Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 009_འདུལ་བ།_ཏ

Văn bản gốc(Tây Tạng)

Trang 16 / 20 (50.000 ký tự/trang)
། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་སྦོམ་དགའ་མོ་འཁོར་མང་དུ་ཡོད་པས། དེ་ཡང་མང་དུ་ཟ་ཞིང་། མང་དུ་འཐུང་བས་རྡུལ་གྱིས་དེའི་གོས་དག་མ་རུང་བར་གྱུར་པ་ན། དེས་གོས་དེ་དག་འཁྲུ་ཞིང་ཁ་བསྒྱུར་
མ་ནུས་ནས་དེས་ལྷན་ཅིག་གནས་པ་དང་། ཉེ་གནས་དེ་དག་ལ་གཏན་བྱིན་ནོ། །དེ་དག་གིས་ཆོས་གོས་དེ་དག་བཀྲུས་ཤིང་ཁ་བསྒྱུར་ཏེ་གཏུར་བུ་དག་གི་ནང་དུ་བཅུག་ནས་དེ་ཉིད་ཀྱི་ལག་ཏུ་བཅོལ་ཏེ་ལྗོངས་རྒྱུ་ཞིང་དོང་ངོ་། །དེ་དག་ལྗོངས་རྒྱུ་ཞིང་དོང་བ་དང་།
དེས་ཕྱིར་བླང་ངོ་སྙམ་ནས་གོས་དག་སྤྱད་དོ། །དེས་དེ་དག་ཡང་སླར་དྲི་མས་གོས་པར་བྱས་ནས་གཏུར་བུ་དེ་དག་ཉིད་ཀྱི་ནང་དུ་བཅུག་གོ། །དེ་དག་ལྷགས་ན་གོས་དེ་དག་དྲི་མ་ཅན་དུ་བྱས་པ་མཐོང་ནས་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་
ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མ་ལ་གོས་དག་བྱིན་ནས་དེའི་འོག་ཏུ་ཕྱིར་མ་བླངས་པར་སྤྱོད་ན་ལྟུང་བྱེད་དོ། །ཡང་གང་ཞེས་
བྱ་བ་ནི་སྦོམ་དགའ་མོའོ། །གོས་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའི་བར་དག་གོ། །ཕྱིར་མ་བླངས་པར་ཞེས་བྱ་བ་ནི་རྡེང་མ་བཅང་བར་རོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་
ཅུང་ཟད་གོས་བྱིན་ནས་དེའི་འོག་ཏུ་ཕྱིར་མ་བླངས་པར་སྤྱོད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་འགྲོགས་བཤེས་ཡིན་པ་དང་། ཐོས་ན་དགའ་བར་འགྱུར་བ་ཡིན་ན་ལྟུང་བ་མེད་དོ། །ལྟུང་བྱེད་ལྔ་པའི་བཅུ་པ་རྫོགས་སྷོ།། །།གླེང་གཞི་ནི་

མཉན་ཡོད་ནའོ། །དེའི་ཚེ་བཅུ་གཉིས་སྡེ་རྣམས་དང་། དགེ་སློང་མ་རྣམས་སུ་འཐབ་ཅིང་མཚང་འདྲུ་བར་བྱེད་དེ། ཁྲོས་ཤིང་ཞེ་སྡང་བའི་ཟིལ་གྱིས་ནོན་ནས་གཞི་མེད་པར་དགེ་སློང་མ་རྣམས་ལ་དགེ་འདུན་ལྷག་མས་གླེང་བར་བྱེད་པ་དང་། དོན་ཉུང་བའི་དགེ་
སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྲོས་ཤིང་ཞེ་སྡང་ལ་མི་དགའ་བར་གྱུར་ནས་དགེ་སློང་
མ་དག་པ་ལྟུང་བ་མེད་པ་ལ་གཞི་མེད་པར་དགེ་འདུན་ལྷག་མའི་ཆོས་ཀྱིས་སྐུར་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་དག་ནི་བཅུ་གཉིས་སྡེ་དག་གོ། །ཁྲོས་ནས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དགེ་འདུན་ལྷག་མས་ཞེས་བྱ་བ་ནི་ཉི་ཤུ་པོ་གང་ཡང་རུང་
བས་སོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་དགེ་སློང་མ་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མཐོང་ལ། དེས་དེ་ལ་ལྟུང་བ་མ་བྱུང་བའི་ལྟ་བ་ཐོབ་པ་ལས་དེས་འདུ་ཤེས་དང་། བཟོད་པ་
དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ཁོ་མོས་དགེ་སློང་མ་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མཐོང་ངོ་ཞེས་སྨྲས་ན་ལྟུང་བྱེད་དོ། །དགེ་སློང་མས་དགེ་སློང་མ་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མཐོང་ལ། དེས་
དེ་ལ་ལྟུང་བྱེད་ཀྱི་ལྟ་བ་ཐོབ་པ་ལས་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ཁོ་མོས་དགེ་སློང་མ་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མཐོང་ངོ་ཞེས་སྨྲས་ན་ལྟུང་བྱེད་དོ། །དགེ་སློང་
མས་དགེ་སློང་མ་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མཐོང་ལ། དེས་དེ་ལ་སོ་སོར་བཤགས་པར་བྱ་བའི་ལྟ་བ་ཐོབ་པ་ལས་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ནས་འདི་སྐད་ཅེས་ཁོ་མོས་དགེ་སློང་

མ་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མཐོང་ངོ་ཞེས་སྨྲ་ན་ལྟུང་བྱེད་དོ། །དགེ་སློང་མས་དགེ་སློང་མ་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མཐོང་ལ། དེས་དེ་ལ་ཉེས་བྱས་ཀྱི་ལྟ་བ་ཐོབ་པ་ལས་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་།
བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ཁོ་མོས་དགེ་སློང་མ་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མཐོང་ངོ་ཞེས་སྨྲ་ན་ལྟུང་བྱེད་དོ། །དེ་བཞིན་དུ་རིམ་པ་འདིས་དགེ་འདུན་གྱི་ལྷག་མའི་བག་ཙམ་གྱི་བསླབ་པའི་གཞི་ལ་དེ་བཞིན་དུ་རྒྱས་པར་
བརྗོད་པར་བྱའོ། །དེ་ལྟ་མོད་ཀྱི་དགེ་སློང་མས་ཇི་ཙམ་ཅུང་ཟད་ཁྲོས་ཤིང་ཞེ་སྡང་ལ་མི་དགའ་བས་གཞི་མེད་པར་དགེ་འདུན་ལྷག་མས་སྐུར་པ་འདེབས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་ལྔ་པའི་བཅུ་གཅིག་པ་རྫོགས་སྷོ།། །།གླེང་གཞི་
ནི་མཉན་ཡོད་ནའོ། །དེའི་ཚེ་ཡུལ་ཙམ་པའི་ཐ་ག་པའི་ཁྱེའུ་ཞིག་ཆུང་མ་བླངས་ནས་རིང་པོ་མ་ལོན་པར་དེ་རང་གི་ཆུང་མ་ལ་ཁྲོས་ནས་སླར་ཡང་ཙམ་པར་ཆས་པ་ན་དེའི་ཚེ་སྦོམ་དགའ་མོ་ལམ་ཁ་ན་འདུག་པ་དེས་ཁྱེའུ་དེ་མཐོང་ནས་འདི་སྐད་ཅེས་སྨྲས་སོ། །བཞིན་
བཟངས་གར་འགྲོ་དས་འདི་སྐད་ཅེས་སྨྲས་སོ། །ཙམ་པར་མཆིའོ། །དེ་ནས་སྦོམ་དགའ་མོ་དེ་དང་ལྷན་ཅིག་ཆས་པ་དང་། ཐ་ག་པའི་ཆུང་མ་ཁང་ཐོག་ན་འདུག་པ་དེས་ཁྱིམ་ཐབ་དགེ་སློང་མ་ཞིག་དང་འགྲོགས་ཏེ་འགྲོན་ལམ་དུ་ཞུགས་ཏེ་སོང་བ་མཐོང་ངོ་། །མཐོང་
ནས་ཀྱང་སྐད་ཆེན་པོར་ཁོ་མོའི་ཁྱིམ་ཐབ་ཀྱིས་དགེ་སློང་མ་ཞིག་ཁྲིད་ནས་བྲོས་སོ་ཞེས་བསྒྲགས་པ་དང་། དེ་ནས་ཐ་ག་པ་རབ་ཏུ་མང་པོས་སྦོམ་དགའ་མོ་བརྡེགས་སོ། །དེ་ནས་མིག་ཕུགས་སྐྲངས་ཤིང་དབྱར་ཁང་དུ་སོང་བ་དང་། དགེ་སློང་མ་རྣམས་ཀྱིས་དྲིས་པ་
ལས་དེས་སྐབས་དེ་རྒྱས་པར་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་

སློང་མ་གང་བུད་མེད་མེད་པར་སྐྱེས་པ་དང་ལྷན་ཅིག་འགྲོན་ལམ་དུ་ཞུགས་ཏེ་འགྲོ་ན་ཐ་ན་གྲོང་བར་དུ་ཡང་རུང་སྟེ་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །བུད་མེད་མེད་པར་སྐྱེས་པ་དང་ལྷན་ཅིག་ཅེས་བྱ་བ་ནི་གང་དུ་བུད་མེད་མེད་པར་རོ། །
འགྲོན་ལམ་དུ་ཞུགས་ཏེ་འགྲོ་ན་ཞེས་བྱ་བ་ནི་དགོན་པའི་ལམ་དུ་འགྲོ་ནའོ། །ཐ་ན་གྲོང་བར་དུ་ཡང་རུང་སྟེ་ཞེས་བྱ་བ་ནི་གྲོང་ནས་གྲོང་དུ་འགྲོ་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་
ཙམ་ཅུང་ཟད་བུད་མེད་མེད་པར་སྐྱེས་པ་དང་ལྷན་ཅིག་གྲོང་ནས་གྲོང་བར་དུ་འགྲོ་ན་རྒྱང་གྲགས་ཕྱེད་ཕྱེད་དུ་སོང་ན་དེ་ལ་ཉེས་བྱས་སོ། །རྒྱང་གྲགས་རྒྱང་གྲགས་སུ་ནི་ལྟུང་བྱེད་དོ། །ལྟུང་བྱེད་ལྔ་པའི་བཅུ་གཉིས་པ་རྫོགས་སྷོ།། །།སྡོམ་ལ། རྐུན་མ་ལྷན་
ཅིག་ཉི་ཤུ་མིན། །མི་བརྐོ་འགྲོན་པོས་བསླབ་པ་དང་། །ཉན་རྣ་ལྡང་དང་མ་གུས་དང་། །ཆང་འཐུང་དུས་མིན་རྒྱུ་བའོ། །གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་སྦོམ་དགའ་མོ་རྒྱལ་པོའི་ཁབ་ནས་ཤོ་གམ་འདྲལ་བའི་ཚོང་པ་རྣམས་དང་ལྷན་ཅིག་མཉན་
ཡོད་དུ་ཆས་ཏེ། དེ་ནས་ཤོ་གམ་འདྲལ་བའི་ཚོང་པ་དང་། ལམ་གོལ་བ་ནས་དོང་བ་ན་ཤོ་གམ་པ་དག་གིས་སླེབས་ནས། དེར་སྦོམ་དགའ་མོ་ཡང་བརྡེགས་སོ། །དེ་རིམ་གྱིས་མཉན་ཡོད་དུ་ཕྱིན་པ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་འཕགས་
མ་བྱོན་པ་ལེགས་སོ། །ཤོ་གམ་པ་དག་གིས་མ་གཙེས་གྲང་ཞེས་དྲིས་པ་དང་། དེས་སྐབས་དེ་རྒྱས་པར་སྨྲས་པ་ལས་དགེ་སློང་མ་རྣམས་ཀྱིས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་
གང་ཅི་བྱུང་བ་དེ་ཐམས་ཅད་ནི་དགེ་སློང་མ་གང་རྐུན་པོའི་དོན་མཐུན་དང་ལྷན་ཅིག་འགྲོན་ལམ་དུ་འགྲོ་བ་ལས་གྱུར་ཏོ་སྙམ་ནས་དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་

རྐུན་པོའི་དོན་མཐུན་དང་ལྷན་ཅིག་འགྲོན་ལམ་དུ་འཇུག་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །རྐུན་པོའི་དོན་མཐུན་དང་ཞེས་བྱ་བ་ནི་ཤོ་གམ་འདྲལ་བའི་ཚོང་པའམ་རྐུན་པོ་དང་། འགྲོན་ལམ་དུ་ཞེས་བྱ་བ་ནི་དགོན་པའི་
ལམ་དུ་ཞུགས་ཏེ་འདོང་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རྐུན་པོའི་དོན་མཐུན་དང་འགྲོན་ལམ་དུ་འཇུག་ན་ལྟུང་བྱེད་དོ། །རྒྱང་གྲགས་ཕྱེད་ཕྱེད་དུ་ནི་ཉེས་བྱས་སུ་འགྱུར་
རོ། །རྒྱང་གྲགས་རྒྱང་གྲགས་སུ་ནི་ལྟུང་བྱེད་དོ། །ལྟུང་བྱེད་དྲུག་པའི་དང་པོ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་སྦོམ་དགའ་མོ་འཁོར་འདོད་པས་དེས་ལོ་ཉི་ཤུ་མ་ལོན་པ་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར་བྱེད་པ་ན་
དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བ་མ་མཛད་དམ། དེས་འདི་སྐད་ཅེས་དགེ་སློང་རྣམས་ལ་མཛད་ཀྱི། དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་
སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ལོ་ཉི་ཤུ་མ་ལོན་པ་གསོལ་བ་དང་བཞིའི་ལས་ཀྱིས་དགེ་སློང་
མའི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན་དགེ་སློང་མ་དེ་ནི་བསྙེན་པར་མ་རྫོགས་པ་ཡིན་ལ་དེ་དག་ཀྱང་ལྟུང་བ་དང་བཅས་པས་སྨད་པར་འགྱུར་རོ། །དེ་ལ་དེ་ནི་ངེས་པ་ཡིན་ནོ། །དེ་ལ་དེ་ནི་རྗེས་སུ་མཐུན་པའི་ཆོས་ཡིན་ནོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་
ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། གལ་ཏེ་ལོ་ཉི་ཤུ་མ་ལོན་པར་གྱུར་ཅིང་། ལོ་ཉི་ཤུ་མ་ལོན་པར་འདུ་ཤེས་པ་དེ་ལ་དགེ་སློང་མ་རྣམས་ཀྱིས་ལོ་ཉི་ཤུ་ལོན་ནམ་ཞེས་དྲིས་པ་དང་། དེ་འདི་སྐད་ཅེས་ཁོ་མོ་ཉི་ཤུ་མ་ལོན་ནོ་ཞེས་སྨྲས་པ་ན་དེ་དགེ་སློང་

