Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 009_འདུལ་བ།_ཏ

Văn bản gốc(Tây Tạng)

Trang 15 / 20 (50.000 ký tự/trang)
ི་ཆེད་དུ་མེས་འགེངས་པར་བྱེད་ན་དེས་དུས་བྱིན་གྱིས་བརླབ་པར་བྱའོ། །བྱིན་གྱིས་མ་བརླབས་ན་ལྟུང་བྱེད་དོ། །དེ་བཞིན་དུ་དྲི་དག་དྲིའི་ཆེད་དུ་
ལྡུགས་ན་ཡང་སངས་རྒྱས་ཀྱི་ཆེད་ཡིན་ནོ་ཞེས་དུས་བྱིན་གྱིས་བརླབ་པར་བྱའོ། །བྱིན་གྱིས་མ་བརླབས་ན་ལྟུང་བྱེད་དོ། །དེ་བཞིན་དུ་མཁན་པོའི་ཕྱིར་ཡང་བྱིན་གྱིས་མ་བརླབས་ན་ལྟུང་བྱེད་དོ། །དེ་བཞིན་དུ་དགེ་འདུན་གྱི་ཕྱིར་མེ་སྦོར་ན་ཅི་ཙམ་དགོས་པ་མ་རྫོགས་ཀྱི་བར་དུ་
དུས་རིང་པོར་བྱིན་གྱིས་བརླབ་པར་བྱའོ། །བྱིན་གྱིས་རློབ་ན་དེ་ལྟ་ན་ལེགས། གལ་ཏེ་བྱིན་གྱིས་མི་རློབ་ན་ལྟུང་བྱེད་དོ། །ཤིང་རེ་རེ་ནས་འཇུག་ན་ཡང་དུས་བྱིན་གྱིས་བརླབ་པར་བྱའོ། །བྱིན་གྱིས་རློབ་ན་དེ་ལྟ་ན་ལེགས། གལ་ཏེ་བྱིན་གྱིས་མི་རློབ་ན་ལྟུང་བྱེད་དོ། །དེ་

བཞིན་དུ་མེ་འཐོར་བར་བྱེད་དམ་སྤུང་བར་བྱེད་ན་ཡང་ལྟུང་བྱེད་དོ། །དགེ་སློང་མས་མགལ་མེ་བླངས་ཏེ་མགལ་མེའི་འཁོར་ལོ་སྐོར་བར་བྱེད་ན་ལྟུང་བྱེད་དོ། ཞེས་བྱ་བ་ནས་དེ་བཞིན་དུ་མདག་མ་ལ་རི་མོ་འདྲི་བར་བྱེད་ན་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དགེ་སློང་མས་མདག་མ་ལེན་
ན་གལ་ཏེ་དུས་བྱིན་གྱིས་རློབ་ན་དེ་ལྟ་ན་ལེགས། གལ་ཏེ་མི་བྱེད་ན་ཉེས་བྱས་སོ། །གལ་ཏེ་ནད་པའི་ཕྱིར་བླ་གབ་མེད་པར་སྣོད་དུ་བཙོ་བ་འཚེད་དམ། དེ་བཞིན་དུ་ཚོན་རྩིའི་ལས་དང་། ལྷུང་བཟེད་ཀྱི་ལས་བྱེད་པ་སྟེ། ཐམས་ཅད་དུ་དུས་བྱིན་གྱིས་བརླབས་ན་ལྟུང་བ་མེད་དོ། །
ལྟུང་བྱེད་བཞི་པའི་བརྒྱད་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་བཅུ་བདུན་སྡེ་རྣམས་ལ་བརྟེན་ནས་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པའི་བསླབ་པའི་གཞི་བཅའ་བ་མཛད་པ། དེའི་ཚེ་རང་བཞིན་དུ་གནས་པའི་དགེ་སློང་མ་རྣམས་
དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པས་དགེ་འདུན་གྱི་བྱ་བ་བྱེད་དོ། །དེའི་ཚེ་བཅུ་གཉིས་སྡེ་དེ་རྣམས་ཀྱིས་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་འདུན་པ་བྱིན་ཟིན་ནས་མི་སྦྱིན་ནོ། །ཉེས་པར་བྱིན་ནོ། །མི་མཐུན་པས་བྱས་ཀྱི། མཐུན་པས་མ་ཡིན་ནོ་ཞེས་སྨྲ་བ་ན་དོན་ཉུང་
བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་འདུན་པ་བྱིན་ནས་དེའི་འོག་
ཏུ་སྤོང་བའི་ཆོས་སུ་བྱེད་ཅིང་། དགེ་སློང་མ་འདུན་པ་ཕྱིར་བྱིན་ཅིག་ཁྱོད་ལ་མི་སྦྱིན་ནོ་ཞེས་ཟེར་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། །དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་ཞེས་བྱ་བ་ནི་དགེ་འདུན་གྱི་ཆོས་དང་ལྡན་པའི་དགེ་འདུན་གྱི་
བྱ་བ་གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་དག་གོ། །འདུན་པ་བྱིན་ནས་ཞེས་བྱ་བ་ནི་བློ་གྲོས་བྱིན་ནས་སོ། །དེའི་འོག་ཏུ་ཞེས་བྱ་བ་ནི་དུས་གཞན་ནའོ། །སྤོང་བའི་ཆོས་སུ་བྱེད་ཅིང་ཞེས་བྱ་བ་ནི་འདི་སྐད་ཅེས་ཁོ་མོས་འདུན་པ་མ་

