སར་པ་ལ་སྣམ་སྦྱར་ཉི་རིམ་བྱས་པ་ལས་ གཞན་དུ་གླན་ནོ་སྙམ་ནས་རིམ་པ་གཅིག་འབོགས་པར་བྱེད་ན་དེ་འབོགས་པར་བྱེད་པ་ན་ཉེས་བྱས་སོ། །ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ། །གལ་ཏེ་འདི་སྙམ་དུ་སེམས་བསྐྱེད་དེ། བཀོགས་ལ་བཀྲུས་ཤིང་ཁ་བསྒྱུར་ཏེ། འདི་ཉིད་ལ་གླན་ནོ་ སྙམ་པས་དེ་འབོགས་པར་བྱེད་ན་ལྟུང་བ་མེད་དོ། །ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ། །དེ་བཞིན་དུ་གདིང་བ་ལ་ཡང་བརྗོད་པར་བྱའོ། །བླ་གོས་ཆིག་རྐྱང་ལ་རིམ་པ་གློན་པར་བྱེད་ན་དེ་གློན་པ་ལ་ཉེས་བྱས་ལ། ཞག་བཅུ་འདས་ན་སྤང་བའི་ལྟུང་ བྱེད་དོ། །བླ་གོས་ལ་ཇི་ལྟ་བ་བཞིན་དུ་མཐང་གོས་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །ཆོས་གོས་ལྔའི་བར་དུ་ཡང་བརྗོད་པར་བྱ་སྟེ། ཐམས་ཅད་ལ་སྤང་བའི་ལྟུང་བྱེད་དོ་ཞེས་བརྗོད་པར་བྱའོ། །དགེ་སློང་མས་དུས་ཚིགས་སུ་བཅས་པའི་གོས་ཞིག་རྙེད་ ལ། གལ་ཏེ་ནུས་ན་དེས་དེ་ལས་སྣམ་སྦྱང་ནི་བཞི་རིམ་དུ་བྱའོ། །གདིང་བ་དང་། བླ་གོས་དང་། མཐང་གོས་ནི་ཉི་རིམ་དུ་བྱའོ། །རྔུལ་གཟན་དང་། ཤིང་དཔུང་ཆད་ཀྱང་དེ་བཞིན་ནོ། །དགེ་སློང་མས་སྣམ་སྦྱར་བཞི་རིམ་ལ་རིམ་པ་ལྔ་པ་གློན་པར་བྱེད་ན་དེ་ གློན་པར་བྱེད་པ་ན་ཉེས་བྱས་ལ། ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ། །འབོགས་པར་བྱེད་ན་ཞེས་བྱ་བའི་བར་གོང་མ་ཇི་ལྟ་བ་བཞིན་ནོ། །དེ་བཞིན་དུ་གདིང་བ་ལ་ཡང་བརྗོད་པར་བྱའོ། །བླ་གོས་དང་མཐང་གོས་ཀྱང་དེ་བཞིན་ནོ། །རྔུལ་གཟན་དང་། ཤིང་ དཔུང་ཆད་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །རིམ་པ་གཉིས་པ་ལ་ཞེས་བྱ་བ་ནས། འབོགས་ཤིང་རིམ་པ་གསུམ་པ་གློན་པར་བྱེད་ན་དེ་གློན་པར་བྱེད་པ་ན་ཉེས་བྱས་ལ། ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །ཕོག་ལ་གཞན་དུ་གླན་ནོ་ སྙམ་པ་ནས་དེ་གློན་པར་བྱེད་ན་ཉེས་བྱས་ལ། ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །བཀོགས་ལ་བཀྲུས་ཤིང་ཁ་བསྒྱུར་ཏེ་ཞེས་བྱ་བ་ནས། འདི་ཉིད་ལ་གླན་པར་བྱའོ་སྙམ་ན་ལྟུང་བ་མེད་ལ། ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ་ཞེས་ བྱ་བའི་བར་རོ། །ཕྱག་དར་ཁྲོད་པའི་ཚེམ་བུ་རྣམས་ལ་ནི་ཇི་ཙམ་འདོད་པར་གླན་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་སྣམ་སྦྱར་དག་གི་སྣམ་ཕྲན་དུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ཉེ་བ་འཁོར་དགུ་སྟེ། དགུ་གང་ཞེ་ན། དགུ་པ་དང་། བཅུ་གཅིག་པ་དང་། བཅུ་གསུམ་པ་དང་། བཅྭ་ལྔ་པ་དང་། བཅུ་བདུན་པ་དང་། བཅུ་དགུ་པ་དང་། ཉི་ཤུ་རྩ་གཅིག་པ་དང་། ཉི་ཤུ་རྩ་གསུམ་པ་དང་། ཉི་ཤུ་རྩ་ལྔ་པའོ། ། ཉེ་བ་འཁོར་སྣམ་ཕྲན་ཅན་དགུ་པོ་འདི་དག་ནི་སྣམ་སྦྱར་ཞེས་བྱའོ། །ཉེ་བ་འཁོར་དེ་ལ་དགུ་པ་གང་ཡིན་པ་དང་། བཅུ་གཅིག་པ་གང་ཡིན་པ་དང་། བཅུ་གསུམ་པ་གང་ཡིན་པ་དེ་དག་ནི་གླེགས་བུ་ཕྱེད་དང་གསུམ་པར་བྱས་ཏེ་བཅང་བར་བྱའོ། །བཅྭ་ལྔ་པ་གང་ཡིན་ པ་དང་། བཅུ་བདུན་པ་གང་ཡིན་པ་དང་། བཅུ་དགུ་པ་གང་ཡིན་པ་དེ་དག་ནི་གླེགས་བུ་ཕྱེད་དང་བཞི་པར་བྱ་སྟེ་བཅང་བར་བྱའོ། །ཉི་ཤུ་རྩ་གཅིག་པ་གང་ཡིན་པ་དང་། ཉི་ཤུ་རྩ་གསུམ་པ་གང་ཡིན་པ་དང་། ཉི་ཤུ་རྩ་ལྔ་པ་གང་ཡིན་པ་དེ་དག་ནི་གླེགས་བུ་ཕྱེད་ དང་ལྔ་པར་བྱས་ཏེ་བཅང་བར་བྱའོ། །དེ་བཞིན་དུ་གླན་པར་བྱའོ། །དེ་ཡན་ཆད་ནི་ཚེམ་བུའོ། །བཅོམ་ལྡན་འདས་ཆོས་གོས་ཀྱི་ཚད་ཇི་ཙམ་ལགས། ཉེ་བ་འཁོར་གསུམ་སྟེ། ཆོས་གོས་ཆེན་པོ་དང་། འབྲིང་དང་། ཆུང་ངུའོ། །དེ་ལ་ སྣམ་སྦྱར་ཆེན་པོ་གང་ཡིན་པའི་སྲིད་དུ་ནི་ཁྲུ་ལྔའོ། །ཞེང་དུ་ནི་ཁྲུ་གསུམ་མོ། །སྣམ་སྦྱར་ཆུང་ངུ་གང་ཡིན་པའི་སྲིད་དུ་ནི་ཁྲུ་ཕྱེད་དང་ལྔའོ། །ཞེང་དུ་ནི་ཁྲུ་ཕྱེད་དང་གསུམ་མོ། །འབྲིང་ནི་དེའི་བར་མའོ། །དེ་བཞིན་དུ་བླ་གོས་ལ་ཡང་རྣམ་པ་གསུམ་མོ། །མཐང་ གོས་ལ་ཡང་རྣམ་པ་གསུམ་མོ། །དེ་བཞིན་དུ་རྔུལ་གཟན་དང་། ཤི་ང་དཔུང་ཆད་ལ་ཡང་རྣམ་པ་གསུམ་མོ། །གཞན་ཡང་མཐང་གོས་ཀྱི་སྲིད་དུ་ནི་ཁྲུ་ལྔའོ། །ཞེང་དུ་ནི་ཁྲུ་དོའོ། །གཞན་ཡང་མཐང་གོས་ཀྱི་སྲིད་དུ་ནི་ཁྲུ་བཞིའོ། །ཞེང་དུ་ནི་ཁྲུ་དོའོ། །མཐང་ གོས་ཀྱི་ཐ་མ་ནི་ཁོར་གསུམ་ཁེབས་པའི་ཚད་དོ། །སྤང་བ་རྣམས་ཀྱི་ཐ་མ་ནི་ཁྲུ་གང་ཁོར་ཡུག་གོ། །དགེ་སློང་མས་གོས་སྤང་བར་གྱུར་པ་ཞེས་བྱ་བ་ནས། དང་པོ་ཇི་ལྟ་བ་བཞིན་དུ་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །སྤང་བའི་ལྟུང་བྱེད་གསུམ་པ་ རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཉེ་དགའ་ལས་བརྟེན་ཏེ་མགོན་མེད་ཟས་སྦྱིན་གྱིས་གསོལ་ནས་ཉེ་དུ་མ་ཡིན་པ་ལས་བསླབ་ པའི་གཞི་བཅའ་བ་མཛད་པ་དང་། དགེ་སློང་དག་ཆོམ་རྐུན་པས་བཏོགས་ནས། དགེ་སློང་ཆོམ་རྐུན་པས་བཏོགས་པ་ལས་བརྟེན་ཏེ། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ངོ་ཞེས། དགེ་སློང་མ་གནས་བརྟན་གནས་བརྟན་རབ་ཏུ་མང་པོས་ཐོས་ནས་བཅོམ་ལྡན་ འདས་གང་ན་བ་དེར་དོང་སྟེ་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་དགེ་སློང་མ་གནས་བརྟན་གནས་བརྟན་རབ་ཏུ་མང་པོས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བསླབ་པའི་གཞི་འདི་ལ་བདག་ཅག་གིས་ཇི་ལྟར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་དགེ་སློང་མའི་དགེ་ འདུན་ལ་བཀའ་སྩལ་པ། ཡང་དགེ་སློང་མ་གང་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་སྟེ་གོས་སློང་ན་དུས་མ་གཏོགས་ཏེ་དེ་ལས་འདས་ན་སྤང་བའི་ལྟུང་བྱེད་དོ། །དེ་ལ་དུས་ནི་འདི་ཡིན་ཏེ། དགེ་སློང་མ་གོས་ཕྲོགས་སམ། གོས་རླག་ གམ། གོས་ཚིག་གམ། གོས་ཆུས་ཁྱེར་བར་གྱུར་ན་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས་གོས་བསླང་བར་བྱ་སྟེ། དེ་ལ་དུས་ནི་དེ་ཡིན་ནོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་ཆོས་འདི་པའིའོ། །ཉེ་དུ་མ་ཡིན་པའི་ཞེས་བྱ་བ་ནི་ཕྱི་མོ་དང་། མེས་པོའི་ཕྲུགས་བདུན་ཚུན་ཆད་ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །ཁྱིམ་བདག་གམ་ཞེས་བྱ་བ་ནི་སྐྱེས་པའོ། །ཁྱིམ་བདག་གི་ཆུང་མ་ཞེས་བྱ་བ་ནི་བུད་མེད་དོ། །སོང་སྟེ་ཞེས་བྱ་བ་ནི་སོང་ནས་སོ། །སློང་ན་ཞེས་བྱ་བ་ནི་དུས་མ་གཏོགས་པར་བདག་ ཉིད་དམ། གཞན་སློང་དུ་འཇུག་ནའོ། །དེ་ལ་དུས་ནི་འདི་ཡིན་ཏེ་ཞེས་བྱ་བ་ནི་དེ་ལ་འདི་ནི་ཆོས་དང་མཐུན་པ་ཡིན་པའོ། །གོས་ཕྲོགས་སམ་ཞེས་བྱ་བ་ནི་ཆོམ་རྐུན་ནམ། །གཡོན་ཅན་གྱིས་དེའི་གོས་དག་ཕྲོགས་པར་གྱུར་པའོ། །གོས་རླག་གམ་ཞེས་བྱ་བ་ནི་དེའི་གོས་ དག་རླག་པའམ། འཁྱམས་པར་གྱུར་པའོ། །གོས་ཆུས་ཁྱེར་རམ་ཞེས་བྱ་བ་ནི་དེའི་གོས་དག་ཆུས་ཁྱེར་བར་གྱུར་པའོ། །གོས་ཚིག་གམ་ཞེས་བྱ་བ་ནི་དེའི་གོས་དག་མེས་ཚིག་པར་གྱུར་པའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། དེ་ལ་ལྟུང་ བར་ཇི་ལྟར་འགྱུར་ཞེ་ན། རིན་ཐང་དང་། ཁ་དོག་དང་། ཁྲུ་ཚད་ལས་ཏེ། ཇི་ལྟར་རིན་ཐང་ལས་ཞེ་ན། ཡང་དགེ་སློང་མ་གང་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས་གོས་ཀཱར་ཥཱ་པ་ཎ་ལྔ་རི་བ་བསླངས་ན་སློང་བ་ན་ དེ་ལ་ཉེས་བྱས་སོ། །ཐོབ་ན་སྤང་བའི་ལྟུང་བྱེད་དོ། །གལ་ཏེ་ཆེས་ལྷག་པར་ཐོབ་ན་ལྟུང་བ་མེད་དོ། །དེ་བཞིན་དུ་ཀཱར་ཥཱ་པ་ཎ་བཅུ་དང་ཉི་ཤུ་རི་བ་ལ་ཡང་བརྗོད་པར་བྱ་སྟེ། དེ་ལྟ་བུ་ནི་རིན་ཐང་ལས་སོ། །ཇི་ལྟར་ཁ་དོག་ལས་ཞེ་ན། དགེ་སློང་མ་ ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་སྟེ་གོས་སྔོན་པོ་བསླངས་ན་སློང་བ་ན་དེ་ལ་ཉེས་བྱས་སོ། །ཐོབ་ན་སྤང་བའི་ལྟུང་བྱེད་དོ། །གལ་ཏེ་སེར་པོ་ཐོབ་ན་ལྟུང་བ་མེད་དོ། །དེ་བཞིན་དུ་སྔོན་པོ་དང་། དེ་བཞིན་དུ་དམར་པོ་ལ་སྔོན་པོ་དང་། དཀར་པོ་ཉིད་རྒྱས་པར་བརྗོད་པར་བྱའོ། །དགེ་སློང་མ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས་གོས་སེར་པོ་བསླངས་ན་སློང་བ་ན་དེ་ལ་ཉེས་བྱས་སོ། །ཐོབ་ན་སྤང་བའི་ལྟུང་བྱེད་དོ། །གལ་ཏེ་སྔོན་པོ་ཐོབ་ན་ལྟུང་བ་མེད་དོ། །དེ་ བཞིན་དུ་སེར་པོ་དང་། དམར་པོ་དང་། དཀར་པོ་ལ་ཡང་བརྗོད་པར་བྱའོ། །དགེ་སློང་མ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས་གོས་དམར་པོ་བསླངས་ན་སློང་བ་ན་དེ་ལ་ཉེས་བྱས་སོ། །ཐོབ་ན་སྤང་བའི་ལྟུང་བྱེད་དོ། །གལ་ ཏེ་སྔོན་པོ་ཐོབ་ན་ལྟུང་བ་མེད་དོ། །དེ་བཞིན་དུ་སེར་པོ་དང་། དམར་པོ་དང་། དཀར་པོ་ལ་ཡང་བརྗོད་པར་བྱའོ། །དགེ་སློང་མ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས་གོས་དཀར་པོ་བསླངས་ན་སློང་བ་ན་དེ་ལ་ཉེས་བྱས་སོ། །ཐོབ་ ན་སྤང་བའི་ལྟུང་བྱེད་དོ། །གལ་ཏེ་སྔོན་པོ་ཐོབ་ན་ལྟུང་བ་མེད་དོ། །དེ་བཞིན་དུ་དཀར་པོ་དང་། སེར་པོ་དང་དམར་པོ་ལ་ཡང་བརྗོད་པར་བྱ་སྟེ། དེ་ལྟ་བུ་ནི་ཁ་དོག་ལས་སོ། །ཇི་ལྟར་ཁྲུ་ཚད་ལས་ཤེ་ན། ཡང་དགེ་སློང་མ་གང་ཁྱིམ་བདག་གམ། ཁྱིམ་ བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་སྟེ། གོས་ཁྲུ་ལྔ་པ་བསླངས་ན་སློང་བ་ན་དེ་ལ་ཉེས་བྱས་སོ། །ཐོབ་ན་སྤང་བའི་ལྟུང་བྱེད་དོ། །ཁྲུ་ལྔ་པའི་གོས་གང་ཡིན་པ་བསླངས་པ་ན་ཁྲུ་དྲུག་པ་ཐོབ་ན་ལྟུང་བ་མེད་དོ། །དེ་བཞིན་དུ་ཁྲུ་བཅུ་པ་དང་། ཁྲུ་བཅུ་ གཅིག་པ་དང་། དེ་བཞིན་དུ་ཁྲུ་ཉི་ཤུ་པ་དང་། ཁྲུ་ཉི་ཤུ་རྩ་གཅིག་པ་ཐོབ་པ་དང་། དེ་བཞིན་དུ་ཁྲུ་བཅུའི་བར་དུ་བསླང་ལ། རས་མ་ཐོབ་པ་དང་། རས་མ་བསླང་ལ། སྣམ་སྦྱར་གྱི་བར་དུ་ཐོབ་པ་ལ་ནི་ལྟུང་བ་མེད་དོ། །སྤང་བའི་ལྟུང་བྱེད་བཞི་པ་ རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་མཉན་ཡོད་དུ་དགེ་སློང་མ་ཆོམ་རྐུན་པས་བཅོམ་པ་དག་ལྷགས་སོ། །དེ་ནས་བཅུ་གཉིས་སྡེ་དགའ་མོ་དང་། ཉེ་དགའ་མོ་དང་། སྦོམ་དགའ་མོ་རྣམས་ཀྱིས་དེ་དག་གི་ཆེད་དུ་བྲམ་ཟེ་དང་། ཁྱིམ་བདག་དག་གི་ཁྱིམ་རྣམས་སུ་དོང་ནས་གོས་རབ་ཏུ་མང་པོ་དག་བསྒྲུབས་ཏེ། བསྒྲུབས་ནས་འབུལ་དུ་འཇུག་པ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མ་གོས་ཕྲོགས་སམ། གོས་རླག་གམ། གོས་ཚིག་གམ། གོས་ཆུས་ཁྱེར་བར་གྱུར་ན་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས་གོས་ བསླང་བར་བྱའོ། །གལ་ཏེ་དེ་ལ་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་གྱིས་གོས་རབ་ཏུ་མང་པོ་སྟོབས་ལ། འདོད་ན་དགེ་སློང་མ་དེས་གོས་དེ་ལས་བླ་གོས་དང་། མཐང་གོས་དང་བཅས་པའི་མཐར་ཐུག་པ་བླང་བར་བྱའོ། །དེ་ལས་ལྷག་པར་ལེན་ན་སྤང་ བའི་ལྟུང་བྱེད་དོ། །གོས་ཕྲོགས་སམ་ཞེས་བྱ་བ་ནི་ཆོམ་རྐུན་ནམ། གཡོན་ཅན་གྱིས་དེའི་གོས་དག་ཕྲོགས་པར་གྱུར་པའོ། །སློང་ན་ཞེས་བྱ་བ་ནི་རང་ངམ་གཞན་གྱི་བར་གྱིས་སོ། །གལ་ཏེ་དེ་ལ་ཞེས་བྱ་བ་ནི་དགེ་སློང་མ་དེ་ལའོ། །དད་པ་ཅན་ཞེས་བྱ་ བ་ནི་སངས་རྒྱས་ལ་མངོན་པར་དད་པ་དང་། ཆོས་དང་། དགེ་འདུན་ལ་དད་པ་དང་། བདེན་པ་མཐོང་བ་དང་། འབྲས་བུ་ཐོབ་པ་གང་དག་ཡིན་པའོ། །བྲམ་ཟེ་ཞེས་བྱ་བ་ནི་བྲམ་ཟེ་གཙང་སྦྲ་ཅན་ལ་སོགས་པའོ། །ཁྱིམ་བདག་ཅེས་བྱ་བ་ནི་དེ་ལས་རིགས་གཞན་པའོ། ། ལྷག་པར་ཞེས་བྱ་བ་ནི་ཡང་དང་ཡང་དུའོ། །རབ་ཏུ་མང་པོ་ཞེས་བྱ་བ་ནི་གོས་བདུན་པོ་གང་ཡང་རུང་བ་ལས་ཇི་ཙམ་གྱིས་ཆོག་པའོ། །སྟོབས་ལ་ཞེས་བྱ་བ་ནི་མགྲོན་དུ་གཉེར་ནའོ། །འདོད་ན་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར་ནའོ། །དགེ་ སློང་མ་དེས་ཞེས་བྱ་བ་ནི་དོན་དུ་གཉེར་བ་གང་ཡིན་པ་དེས་སོ། །བླ་གོས་དང་མཐང་གོས་དང་བཅས་པའི་མཐར་ཐུག་པ་ཞེས་བྱ་བ་ལ་བླ་གོས་དང་མཐང་གོས་དང་བཅས་པ་ནི་གཉིས་ཏེ། ཁྱིམ་པའི་གོས་དང་། མཐང་གོས་དང་བཅས་པ་དང་། དགེ་སློང་མའི་བླ་གོས་ དང་། མཐང་གོས་དང་བཅས་པའོ། །ཁྱིམ་པའི་སྟོད་གཡོགས་དང་། སྨད་གཡོགས་དང་བཅས་པ་གང་ཞེ་ན། རས་ཡུག་ཆེན་ཁྲུ་བཅུ་གཉིས་པ་དང་། རས་ཡུག་ཕྲན་ཁྲུ་བདུན་པ་དང་དོ་པ་སྟེ། འདི་ནི་ཁྱིམ་པའི་སྟོད་གཡོགས་དང་། སྨད་གཡོགས་དང་བཅས་ པ་ཞེས་བྱའོ། །དགེ་སློང་མའི་བླ་གོས་དང་། མཐང་གོས་དང་བཅས་པ་གང་ཞེ་ན། སར་པ་ལ་སྣམ་སྦྱར་ཉི་རིམ་དང་། རས་ཡུག་ཕྲན་ཁྲུ་ལྔ་པ་དང་དོ་པའོ། །གོས་དེ་ལས་བླང་བར་བྱའོ་ཞེས་བྱ་བ་ནི་དེ་ལས་བླ་གོས་དང་། མཐང་གོས་དང་བཅས་པའོ། །དེ་ ལས་ལྷག་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་ཇི་ལྟ་བ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཁྱིམ་པའི་སྟོད་གཡོགས་དང་། སྨད་གཡོགས་དང་བཅས་པ་ཐོབ་ལ། ཁྱིམ་པའི་སྟོད་གཡོགས་དང་། སྨད་གཡོགས་དང་བཅས་ པ་བླངས་ནས། དེས་རས་ཡུག་ཆེན་ཁྲུ་བཅུ་གཉིས་པ་དེ་ལ་ནི་སྣམ་སྦྱར་ཉི་རིམ་པར་བྱའོ། །རས་ཡུག་ཕྲན་ཁྲུ་བདུན་པ་དང་། དོ་པ་ལ་ནི་མཐང་གོས་བྱའོ། །གལ་ཏེ་མི་ལྡང་ན་ཡང་བསླང་བར་མི་བྱ་ལ། ལྷག་པར་གྱུར་ན་ཡང་སྦྱིན་པར་མི་བྱའོ། །དགེ་ སློང་མས་དགེ་སློང་མའི་བླ་གོས་དང་། མཐང་གོས་དང་བཅས་པར་ཐོབ་ལ། དགེ་སློང་མའི་བླ་གོས་དང་། མཐང་གོས་དང་བཅས་པ་བླངས་ན་དེས་སྣམ་སྦྱར་དེ་ལས་ནི་སྣམ་སྦྱར་ཉིད་དུ་བྱའོ། །རས་ཡུག་ཕྲན་ཁྲུ་ལྔ་པ་དང་། དོ་པ་ལ་ནི་མཐང་གོས་བྱའོ། །གལ་ཏེ་མི་ ལྡང་ན་ཡང་བསླང་བར་བྱའོ། །ལྷག་པར་གྱུར་ན་ཡང་སྦྱིན་པར་བྱའོ། །དགེ་སློང་མས་ཁྱིམ་པ་ལས་ཆུང་བ་བསླངས་ན་སློང་བ་དེ་ལ་ཉེས་བྱས་སོ། །ཐོབ་པ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མས་ཆུང་བ་སློང་ན་ཉེས་བྱས་སོ། །ལྷག་སྟེ་མ་བྱིན་ན་སྤང་བའི་ལྟུང་བྱེད་ དོ། །ལས་དང་པོ་པ་ལ་སོགས་པ་ནི་ལྟུང་བ་མེད་དོ། །སྤང་བའི་ལྟུང་བྱེད་ལྔ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་མཉན་ཡོད་ན་ཁྱིམ་བདག་ཕྱུག་པ། ནོར་མང་བ་ལོངས་སྤྱོད་ཆེ་བ་ཞེས་བྱ་བ་ནས། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་ འགྲན་པ་ཞིག་ཡོད་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་སོ། །དེ་ཡང་ཇི་ཙམ་དུས་གཞན་ཞིག་ན་བུད་མེད་གཞན་ཞིག་དང་ལྷན་ཅིག་འཇིག་རྟེན་པའི་འཕྱན་པོ་དག་ལ་ཞུགས་པ་དང་། དེ་ཆུང་མ་དེས་བཟློག་གོ། །དེ་བཟློག་པ་ན་མ་བཏུབ་ནས་དེའི་ཆུང་མ་དེ་ལ་ སྙིང་ན་ནས་མི་གཞན་ཞིག་དང་ལྷན་ཅིག་དགའ་མགུར་སྤྱད་པ་ལ་ཞུགས་པས་ཁྱིམ་དེ་སྒོ་གཉིས་ཀྱིས་རྒུད་པར་གྱུར་ནས་དེ་གཉིས་ཀྱིས་བྲན་མོ་ཡང་རྒྱུན་དུ་བརྡེགས་སོ། །དེ་ནས་སྦོམ་དགའ་མོ་སྔ་དྲོ་ཆོས་གོས་དང་། ལྷུང་བཟེད་བླངས་ཏེ་མཉན་ཡོད་དུ་བསོད་ སྙོམས་ལ་ཞུགས་ནས། དེ་མཉན་ཡོད་དུ་བསོད་སྙོམས་སྤྱོད་ཅིང་ཁྱིམ་བདག་དེའི་ཁྱིམ་གང་ཡིན་པར་སོང་སྟེ། སོང་ནས་ཁྱིམ་བདག་དང་། ཁྱིམ་བདག་གི་ཆུང་མ་ལ་འདོད་ཆགས་ལ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སེམས་རྣམ་པར་གྲོལ་བར་འགྱུར་བའི་ ཆོས་བཤད་པ་དང་། དེ་གཉིས་ཀྱིས་ཕན་ཚུན་དུ་བལྟས་ནས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་མ་འདི་ནི་བདག་གིས་མ་ནོངས་ཏེ་ནོངས་པ་འདི་ནི་རྗེའི་སྲས་འདིའི་ལགས་སོ། །ཚོང་དཔོན་གྱིས་འདི་སྐད་ཅེས་འདི་བདག་གི་ཡང་མ་ལགས་མོད་ཀྱི་ནོངས་ པ་འདི་ནི་བཟང་མོའི་ལགས་སོ་ཞེས་སྨྲས་པ་དང་། དེ་ནས་སྦོམ་དགའ་མོས་ཁྱིམ་བདག་དེ་ཡང་གཞན་གྱི་བུད་མེད་དང་། ཁྱིམ་བདག་གི་ཆུང་མ་དེ་ཡང་གཞན་གྱི་སྐྱེས་པ་དང་བསླབ་པའི་གཞི་འཛིན་དུ་བཅུག་གོ། །དེ་གཉིས་ཀྱིས་དམ་པ་མ་ཡིན་པའི་ཆོས་དེ་ ལས་ལོག་པས་ཁྱིམ་དེ་རྒྱས་པར་གྱུར་ནས་བྲན་མོ་དེ་ཡང་ཁྱིམ་དེའི་དཔོན་མོར་བཅུག་གོ། །དེ་ནས་ཁྱིམ་བདག་དེ་དང་། ཁྱིམ་བདག་གི་ཆུང་མ་དེས་བསམས་པ། བདག་ཅག་གི་ལེགས་པ་དེ་དང་སྐལ་བ་གང་ཅུང་ཟད་ཅི་བདོག་པ་ཐམས་ཅད་ནི་ འཕགས་མ་སྦོམ་དགའ་མོ་ལས་བྱུང་བར་ཤེས་སོ། །བྲན་མོ་དེས་ཀྱང་བསམས་པ། ད་ལྟར་བདག་བདེ་བ་དང་ཡིད་བདེ་བ་ཅུང་ཟད་ཅི་བདོག་པ་དེ་གང་ཡིན་པ་ཐམས་ཅད་ནི་འཕགས་མ་སྦོམ་དགའ་མོ་ལས་བྱུང་བར་ཤེས་ཀྱིས། ཀྱེ་མའོ་བདག་གིས་འཕགས་མ་ སྦོམ་དགའ་མོ་ལ་དབུལ་བར་བྱའོ་སྙམ་ནས་དེ་ཕྱི་རོལ་དུ་བྱུང་བ་དང་། སྦོམ་དགའ་མོ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ། །འཕགས་མ་ཁྱོད་ལ་གཏམ་སྙན་སྦྲན་པར་བགྱི་སྟེ། འཕགས་མས་རྗེའི་སྲས་ལས་རས་ཡུག་ཆེན་གཅིག་ཐོབ་པར་འགྱུར་ རོ། །དེ་ནས་སྦོམ་དགའ་མོ་ཁྱིམ་དེར་སོང་ནས། ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ཁོ་མོ་ལ་སྦྱིན་པར་འདོད་པའི་རས་ཡུག་ཆེན་གང་ཡིན་པ་དེ་བལྟས་འོན་ཅིག །དེ་ནས་ཁྱིམ་བདག་དེས་རས་ཡུག་ཆེན་དེ་བླངས་ ནས་སྦོམ་དགའ་མོ་ལ་བྱིན་པ་ལས་སྦོམ་དགའ་མོས་རས་ཡུག་ཆེན་སྦོམ་པོ་དེ་མཐོང་ནས་བཞིན་སྒྱུར་བར་བྱེད། ལག་པ་འདྲིལ་བར་བྱེད་པ་དང་། དེ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་འདི་ཅི་ནོངས། དེས་འདི་སྐད་ཅེས་སྨྲས་སོ། །བཞིན་བཟངས་འདི་བཟང་ པོ་ཡིན་སྙམ་མམ། ཁྱིམ་བདག་གལ་ཏེ་འདི་ཁོ་མོས་བགོས་ཏེ་ཁྱིམ་དག་ཏུ་སོན་ན་ཁོ་མོ་ལ་དེ་དག་སུ་ལས་ཐོབ་པའི་གོས་ཡིན་ཞེས་འདྲི་ན་ཁོ་མོ་ནི་ངོ་ཚ་ན་ཇི་སྐད་ལན་གདབ། དེ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་བདག་ཅག་ལ་འདི་མཆིས་ཀྱི་གཞན་ནི་ མ་མཆིས་སོ། །དེས་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ཁོ་མོས་ཁྱོད་ལ་བསྟན་པར་བྱའོ། །ཇི་ལྟར་བགྱི་ལགས། དེས་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་རས་ཡུག་ཆེན་འདི་ཉིད་བཙོངས་པའི་སྟེང་དུ་ཅུང་ཟད་ཅིག་བསྣན་དང་། ལྷག་པར་བཟང་པོར་འགྱུར་རོ། ། ཆུང་མས་ཀྱང་སྨྲས་པ། རྗེའི་སྲས་དེ་བཞིན་དུ་མཛོད་ཅིག །དེ་ཚོང་འདུས་སུ་སོང་སྟེ། ཚོང་པ་ལ་ཞག་དུས་བཏབ་ནས་རས་ཡུག་ཆེན་སར་པ་ཞིག་སྐྱིན་པོར་བླངས་ཏེ་བསྐོན་ནོ། །དེ་ནས་ཚོང་པ་དེས་དུས་ཚང་ནས་ཚོང་དཔོན་དེ་བཟུང་བ་གཞན་དག་གིས་མཐོང་བ་ནས་ སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མའི་ཆེད་དུ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ ཡིན་པས་གོས་ཀྱི་རིན་དག་སྤགས་པར་གྱུར་ལ། དེར་ཡང་དགེ་སློང་མ་དེ་ལ་སྔར་མ་བསྟབས་བཞིན་དུ་རྣམ་པར་རྟོག་པ་འགའ་ཁོ་ན་སྐྱེས་ཏེ་སོང་ནས་ཁྱེད་ཀྱིས་ཁོ་མོའི་ཆེད་དུ་གོས་ཀྱི་རིན་དག་སྤགས་པར་གྱུར་པ་གང་ཡིན་པའི་གོས་ཀྱི་རིན་སྤགས་པ་དེ་དག་གིས་ཚེ་དང་ ལྡན་པ་དག་གོས་འདི་ལྟ་བུ་དང་འདི་ལྟ་བུ་དག་ཉོས་ལ་བདག་ལ་གོས་རུང་བ་དུས་སུ་ལེགས་པར་སྐོན་ཅིག་ཅེས་སྨྲ་ན་བཟང་པོ་འདོད་པའི་ཕྱིར་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །དགེ་སློང་མ་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །ཉེ་དུ་མ་ཡིན་པ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། ། གོས་ཀྱི་རིན་དག་ཅེས་བྱ་བ་ནི་དངུལ་དང་གསེར་རོ། །སྤགས་ཏེ་ཞེས་བྱ་བ་ནི་བདག་གི་གོས་ཀྱི་རིན་དངུལ་དང་གསེར་འདི་དག་གིས་ཞེས་མངོན་པར་འདུས་བྱས་པའོ། །འདི་ལྟ་བུ་དང་། འདི་ལྟ་བུ་དག་ཅེས་བྱ་བ་ནི་གོས་བདུན་པོ་གང་ཡང་རུང་བ་ལས་གོས་འདི་འདྲ་བ་དག་ ཉོས་ཤིག་ཅེས་བྱ་བའོ། །དགེ་སློང་མ་འདི་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །འོངས་ན་ཞེས་བྱ་བ་ནི་འོངས་ནའོ། །སྐོན་ཅིག་ཅེས་བྱ་བ་ནི་ཕུལ་ཅིག་ཅེས་བྱ་བའོ། །གོས་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ། །རུང་བ་དུས་སུ་ཞེས་བྱ་བ་ནི་ལོངས་སྤྱད་པར་འོས་པའོ། ། དེར་དགེ་སློང་མ་དེ་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །སྔར་མ་བསྟབས་པར་ཞེས་བྱ་བ་ནི་སྔར་མགྲོན་དུ་མ་གཉེར་བར་རོ། །རྣམ་པར་རྟོག་པ་འགའ་ཁོ་ན་སྐྱེས་ནས་ཞེས་བྱ་བ་ནི་རྟོག་པ་འགའ་ཁོ་ན་སྐྱེས་པའོ། །ཁྱེད་ཀྱིས་ཁོ་མོའི་ཆེད་དུ་ཞེས་བྱ་བ་ནི་བདག་ཉིད་ ཉེ་བར་སྟོན་པའོ། །གོས་གྲུབ་ན་ཞེས་བྱ་བ་ནི་ཐོབ་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། རིན་ཐང་དང་། ཁ་དོག་དང་། ཁྲུ་ཚད་ལས་ཏེ། ཇི་ལྟར་རིན་ཐང་ལས་ཤེ་ན། དགེ་ སློང་མ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས་གོས་ཀཱར་ཥཱ་པ་ཎ་ལྔ་རི་བ་བྱིན་ལ། གོས་ཀཱར་ཥཱ་པ་ཎ་ལྔ་རི་བ་བླངས་ན་ལྟུང་བ་མེད་དོ། །གལ་ཏེ་ལྷག་པར་བསླངས་ན་སློང་བ་ན་དེ་ལ་ཉེས་བྱས་སོ། །ཐོབ་ན་སྤང་བའི་ལྟུང་བྱེད་དོ། ། དེ་བཞིན་དུ་ཀཱར་ཥཱ་པ་ཎ་ཉི་ཤུ་རི་བའི་བར་དུ་བརྗོད་པར་བྱ་སྟེ། དེ་ལྟ་བུ་ནི་རིན་ཐང་ལས་སོ། །ཇི་ལྟར་ཁ་དོག་ལས་ཤེ་ན། དགེ་སློང་མ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས་གོས་སྔོན་པོ་གང་ཡིན་པ་བྱིན་ལ། གོས་སྔོན་པོ་བླངས་ ན་ལྟུང་བ་མེད་དོ། །གལ་ཏེ་སེར་པོ་བླངས་ན་སློང་བ་ན་དེ་ལ་ཉེས་བྱས་སོ། །ཐོབ་ན་སྤང་བའི་ལྟུང་བྱེད་དོ། །སྔོན་པོ་ལ་ཇི་ལྟ་བ་བཞིན་དུ་སེར་པོ་དང་། དམར་པོ་དང་། སྟུག་པོ་དང་། སྲབ་མོའི་བར་དུ་སྔ་མ་བཞིན་ཏེ། དེ་ལྟ་བུ་ནི་ཁ་དོག་ལས་སོ། །ཇི་ ལྟར་ཁྲུ་ཚད་ལས་ཤེ་ན། དགེ་སློང་མ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས་རས་ཡུག་ཆེན་ཁྲུ་ལྔ་པ་བྱིན་ལ། རས་ཡུག་ཆེན་ཁྲུ་ལྔ་པ་བླངས་ན་ལྟུང་བ་མེད་དོ། །གལ་ཏེ་ལྷག་པ་བསླངས་ན་སློང་བ་ན་དེ་ལ་ཉེས་བྱས་སོ། ། ཐོབ་ན་སྤང་བའི་ལྟུང་བྱེད་དོ། །ཁྲུ་ཉི་ཤུའི་བར་ལ་ཡང་དེ་བཞིན་ནོ། །སྤང་བའི་ལྟུང་བྱེད་དྲུག་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །བྱུང་བ་འདི་ཉིད་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མའི་ཆེད་དུ་ཁྱིམ་བདག་གམ། ཁྱིམ་ བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་སོ་སོ་ནས་གོས་ཀྱི་རིན་དག་བསྡོགས་པར་གྱུར་ལ། བདག་ཅག་སོ་སོ་ནས་གོས་ཀྱི་རིན་བསྡོགས་པ་འདི་དག་གིས་གོས་འདི་ལྟ་བུ་སོ་སོ་བ་དག་ཉོས་ལ་དགེ་སློང་མ་མིང་འདི་ཞེས་བྱ་བ་འོངས་དང་། དེ་ལ་སོ་སོ་ནས་གོས་བསྐོན་པར་བྱའོ་སྙམ་ པ་ལས་དེར་གལ་ཏེ་དགེ་སློང་མ་དེ་སྔར་མ་བསྟབས་བཞིན་དུ་རྣམ་པར་རྟོག་པ་འགའ་ཁོ་ན་སྐྱེས་ཏེ། སོང་ནས་ཁྱེད་ཀྱིས་ཁོ་མོའི་ཆེད་དུ་སོ་སོ་ནས་གོས་ཀྱི་རིན་བསྡོགས་པར་གྱུར་པ་གང་ཡིན་པའི་གོས་ཀྱི་རིན་སོ་སོ་བ་དེ་དག་གིས་ཚེ་དང་ལྡན་པ་དག་སོ་སོ་ནས་གོས་ འདི་ལྟ་བུ་དང་། འདི་ལྟ་བུ་དག་ཉོས་ལ་གཉི་ག་འདུས་ཏེ་གོས་རུང་བ་དུས་གཅིག་ཏུ་ལེགས་པར་སྐོན་ཅིག་ཅེས་སྨྲ་ན། བཟང་པོ་འདོད་པའི་ཕྱིར་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །ལྟུང་བའི་རིམ་པ་ནི་གོང་མ་ཇི་ལྟ་བ་བཞིན་དུ་བསླབ་པའི་གཞི་འདི་ལ་ཡང་རྗེས་སུ་ མཐུན་པར་བརྗོད་པར་བྱའོ། །དེ་ལྟ་མོད་ཀྱི་ཁྱད་པར་ནི་འདི་ཡོད་དེ། སོ་སོ་ཞེས་བྱ་བ་ནི་རེ་རེའོ་ཞེས་བྱ་བ་ནས་བཟང་པོ་འདོད་པའི་ཕྱིར་ཞེས་བྱ་བའི་བར་འདི་ནི་ཐ་དད་དུ་བྱ་བ་ཡིན་ནོ། །སྤང་བའི་ལྟུང་བྱེད་བདུན་པ་རྫོགས་སྷོ།། །།གླེང་གཞི་ནི་རྒྱལ་པོའི་ ཁབ་ནའོ། །བཅོམ་ལྡན་འདས་ཀྱིས་ཁ་ཅིག་དགེ་སློང་ཐུན་མོང་དག་ཁ་ཅིག་དགེ་སློང་མ་ཐུན་མོང་དང་། ཁ་ཅིག་གཉི་ག་ཐུན་མོང་པའི་བསླབ་པའི་གཞི་བཅའ་བ་མཛད་པ་ཡིན་པས། འདིར་ནི་བཅོམ་ལྡན་འདས་ཀྱིས་གཉི་ག་ཐུན་མོང་པ་མཛད་དེ། གང་གི་ཚེ་ བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་ཁབ་ཏུ་ཉེ་དགའ་ལས་བརྟེན་ཏེ་ཀཱར་ཥཱ་པ་ཎ་ལེན་པའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་དགེ་སློང་མ་གང་དག་བསླབ་པ་འདོད་པ་དག་ནི་རྗེས་སུ་བྱེད་དོ། །དེ་ནས་དགེ་སློང་མ་ཉེ་དགའ་མོ་རྒྱལ་པོ་དང་། བློན་པོ་ཆེན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་རྣམས་ལས་ཀཱར་ཥཱ་པ་ཎ་སློང་བ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མའི་ཆེད་དུ་རྒྱལ་པོའམ། བློན་པོ་ཆེན་པོའམ། བྲམ་ཟེའམ། ཁྱིམ་བདག་གམ། གྲོང་རྡལ་གྱི་མིའམ། ཡུལ་གྱི་མིའམ། ནོར་ཅན་ནམ། ཚོང་དཔོན་ནམ། དེད་ དཔོན་གྱིས་ཕོ་ཉའི་ལག་ཏུ་གོས་ཀྱི་རིན་དག་བསྐུར་བར་གྱུར་ལ། དེ་ནས་ཕོ་ཉ་དེ་གོས་ཀྱི་རིན་དེ་དག་ཁྱེར་ནས་དགེ་སློང་མ་དེའི་དྲུང་དུ་སོང་སྟེ། སོན་ནས་དགེ་སློང་མ་དེ་ལ་འདི་སྐད་ཅེས་འཕགས་མ་མཁྱེན་པར་མཛོད་ཅིག །ཁྱོད་ལ་གོས་ཀྱི་རིན་ འདི་དག་རྒྱལ་པོའམ། བློན་པོ་ཆེན་པོའམ། བྲམ་ཟེའམ། ཁྱིམ་བདག་གམ། གྲོང་རྡལ་གྱི་མིའམ། ཡུལ་མིའམ། ནོར་ཅན་ནམ། ཚོང་དཔོན་ནམ། དེད་དཔོན་ཆེ་གེ་མོ་ཞིག་གིས་བསྐུར་བ་ལགས་ཀྱིས་འཕགས་མས་ཐུགས་བརྩེ་བ་ཉེ་ བར་བཟུང་སྟེ། གོས་ཀྱི་རིན་འདི་དག་བཞེས་སུ་གསོལ་ཞེས་སྨྲ་ན། དགེ་སློང་མ་དེས་ཕོ་ཉ་དེ་ལ་ཚིག་འདི་སྐད་ཅེས་ཚེ་དང་ལྡན་པ་ཕོ་ཉ་དགེ་སློང་མ་རྣམས་ནི་གོས་ཀྱི་རིན་དག་ལེན་དུ་རུང་བ་མ་ཡིན་པས་ཁོ་མོ་ཅག་ནི་གོས་རུང་བ་དུས་སུ་རྙེད་ན་ནི་ལེན་ཏོ་ཞེས་བརྗོད་པར་བྱའོ། ། གལ་ཏེ་ཕོ་ཉ་དེ་དགེ་སློང་མ་དེ་ལ་འདི་སྐད་ཅེས་འཕགས་མ་རྣམས་ཀྱི་ཞལ་ཏ་བགྱིད་པ། འཕགས་མ་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པ་གང་ལགས་པ་མཆིས་སམ་ཞེས་ཟེར་ན། དགེ་སློང་མ་གོས་འདོད་པས་ཕོ་ཉ་འདི་དག་ནི་དགེ་སློང་མ་རྣམས་ཀྱིས་ཞལ་ཏ་ ཉམས་སུ་ལེན་པ་ཡིན་ནོ་ཞེས་ཀུན་དགའ་ར་བ་པའམ། དགེ་བསྙེན་ཞལ་ཏ་བྱེད་པ་བསྟན་པར་བྱའོ། །དེ་ནས་ཕོ་ཉ་དེས་ཞལ་ཏ་བྱེད་པ་དེ་གང་ན་བ་དེར་འགྲོ་བར་བྱ་སྟེ། སོན་ནས་ཞལ་ཏ་བྱེད་པ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་ཤེས་པར་གྱིས་ཤིག ། དགེ་སློང་མ་འདི་ལྟ་བུ་ཞིག་གི་ཆེད་དུ་གོས་ཀྱི་རིན་འདི་དག་རྒྱལ་པོའམ། ཞེས་བྱ་བ་ནས། དེད་དཔོན་ཞེས་བྱ་བའི་བར་གྱིས་བསྐུར་བ་ཡིན་གྱིས་ཞལ་ཏ་བྱེད་པ་ཁྱོད་ཀྱིས་གོས་ཀྱི་རིན་འདི་དག་གིས་གོས་འདི་ལྟ་བུ་དང་། འདི་ལྟ་བུ་དག་ཉོས་ལ་དགེ་སློང་མ་མིང་འདི་ཞེས་ བྱ་བས་འོངས་དང་། འདི་ལ་གོས་རུང་བ་དུས་སུ་སྐོན་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་ཕོ་ཉ་དེས་ཞལ་ཏ་བྱེད་པ་དེ་ལ་ཤིན་ཏུ་ལེགས་པར་ཡང་དག་པར་བསྒོ། ཡང་དག་པར་བསྟན་ནས་དགེ་སློང་མ་དེ་གང་ན་བ་དེར་འགྲོ་བར་བྱ་སྟེ། ཕྱིན་ནས་དགེ་སློང་མ་དེ་ལ་ འདི་སྐད་ཅེས་འཕགས་མ་རྣམས་ཀྱི་ཞལ་ཏ་བགྱིད་པ་བསྟན་པ་གང་ལགས་པ་དེ་ལ་བདག་གིས་ཡང་དག་པར་བསྟན་ལགས་ཀྱིས་དེའི་དྲུང་དུ་བཞུད་ཅིག་དང་། དེས་ཁྱོད་ལ་གོས་རུང་བ་དུས་སུ་བསྐོན་པར་འགྱུར་རོ། །ཞེས་བརྗོད་པར་བྱའོ། །དགེ་སློང་མ་ གོས་འདོད་པས་ཀྱང་ཞལ་ཏ་བྱེད་པ་དེ་གང་ན་བ་དེར་འགྲོ་བར་བྱ་སྟེ། སོན་ནས་ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་ཁོ་མོ་གོས་འདོད་དོ། །ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་ཁོ་མོ་གོས་འདོད་དོ་ཞེས་ལན་གཉིས་ལན་གསུམ་དུ་བསྐུལ་བར་བྱ་དྲན་པར་བྱའོ། །ལན་གཉིས་ ལན་གསུམ་དུ་སོང་སྟེ་བསྐུལ་ཅིང་དྲན་པར་བྱས་པ་ལས་གལ་ཏེ་གོས་གྲུབ་ན་དེ་ལྟ་ན་ལེགས། ཇི་སྟེ་མ་གྲུབ་ན་ལན་བཞི་ལན་ལྔ་ལན་དྲུག་གི་མཐར་ཐུག་གི་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པར་བྱའོ། །ལན་བཞི་ལན་ལྔ་ལན་དྲུག་གི་མཐར་ཐུག་ གི་བར་དུ་ཕྱོགས་སུ་བསྡད་པ་བྱས་པ་ལས་གལ་ཏེ་གོས་གྲུབ་ན་དེ་ལྟ་ན་ལེགས། ཇི་སྟེ་མ་གྲུབ་ན་དེ་ལས་ལྷག་པར་གོས་བསྒྲུབ་པའི་ཕྱིར་བརྩལ་བ་བྱས་ཏེ་གོས་བསྒྲུབ་ན་སྤང་བའི་ལྟུང་བྱེད་དོ། །གལ་ཏེ་མ་གྲུབ་ན་དགེ་སློང་མ་དེས་ཕྱོགས་གང་ནས་གོས་ཀྱི་རིན་ དེ་དག་འོངས་པ་དེར་བདག་ཉིད་འགྲོ་བར་བྱའོ། །ཡང་ན་ཡིད་གཅུགས་པའི་ཕོ་ཉ་ལས་ཁྱེད་ཀྱིས་དགེ་སློང་མ་མིང་འདི་ཞེས་བྱ་བའི་ཆེད་དུ་གོས་ཀྱི་རིན་གང་ཡིན་པ་དག་བསྐུར་བ་ལས་གོས་ཀྱི་རིན་དེ་དག་གིས་ནི་དགེ་སློང་མ་དེའི་དོན་ཅི་ཡང་མ་གྲུབ་ཀྱིས་ཤེས་པར་གྱིས་ ཤིག །ཚེ་དང་ལྡན་པ་དག་རང་གི་ནོར་ཆུད་མ་གཟན་ཅིག་ཅེས་སྤྲིང་བར་བྱ་སྟེ། དེ་ལ་དེ་ནི་ཆོ་ག་ཡིན་ནོ། །དགེ་སློང་མའི་ཆེད་དུ་ཞེས་བྱ་བ་ནི་ཤཱཀྱའི་བུ་མོ་ཉེ་དགའ་མོའི་འོ། །རྒྱལ་པོ་ནི་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཞེས་བྱ་བ་སྟེ། བུད་མེད་དམ། སྐྱེས་པའམ། མ་ནིང་རྒྱལ་པོའི་དབང་བསྐུར་བས་དབང་བསྐུར་བ་གང་ཡིན་པ་དེ་ནི་རྒྱལ་པོ་ཡང་ཡིན། དེ་ནི་རྒྱལ་རིགས་ཀྱང་ཡིན། དེ་ནི་སྤྱི་བོ་ནས་དབང་བསྐུར་བ་ཡང་ཡིན་ནོ། །བློན་པོ་ཆེན་པོའམ་ཞེས་བྱ་བ་ནི་རྒྱལ་པོའི་བྱ་བ་བྱེད་པ་སྟེ། གསང་ཚིག་མཐུན་ པས་འཚོ་བའོ། །བྲམ་ཟེའམ་ཞེས་བྱ་བ་ནི་བྲམ་ཟེ་གཙང་སྦྲ་ཅན་ནོ། །ཁྱིམ་བདག་གམ་ཞེས་བྱ་བ་ནི་ཕྱུག་པོའོ། །གྲོང་རྡལ་གྱི་མི་ཞེས་བྱ་བ་ནི་གྲོང་གླིངས་པའོ། །ཡུལ་གྱི་མིའམ་ཞེས་བྱ་བ་ནི་ཡུལ་ན་གནས་པའོ། །ནོར་ཅན་ནམ་ཞེས་བྱ་ བ་ནི་ནོར་བྱེ་བས་ཕྱུག་པའོ། །ཚོང་དཔོན་ནམ་ཞེས་བྱ་བ་ནི་ཅོད་པན་བཅིངས་པའོ། །དེད་དཔོན་གྱིས་ཞེས་བྱ་བ་ནི་གང་གིས་ཡུལ་གཞན་དུ་དོན་མཐུན་དག་དེང་པའོ། །ཕོ་ཉའི་ལག་ཏུ་ཞེས་བྱ་བ་ནི་སྐྱེས་པ་དང་། བུད་མེད་དང་། མ་ནིང་གིའོ། །གོས་ཀྱི་ རིན་དག་ཅེས་བྱ་བ་ནི་གསེར་དང་དངུལ་དག་གོ། །བསྐུར་ཏེ་ཞེས་བྱ་བ་ནི་བརྫངས་ཏེའོ། །དེ་ནས་ཕོ་ཉ་དེ་ཞེས་བྱ་བ་ནི་སྐྱེས་པ་དང་། བུད་མེད་དང་། མ་ནིང་ངོ་། །གོས་ཀྱི་རིན་དེ་དག་བླངས་ཏེ་ཞེས་བྱ་བ་ནི་ཁྱེར་ནས་སོ། །དགེ་སློང་མ་དེ་ཞེས་བྱ་བ་ནི་ཤཱཀྱའི་བུ་མོ་ ཉེ་དགའ་མོའོ། །སོང་སྟེ་ཞེས་བྱ་བ་ནི་སོང་ནས་སོ། །འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནི་སྨྲས་པའོ། །འཕགས་མ་མཁྱེན་པར་མཛོད་ཅིག་ཅེས་བྱ་བ་ནི་གོས་ཀྱི་རིན་འདི་དག་ནི་རྒྱལ་པོས་བསྐུར་བའོ་ཞེས་རིག་པར་བྱའོ། །སྣོམས་ཤིག་ཅེས་བྱ་བ་ནི་ལོང་ཤིག་ པའོ། །ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་ཞེས་བྱ་བ་ནི་ལེགས་པར་འདོད་པ་ཉེ་བར་བཟུང་སྟེའོ། །དགེ་སློང་མ་དེས་ཞེས་བྱ་བ་ནི་ཉེ་དགའ་མོས་སོ། །ཕོ་ཉ་དེ་ཞེས་བྱ་བ་ནི་སྐྱེས་པ་དང་། བུད་མེད་དང་། མ་ནིང་ངོ་། །ཚིག་འདི་སྐད་ཅེས་བརྗོད་པར་བྱའོ་ཞེས་བྱ་ བ་ནི་འདི་སྐད་ཅེས་ཡང་དག་པར་བསྒོ་བར་བྱ་བའོ། །ཚེ་དང་ལྡན་པ་ཕོ་ཉ་དགེ་སློང་མ་རྣམས་ནི་གོས་ཀྱི་རིན་དག་ལེན་དུ་རུང་བ་མ་ཡིན་ཏེ། ཞེས་བྱ་བ་ནི་དེ་དག་ལེན་པ་བཅོམ་ལྡན་འདས་ཀྱིས་བཀག་གི་བཅོམ་ལྡན་འདས་ཀྱིས་ཁོ་མོ་ཅག་ལ་ནི་གོས་རུང་བ་རྗེས་སུ་ གནང་བའོ། །གལ་ཏེ་ཕོ་ཉ་དེ་དགེ་སློང་མ་དེ་ལ་འདི་སྐད་ཅེས་ཟེར་ན་ཞེས་བྱ་བ་ནི་འདྲི་ནའོ། །འཕགས་མ་རྣམས་ཀྱི་ཞལ་ཏ་བགྱིད་པ་ཞེས་བྱ་བ་ནི་འཕགས་མ་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པ་གང་ལགས་ཞེས་བྱ་བའོ། །དགེ་སློང་མ་གོས་འདོད་པས་ ཞལ་ཏ་བྱེད་པ་བསྟན་པར་བྱ་སྟེ་ཞེས་བྱ་བ་ལ། ཀུན་དགའ་ར་བ་པ་ཞེས་བྱ་བ་ནི་རུང་བ་བྱེད་པའོ། །དགེ་བསྙེན་ཞེས་བྱ་བ་ནི་བསླབ་པའི་གཞི་ལྔ་པའོ། །འདི་དག་ནི་དགེ་སློང་མ་རྣམས་ཀྱི་ཞལ་ཏ་བྱེད་པ་ཡིན་ནོ། །ཞེས་བྱ་བ་ནི་འདི་དག་གིས་དགེ་སློང་མ་དེ་ རྣམས་ཀྱི་ཞལ་ཏ་བྱེད་པ་ཉམས་སུ་མྱོང་བའི་ཕྱིར་རོ། །གལ་ཏེ་ཕོ་ཉ་དེ་ཞལ་ཏ་བྱེད་པ་གང་ན་བ་དེར་འགྲོ་བར་བྱ་སྟེ་ཕྱིན་ནས་ཞེས་བྱ་བ་ནི་དེ་ལ་དགོས་པར་རིག་པར་བྱ་བའི་ཕྱིར་ཕྱིན་པའོ། །ཞལ་ཏ་བྱེད་པ་ཤེས་པར་གྱིས་ཤིག །གོས་ཀྱི་རིན་འདི་དག་ནི་ཞེས་ བྱ་བ་ནི་གསེར་དང་དངུལ་དག་རྒྱལ་པོའི་བར་གྱིས་བསྐུར་བ་དག་གོ། །དགེ་སློང་མ་མིང་འདི་ཞེས་བྱ་བའི་ཆེད་དུ་ཞེས་བྱ་བ་ནི་ཤཱཀྱའི་བུ་མོ་ཉེ་དགའ་མོའོ། །དེ་ནས་ཕོ་ཉ་དེ་ཞེས་བྱ་བ་ནི་སྐྱེས་པ་དང་། བུད་མེད་དང་། མ་ནིང་ངོ་། །ཞལ་ཏ་བྱེད་པ་ཀུན་དགའ་ར་བའམ། དགེ་བསྙེན་ལ་ཤིན་ཏུ་ལེགས་པར་ཡང་དག་པར་བསྒོ་ནས་ཞེས་བྱ་བ་ནི་རྣམ་གྲངས་དུ་མས་སོ། །དགེ་སློང་མ་དེ་ཞེས་བྱ་བ་ནི་ཤཱཀྱའི་བུ་མོ་ཉེ་དགའ་མོའོ། །གང་ན་བ་དེར་འགྲོ་བར་བྱ་སྟེ་ཕྱིན་ནས་ཞེས་བྱ་བ་ནི་སོན་ནས་སོ། །འདི་སྐད་ཅེས་སྨྲ་བར་བྱ་སྟེ། འཕགས་མ་ རྣམས་ཀྱི་ཞལ་ཏ་བགྱིད་པ་བསྟན་པ་གང་ལགས་པ་དེ་ལ་བདག་གིས་ཡང་དག་པར་བསྟན་ལགས་ཀྱིས་བཞུད་ཅིག་དང་། དེས་ཁྱོད་ལ་གོས་བསྐོན་པར་འགྱུར་རོ་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ། །རུང་བ་ཞེས་བྱ་བ་ནི་ལོངས་སྤྱད་པར་འོས་པའོ། །དགེ་ སློང་མ་གོས་འདོད་པ་ཞེས་བྱ་བ་ནི་གལ་ཏེ་གོས་དོན་དུ་གཉེར་བར་གྱུར་ནའོ། །སོང་སྟེ་ཞེས་བྱ་བ་ནི་སོང་ནས་སོ། །ལན་གཉིས་ཞེས་བྱ་བ་ནི་ལན་གཉིས་ཀྱི་བར་དུའོ། །ལན་གསུམ་དུའོ་ཞེས་བྱ་བ་ནི་ལན་གསུམ་གྱི་བར་དུའོ། །བསྐུལ་བར་བྱ་དྲན་པར་བྱའོ། ། དོན་དེ་གལ་ཏེ་གྲུབ་ན་དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་པོའོ། །ཇི་སྟེ་མ་གྲུབ་ན་ལན་བཞི་ལན་ལྔ་ལན་དྲུག་གི་མཐར་ཐུག་གི་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པར་བྱའོ། །ཞེས་བྱ་བ་ནི་ཕྱོགས་སུ་བསྡད་པ་བཞི་དང་། བསྐུལ་བའི་སྒོ་དྲུག་པོ་དག་ གིས་སོ། །ཕྱོགས་སུ་བསྡད་པ་བཞི་པོ་དག་གང་ཞེ་ན། ཀུན་གནས་དང་། འདུག་གནས་དང་། ཟོང་གནས་དང་། ལས་ཀྱི་མཐའི་གནས་སོ།། །།དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅུ་གསུམ་པ། དེ་ལ་ཀུན་ གནས་ཞེས་བྱ་བ་ནི་འདྲེག་མཁན་དང་། རྫ་མཁན་གྱི་གནས་སོ། །འདུག་གནས་ཞེས་བྱ་བ་ནི་ཁྱིམ་སྟེ་ལྷག་པར་གནས་པའོ། །ཟོང་གནས་ཞེས་བྱ་བ་ནི་ཚོང་ཁང་དང་། ཚོང་རྡལ་ལོ། །ལས་ཀྱི་མཐའི་གནས་ནི་གསུམ་སྟེ། སཱ་ལུའི་ལས་ཀྱི་མཐའ་ དང་། ལན་ཚྭ་དང་། བུ་རམ་ཤིང་གི་ལས་ཀྱི་མཐའ་སྟེ། འདི་ནི་ཕྱོགས་སུ་བསྡད་པ་བཞི་ཞེས་བྱའོ། །བསྐུལ་བའི་སྒོ་དྲུག་པོ་དག་གང་ཞེ་ན། འོངས་སམ་ཞེ་ན། དེའི་ཕྱིར་རོ་ཞེས་བྱ་བ་དང་། འོངས་པ་ལེགས་སོ་ཞེ་ན། དེའི་ཕྱིར་རོ་ཞེས་བྱ་བ་དང་། སྟན་ འདི་ལ་འདུག་ཅིག་ཅེ་ན། དེའི་ཕྱིར་རོ་ཞེས་བྱ་བ་དང་། བཅའ་བ་འདི་འཚོ་ཞིག་ཅེས་བྱ་བ་དང་། ཟས་འདི་ཟོ་ཞིག་ཅེས་བྱ་བ་དང་། བཏུང་བ་འདི་འཐུང་ཤིག་ཅེ་ན། དེའི་ཕྱིར་རོ་ཞེས་བྱ་བ་སྟེ། འདི་དག་ནི་བསྐུལ་བའི་སྒོ་དྲུག་གོ། །མ་ཐོགས་པར་བརྗོད་ཅིང་ གང་དུ་སྐབས་མེད་པར་བསྐུལ་ན་བསྐུལ་བ་ཡོངས་སུ་མ་རྫོགས་པ་ཞེས་བརྗོད་པར་བྱའོ། །གལ་ཏེ་སྐབས་ཡོད་པ་ལ་བསྐུལ་ན་བསྐུལ་བ་ཡོངས་སུ་རྫོགས་པ་ཞེས་བརྗོད་པར་བྱའོ། །དེ་ལྟར་གནས་དེ་རྣམས་སུ་ཅང་མི་སྨྲ་བར་བསྡད་པ་ན་གོས་དེ་གྲུབ་ནའོ་ཞེས་ བྱ་བ་ནི་རྙེད་ནའོ། །དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བའོ། །ཇི་སྟེ་མ་གྲུབ་ན་ཞེས་བྱ་བ་ནི་མ་ཐོབ་ནའོ། །ལྷག་པར་བརྩལ་བར་བྱས་ནས་ཞེས་བྱ་བ་ནི་དེའི་འོག་རོལ་དུ་ལྷག་པར་རོ། །གོས་གྲུབ་ན་ཞེས་བྱ་བ་ནི་ཐོབ་ནའོ། །སྤང་བའི་ལྟུང་བྱེད་དོ་ཞེས་ བྱ་བ་ནི་དངོས་པོ་དེ་སྤངས་ནས་ཞེས་བྱ་བ་སྔ་མ་བཞིན་ནོ། །ཇི་སྟེ་མ་གྲུབ་ན་ཞེས་བྱ་བ་ནི་མ་ཐོབ་ནའོ། །དགེ་སློང་མ་དེ་ཞེས་བྱ་བ་ནི་ཉེ་དགའ་མོའོ། །ཕྱོགས་གང་ན་གོས་ཀྱི་རིན་དེ་དག་འོངས་པར་གྱུར་པ་ཞེས་བྱ་བ་ནི་གང་ལས་འོངས་པར་གྱུར་པའོ། །དེར་བདག་ ཉིད་འགྲོ་བར་བྱ་བའམ། ཞེས་བྱ་བ་ནི་རང་ཉིད་དོ། །ཡིད་གཅུགས་པའི་ཕོ་ཉ་གཏང་བར་བྱའོ་ཞེས་བྱ་བ་ནི་གང་ཞིག་སོང་ན་དོན་དེ་བྱེད་པར་འགྱུར་བའོ། །ཁྱོད་ཀྱིས་དགེ་སློང་མ་མིང་འདི་ཞེས་བྱ་བའི་ཆེད་དུ་གོས་ཀྱི་རིན་བསྐུར་བ་གང་ཡིན་པ་དེ་དག་གིས་ ནི་དེའི་དོན་ཅི་ཡང་མ་གྲུབ་ཅེས་བྱ་བ་ནི་དགོས་པ་ཅུང་ཟད་ཀྱང་མ་བྱས་པའོ། །ཤེས་པར་གྱིས་ཤིག་ཅེས་བྱ་བ་ནི་ཚེ་དང་ལྡན་པ་དག་རང་གི་ནོར་ཚུལ་མ་ཡིན་པར་ཆུད་མ་གཟན་ཅིག་ཅེས་བྱ་བའོ། །དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་བྱ་བ་ནི་དེ་ལ་དེ་ནི་རྗེས་སུ་མཐུན་པའི་ ཆོས་ཡིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འ