མ་དག་གིས་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན། དགེ་སློང་མ་དག་དགེ་སློང་མ་དེ་ཡང་དང་པོ་ཉིད་ནས་བསྙེན་པར་མ་རྫོགས་པ་ཡིན་ལ་འགྲོགས་པ་དང་། ལོངས་སྤྱད་པས་ལྟུང་བར་ཡང་འགྱུར། དགེ་སློང་མའི་དགེ་འདུན་ཡང་དེས་འགལ་
ཚབས་ཅན་དུ་འགྱུར་རོ། །གལ་ཏེ་ལོ་ཉི་ཤུ་མ་ལོན་པར་གྱུར་ཅིང་། ལོ་ཉི་ཤུ་མ་ལོན་པར་འདུ་ཤེས་པ་དེ་ལ་དགེ་སློང་མ་རྣམས་ཀྱིས་ལོ་ཉི་ཤུ་ལོན་ནམ་ཞེས་དྲིས་པ་དང་། དེ་འདི་སྐད་ཅེས་ཁོ་མོས་ཇི་ལྟར་ཡང་ལོ་ཉི་ཤུ་ལོན་པར་མི་ཤེས་ཤིང་མི་དྲན་ཏེ། ཁོ་
མོ་ནི་ཡིད་གཉིས་ཟའོ་ཞེས་སྨྲས་པ་ན། དེ་དགེ་སློང་མ་དག་གིས་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན་དགེ་སློང་མ་དག་དགེ་སློང་མ་དེ་ཡང་དང་པོ་ཉིད་ནས་བསྙེན་པར་མ་རྫོགས་པ་ཡིན་ལ་འགྲོགས་པ་དང་། ལོངས་སྤྱད་པས་ལྟུང་བར་ཡང་
འགྱུར། དགེ་སློང་མའི་དགེ་འདུན་ཡང་དེས་འགལ་ཚབས་ཅན་དུ་འགྱུར་རོ། །གལ་ཏེ་ལོ་ཉི་ཤུ་མ་ལོན་པར་གྱུར་ཅིང་། ལོ་ཉི་ཤུ་མ་ལོན་པར་འདུ་ཤེས་པ་ལ་དེ་ཡང་མི་ཤེས་པ་དང་། མི་དྲན་པ་དང་། ཡིད་གཉིས་ཟ་བར་གྱུར་ཀྱང་རུང་། དེ་ལ་དགེ་སློང་
མས་ཅི་ཡང་མ་དྲིས་པའམ། ལན་མ་བྱིན་པར་དེ་དགེ་སློང་མ་དག་གིས་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར་བྱེད་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་དགེ་སློང་མ་དེ་དེའི་འོག་ཏུ་བསྙེན་པར་རྫོགས་པ་ནི་འཆགས་
ཏེ། དགེ་འདུན་དང་འགྲོགས་པ་དང་ལོངས་སྤྱད་པས་ལྟུང་བར་ཡང་འགྱུར་ལ། དགེ་འདུན་ཡང་དེས་འགལ་ཚབས་ཅན་དུ་འགྱུར་རོ། །གལ་ཏེ་ལོ་ཉི་ཤུ་མ་ལོན་པར་གྱུར་ལ་ལོ་ཉི་ཤུ་ལོན་པར་འདུ་ཤེས་པ་དེ་ལ་དགེ་སློང་མ་རྣམས་ཀྱིས་ལོ་ཉི་ཤུ་ལོན་
ནམ་ཞེས་དྲིས་པ་དང་དེས་འདི་སྐད་ཅེས་ལོ་ཉི་ཤུ་ལོན་ནོ་ཞེས་སྨྲས་པ་ན། དེ་ལ་དགེ་སློང་མ་དག་གིས་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན་དགེ་སློང་མ་དག་དགེ་སློང་མ་དེ་དེའི་འོག་ཏུ་བསྙེན་པར་རྫོགས་པ་འཆགས་ཏེ་དགེ་འདུན་དང་

འགྲོགས་ཤིང་ལོངས་སྤྱད་པས་ལྟུང་བར་ཡང་མི་འགྱུར་ལ། དགེ་འདུན་ཡང་དེས་འགལ་ཚབས་ཅན་དུ་མི་འགྱུར་རོ། །གལ་ཏེ་ལོ་ཉི་ཤུ་མ་ལོན་པར་གྱུར་ཅིང་། ལོ་ཉི་ཤུ་ལོན་པར་འདུ་ཤེས་པ་དེ་ལ་དགེ་སློང་མ་རྣམས་ཀྱིས་ལོ་ཉི་ཤུ་
ལོན་ནམ་ཞེས་དྲིས་པ་ནས། དེ་འདི་སྐད་ཅེས་ཁོ་མོས་ཇི་ལྟར་ཡང་ལོ་ཉི་ཤུ་ལོན་པར་ཤེས་ཤིང་དྲན་ཏེ་ཁོ་མོ་ནི་ཡིད་གཉིས་མི་ཟའོ་ཞེས་སྨྲས་པ་ན་དེ་ལ་དགེ་སློང་མ་དག་གིས་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན་དགེ་སློང་མ་དག་དགེ་
སློང་མ་དེའི་འོག་ཏུ་བསྙེན་པར་རྫོགས་པ་འཆགས་ཤིང་འགྲོགས་པ་དང་ལོངས་སྤྱད་པས་ལྟུང་བར་ཡང་མི་འགྱུར་ལ། དགེ་འདུན་ཡང་དེས་འགལ་ཚབས་ཅན་དུ་མི་འགྱུར་རོ། །གལ་ཏེ་ལོ་ཉི་ཤུ་ལོན་པར་གྱུར་ཅིང་ལོ་ཉི་ཤུ་མ་ལོན་པར་འདུ་ཤེས་པ་དེ་ལ་དགེ་
སློང་མ་རྣམས་ཀྱིས་ལོ་ཉི་ཤུ་ལོན་ནམ་ཞེས་དྲིས་པ་ན། དེ་འདི་སྐད་ཅེས་ཁོ་མོས་ལོ་ཉི་ཤུ་མ་ལོན་ནོ་ཞེས་སྨྲས་པ་ན་དེ་ལ་དགེ་སློང་མ་དག་གིས་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན་དགེ་སློང་མ་དག་དགེ་སློང་མ་དེ་དང་པོ་ཉིད་ནས་ལེགས་
པར་བསྙེན་པར་རྫོགས་པ་ཡིན་ཞིང་འགྲོགས་པ་དང་ལོངས་སྤྱད་པས་ལྟུང་བར་ཡང་མི་འགྱུར་ལ། དགེ་འདུན་ནི་དེས་འགལ་ཚབས་ཅན་དུ་འགྱུར་རོ། །གལ་ཏེ་ལོ་ཉི་ཤུ་ལོན་པར་གྱུར་ཅིང་ལོ་ཉི་ཤུ་མ་ལོན་པར་འདུ་ཤེས་པ་དེ་ལ་དགེ་སློང་མ་རྣམས་ཀྱིས་
ལོ་ཉི་ཤུ་ལོན་ནམ་ཞེས་དྲིས་པ་ན་དེ་འདི་སྐད་ཅེས་ཁོ་མོས་ཇི་ལྟར་ཡང་ལོ་ཉི་ཤུ་མ་ལོན་པར་ཤེས་ཤིང་དྲན་ཏེ་ཁོ་མོ་ཡིད་གཉིས་ཟའོ་ཞེས་སྨྲས་པ་ན། དེ་དགེ་སློང་མ་དག་གིས་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན་དགེ་སློང་མ་དག་དགེ་སློང་
མ་དེ་དང་པོ་ཉིད་ནས་ལེགས་པར་བསྙེན་པར་རྫོགས་པ་ཡིན་ཞིང་འགྲོགས་པ་དང་ལོངས་སྤྱད་པས་ལྟུང་བར་ཡང་མི་འགྱུར་ལ། དགེ་འདུན་ནི་དེས་འགལ་ཚབས་ཅན་དུ་འགྱུར་རོ། །གལ་ཏེ་ལོ་ཉི་ཤུ་ལོན་ལ་དེ་མ་ཤེས་ཤིང་མི་དྲན་ནམ་ཡིད་གཉིས་ཟ་བར་གྱུར་

ཀྱང་རུང་དེ་ལ་དགེ་སློང་མས་མ་དྲིས་སམ་དྲིས་པའི་ལན་མ་བྱིན་པར་དེ་དགེ་སློང་མ་དག་གིས་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན་དགེ་སློང་མ་དག་དགེ་སློང་མ་དེ་དང་པོ་ཉིད་ནས་ལེགས་པར་བསྙེན་པར་རྫོགས་པ་ཡིན་ཞིང་འགྲོགས་པ་དང་། ལོངས་
སྤྱད་པས་ལྟུང་བར་མི་འགྱུར་ལ་དགེ་འདུན་ནི་དེས་འགལ་ཚབས་ཅན་དུ་འགྱུར་རོ། །གལ་ཏེ་ལོ་ཉི་ཤུ་ཚང་བར་གྱུར་ཅིང་ལོ་ཉི་ཤུ་ཚང་བར་འདུ་ཤེས་པ་དེ་ལ་དགེ་སློང་མ་རྣམས་ཀྱིས་ལོ་ཉི་ཤུ་ལོན་ནམ་ཞེས་དྲིས་པ་དང་དེས་འདི་སྐད་ཅེས་ལོ་ཉི་ཤུ་ལོན་ནོ་ཞེས་སྨྲས་
པ་ན། དེ་དགེ་སློང་མ་དག་གིས་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར་བྱེད་པ་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་དགེ་སློང་མ་དེ་དང་པོ་ཉིད་ནས་ལེགས་པར་བསྙེན་པར་རྫོགས་པ་ཡིན་ཞིང་འགྲོགས་པ་དང་ལོངས་སྤྱད་པས་
ལྟུང་བར་ཡང་མི་འགྱུར་ཞིང་དགེ་འདུན་ཡང་དེས་འགལ་ཚབས་ཅན་དུ་མི་འགྱུར་རོ། །གལ་ཏེ་ལོ་ཉི་ཤུ་ལོན་པར་གྱུར་ཅིང་ལོ་ཉི་ཤུ་ལོན་པར་འདུ་ཤེས་པ་དང་ཤེས་ཤིང་དྲན་ཏེ་ཡིད་གཉིས་མི་ཟ་བ་དེ་ལ་དགེ་སློང་མ་རྣམས་ཀྱིས་ལོ་ཉི་ཤུ་ལོན་ནམ་ཞེས་
དྲིས་པ་ན་དེ་འདི་སྐད་ཅེས་ཇི་ལྟར་ཡང་ཁོ་མོས་ལོ་ཉི་ཤུ་ལོན་པར་ཤེས་ཤིང་དྲན་ཏེ་ཁོ་མོ་ཡིད་གཉིས་མི་ཟའོ་ཞེས་སྨྲས་པ་ན། དགེ་སློང་མ་དག་གིས་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར་བྱེད་པ་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
དགེ་སློང་མ་དག་དགེ་སློང་མ་དེ་དང་པོ་ཉིད་ནས་ལེགས་པར་བསྙེན་པར་རྫོགས་པ་ཡིན་ཞིང་འགྲོགས་པ་དང་ལོངས་སྤྱད་པས་ལྟུང་བར་ཡང་མི་འགྱུར་ལ། དགེ་འདུན་ཡང་དེས་འགལ་ཚབས་ཅན་དུ་མི་འགྱུར་རོ། །དགེ་སློང་མ་དག་དེ་ལ་དགེ་སློང་མ་བཞི་པོ་
གང་ཡིན་པ་དེ་དག་ནི་དང་པོ་འཁྲུགས་པ་ཡིན་ཏེ་དེ་དག་དང་པོ་ཉིད་ནས་བསྙེན་པར་མ་རྫོགས་པས་བསྙིལ་བར་འོས་པ་ཡིན་ནོ། །དགེ་སློང་མ་དེ་ལ་དགེ་སློང་མ་མི་ཤེས་ཤིང་མི་དྲན་ལ་ཡིད་གཉིས་ཟ་བ་གང་ཡིན་པ་དེ་ལ་ནི་ཤེས་པར་བྱ་དྲན་པར་བྱ། སོམ་ཉི་