བྱིན་ནོ་ཞེས་སྨྲས་པའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་འདུན་པ་བྱིན་ནས་སྤོང་བའི་ཆོས་སུ་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་
རོ། །གལ་ཏེ་བདེན་པ་ཉིད་དམ། ཉེས་པར་བྱིན་ན་ལྟུང་བ་མེད་དོ། །ལྟུང་བྱེད་བཞི་པའི་དགུ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྒན་ཞུགས་ཤིག་ལ་བརྟེན་ནས་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་
ཐམས་ཅད་དུ་གནས་པར་མི་བྱའོ། །གནས་ན་ལྟུང་བྱེད་དོ། །ཡང་དགེ་ཚུལ་སྒྲ་ཅན་ཟིན་ལ་བརྟེན་ནས་ནུབ་གཉིས་ཚུན་ཆད་རྗེས་སུ་གནང་ངོ་། །དེ་ནས་བཅུ་གཉིས་སྡེ་རྣམས་ཀྱིས་འདི་སྐད་ཅེས་གང་དུ་ནུབ་གཉིས་ཡིན་པ་དེ་ལ་ནི་གསུམ་དུ་འགྱུར་འདོད་ཅིག །གང་དུ་གསུམ་
ཡིན་པ་དེ་ལ་ནི་བཞིར་འགྱུར་འདོད་ཅིག་ཅེས་སྨྲ་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་པར་མི་བྱའོ། །གནས་ན་ལྟུང་བྱེད་དོ། །དེ་ནས་དགེ་སློང་མ་དེ་རྣམས་ཀྱིས་དགེ་ཚུལ་མ་དག་
དགེ་ཚུལ་གྱི་ཀུན་དགའ་ར་བའི་ཕྱི་རོལ་དུ་བྱུང་བ་ན་དེ་དག་མི་སྦེད་ཅིང་མ་བསྲུངས་པར་གྱུར་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ཀུན་དགའ་ར་བའི་ཕྱི་རོལ་དུ་དབྱུང་བར་མི་བྱའོ། །དེ་ལྟ་མོད་ཀྱི་
གཞི་སྤང་བར་བྱའོ། །དེ་ལྟར་བྱས་པ་དང་། དགེ་སློང་མ་ཞིག་གིས་དགེ་ཚུལ་མ་ནད་པ་ཞིག་ཡོད་པ་དེ་ལ་ཁ་ཟས་ཙམ་བྱིན་ནས་བདག་གི་ལག་པས་བྱིན་ལེན་མ་བྱས་པར་མ་གྱུར་གྲང་ཞེས་སླར་ཡང་རེག་པར་མི་བྱེད་པ་དང་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། རང་གི་ལག་གིས་བསྙོད་པར་བྱ་སྟེ་དེ་ལ་འགྱོད་པར་མི་བྱའོ། །དེ་ནས་དགེ་ཚུལ་མ་ནད་པ་དེ་དག་ཟས་ཀྱི་དུས་སུ་འདུག་པས་དུབ་པར་གྱུར་པ་ན་དགེ་སློང་མ་དེ་དག་སྟོན་པར་མི་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟན་གཅིག་ཏུ་

འདུག་ལ་བརྟེན་པར་བྱ་སྟེ་དེ་ལ་འགྱོད་པར་མི་བྱའོ། །དེ་ནས་ཡང་ནུབ་མོར་གྱུར་པ་ན་དགེ་ཚུལ་མ་དེ་དག་བོར་ཏེ་དོང་བ་དང་། ནད་པ་དེ་ཡང་ནུབ་མོ་སྐོམ་སློང་བ་དང་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཁོ་ནར་ལྷན་ཅིག་གནས་པར་བྱ་སྟེ་དེ་ལ་འགྱོད་
པར་མི་བྱའོ། །དེ་བཞིན་དུ་དགེ་སློང་མ་ན་ན་ཡང་དེར་དགེ་ཚུལ་མའམ། ནད་གཡོག་དག་གནས་པར་བྱ་ཞིང་སྣང་བ་དང་བཅས་པར་ཡང་གནས་པར་བྱ་སྟེ་དེ་ལ་འགྱོད་པར་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་བསླབ་པ་འདོད་པ་དང་། བསླབ་པ་ལ་
གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་གསུངས་ནས་སྔ་མ་ནི་བཅས་པའོ། །འདི་ནི་རྗེས་སུ་གནང་བ་སྟེ། ཉན་ཐོས་མ་རྣམས་ཀྱིས་ཡང་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་མ་གང་བསྙེན་པར་མ་རྫོགས་པ་
དང་། ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག་ཏུ་ཉལ་བར་བྱེད་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། །བསྙེན་པར་མ་རྫོགས་པ་དང་ཞེས་བྱ་བ་ལ་བསྙེན་པར་རྫོགས་པ་ནི་གཉིས་ཏེ། དགེ་སློང་དང་དགེ་སློང་མའོ། །ལྷག་
མ་ནི་བསྙེན་པར་མ་རྫོགས་པའོ། །ནུབ་གཉིས་ལས་ལྷག་པར་ཞེས་བྱ་བ་ནི་ནུབ་གཉིས་འདས་པར་རོ། །གནས་གཅིག་ཏུ་ཉལ་བར་བྱེད་ན་ཞེས་བྱ་བ་ལ། གནས་བཞི་པོ་དག་ཏུ་ཉལ་བར་བྱེད་པ་སྟེ། ཐམས་ཅད་དུ་གཡོགས་ཤིང་ཐམས་ཅད་བསྐོར་བ་དང་།
ཐམས་ཅད་གཡོགས་ཤིང་ཕལ་ཆེར་མ་བསྐོར་བ་དང་། ཐམས་ཅད་ཕལ་ཆེར་མ་གཡོགས་ཤིང་ཕལ་ཆེར་མ་བསྐོར་བ་དང་། ཐམས་ཅད་ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བའོ། །ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི་གནས་ཁང་ངམ།
འཁོར་གྱི་ཁྱམས་སམ། ཁང་པ་བརྩེགས་མ་དག་གོ། །ཐམས་ཅད་གཡོགས་ཤིང་ཕལ་ཆེར་མ་བསྐོར་བ་ནི་ཁྱམས་ཟླུམ་པོའམ། རིམ་གྲོའི་གནས་དག་གོ། ཐམས་ཅད་ཕལ་ཆེར་མ་གཡོགས་ཤིང་ཕལ་ཆེར་མ་བསྐོར་བ་ནི་ཁྱམས་ངོས་གསུམ་པའོ། །ཕལ་