དང་ཡིད་གཉིས་སྤང་བར་བྱ་སྟེ། གང་གི་ཚེ་ཤེས་པར་གྱུར་ཏམ། དྲན་པར་གྱུར་ཏམ། སོམ་ཉི་དང་ཡིད་ཉིད་སྤངས་པར་གྱུར་ལ། གལ་ཏེ་རེ་ཞིག་ཚང་ན་ཇི་ལྟར་བསྙེན་པར་རྫོགས་པ་དེ་བཞིན་དུ་བསྙེན་པར་རྫོགས་པ་ཡིན་ནོ། །གལ་ཏེ་མ་
ཚང་ན་ས་སྤོ་བར་བྱ་བའམ། སླར་ཡང་བསྙེན་པར་རྫོགས་པར་བྱའོ། །ས་སྤོ་བར་མི་བྱེད་དམ། སླར་ཡང་བསྙེན་པར་རྫོགས་པར་མི་བྱེད་ལ། གལ་ཏེ་རང་བཞིན་དུ་གནས་པའི་དགེ་སློང་མ་རྣམས་དང་ལྷན་ཅིག་ལན་གཉིས་སམ་གསུམ་གསོ་སྦྱོང་གི་ལས་དག་
ཉམས་སུ་མྱོང་བར་བྱེད་ན་དགེ་སློང་མ་དག་རྐུ་ཐབས་སུ་གནས་པ་ཡིན་ཏེ་དགེ་སློང་མ་དེ་བསྙིལ་བར་འོས་པ་ཡིན་ནོ། །དགེ་སློང་མ་དག་དེ་ལ་དགེ་སློང་མ་ལོ་ཉི་ཤུ་མ་ལོན་པར་གྱུར་པ་ལོ་ཉི་ཤུ་ལོན་པའི་འདུ་ཤེས་ཀྱིས་བསྙེན་པར་རྫོགས་པ་དང་དེའི་གཉེན་དག་ལྷགས་
ཏེ་འདི་སྐད་ཅེས་སྨྲས་སོ། །མིང་འདི་ཞེས་བྱ་བ་ཡོད་དམ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །དེ་ནི་བསྙེན་པར་རྫོགས་སོ། །དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །དེ་ནི་ལོ་ཉི་ཤུ་མ་ལོན་ནོ་ཞེས་དེ་སྐད་སྨྲས་པ་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཤོལ་
གྱི་ཟླ་བ་དང་། མངལ་གྱི་ཟླ་བ་ཡང་བརྩི་བར་བྱའོ། །གལ་ཏེ་ཚང་ན་དེ་ལྟ་ན་ལེགས། དེ་སྟེ་མ་ཚང་ན་ས་སྤོ་བར་བྱ་བའམ། སླར་ཡང་བསྙེན་པར་རྫོགས་པར་བྱའོ། །ས་སྤོ་བར་མི་བྱེད་དམ། སླར་ཡང་བསྙེན་པར་རྫོགས་པར་མི་བྱེད་ན་ཞེས་བྱ་བ་ནས་
བསྙིལ་བར་འོས་པ་ཡིན་ནོ་ཞེས་བྱ་བའི་བར་རོ། །དགེ་སློང་མ་དག་དེ་ལ་དགེ་སློང་མ་ལོ་བཅྭ་བརྒྱད་ལོན་པ་གང་ཡིན་པ་དེ་ལོ་ཉི་ཤུའི་འདུ་ཤེས་ཀྱིས་བསྙེན་པར་རྫོགས་པར་གྱུར་ལ། གལ་ཏེ་ལོ་གཉིས་ཀྱི་དྲན་པ་རྙེད་ན་ཇི་ལྟར་བསྙེན་པར་རྫོགས་པ་དེ་བཞིན་
དུ་བསྙེན་པར་རྫོགས་པ་ཡིན་ཏེ། དགེ་སློང་མ་དག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་མའི་དངོས་པོ་རྙེད་པར་དཀའ་བའི་ཕྱིར་རོ། །གལ་ཏེ་ལོ་གཅིག་གི་དྲན་པ་རྙེད་ན་མངལ་གྱི་ཟླ་བ་དང་ཤོལ་

གྱི་ཟླ་བ་བརྩི་བར་བྱའོ། །གལ་ཏེ་ཚང་ན་དེ་ལྟ་ན་ལེགས། དེ་སྟེ་མ་ཚང་ན་ཞེས་བྱ་བ་ནས་བསྙིལ་བར་འོས་པ་ཡིན་ནོ་ཞེས་བྱ་བའི་བར་རོ། །དགེ་སློང་མ་དག་དེ་ལ་དགེ་སློང་མ་ལོ་བཅུ་དགུ་ལོན་པ་གང་ཡིན་པ་དེ་ལོ་ཉི་ཤུའི་འདུ་ཤེས་ཀྱིས་བསྙེན་པར་རྫོགས་
པར་གྱུར་ལ། གལ་ཏེ་ལོ་གཅིག་གི་དྲན་པ་རྙེད་ན་ཇི་ལྟར་བསྙེན་པར་རྫོགས་པ་དེ་བཞིན་དུ་བསྙེན་པར་རྫོགས་པ་ཡིན་ཏེ། དགེ་སློང་མ་དག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་མའི་དངོས་པོ་རྙེད་པར་
དཀའ་བའི་ཕྱིར་རོ། །གལ་ཏེ་ལོ་མ་ཚང་བར་དྲན་པ་རྙེད་ན་མངལ་གྱི་ཟླ་བ་དང་ཤོལ་གྱི་ཟླ་བ་བརྩི་བར་བྱའོ། །གལ་ཏེ་ཚང་ན་དེ་ལྟ་ན་ལེགས། གལ་ཏེ་མ་ཚང་ན་ས་སྤོ་བར་བྱ་བའམ། སླར་ཡང་བསྙེན་པར་རྫོགས་པར་བྱའོ་ཞེས་བྱ་བ་ནས་བསྙིལ་བར་འོས་པ་
ཡིན་ནོ་ཞེས་བྱ་བའི་བར་རོ། །ལྟུང་བྱེད་དྲུག་པའི་གཉིས་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་རྣམས་ལ་བརྟེན་ཏེ་རང་གི་ལག་གིས་ས་རྐོ་བའི་བསླབ་པའི་གཞི་བཅའ་བ་མཛད་པ་དང་། དེ་ནས་བཅུ་གཉིས་
སྡེ་དེ་དག་རང་གི་ལག་གིས་ས་རྐོ་བར་བྱེད། རྐོར་འཇུག་པར་བྱེད་པ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ།
ཡང་དགེ་སློང་མ་གང་ས་རྐོའམ་རྐོར་འཇུག་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། །ས་ཞེས་བྱ་བ་ལ་ས་ནི་གཉིས་ཏེ། རང་བཞིན་ཅན་དང་། རང་བཞིན་ཅན་མ་ཡིན་པའོ། །དེ་ལ་རང་བཞིན་ཞེས་བྱ་བ་ནི་ཆར་ཆུ་ཞོད་པའི་དུས་སུ་ཟླ་བ་
གསུམ་གྱིས་ས་རྟས་པར་གྱུར་པ་སྟེ་འདི་ནི་རང་བཞིན་ཅན་གྱིས་ཞེས་བྱའོ། །རང་བཞིན་ཅན་མ་ཡིན་པའི་ས་གང་ཞེ་ན། གང་གི་ཚེ་ཆར་མ་བབ་པ་དེའི་ཚེ་ས་མ་རྟས་པར་གྱུར་པ་སྟེ་འདི་ནི་ས་རང་བཞིན་ཅན་མ་ཡིན་པ་ཞེས་བྱའོ། །རྐོ་ན་ཞེས་བྱ་བ་ནི་རང་གིས་སོ། །རྐོར་

འཇུག་ན་ཞེས་བྱ་བ་ནི་གཞན་ནོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་རང་བཞིན་ཅན་གྱིས་རྐོ་ན་རྐོ་བ་ན་དེ་ལ་ལྟུང་བྱེད་དོ། །རང་བཞིན་ཅན་མ་ཡིན་པ་རྐོ་ན་ཉེས་བྱས་སོ། །དགེ་
སློང་མས་ས་ལ་ཕུར་པ་འདེབས་ན་ལྟུང་བྱེད་དོ། །འབྱིན་ན་ཉེས་བྱས་སོ། །དགེ་སློང་མས་ས་ཞག་འགོགས་པར་བྱེད་པ་ན་གལ་ཏེ་སའི་ཁམས་ནི་ཆེས་མང་ལ་སའི་ཞག་ནི་ཆེས་སྲབ་པར་གྱུར་ན་ལྟུང་བྱེད་དོ། །ས་ཞག་གི་ཁམས་ནི་ཆེས་སྟུག་ལ་སའི་ཁམས་ནི་
ཆེས་སྲབ་པར་གྱུར་ན་ཉེས་བྱས་སོ། །དེ་བཞིན་དུ་ལྕི་བ་ནི་ཆེས་མང་ལ་སའི་ཁམས་ནི་ཆེས་ཉུང་ན་ཉེས་བྱས་སོ། །དགེ་སློང་མས་ས་ལ་བྱེ་ཞག་འགོགས་པར་བྱེད་ན་སའི་ཁམས་ནི་ཆེས་སྟུག་ལ་བྱེ་མའི་ཁམས་ནི་ཆེས་སྲབ་ན་ལྟུང་བྱེད་དོ། །བྱེ་མའི་ཁམས་ཆེས་མང་ལ་
སའི་ཁམས་ནི་ཆེས་སྲབ་ན་ཉེས་བྱས་སོ། །དོག་ས་མ་གྲུམ་པ་རྟིབ་པར་བྱེད་ན་ལྟུང་བྱེད་དོ། །གྲུམ་པ་ལ་ནི་ཉེས་བྱས་སོ། །རྩིག་པ་མ་གྲུམ་པ་འཇིག་པར་བྱེད་ན་ལྟུང་བྱེད་དོ། །གྲུམ་པ་ལ་ནི་ཉེས་བྱས་སོ། །རྩིག་པ་ལ་ཕུར་པས་འདེབས་ན་ལྟུང་བྱེད་དོ། །འབྱིན་ན་
ཉེས་བྱས་སོ། །ཞལ་ཞལ་མ་གྲུམ་པ་འགོགས་ན་ལྟུང་བྱེད་དོ། །གྲུམ་པ་ལ་ནི་ཉེས་བྱས་སོ། །ཐ་ན་རླམས་འདྲལ་བར་བྱེད་ན་ཡང་ཉེས་བྱས་སོ། །འདམ་རྫབ་ལ་ཕུར་པས་སམ། ཕུར་བུས་འདེབས་ན་ཉེས་བྱས་སོ། །འཁྲུག་ན་ཉེས་བྱས་སོ། །ཕུར་པ་
རྙིང་པའི་མཆན་དུ་ཕུར་པ་འདེབས་ན་ཉེས་བྱས་སོ། །ས་ལ་རི་མོ་འདྲི་ན་ཉེས་བྱས་སོ། །གལ་ཏེ་ལག་གི་བླ་ཞིག་རྩིས་བྱེད་ན་ལྟུང་བ་མེད་དོ། །ལྟུང་བྱེད་དྲུག་པའི་གསུམ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་
རྣམས་ལ་བརྟེན་ཏེ་ཟླ་བ་བཞིར་མགྲོན་དུ་བོས་པའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་བཅུ་གཉིས་སྡེ་དེ་དག་གིས་ཟླ་བ་ལྔ་དང་། ཟླ་བ་དྲུག་ཏུ་མགྲོན་དུ་བོས་པ་ཡང་བདག་གིར་བྱེད་པ་དང་། དེ་ནས་དེ་དག་ལ་དགེ་སློང་མ་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །

བཅོམ་ལྡན་འདས་ཀྱིས་ཟླ་བ་བཞིའི་བསླབ་པའི་གཞི་བཅའ་བ་མ་མཛད་དམ། དེ་དག་གིས་འདི་སྐད་ཅེས་དེ་ནི་དགེ་སློང་རྣམས་ལ་མཛད་ཀྱི་དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ་ཞེས་སྨྲས་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་
བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མས་ཟླ་བ་བཞིར་མགྲོན་དུ་བོས་པ་བདག་གིར་བྱའོ། །དེ་ལས་འདས་པར་བྱེད་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །དེ་ལ་འདི་ནི་དུས་ཡིན་ཏེ། སོ་སོར་མགྲོན་དུ་བོས་པ་དང་། ཡང་དང་ཡང་
མགྲོན་དུ་བོས་པ་དང་། ལྷག་པར་མགྲོན་དུ་བོས་པ་དང་། རྟག་ཏུ་མགྲོན་དུ་བོས་པའོ། །ཟླ་བ་བཞི་ཞེས་བྱ་བ་ནི་ཟླ་བ་བཞིའོ། །དེ་ལས་ལྷག་པར་མགྲོན་དུ་བོས་པ་ཞེས་བྱ་བ་ནི་མགྲོན་དུ་གཉེར་བའོ། །དུས་མ་གཏོགས་ཏེ་ཞེས་བྱ་བ་ནི་དུས་བཞག་སྟེའོ། །སོ་སོར་
ཞེས་བྱ་བ་ནི་ཐ་དད་པར་རོ། །ཡང་དང་ཡང་ཞེས་བྱ་བ་ནི་ཕྱིར་ཞིང་ཕྱིར་ཞིང་ངོ་། །ལྷག་པར་ཞེས་བྱ་བ་ནི་ཆོག་པར་རོ། །རྟག་ཏུ་ཞེས་བྱ་བ་ནི་རྒྱུན་དུའོ། །དེ་ལ་འདི་ནི་དུས་ཡིན་ཏེ། ཞེས་བྱ་བ་ནི་དེ་ལ་འདི་ནི་རྗེས་སུ་མཐུན་པའི་ཆོས་ཡིན་པའོ། །ལྟུང་བྱེད་དོ་ཞེས་
བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་ཁྱིམ་བདག་གི་ཁྱིམ་རྣམས་སུ་ཚོད་མ་ལ་མགྲོན་དུ་བོས་ལ་ཁུ་བ་སློང་ན་ལྟུང་བྱེད་དོ། །དེ་བཞིན་དུ་ཕལ་པ་ལ་མགྲོན་དུ་བོས་ལ་བསོད་པ་སློང་ན་ཞེས་བྱ་བ་ནས་ཐམས་ཅད་དུ་ལྟུང་བྱེད་དུ་
འགྱུར་རོ་ཞེས་བྱ་བའི་བར་རོ། །བསོད་པ་ལ་ཞེས་བྱ་བ་ནས་ཕལ་པ་སློང་ན་ཉེས་བྱས་སོ། །གལ་ཏེ་ནད་པ་ཡིན་ནམ་བསོད་པ་རྙེད་ལ་ཕལ་པ་སློང་ངམ་བསྟབས་པ་ཡིན་ན་ལྟུང་བ་མེད་དོ། །ལྟུང་བྱེད་དྲུག་པའི་བཞི་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །བཅོམ་
ལྡན་འདས་ཀྱིས་ཁ་ཅིག་ནི་དགེ་སློང་མ་ཐུན་མོང་བའི་བསླབ་པའི་གཞི་བཅའ་བ་མཛད་པ་ཡང་ཡོད། ཁ་ཅིག་ནི་དགེ་སློང་མ་དང་ཐུན་མོང་པ་ཡང་ཡོད། ཁ་ཅིག་ནི་གཉི་གའི་ཐུན་མོང་པ་ཡང་ཡོད་པས་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་གཉི་གའི་ཐུན་མོང་གི་བསླབ་པའི་གཞི་

བཅའ་བ་མཛད་པ་དེའི་ཚེ་དགེ་སློང་མའི་དབྱར་ཁང་དུ་དགེ་སློང་སྒོར་བཏང་ངོ་། །གང་གི་ཚེ་དགེ་སློང་གིས་དགེ་སློང་མ་རྣམས་ལ་བསྒོ་བ་དེའི་ཚེ་དགེ་སློང་མ་དག་གིས་དགེ་སློང་མ་གཞན་དང་གཞན་དག་ལ་ཡང་བསྒོའོ། །དེ་ནས་ཡང་དགེ་སློང་མ་དེ་རྣམས་ཀྱིས་
བཅུ་གཉིས་སྡེ་རྣམས་ལ་བསྒོ་བ་དང་། དེ་དག་གིས་འདི་སྐད་ཅེས། ཁོ་མོ་ཅག་བུས་པ། རྨོངས་པ། མི་གསལ་བ། མི་མཁས་པ། ཁྱེད་ཅག་ལ་བསླབ་པ་མི་སློབ་ཀྱི་ཞེས་བྱ་བ་ནས་ཁོ་མོ་ཅག་ནི་མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ་གཞན་
དག་ལ་འདྲིའོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་
ཀྱིས་འདི་སྐད་ཅེས་འཕགས་མ་ཁྱོད་ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ་ཞེས་བསྒོ་བ་ན་དེ་དེ་དག་ལ་འདི་སྐད་ཅེས་ཁོ་མོས་བུས་པ། རྨོངས་པ། མི་གསལ་བ། མི་མཁས་པ་ཁྱེད་ཀྱི་ཚིག་གིས་བསླབ་པ་ལ་མི་སློབ་ཀྱི་ཞེས་བྱ་བ་ནས་དགེ་སློང་མ་མདོ་སྡེ་འཛིན་པ། འདུལ་
བ་འཛིན་པ། མ་མོ་འཛིན་པ། གཞན་དག་ལ་འདྲིའོ་ཞེས་སྨྲ་ན་ལྟུང་བྱེད་དོ། །དགེ་སློང་མ་ཀུན་ཤེས་པར་འདོད་པས་བསླབ་པ་དེ་ལ་བསླབ་པར་བྱ་ཞིང་དགེ་སློང་མ་མདོ་སྡེ་འཛིན་པ། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་ལ་ཡང་དྲི་བར་བྱ་སྟེ། དེ་ནི་དེ་ལ་ཆོ་ག་
ཡིན་ནོ། །ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་ལའོ། །དགེ་སློང་མ་རྣམས་ཀྱིས་བསྒོ་བ་ན་ཞེས་བྱ་བ་ནི་ཆོས་འདི་པ་དག་གིས་སོ། །བསླབ་པ་དེ་ལ་ཁྱོད་ཀྱིས་བསླབ་པར་བྱའོ་ཞེས་བྱ་བ་ནི་ཕས་ཕམ་པར་འགྱུར་བ་བརྒྱད་ཅེས་བྱ་བ་ནས། རྩོད་པ་ཞི་བར་བྱ་བའི་ཆོས་
བདུན་ཞེས་བྱ་བའི་བར་རོ། །བུས་པ་ཞེས་བྱ་བ་ནི་མདོ་སྡེ་མི་འཛིན་འདུལ་བ་མི་འཛིན་མ་མོ་མི་འཛིན་པ་ནི་བུས་པ་ཞེས་བྱའོ། །མི་མཁས་པ་ཞེས་བྱ་བ་ནི་མདོ་སྡེ་ལ་མི་མཁས། འདུལ་བ་ལ་མི་མཁས། མ་མོ་ལ་མི་མཁས་པ་ནི་མི་མཁས་པ་ཞེས་བྱའོ། །མི་གསལ་བ་ཞེས་བྱ་

བ་ནི་མདོ་སྡེ་ལ་མི་གསལ། འདུལ་བ་ལ་མི་གསལ། མ་མོ་ལ་མི་གསལ་བ་ནི་མི་གསལ་བ་ཞེས་བྱའོ། །འདི་ལྟར་དགེ་སློང་མ་མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ་གཞན་ལ་འདྲིའོ་ཞེས་བྱ་བ་ནས་མདོ་སྡེ་ལ་གསལ་བ། འདུལ་བ་ལ་གསལ་བ། མ་མོ་ལ་
གསལ་བ་ཞེས་བྱ་བའི་བར་རོ། །དགེ་སློང་མ་ཀུན་ཤེས་པར་འདོད་པ་ཞེས་བྱ་བ་ནི་བསླབ་པར་འདོད་པས་སོ། །བསླབ་པ་དེ་ལ་ཡང་བསླབ་པར་བྱའོ་ཞེས་བྱ་བ་ནི་དགེ་སློང་མ་དག་གང་ལ་སློབ་པ་ལའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་
སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་རྣམས་ཀྱིས་བསྒོ་བ་ན་འདི་སྐད་ཅེས་བུས་པ་ཞེས་ཟེར་ན་ལྟུང་བྱེད་དོ། །རྨོངས་པ་ཞེས་ཟེར་ན་ལྟུང་བྱེད་དོ། །མི་གསལ་བ་ཞེས་ཟེར་ན་ལྟུང་བྱེད་དོ། །མི་མཁས་པ་ཞེས་ཟེར་ན་ལྟུང་བྱེད་དོ། །ལྟུང་བྱེད་དྲུག་པའི་ལྔ་པ་རྫོགས་སྷོ།། །།གླེང་
གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་བཅུ་གཉིས་སྡེ་རྣམས་ཀྱིས་དགེ་སློང་མ་དག་འཐབ་མོ་བྱུང་བ་ལ་ཉན་རྣ་བར་སྒོར་བསྡད་ནས་དེ་དག་གིས་ཅུང་ཟད་ཅི་ཐོས་པ་ཚུ་བི་ལས་ཐོས་པ་དེ་ཕ་བི་དག་ལ་སྦྲོན་པར་བྱེད་ཅིང་། ཕ་བི་དག་ལས་ཐོས་པ་དེ་ཚུ་བི་དག་ལ་སྦྲོན་པར་བྱེད་པས་
དེས་ན་དགེ་འདུན་འཐབ་པ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་བ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་
བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་དགེ་སློང་མ་རྣམས་འཐབ་མོ་བྱུང་བར་གྱུར་ལ། མཚང་འདྲུ་བ་དང་། འགྱེད་པ་དང་། རྩོད་པ་བྱུང་ཞིང་འཁོད་པ་ལ་དགེ་སློང་མ་དེ་དག་ཅི་སྨྲས་པ་དེ་བདག་གིས་མཉན་ལ་དེ་ལྟ་དེ་ལྟར་རྗེས་སུ་ཐ་སྙད་གདགས་པར་
བྱའོ་ཞེས་ཅང་མི་སྨྲ་བས་ཉན་རྣ་བྱེད་ཅིང་འདུག་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། །ཉན་རྣ་བྱེད་ཅིང་འདུག་ན་ཞེས་བྱ་བ་ནི་ཐོས་པར་འདོད་པས་སྒོ་ན་སྡོད་པའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན།

དགེ་སློང་མ་ནང་ན་འདུག་པར་གྱུར་ལ་གཞན་ཕྱི་ལོགས་ནས་ནང་དུ་འཇུག་ན་དེས་སྐད་གསལ་བའམ། རྟིང་སྒྲ་འམ། སེ་གོལ་བྱའོ། །མི་བྱེད་དམ་གལ་ཏེ་སྒྲ་ཡང་མ་གོ། །དོན་ཀྱང་མ་གོ་ན་ཉེས་བྱས་སོ། །སྒྲ་ཡང་གོ་དོན་ཀྱང་གོ་བར་གྱུར་ན་
ལྟུང་བྱེད་དོ། །དེ་བཞིན་དུ་གང་ན་འདུག་པ་ལ་ཡང་རུང་སྟེ་ལྟུང་བྱེད་དོ། །གལ་ཏེ་ཐོས་ན་ཉེ་བར་ཞི་བར་བྱའོ་སྙམ་ན་ལྟུང་བ་མེད་དོ། །ལྟུང་བྱེད་དྲུག་པའི་དྲུག་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་བཅུ་གཉིས་སྡེ་དག་དགེ་སློང་མའི་དགེ་འདུན་
ཆོས་ཀྱི་གཏམ་རྣམ་པར་གཏན་ལ་འབེབས་པ་ན་ཅང་མི་སྨྲ་བར་ལངས་ཏེ་དོང་བའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདོང་བར་མི་བྱའོ། །དེ་དག་ན་བར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
དགེ་སློང་མ་ལ་གོ་བར་བྱས་ཏེ་འདོང་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་བསླབ་པ་འདོད་པ་དང་ཞེས་བྱ་བ་ནས་ཡོ་བྱད་བསྙུངས་པ་ཞེས་བྱ་བའི་བར་རོ། །ཡང་ཉན་ཐོས་མ་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་
དགེ་སློང་མ་གང་དགེ་འདུན་གྱི་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་ན་ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་དགེ་སློང་མ་འཁོད་པ་ལ་གོ་བར་མ་བྱས་པར་འགྲོ་ན་རྐྱེན་དེ་ལྟ་བུ་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། །
ཆོས་ཀྱི་གཏམ་རྣམ་པར་གཏན་ལ་འབེབས་པ་ཞེས་བྱ་བ་ནི་ཆོས་ཀྱི་གཏམ་རྣམ་པར་གཏན་ལ་དབབ་པ་འདི་ལྟ་སྟེ། གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་དག་གོ། །ཅང་མི་སྨྲ་བར་ལངས་ཏེ་ཞེས་བྱ་བ་ནི་ཁ་རོག་སྟེའོ། །དགེ་
སློང་མ་འཁོད་པ་ལ་གོ་བར་མ་བྱས་པར་ཞེས་བྱ་བ་ནི་འདུན་པ་མ་འབྱིན་པར་རོ། །རྐྱེན་དེ་ལྟ་བུ་མ་གཏོགས་ཏེ་ཞེས་བྱ་བ་ནི་རྐྱེན་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཆོས་

ཀྱི་གཏམ་རྣམ་པར་གཏན་ལ་འབེབས་པ་ན་ཅང་མི་སྨྲ་བས་ལངས་ཏེ་འགྲོ་ན་ཞེས་བྱ་བ་ནས་དོན་མ་གོ་ན་ཉེས་བྱས་སོ། །སྒྲ་མ་གོ་ལ་དོན་གོ་ན་ལྟུང་བྱེད་དོ། །ལྟུང་བྱེད་དྲུག་པའི་བདུན་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་སྦོམ་
དགའ་མོ་འཁོར་དང་བཅས་པ་སངས་རྒྱས་ལ་མ་གུས་ཆོས་དང་དགེ་འདུན་ལ་མ་གུས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་
བཅའ་བའི་བར་དུ་མཛད་དེ། གུས་པར་མི་བྱེད་ན་ལྟུང་བྱེད་དོ། །གུས་པར་མི་བྱེད་ན་ཞེས་བྱ་བ་ལ། གུས་པར་མི་བྱེད་པ་ནི་གཉིས་ཏེ། དགེ་འདུན་དང་གང་ཟག་ལའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་ལ་
ཁང་སྐྱོང་གིས་གནས་མལ་ལོང་ཤིག་ཅེས་བསྒོ་བ་ན་མི་ལེན་ན་ལྟུང་བྱེད་དོ། །གལ་ཏེ་ཆོས་དང་ལྡན་པའི་འདུ་ཤེས་ཀྱིས་གསོལ་བ་འདེབས་ཤིང་དེ་མ་བླངས་པ་ལ་ལྟུང་བ་མེད་དོ། །དེ་བཞིན་དུ་སོང་ཤིག་སྨྲོས་ཤིག་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཐམས་ཅད་ལ་ལྟུང་བྱེད་དུ་
འགྱུར་ཏེ། འདི་ནི་དགེ་འདུན་ལ་ཡིན་ནོ། །གང་ཟག་གི་ནི་མཁན་མོ་དང་སློབ་དཔོན་གྱིས་གནས་མལ་ལོང་ཤིག་ཅེས་བསྒོ་བ་ན་མི་ལེན་ན་ཉེས་བྱས་སོ། །མ་སོང་ན་ཉེས་བྱས་སོ། །སྨྲས་ན་ཉེས་བྱས་སོ། །མ་སྨྲས་ན་ཉེས་བྱས་ཏེ། དེ་བཞིན་དུ་ཐམས་ཅད་ལ་
ཉེས་བྱས་སོ། །གལ་ཏེ་ཆོས་དང་ལྡན་པའི་འདུ་ཤེས་ཀྱིས་གསོལ་བ་འདེབས་པ་ལ་ནི་ལྟུང་བ་མེད་དོ། །ལྟུང་བྱེད་དྲུག་པའི་བརྒྱད་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ལེགས་འོངས་ལ་བརྟེན་ཏེ་བག་མེད་པའི་
གནས་མྱོས་པར་འགྱུར་བ་འབྲུའི་ཆང་དང་བཅོས་པའི་ཆང་གི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་དགེ་སློང་མའི་དགེ་འདུན་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་གིས་བསླབ་པའི་གཞི་འདི་ཇི་ལྟར་གདོན་པར་བྱ་སྙམ་དུ་བསམས་ནས་དགེ་སློང་མའི་དགེ་

འདུན་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་ལ་དགེ་སློང་མ་རབ་ཏུ་མང་པོས་འདི་སྐད་ཅེས་གསོལ་ཏོ། །
བཅོམ་ལྡན་འདས་དགེ་སློང་མ་རྣམས་ཀྱིས་འབྲུའི་སྐྱེམས་དང་། བཅོས་པའི་སྐྱེམས་ཀྱི་བསླབ་པའི་གཞི་ལ་ཇི་ལྟར་གཟུང་བར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བསླབ་པར་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་
བསྔགས་པ་གསུངས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །འབྲུའི་ཆང་དང་། བཅོས་པའི་ཆང་འཐུང་ན་ལྟུང་བྱེད་དོ། །འབྲུའི་ཆང་ཞེས་བྱ་བ་ནི་ཕབས་དང་སྦྱར་བ་དང་། ཟས་དང་སྦྱར་བའོ། །བཅོས་པའི་ཆང་ཞེས་བྱ་བ་ནི་དགུན་ཆང་དང་། བུ་རམ་ཆང་དང་། རྫས་གཞན་དག་
སྦྱར་བའིའོ། །འཐུང་ན་ཞེས་བྱ་བ་ནི་ལྐོག་མར་མིད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཆང་གི་ཁ་དོག་དང་། ཆང་གི་དྲི་དང་། ཆང་གི་རོ་འཐུང་ངམ། འཐུང་དུ་འཇུག་ན་ལྟུང་བྱེད་དོ། །བཅོས་པའི་
ཆང་ན་ལྟུང་བྱེད་དོ། །བསྲེས་པའི་ཆང་ན་ལྟུང་བྱེད་དོ། །ཆང་གི་ཁ་དོག་ན་ཉེས་བྱས་སོ། །ཆང་གི་དྲི་ན་ཉེས་བྱས་སོ། །ཆང་གི་རོ་ན་ཉེས་བྱས་སོ། །གླུམ་ཟ་ན་ཉེས་བྱས་སོ། །གལ་ཏེ་མཛེ་བྱུང་ནས་ཡན་ལག་སྐུད་པ་དང་། ཁ་ནད་ཀྱི་ཕྱིར་ཁར་བླུགས་ཏེ་འཛིན་པ་དང་།
བསྐོལ་བ་ལ་ནི་ལྟུང་བ་མེད་དོ། །ལྟུང་བྱེད་དྲུག་པའི་དགུ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་ཀ་ལ་བརྟེན་ནས་དུས་མ་ཡིན་པར་རྒྱུ་བའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་བཅུ་གཉིས་སྡེ་དག་
གྲོང་དུ་དུས་སུ་ཡང་རྒྱུ་བར་བྱེད། དུས་མ་ཡིན་པར་ཡང་རྒྱུ་བར་བྱེད་པ་དང་། དེ་དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་དུས་མ་ཡིན་པར་རྒྱུ་བའི་བསླབ་པའི་བཅའ་བ་མ་མཛད་དམ། དེ་དག་གིས་འདི་སྐད་ཅེས་དགེ་སློང་རྣམས་ལ་མཛད་

ཀྱི། དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་མས་གོ་བར་བྱ་སྟེ་འགྲོ་བར་བྱའོ། །དེ་ནས་དགེ་སློང་མ་ཞིག་གིས་ཁྱིམ་
བདག་ཅིག་གི་ཁྱིམ་དུ་ལྷུང་བཟེད་དང་། ཆོས་གོས་བཞག་པ་ལས་ཁྱིམ་བདག་གི་ཁྱིམ་དེ་མེ་ཤོར་ཏོ་ཞེས་དགེ་སློང་མ་དེས་ཐོས་ནས་དེ་འདི་སྙམ་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་འཁོད་པ་ལ་གོ་བར་བྱ་སྟེ་འགྲོ་བར་བྱའོ་ཞེས་གསུངས་སོ་སྙམ་ནས་ཇི་སྲིད་དུ་དགེ་སློང་མ་ལ་
གོ་བར་བྱེད་པ་དེ་སྲིད་དུ་ལྷུང་བཟེད་དང་། ཆོས་གོས་ཚིག་པར་གྱུར་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བསླབ་པ་འདོད་པ་དང་ཞེས་བྱ་བ་ནས་བསླབ་པ་ལ་ཡོ་བྱད་བསྙུངས་པ་ཞེས་
བྱ་བའི་བར་ཏེ། སྔ་མ་ནི་བཅས་པ་ཡིན་ལ་འདི་ནི་རྗེས་སུ་གནང་བ་ཡིན་ཏེ། ཡང་ཉན་ཐོས་མ་རྣམས་ཀྱིས་འདུལ་བའི་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་མ་གང་དུས་མ་ཡིན་པར་དགེ་སློང་མ་འཁོད་པ་ལ་གོ་བར་མ་བྱས་པར་གྲོང་དུ་འགྲོ་ན་རྐྱེན་
དེ་ལྟ་བུ་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་ཆོས་འདི་པའི་དགེ་སློང་མའོ། །དུས་མ་ཡིན་པར་ཞེས་བྱ་བ་ལ་དུས་མ་ཡིན་པ་ནི་གང་། དུས་ནི་གང་ཞེ་ན། ཕྱེད་ཡོལ་ཕན་ཆད་ནས་སྐྱ་རེངས་མ་ཤར་བའི་བར་འདི་ནི་དུས་མ་ཡིན་པའོ། །ལྷག་མ་ནི་དུས་
སོ། །གྲོང་དུ་འགྲོ་ན་ཞེས་བྱ་བ་ནི་ཁྱིམ་བདག་གི་ཁྱིམ་རྣམས་སུའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཡང་དགེ་སློང་མ་གང་ཞིག་དུས་མ་ཡིན་པ་ལ་དུས་མ་ཡིན་པར་འདུ་ཤེས་པས་འགྲོ་ན་ལྟུང་བྱེད་དོ། །དེ་
བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །དུས་ལ་དུས་མ་ཡིན་པའི་འདུ་ཤེས་ཀྱིས་འགྲོ་ན་ཉེས་བྱས་སོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ། །ལྟུང་བྱེད་དྲུག་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །།དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་

པ། བམ་པོ་ཉི་ཤུ་གཉིས་པ། སྡོམ་ལ། རྒྱུ་དང་རྒྱལ་པོའི་ཕོ་བྲང་དང་། །ད་གདོད་རུས་པ་སོར་བརྒྱད་དང་། །ཁྲིའུ་བདལ་གདིང་དང་གཡན་པ་དང་། །བདེ་བར་གཤེགས་པའི་ཆོས་གོས་སོ། །གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་དགེ་
སློང་མ་དགའ་མོ་སྔ་དྲོ་ཤམ་ཐབས་བགོས་ཆོས་གོས་དང་། ལྷུང་བཟེད་བླངས་ཏེ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་ཞིག་དང་ལྷན་ཅིག་སྦྱིན་བདག་ཅིག་གི་ཁྱིམ་དུ་སོང་ནས་དེས་རྗེས་སུ་མཐུན་པའི་ཆོས་བསྟན་པས་མངོན་པར་དད་པར་བྱས་ནས་དེས་དགེ་སློང་མའི་དགེ་འདུན་
གྱི་ཆེད་དུ་ཟས་དག་སྦྱོར་དུ་བཅུག་གོ། །དེ་ནས་ཕྱི་དེ་ཉིན་པར་དགེ་སློང་མའི་དགེ་འདུན་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་བླངས་ཏེ་ཁྱིམ་བདག་དེའི་བཀད་ས་གང་ན་བ་དེར་སོང་ནས་ཞེས་བྱ་བ་ནས། སྟན་བཤམས་པ་ཁོ་ན་ལ་འདུག་གོ་ཞེས་བྱ་བའི་བར་
རོ། །དགེ་སློང་མ་དགའ་མོ་ནི་བྱ་བ་མང་ཞིང་སྒྲུབ་པ་མང་བས་གཎྜཱིའི་དུས་ལས་ཡོལ་བར་གྱུར་ཏོ། །དགེ་སློང་མ་དེ་རྣམས་ཀྱིས་ཁྱིམ་བདག་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ཁྱོད་དགེ་སློང་མའི་དགེ་འདུན་གྱི་དུས་ལ་བབ་ཀྱིས་བྲིམས་ཤིག །དེས་འདི་སྐད་
ཅེས་སྨྲས་སོ། །འཕགས་མ་དག་བདག་ནི་མ་འཚལ་མོད་ཀྱི་ཟས་ལ་སྐོ་བར་བགྱིད་པ་དགའ་མོ་མཁྱེན་ཏོ་ཞེས་བྱ་བ་ནས། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་
དག་ཟས་སྔ་མ་དང་ཟས་ཕྱི་མ་ལ་ཁྱིམ་དག་ཏུ་རྒྱུ་བར་མི་བྱའོ། །དེ་ནས་ཞལ་ཏ་བྱེད་པ་དག་གམ་ཟས་སྒྲུབ་པ་དེ་དག་གི་དགེ་འདུན་གྱི་བྱ་བ་དང་། དགེ་འདུན་གྱི་སྒྲུབ་པ་དེ་དག་ཉམས་པར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟས་སྔ་མ་ལ་ཁྱིམ་གཉིས་
གཉིས་སུ་ཟས་ཕྱི་མ་ལ་ཁྱིམ་གསུམ་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བསླབ་པ་འདོད་པ་དང་ཞེས་བྱ་བ་ནས། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་གསུངས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡང་དགེ་སློང་མ་གང་ཟས་དང་བཅས་པའི་

ཁྱིམ་དུ་མགྲོན་དུ་བོས་ལ་ཟས་སྔ་མ་དང་ཟས་ཕྱི་མ་ལ་ཁྱིམ་དག་ཏུ་ཁྱིམ་བདག་འཁོད་པ་ལ་གོ་བར་མ་བྱས་པར་འགྲོ་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་དགའ་མོའོ་ཟས་དང་བཅས་པ་ཞེས་བྱ་བ་ནི་སྟོན་མོ་ཅན་གྱི་ཁྱིམ་དུའོ། །ཁྱིམ་དག་ཏུ་ཞེས་བྱ་བ་ནི་ཁྱིམ་བདག་གི་
ཁྱིམ་དག་ཏུ་མགྲོན་དུ་བོས་པའོ། །ཟས་སྔ་མ་ཞེས་བྱ་བ་ནི་སྔ་དྲོའི་དུས་སོ། །ཕྱི་མ་ཞེས་བྱ་བ་ནི་ཕྱི་དྲོའི་དུས་སོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་ཟས་དང་བཅས་པའི་ཁྱིམ་དུ་མགྲོན་དུ་
བོས་ནས་སྔ་མ་ལ་ཁྱིམ་གཉིས་སུ་སོང་ལ་ཆེད་དུ་བསམས་ཏེ་ཁྱིམ་གསུམ་པར་འགྲོ་ན་ལྟུང་བྱེད་དོ། །ཟས་ཕྱི་མ་ལ་ཁྱིམ་གསུམ་དུ་སོང་ལ་ཆེད་དུ་བསམས་ཏེ་ཁྱིམ་བཞི་པར་འགྲོ་ན་ལྟུང་བྱེད་དོ། །ཁྱིམ་བདག་གི་མི་ལ་གོ་བར་བྱས་ན་ལྟུང་བ་མེད་དོ། །ལྟུང་བྱེད་བདུན་པའི་
དང་པོ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་རྣམས་ལ་བརྟེན་ཏེ་སྒོ་གཏན་གྱི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་བཅུ་གཉིས་སྡེ་དེ་དག་གིས་དགེ་སློང་གི་བསླབ་པའི་གཞི་ཡིན་ནོ་ཞེས་བྱ་བ་ནས་བསླབ་པའི་
གཞི་དེ་ལ་རྗེས་སུ་སྒྲུབ་པར་མི་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་མ་རྣམས་ཀྱིས་ཀྱང་ནམ་མ་ནངས་ཤིང་སྐྱ་རེངས་མ་ཤར་གྱི་བར་དུའོ། །གང་གི་ཚེ་
རྒྱལ་པོ་འཆར་ཀས་དཔལ་ལྡན་མའི་ཕྱིར་ཁྱིམ་བདག་གདངས་ཅན་ལ་ཁྱོད་ཀྱི་བུ་མོ་དགེ་སློང་རྣམས་ལྟ་བར་འདོད་དོ་ཞེས་རྒྱལ་པོས་བསྒོ་བ་དེའི་ཚེ་ཁྱིམ་བདག་གདངས་ཅན་གྱིས་དགེ་སློང་ཤཱ་རིའི་བུ་ལ་དཔལ་ལྡན་མ་གདུལ་བའི་ཆེད་དུ་གསོལ་བ་བཏབ་ནས་རྒྱལ་པོའི་ཕོ་
བྲང་དུ་བཏང་བ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་གནང་ངོ་། །དེས་དུས་གཞན་ཞིག་ན་གདངས་ཅན་གྱི་བུ་མོ་ཡང་དགེ་སློང་མ་རྣམས་ལྟ་བར་འདོད་པ་དེའི་ཚེ་ཁྱིམ་བདག་གདངས་ཅན་གྱིས་སྐྱེ་དགུའི་བདག་མོ་ཆེན་མོ་ལ་གསོལ་བ་བཏབ་པ་དང་། དེས་རྒྱལ་པོའི་ཕོ་བྲང་དུ་

འཇུག་པ་ནི་ཉེས་དམིགས་བཅུ་ཡོད་དོ་ཞེས་བྱ་བ་ནས་མ་བཏུབ་པ་དང་། དེའི་འོག་ཏུ་རྒྱལ་པོ་འཆར་ཀས་གསོལ་བ་བཏབ་བོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། གཽ་ཏ་མཱི་དྲུག་པོ་དག་གི་ཚིག་ནི་གཅག་ཏུ་མི་རུང་སྟེ། དྲུག་པོ་གང་གི་ཞེ་ན། སློབ་དཔོན་དང་། མཁན་པོ་དང་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དང་། དགེ་འདུན་དང་། དགེ་འདུན་གྱི་གནས་བརྟན་དང་། དེ་བཞིན་གཤེགས་པ་
དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིའོ་ཞེས་བཅོམ་ལྡན་འདས་ཀྱིས་དེ་ལ་ཡང་བཀས་བསྒོ་ནས་རྒྱལ་པོའི་ཕོ་བྲང་དུ་ཞུགས་སོ། །གང་གི་ཚེ་སྐྱེ་དགུའི་བདག་མོ་ཆེན་མོ་རྒྱལ་པོའི་ཕོ་བྲང་དུ་ཞུགས་པ་དེའི་ཚེ་བཅུ་གཉིས་སྡེ་རྣམས་གལ་ཏེ་བདག་ཅག་
དོང་བར་གྱུར་ན་དེ་རིང་ཉིད་དུ་དགེ་སྦྱོང་གི་ཚུལ་མ་ཡིན་པ་དང་རུང་བ་མ་ཡིན་པའི་ཁུར་ཁྱེར་བར་འགྱུར་བ་ཞིག་ཅེས་ཁ་ཟེར་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ནམ་མ་
ནངས་སྐྱ་རེངས་མ་ཤར་བར་རིན་པོ་ཆེ་དག་གམ། རིན་པོ་ཆེར་སྨོས་པ་དག་མ་བརྟུལ་བར་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་སྒོ་གཏན་ནམ། སྒོ་གཏན་གྱི་ཉེན་ཀོར་ལས་འདའ་ཞིང་འདུག་ན་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་གང་
ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། །རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཞེས་བྱ་བ་ནི་བུད་མེད་དམ། སྐྱེས་པའམ། མ་ནིང་རྒྱལ་པོར་དབང་བསྐུར་ན་དེ་ནི་རྒྱལ་པོ་ཡང་ཡིན། རྒྱལ་རིགས་ཀྱང་ཡིན། དེ་ནི་སྤྱི་བོ་ནས་དབང་བསྐུར་བ་ཡིན་ནོ། །ནམ་
མ་ནངས་པ་ཞེས་བྱ་བ་ནི་ནམ་ནངས་པར་མ་གྱུར་པའོ། །སྐྱ་རེངས་མ་ཤར་བར་ཞེས་བྱ་བ་ནི་སྐྱ་རེངས་གསུམ་པོ་ཞེས་བྱ་བ་སྔ་མ་བཞིན་ནོ། །རིན་པོ་ཆེ་དག་གམ་རིན་པོ་ཆེར་སྨོས་པ་མ་བརྟུལ་བར་ཞེས་བྱ་བ་ནི་མ་བསྡུས་པར་རོ། །སྒོ་གཏན་ཞེས་བྱ་བ་ལ་སྒོ་གཏན་ནི་

གསུམ་སྟེ། གསུམ་གང་ཞེ་ན། གྲོང་ཁྱེར་གྱི་སྒོ་གཏན་དང་། རྒྱལ་པོའི་ཕོ་བྲང་གི་སྒོ་གཏན་དང་། བཙུན་མོའི་གཉེན་རིས་ཀྱི་སྒོ་གཏན་ནོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཡང་དགེ་སློང་མ་གང་ཞིག་
སྐྱ་རེངས་མ་ཤར་བ་ལ་སྐྱ་རེངས་མ་ཤར་བའི་འདུ་ཤེས་ཀྱིས་སྒོ་གཏན་ལས་འདས་པར་བྱེད་ན་ལྟུང་བྱེད་དོ། །དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞིག་སྐྱ་རེངས་ཤར་བ་ལ་སྐྱ་རེངས་མ་ཤར་བར་འདུ་ཤེས་ན་ཉེས་བྱས་སོ། །དེ་བཞིན་དུ་ཡིད་གཉིས་
ཟ་ན་ཉེས་བྱས་སོ། །གལ་ཏེ་རྒྱལ་པོ་དང་། བཙུན་མོ་དང་། བློན་པོའི་བར་ཆད་དུ་འགྱུར་བ་ཞིག་ཡིན་ན་ལྟུང་བ་མེད་དོ། །ལྟུང་བྱེད་བདུན་པའི་གཉིས་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེ་ནས་སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི་ཚེ་བཅུ་གཉིས་
སྡེ་རྣམས་ཀྱིས་འདི་སྐད་ཅེས་ཀྱེ་འཕགས་མ་དག་ཁོ་མོ་ཅག་གིས་འདི་ལྟར་ཆོས་འདི་ཡང་མདོར་གཏོགས་ཤིང་མདོར་འདུས་པར་ད་གདོད་ཤེས་སོ་ཞེས་ཟེར་བ་ན་དེ་ལ་དགེ་སློང་མ་རྣམས་ཀྱིས་སྔོན་དགེ་སློང་མ་དེ། གསོ་སྦྱོང་གི་ལས་གཉིས་སམ། གསུམ་གྱི་ཚེ་འདུག་པར་ཤེས་ན་
ལན་མང་དུ་ལྟ་ཅི་སྨོས་ན་དེ་ལ་དགེ་སློང་མ་རྣམས་ཀྱིས་ཕུ་ནུ་མོ་དེ་སྐད་མ་སྨྲ་ཞིག་ཅེས་བསྒོ་བ་དང་། དེ་དག་ལ་འདི་སྐད་ཅེས་ཁོ་མོ་ཅག་ཇི་སྐད་སྨྲ་བ་དེ་ནི་དེ་བཞིན་ནོ་ཞེས་སྨྲས་པ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་
ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ན་འདི་སྐད་ཅེས་ཀྱེ་འཕགས་མ་དག་ཁོ་མོ་ཅག་གིས་འདི་ལྟར་ཆོས་འདི་ཡང་
མདོར་གཏོགས་ཤིང་མདོར་འདུས་པར་ད་གདོད་ཤེས་སོ་ཞེས་ཟེར་བ་ན། གལ་ཏེ་དགེ་སློང་མ་རྣམས་ཀྱིས་སྔོན་གསོ་སྦྱོང་གི་ལས་གཉིས་སམ། གསུམ་གྱི་ཚེ་འདུག་པར་ཤེས་ན་ལན་མང་དུ་ལྟ་ཅི་སྨོས་ན། དེ་ལ་འཕགས་མ་མི་ཤེས་པས་མི་འགྲོལ་བས་དེ་ལྟུང་བ་གང་

བྱུང་བ་དེ་ཆོས་བཞིན་དུ་བྱེད་དུ་གཞུག་པའི་སྟེང་དུ་འཕགས་མ་ཁྱོད་ཀྱིས་མ་རྙེད་དེ། རྙེད་པ་མ་ཡིན་ཞིང་ཉེས་པ་རྙེད་པ་ཡིན་ཏེ། ཁྱོད་ཀྱིས་གང་གིས་ཕྱིར་སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི་ཚེ་གུས་པར་བྱས་ཏེ་ཆོས་ཉན་པར་མི་བྱེད། བླ་མར་
བྱས་ཏེ་མི་བྱེད། ཡིད་ལ་བྱས་ཏེ་མི་བྱེད། རྩེ་གཅིག་ཏུ་རྣ་བླགས་ཏེ་ཉན་པར་མི་བྱེད། སེམས་ཐམས་ཅད་ཀྱིས་བསམས་ཏེ་ཆོས་ཉན་པར་མི་བྱེད་དོ་ཞེས་སྤྱོ་བར་བྱའོ། །དེའི་སྤྱོ་བར་བྱ་བ་ནི་འདི་ཡིན་ཏེ་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། །ཟླ་
བ་ཕྱེད་ཕྱེད་ཅིང་ཞེས་བྱ་བ་ནི་ཟླ་བ་ཕྱེད་ཕྱེད་ཅིང་ངོ་། །སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི་ཚེ་ཞེས་བྱ་བ་ནི་ཕས་ཕམ་པར་འགྱུར་བ་བརྒྱད་ཅེས་བྱ་བ་ནས། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་ཞེས་བྱ་བའི་བར་རོ། །སྔ་མ་བཞིན་དུ་བརྗོད་པར་བྱའོ་ཞེས་བྱ་བ་ནི་རིམ་བཞིན་དུ་བརྗོད་
པར་བྱའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན་དགེ་སློང་མས་ཇི་ཙམ་ཅུང་ཟད་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པའི་ཚེ་འདི་སྐད་ཅེས་ཆོས་འདི་ཡང་མདོར་གཏོགས་པར་ཞེས་ཟེར་ན་ལྟུང་བྱེད་དོ། །མདོར་འདུས་པར་
ཞེས་ཟེར་ན་ལྟུང་བྱེད་དོ། །གཞི་ན་མ་འདུག་པ་དང་། ཚོགས་ལས་གར་པ་ལ་ནི་ལྟུང་བ་མེད་དོ། །ལྟུང་བྱེད་བདུན་པའི་གསུམ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་མཉན་ཡོད་ན་གཅེར་བུ་པའི་ཉན་ཐོས་ཆོས་ཞེས་བྱ་བ་བ་སོ་མཁན་ཞིག་གནས་པ་དེ་
བསོད་སྙོམས་པ་ཞིག་གིས་སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་དད་པར་བྱས་ནས་དེ་གཉི་གའི་དགེ་འདུན་ལ་ཁབ་རལ་དག་འབུལ་དུ་བཅུག་གོ། །དེ་ནས་བཅུ་གཉིས་སྡེ་རྣམས་ཀྱིས་བ་སོ་དང་། རུས་པ་དང་། རྭ་ལས་བྱས་པའི་ཁབ་རལ་དབྱིབས་སྣ་ཚོགས་དག་བྱེད་དུ་
བཅུག་གོ། །དེ་རང་གི་ཟན་ཟོས་ཤིང་གཞན་གྱི་ལས་བྱས་པས་དེ་རིང་པོ་མ་ལོན་པར་དབུལ་པོར་གྱུར་ཏོ། །དེ་ནས་མུ་སྟེགས་པ་རྣམས་ཀྱིས་ལག་བཟོ་ཆོས་མཐོང་ནས་འདི་སྐད་ཅེས། ལག་བཟོ་ཆོས་གང་གི་ཚེ་ཁོ་བོ་ཅག་ལ་མངོན་པར་དད་པར་གྱུར་པ་དེའི་ཚེ་འབྱོར་པར་

གྱུར་ལ། གང་གི་ཚེ་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་མ་རྣམས་ལ་མངོན་པར་དད་པར་གྱུར་པ་དེའི་ཚེ་བཀྲེན་པར་གྱུར་ཏོ་ཞེས་སྨྲས་པ་དགེ་སློང་མ་རྣམས་ཀྱིས་ཐོས་སོ། །ཐོས་ནས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་
དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་བ་སོའམ། རུས་པའམ། རྭའི་ཁབ་རལ་ལས་སར་པ་བྱེད་དུ་འཇུག་ན་བཅག་ནས་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། །བ་སོའམ་ཞེས་བྱ་བ་ནི་བ་སོ་ཉིད་
དོ། །རུས་པའམ་ཞེས་བྱ་བ་ནི་རུས་པ་ཉིད་དོ། །རྭ་ལས་བྱས་པ་ཞེས་བྱ་བ་ནི་རྭ་ཉིད་དོ། །ཁབ་རལ་ཞེས་བྱ་བ་ལ་ཁབ་རལ་ནི་གཉིས་ཏེ། སྦུ་བུ་ཅན་དང་། ཆང་བ་ལྟ་བུའོ། །བྱེད་དམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །བྱེད་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ། །
ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་བ་སོའམ་ཞེས་བྱ་བ་ནས། རྭའི་བར་གྱི་ཁབ་རལ་སར་པ་བྱེད་དམ། བྱེད་དུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །གང་གི་མདུན་དུ་དེ་
འཆགས་པར་བྱེད་པ་དེས་ཅི་ག་བཅག་གམ་ཞེས་དྲི་བར་བྱའོ། །མ་དྲིས་པར་འཆགས་པར་བྱེད་ན་ལྟུང་བ་དེ་ཡང་མ་བཤགས་ཤིང་གང་གི་མདུན་དུ་འཆགས་པར་བྱེད་པ་དེ་ལ་ཡང་ཉེས་བྱས་སུ་འགྱུར་རོ། །ལྟུང་བྱེད་བདུན་པའི་བཞི་པ་རྫོགས་སྷོ།། །།གླེང་གཞི་ནི་
མཉན་ཡོད་ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་རྣམས་ལ་བརྟེན་ཏེ་ཁྲི་དང་། ཁྲིའུའི་ཚད་བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་བཅུ་གཉིས་སྡེ་དེ་དག་གིས་ཚད་ལས་འདས་པའི་ཁྲི་དང་། ཁྲིའུ་དག་བྱེད་
དུ་འཇུག་པ་དང་། དེ་དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བ་མ་མཛད་དམ། དེ་དག་གིས་འདི་སྐད་ཅེས་དགེ་སློང་རྣམས་ལ་མཛད་ཀྱི། དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ་ཞེས་སྨྲས་པ་ན་དོན་ཉུང་བའི་

དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མས་དགེ་འདུན་གྱི་ཁྲིའམ། ཁྲིའུ་བྱེད་དུ་
འཇུག་ན་རྩ་བ་བུ་གར་གཞུག་པ་མ་གཏོགས་པར་བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚད་དུ་བྱེད་དུ་གཞུག་པར་བྱའོ། །དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན་གྱིའོ། །དགེ་
སློང་མ་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། །ཁྲིའམ་ཞེས་བྱ་བ་ནི་ཉལ་བའིའོ། །ཁྲིའུའམ་ཞེས་བྱ་བ་ནི་ཁྲིའུ་ཉིད་དོ། །བདེ་བར་གཤེགས་པའི་ཞེས་བྱ་བ་ནི་སྟོན་པའིའོ། །བདེ་བར་གཤེགས་པའི་སོར་བརྒྱད་གང་ཡིན་པ་དེ་ལ་ནི་ཚད་དང་ལྡན་པའི་ལག་པའི་ཁྲུ་གང་ངོ་། །བུ་གར་
གཞུག་པ་མ་གཏོགས་ཏེ་ཞེས་བྱ་བ་ནི་བཞག་སྟེའོ། །དེ་ལས་ལྷག་པར་བྱེད་ན་ཞེས་བྱ་བ་ནི་དེ་ལས་འདས་པར་བྱེད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་བདེ་བར་གཤེགས་པའི་སོར་བརྒྱད་
ཀྱི་ཚད་ལས་ལྷག་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །གང་གི་མདུན་དུ་འཆགས་པར་བྱེད་ན་ཞེས་བྱ་བ་སྔ་མ་བཞིན་ནོ། །ལྟུང་བྱེད་བདུན་པའི་ལྔ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་དང་། དགེ་སློང་
མ་རྣམས་ཀྱིས་གནས་མལ་བསྐོ་བར་བྱའོ་ཞེས་བསྐོ་བ་མཛད་པ་ན། དེ་ནས་དུས་གཞན་ཞིག་གི་ཚེ་དགེ་སློང་མ་རྣམས་གནས་མལ་སྐོ་བར་བྱེད་པ་དང་། དེའི་འོག་ཏུ་བཅུ་གཉིས་སྡེ་རྣམས་ཀྱིས་དགེ་འདུན་གྱི་ཁྲི་དང་། ཁྲིའུ་ལ་ཤིང་བལ་དག་བཏིང་བ་དེའི་ཚེ་གཞན་གྱིས་
བསྡུས་ནས་བླངས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་འདུན་གྱི་ཁྲིའམ། ཁྲིའུ་

ལ་ཤིང་བལ་འདིང་ངམ། འདིང་དུ་འཇུག་ན་བསྡུས་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན་གྱིའོ། །ཁྲི་ཞེས་བྱ་བ་ནི་ཉལ་བའིའོ། །ཁྲིའུ་ཞེས་བྱ་བ་ནི་ཁྲིའུ་ཉིད་དོ། །
ཤིང་བལ་ཞེས་བྱ་བ་ལ་ཤིང་བལ་ནི་ལྔ་སྟེ། ལྔ་གང་ཞེ་ན། ཨར་ཀའི་ཤིང་བལ་དང་། ཤལ་མ་ལིའི་ཤིང་བལ་དང་། ཀ་སའི་ཤིང་བལ་དང་། ལུག་གི་བལ་དང་། ལྔ་པ་ཉིད་ནི་ཤ་ནའི་ཤིང་བལ་ལོ། །འདིང་ངམ། འདིང་དུ་འཇུག་ན་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་
བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་འདུན་གྱི་ཁྲིའམ་ཁྲིའུ་ཞེས་བྱ་བ་ནས། འདིང་དུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །དེ་ལྟ་མོད་ཀྱི་གང་གི་མདུན་དུ་འཆགས་པར་བྱེད་པ་དེས་བསྡུས་སམ། མ་བསྡུས་ཞེས་དྲི་
བར་བྱ་སྟེ། གཞན་ནི་སྔ་མ་བཞིན་ནོ། །ལྟུང་བྱེད་བདུན་པའི་དྲུག་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་དགེ་སློང་མ་རྣམས་ལ་འདི་ལྟ་བུའི་གདིང་བ་མང་པོ་བྱུང་སྟེ། གདིང་བ་འདི་ནི་ཧ་ཅང་རིང་ཆེས་སོ་ཞེས་དེ་བོར་ནས་གཞན་བྱེད་དུ་
འཇུག་གདིང་བ་འདི་ནི་ཧ་ཅང་ཐུང་ཆེས་སོ་ཞེས་དེ་བོར་ཏེ་གཞན་བྱེད་དུ་འཇུག །དེ་བཞིན་དུ་ཧ་ཅང་རྒྱ་ཆེ་བ་དང་། ཧ་ཅང་ཆུང་བ་སྟེ། དེ་དག་དེ་ལྟ་བུ་བྱེད་པས་བྱ་བ་མང་ཞིང་། བྱེད་པ་མང་བས་ལུང་མནོད་པ་དང་། ཀློག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱེད་
པ་དང་། ནང་གི་སེམས་ཀྱི་ཞི་གནས་དག་གཏོང་བ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མས་གདིང་བ་
བྱེད་ན་ཚད་བཞིན་དུ་བྱེད་དུ་གཞུག་གོ། །དེ་ལ་གདིང་བའི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་དོའོ་ཞེང་དུ་ཕྱེད་དང་དོའོ། །སྲིད་དུ་མཐོ་གང་གིས་སྲིངས་ཤིག །དེ་ལས་ལྷག་པར་བྱེད་ན་བཅད་ནས་ལྟུང་བྱེད་དོ། །གདིང་བ་ཞེས་བྱ་བ་ནི་གདིང་བའོ། །

དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པའོ། །བྱེད་དམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །བྱེད་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ། །སྲིད་དུ་ཞེས་བྱ་བ་ནི་དེའི་ཆུ་གང་ཡིན་པའོ། །བདེ་བར་གཤེགས་པའི་མཐོ་གང་གིས་ཞེས་བྱ་བ་ལ། བདེ་བར་གཤེགས་
པ་ཞེས་བྱ་བ་ནི་སྟོན་པའོ། །བདེ་བར་གཤེགས་པའི་མཐོ་གང་གང་ཡིན་པ་དེ་ལ་ནི་ཚད་དང་ལྡན་པའི་ཁྲུ་ཕྱེད་དང་དོ་སྟེ། བདེ་བར་གཤེགས་པའི་མཐོ་གསུམ་གང་ཡིན་པ་དེ་ལ་ཚད་དང་ལྡན་པའི་ཁྲུའི་ཁྲུ་ཕྱེད་དང་ལྔའོ། །ཞེང་དུ་མཐོ་ཕྱེད་དང་དོའོ་ཞེས་བྱ་བ་ནི་ཚད་དང་ལྡན་པའི་
ཁྲུ་དོ་དང་སོར་དྲུག་གོ། །དེ་ལས་ལྷག་པར་ཞེས་བྱ་བ་ནི་དེ་ལས་འདས་པར་རོ། །བྱེད་དམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །བྱེད་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་
ཅུང་ཟད་གདིང་བ་ཁྲུ་ཕྱེད་དང་ལྔ་ལས་ལྷག་པར་བྱེད་དམ། བྱེད་དུ་འཇུག་ན་ཐམས་ཅད་དུ་བཅད་ནས་ལྟུང་བྱེད་དོ། །གང་གི་མདུན་དུ་ལྟུང་བ་འཆགས་པར་བྱེད་ན་ཞེས་བྱ་བ་ནས་ལྟུང་བའི་རིམ་པ་སྔ་མ་བཞིན་ནོ། །གལ་ཏེ་བྱས་ཟིན་པ་རྙེད་ན་བྱས་ཟིན་པ་ཉིད་ལོངས་སྤྱད་པར་
བྱའོ། །ལྟུང་བྱེད་བདུན་པའི་བདུན་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་དང་། དགེ་སློང་མ་རྣམས་ཀྱིས་གཡན་པ་དགབ་པའི་གོས་བཅང་བར་བྱའོ་ཞེས་བཀའ་སྩལ་པ་དེའི་ཚེ་དེ་དགེ་སློང་མ་དེ་དག་གིས་ཅི་འདྲ་བ་དེ་
ཚད་ཇི་ཙམ་པ་བཅང་བ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲིད་དུ་བདེ་བར་གཤེགས་པའི་མཐོ་བཞིའོ། །ཞེང་དུ་མཐོ་དོའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཚད་བཀའ་སྩལ་པ་དེའི་ཚེ་བཅུ་གཉིས་སྡེ་དེ་དག་ཚད་ལས་ལྷག་པར་བྱེད་པ་དང་། དོན་
ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མ་གཡན་པ་དགབ་པའི་གོས་བྱེད་པས་ཚད་བཞིན་དུ་བྱེད་དུ་གཞུག་

གོ། །དེ་ལ་གཡན་པ་དགབ་པའི་གོས་ཀྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཞིའོ། །ཞེང་དུ་མཐོ་དོའོ། །དེ་ལས་ལྷག་པར་བྱེད་ན་བཅད་ནས་ལྟུང་བྱེད་དོ། །གཡན་པ་དགབ་པའི་གོས་ཞེས་བྱ་བ་ནི་ན་བའི་གོས་སོ། །དགེ་སློང་མ་ཞེས་
བྱ་བ་ནི་ཆོས་འདི་པའོ། །བྱེད་དམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །བྱེད་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ། །སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཞི་ཞེས་བྱ་བ་ནི་དེའི་མཆུ་གང་ཡིན་པ་ཚད་དང་ལྡན་པའི་ཁྲུའི་ཁྲུ་དྲུག་གོ། །བདེ་བར་གཤེགས་པ་ཞེས་
བྱ་བ་ནི་སྟོན་པའོ། །ཞེང་དུ་མཐོ་དོའོ་ཞེས་བྱ་བ་ནི་ཚད་དང་ལྡན་པའི་ཁྲུ་གསུམ་མོ། །དེ་ལས་ལྷག་པར་ཞེས་བྱ་བ་ནི་དེ་ལས་འདས་པར་རོ། །བྱེད་དམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །བྱེད་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ། །བཅད་ནས་ཞེས་བྱ་བ་ནི་མཉམ་པོར་བྱས་ནས་
སོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་སྤྱད་ཅུང་ཟད་གཡན་པ་དགབ་པའི་གོས་ཁྲུ་དྲུག་ལས་ལྷག་པར་བྱེད་དུ་འཇུག་ན་ཐམས་ཅད་དུ་བཅད་ནས་ལྟུང་བྱེད་དོ། །གང་གི་མདུན་དུ་འཆགས་པར་བྱེད་ན་
ཞེས་བྱ་བའི་བར་གོང་ནས་འབྱུང་བ་བཞིན་ནོ། །ལྟུང་བྱེད་བདུན་པའི་བརྒྱད་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་ཉེ་དགའས་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཚད་བྱེད་དུ་བཅུག་ལ། བཅོམ་ལྡན་འདས་ཀྱིས་ནི་བཀག་པ་དེའི་ཚེ་
སྦོམ་དགའ་མོས་ཀྱང་ཉེ་དགའ་མཐོང་ནས་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དུ་བཅུག་ནས་བགོས་ཏེ་དགེ་སློང་མའི་དབྱར་ཁང་དུ་སོང་ནས་དེས་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཁ་ཅིག་ནི་མཆན་ཁུང་དུ་བརྟུལ། ཁ་ཅིག་ནི་ཕྲག་པ་ལ་
གཟར། ཁ་ཅིག་ནི་ལུས་ལ་བགོས། ཁ་ཅིག་ནི་འཇོལ་ཞིང་འདུག་པ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་ལྷུང་བཟེད་དང་ཆོས་གོས་བླངས་ཏེ་གང་དུ་འགྲོ། དེས་འདི་སྐད་ཅེས་སྨྲས་སོ། །ཁོ་མོ་ལྷུང་བཟེད་དང་ཆོས་གོས་བླངས་ཏེ་གང་དུ་ཡང་

མི་འགྲོའོ། །དེ་ལྟ་མོད་ཀྱིས་ཁོ་མོས་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དུ་བཅུག་པ་ཡིན་ནོ། །དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ཕུ་ནུ་མོ་བཅོམ་ལྡན་འདས་ཀྱིས་དགག་པ་མ་མཛད་དམ། དེས་འདི་སྐད་ཅེས་དགེ་སློང་
རྣམས་ལ་དགག་པ་མཛད་ཀྱི། དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ་ཞེས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་
དུ་མཛད་དེ། ཡང་དགེ་སློང་མ་གང་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དུ་འཇུག་གམ་བདེ་བར་གཤེགས་པའི་ཆོས་གོས་ལས་ལྷག་པ་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ། །དེ་ལ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ནི་འདི་ཡིན་ཏེ། སྲིད་
དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཅུའོ། །ཞེང་དུ་མཐོ་དྲུག་སྟེ། དེ་ལ་འདི་ནི་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཡིན་ནོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དུ་འཇུག་གམ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་
གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དུ་འཇུག་པའོ། །དེ་ལས་ལྷག་པར་ཞེས་བྱ་བ་ནི་དེ་ལས་འདས་པར་རོ། །དེ་ལ་འདི་ནི་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཡིན་ནོ་ཞེས་བྱ་བ་ནི་གྲངས་རྣམ་པར་བཤད་པ་ཡིན་ནོ། །སྲིད་དུ་ཞེས་བྱ་བ་ནི་དེའི་ཆུ་གང་ཡིན་པའོ། །མཐོ་བཅུ་ཞེས་བྱ་བ་ནི་
བདེ་བར་གཤེགས་པའི་མཐོ་བཅུ་གང་ཡིན་པ་སྟེ། དེ་ནི་ཚད་དང་ལྡན་པའི་ཁྲུའི་ཁྲུ་བཅྭ་ལྔ་པའོ། །ཞེང་དུ་མཐོ་དྲུག་གོ་ཞེས་བྱ་བ་གང་ཡིན་པ་དེ་ནི་ཚད་དང་ལྡན་པའི་ཁྲུའི་ཁྲུ་དགུའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་
ཙམ་ཅུང་ཟད་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དམ། བདེ་བར་གཤེགས་པའི་ཆོས་གོས་ལས་ལྷག་པ་དག་བྱེད་དུ་འཇུག་ན་ཐམས་ཅད་དུ་བཅད་ནས་ལྟུང་བྱེད་དོ། །གང་གི་མདུན་དུ་འཆགས་པར་བྱེད་ན་ཞེས་བྱ་བའི་བར་གོང་ནས་འབྱུང་བ་བཞིན་ནོ། །

ལྟུང་བྱེད་བདུན་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །།བསྡུས་པའི་སྡོམ་ལ། སྒོག་སྐྱ་རྗེན་པ་སྐྱབས་ཡོད་དང་། །རྣར་གཤུབ་མུན་ཁུང་སྔ་ནས་འདུག །དབྱར་ནང་ལོ་ནི་བཅུ་གཉིས་དང་། །འདོད་ཆེན་སྡོམ་པ་གཞོན་ནུ་མའོ། །སྡོམ་ལ། སྒོག་སྐྱ་མདོམས་སྤུ་
འདྲེག་པ་དང་། །སོར་མོའི་ཚིགས་གཉིས་འཇུག་པ་དང་། །ཐལ་མོས་བརྡེག་པར་མི་བྱའོ། །གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་མུ་གེ་མི་བཟད་པ་དགོན་པ་སློང་མོ་པས་ཟས་རྙེད་པར་དཀའ་བ་བྱུང་ནས་ཞེས་བྱ་བ་ནས། མི་ཞིག་ལ་སྒོག་སྐྱའི་ལྡུམ་ར་ཞིག་ཡོད་དོ་ཞེས་བྱ་བའི་
བར་ཏེ། དེ་ན་ཚོད་སྔོན་དག་མང་དུ་སྐྱེའོ། །དེ་ནས་མི་དེ་ལ་དགེ་སློང་མ་རྣམས་ཀྱིས་ཚོད་སྔོན་བསླངས་པ་དང་། དེས་སྨྲས་པ། ཅི་བདེ་བ་ཁོ་ནར་མཛོད་ཅིག །དེ་ལྟ་མོད་ཀྱི་སྒོག་སྐྱ་དེ་དག་ནི་མ་གདོན་ཅིག་ཅེས་དེ་དག་ཉི་མ་རེ་རེ་ཞིང་ཚོད་སྔོན་དག་བླངས་ནས་དགེ་སློང་མའི་དབྱར་ཁང་དུ་འདོང་
ངོ་། །དེ་ནས་སྦོམ་དགའ་མོས་དགེ་སློང་མ་དེ་རྣམས་ལ་དྲིས་པ། ཕུ་ནུ་མོ་དག་ཁྱེད་ཀྱིས་ཚོད་སྔོན་གང་ནས་བླངས་ཞེས་བྱ་བ་ནས་སྦོམ་དགའ་མོ་ཡང་སྒོག་སྐྱའི་ལྡུམ་རར་སོང་ནས། དེས་ཚོད་སྔོན་དང་སྒོག་སྐྱ་ལྷན་ཅིག་བཏོན་ཏོ། །དེ་ནས་སྒོག་སྐྱའི་བདག་པོ་དེས་འཕྲིགས་ནས་ཀྱང་
སྒོག་སྐྱའི་ལྡུམ་ར་གཞན་ཞིག་གི་ལག་ཏུ་བཙོངས་ཏེ་བཙོངས་ནས་དགེ་སློང་མ་རྣམས་ལ་སྨྲས་པ། ཀྱེ་འཕགས་མ་དག་བདག་གིས་གཞན་ཞིག་གི་སུག་པར་བཙོངས་ལགས་ཀྱིས་དེ་ལས་ཚོད་སྔོན་སློང་ཤིག་ཅེས་བྱ་བ་ནས། དེས་ཀྱང་སྲུང་མའི་ཁྱེའུ་ཞིག་བཞག་སྟེ། ཅི་བདེར་
བྱེད་དུ་བཅུག་ནས་དགེ་སློང་མ་དེ་དག་ཚོད་སྔོན་རྔ་བ་ན། སྦོམ་དགའ་མོ་སྒོག་སྐྱ་འབའ་ཞིག་འབྱིན་པར་བྱེད་དོ། །དེ་ནས་ཁྱེའུ་ཡིས་སྦོམ་དགའ་མོ་ལ་སྒོག་སྐྱ་འབྱིན་པ་བཟློག་པ་དང་། དེ་ནས་སྦོམ་དགའ་མོས་ཁྱེའུ་དེ་བརྡེགས་སོ། །དེ་ནས་ཁྱེའུ་དེས་ཕ་ལ་སྨྲས་པ་དང་། དེའི་ཕྱི་
དེ་ཉིན་པར་སྒོག་སྐྱའི་ནང་ཞིག་ཏུ་གབ་ནས་བསྡད་དོ། །དེ་ནས་སྦོམ་དགའ་མོ་ཡང་འོངས་ནས་སྒོག་སྐྱ་འབྱིན་པ་ལས་ཁྱེའུ་དེས་བཟློག་པ་དང་ཞེས་བྱ་བ་ནས་ཁྱིམ་བདག་དེས་ཀྱང་སྦོམ་དགའ་མོ་བརྡེགས་སོ་ཞེས་བྱ་བའི་བར་རོ། །དེ་ཡང་མིག་ཕུབས་སྐྲངས་ཤིང་

དབྱར་ཁང་དུ་འོངས་པ་དང་། དགེ་སློང་མ་རྣམས་ཀྱིས་དྲིས་པ་ལས་དེས་སྐབས་དེ་རྒྱས་པར་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་
བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་སྒོག་སྐྱ་ཟ་ན་ལྟུང་བྱེད་དོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །སྒོག་སྐྱ་ཞེས་བྱ་བ་ནི་བྱི་སྐུའོ། །ཟ་ན་ཞེས་བྱ་བ་ནི་ལྐོག་མར་མིད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་
ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་སྒོག་སྐྱ་ཟ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ་ཞེས་དེ་ལྟར་བསླབ་པའི་གཞི་བཅའ་བ་མཛད་པ་དང་། དགེ་སློང་མ་ནད་པ་ཞིག་ཡོད་པ་དེས་སྨན་པ་ལ་དྲིས་པ་དང་། སྨན་པས་སྒོག་སྐྱ་བསྟན་ཏོ། །དེས་འདི་སྐད་ཅེས་སྨྲས་སོ། །བཞིན་
བཟངས་སྨན་པ་ཁོ་མོ་ད་ནི་ཤི་ཟིན་ནོ། །སྨན་པས་སྨྲས་པ། ཅི་ཉེས། དེས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་བཀག་གོ། །དེས་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱི་སྟོན་པ་ཐུགས་རྗེ་ཅན་ཡིན་པས་རྗེས་སུ་གནང་བར་འགྱུར་རོ་ཞེས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་
ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་པའི་ལུང་གིས་ནད་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནས་སྒོག་སྐྱ་དང་། ཀིའུ་ལ་སོགས་པ་ཀུན་ཏུ་སྤྱད་པར་བྱའོ། །དགེ་སློང་མ་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་
བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སྦོམ་དགའ་མོ་ལྷག་པར་ཆགས་པའི་ཟིལ་གྱིས་ནོན་པས་སྒོག་སྐྱའི་ཕྱིར་བརྡེགས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འབའ་ཞིག་མ་ཡིན་གྱི་འོན་ཀྱང་འདས་པའི་དུས་ན་ཡང་ལྷག་པར་
ཆགས་པས་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་པ་དེ་ཉོན་ཅིག་ཅེས་བྱ་བ་ནས་གྲོང་ཁྱེར་བཱ་རཱ་ཎ་སཱིར་རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་ཞིག་བྱུང་ངོ་ཞེས་བྱ་བའི་བར་རོ། །ཇི་ཙམ་ན་རྐུན་པོ་ཞིག་རྒྱལ་པོའི་ཕོ་བྲང་ཕུག་པ་དང་ཞེས་བྱ་བ་ནས། ཕུ་གུའི་སྒོར་དངུལ་སྐྱོགས་

ཤིག་བརྗེད་དེ་ལུས་པ་དང་། རྐུན་པོ་དེས་སླར་ཡང་སོང་སྟེ་བླང་ངོ་སྙམ་ནས་ཞེས་བྱ་བ་ནས་རྒྱལ་པོའི་བཀྲབས་པ་དག་གིས་བཟུང་ནས་ཚུལ་མ་ཡིན་པས་སྡུག་བསྔལ་བར་བྱས་སོ། །དེ་ནས་ལྷ་ཞིག་གིས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། ལྷག་པར་ཆགས་པས་ཟིལ་ནོན་ན། །
དོན་གྲུབ་པ་ཡང་ཉམས་གྱུར་ཏེ། །ཕྱིར་དོན་གཉེར་བར་བྱེད་པ་ཡིན། །རྐུན་མའི་སྐྱོགས་ནི་ཇི་བཞིན་ནོ། །དགེ་སློང་དག་གཞན་ཡང་ལྷག་པར་ཆགས་པ་ཁོ་ནས་རིན་པོ་ཆེ་དག་ལས་ཡོངས་སུ་ཉམས་པར་གྱུར་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་གྲོང་ཁྱེར་བཱ་ར་ཎཱ་སཱི་ན་
ཁྱིམ་བདག་ཅིག་ཡོད་པ་དེ་ཞེས་བྱ་བ་ནས་དེ་ལ་བུ་མོ་ཞིག་བཙས་པ་དང་། ཤི་ནས་ངང་པའི་རྒྱལ་པོ་རང་བཞིན་གྱིས་སྐྱེ་བ་དྲན་པ་ཞིག་ཏུ་སྐྱེས་སོ་ཞེས་བྱ་བའི་བར་རོ། །ཇི་ཙམ་ན་དེ་བུ་མོའི་དོན་དུ་ཉི་མ་རེ་རེ་ཞིང་རིན་པོ་ཆེ་དག་སྐྱེལ་བར་བྱེད་དོ། །དེ་ནས་བུ་མོས་བསམས་པ།
ངང་པའི་རྒྱལ་པོ་ཡང་བཟུང་ལ་རིན་པོ་ཆེ་ཡང་བླང་ངོ་སྙམ་པ་དང་། དེ་བྲོས་ནས་ཕྱིན་ཆད་མི་འོང་བར་གྱུར་ཏོ། །ཇི་ཙམ་ན་ལྷ་ཞིག་གིས་ཚིགས་སུ་བཅད་དེ་སྨྲས་པ། ལྷག་པར་ཆགས་པར་མི་བྱ་སྟེ། །ཆོས་མིན་ཆགས་པ་སྡིག་པ་ཅན། །ངང་པའི་རྒྱལ་པོ་གཟུང་སྙམ་པས། །
རིན་ཆེན་རྣམས་ལས་ཡོངས་སུ་ཉམས། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་རྐུན་པོ་དང་། བུ་མོ་གང་ཡིན་པ་དེ་ནི་སྦོམ་དགའ་མོ་འདི་ཉིད་ཡིན་ཏེ། དེ་ནས་ཡང་ལྷག་པར་ཆགས་པ་ཁོ་ནར་གྱུར་ཏོ། །ད་ལྟར་ཡང་ལྷག་པར་ཆགས་པ་ཁོ་ནར་གྱུར་ཏོ། །དེ་ལྟ་བས་ན་
ལྷག་པར་ཆགས་པར་མི་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ། །ལྟུང་བྱེད་བརྒྱད་པའི་དང་པོ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་སྦོམ་དགའ་མོས་མདོམས་ཀྱི་ཕྱོགས་ཀྱི་སྤུའི་ལས་བྱེད་ཅིང་དེ་ཁྲུས་བྱེད་པ་ན་བྲམ་ཟེ་དང་། ཁྱིམ་
བདག་གི་ཆུང་མ་རྣམས་ལ་བསྟན་ཏེ། ཏིལ་འབྲུས་ཁྲ་བོར་བྱས་པའི་ཕན་ཅི་ལྟར་འདུག་པ་འདི་ལ་ལྟོས། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་རེ་ཞིག་ཁོ་མོ་ཅག་ནི་སྡུམ་ཐབ་ཀྱི་སེམས་མགུ་བར་བགྱིད་པའི་ཕྱིར་བགྱིད་ན་ཁྱོད་ཀྱིས་འདི་ཅིར་འཚལ། ཁྱོད་ཀྱི་

སུ་ཞིག་མགུ་བར་བགྱི། འདི་ནི་རབ་ཏུ་བྱུང་བ་དང་འཚམ་པ་མ་ལགས་སོ་ཞེས་བྱ་བ་ནས། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་
བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མདོམས་ཀྱི་ཕྱོགས་ཀྱི་སྤུའི་ལས་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །མདོམས་ཀྱི་ཕྱོགས་ཞེས་བྱ་བ་ནི་གསང་བའི་གནས་སོ། །སྤུའི་ལས་བྱེད་དམ་ཞེས་བྱ་བ་ནི་སྨོངས་
འདྲེག་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་མདོམས་ཀྱི་ཕྱོགས་ཀྱི་སྤུའི་ལས་བྱེད་ན་ཡང་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་རྨ་བྱུང་བའི་ཕྱིར་བྱེད་ན་ལྟུང་བ་མེད་དོ། །ལྟུང་བྱེད་བརྒྱད་
པའི་གཉིས་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་སྦོམ་དགའ་མོས་གསང་བའི་གནས་སུ་ལག་པ་བཅུག་ནས་ཇི་ཙམ་ཉོན་མོངས་པ་ཞི་བར་གྱུར་གྱི་བར་དུ་བཀྲུས་པས་དེའི་གསང་བའི་གནས་སྐྲངས་པར་གྱུར་ཏོ། །དེས་པུ་ཤེལ་ཙི་དང་། ཙན་དན་
ལ་སོགས་པའི་བྱུག་པ་ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ལ་བསླང་བ་དང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཅི་བསྙུང་། དེས་སྐབས་དེ་རྒྱས་པར་སྨྲས་པ་དང་ཞེས་བྱ་བ་ནས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། དེ་ལྟ་བས་ན་དགེ་སློང་མས་ཁྲུས་མི་བྱའོ། །དེ་དག་ཁྲུས་མ་བྱས་པས་དྲི་ངན་པ་སྐྱེས་པར་གྱུར་ཏོ། །དེ་ནས་དུས་གཞན་ཞིག་ན་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོ་ལ་ཆོས་འཆད་པ་ན། དེ་དག་ཕན་ཚུན་དུ་འདི་སྐད་ཅེས་དྲི་ངན་
པ་མནམ་མོ་ཞེས་ཟེར་རོ། །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་རང་བཞིན་གྱིས་དྲང་བ་ཡིན་པས་འདི་སྐད་ཅེས་སྨྲས་སོ། །ཕུ་ནུ་མོ་དག་དྲི་ངན་པ་དེ་ནི་ཁོ་མོའི་ཡིན་ནོ། །དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཅིའི་སླད་དུ་ཁྲུས་མི་མཛད། སྐྱེ་དགུའི་བདག་མོ་ཆེན་

མོས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་བཀག་གོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་སོར་མོའི་ཚིགས་གཉིས་ཀྱིས་ཁྲུས་བྱའོ། །ཇི་ཙམ་ན་དེ་ཉིད་ཉེས་དམིགས་སུ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་
འདི་ད
Kinh tạng Tây Tạng (Kangyur Đại Học) — 009_འདུལ་བ།_ཏ | Tra cứu Kinh điển | Tàng Kinh Việt