ཆེར་མ་གཡོགས་ཤིང་ཕལ་ཆེར་མ་བསྐོར་བ་ནི་ཁྱམས་ངོས་བཞི་པའོ། །སྐྱ་རེངས་ཤར་ན་ཞེས་བྱ་བ་ནི་སྐྱ་རེངས་གསུམ་པོ་སྐྱ་རེངས་དང་པོའམ། བར་མའམ། ཐ་མ་གང་ཡང་རུང་བ་ཤར་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་
ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ནུབ་གཉིས་ལས་འདས་ཏེ་ནུབ་གསུམ་པར་གནས་གཅིག་ཏུ་ཉལ་བར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཞི་པའི་བཅུ་པ་རྫོགས་སྷོ།། །།
གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ། །དེའི་ཚེ་དགེ་སློང་མ་འཆི་ལྟས་ལ་སྡིག་པ་ཅན་གྱི་ལྟ་བར་སོང་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་
བ་དེ་ལྟར་ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་ཟེར་བའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་ཁྱེད་ཀྱིས་དགེ་སློང་མ་འཆི་ལྟས་ལ་བཞམས་ཏེ་སྒོ་ཤིག །དེ་ལ་བཞམས་
ཏེ་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི། གཞན་ནི་གཏི་མུག་གོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་ཁྱེད་ཀྱིས་དགེ་སློང་མ་འཆི་ལྟས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ། །བསྒོ་བ་ནི་འདི་ལྟར་བྱ་སྟེ་གནས་མལ་བཤམས་པ་བྱས་ཏེ་ཞེས་བྱ་བ་ནས། དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ་
ཞེས་བྱ་བའི་བར་རོ། །བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་

པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར་ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་མཆི་བ་དེ་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་སྟེ། དེ་ལ་བཞམས་ཏེ་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་
མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི། གཞན་ནི་གཏི་མུག་གོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ཀྱིས། གལ་ཏེ་འཕགས་མའི་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་
ལྟར་འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་འཆི་ལྟས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ། །དེ་བཞིན་དུ་ལས་ཀྱང་ལན་གསུམ་གྱི་བར་དུ་བྱའོ། །དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན་འདི་སྐད་ཅེས་འདི་ཉིད་བདེན་གྱི་
གཞན་ནི་གཏི་མུག་གོ་ཞེས་སྨྲ་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བར་སོང་བ་དེ་གཏོང་དུ་མི་བཏུབ་པ་དང་། གཞན་ཡང་དེ་ལྟ་
བུ་དང་མཐུན་པ་སུ་ཡང་རུང་བ་ལ་གནས་ནས་དབྱུང་བའི་ལས་བྱོས་ཤིག །ལས་ནི་འདི་ལྟར་བྱ་སྟེ་གནས་མལ་བཤམས་པ་བྱས་ལ་ཞེས་བྱ་བ་ནས། དགེ་སློང་མ་གཅིག་གིས་གསོལ་བ་བྱ་སྟེ་ལས་བྱའོ། །བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། འཕགས་མའི་དགེ་འདུན་ཕུ་ནུ་
མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་
ལྟར་ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་མཆི་ལགས་ཀྱིས་གལ་ཏེ། འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟར་འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་འཆི་

ལྟས་སྡིག་པ་ཅན་གྱི་ལྟ་བར་སོང་བ་དེ་གཏོང་དུ་མི་བཏུབ་པ་ལ་གནས་ནས་དབྱུང་བའི་ལས་མཛད་དེ། ཇི་སྲིད་དུ་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བར་སོང་བ་དེ་གཏོང་དུ་མི་བཏུབ་པ་དེ་སྲིད་དུ་དེ་ལ་དགེ་སློང་མ་རྣམས་ཀྱིས་གཏམ་འདྲེ་བར་མི་བགྱི། ཕེབས་
པར་སྨྲ་བར་མི་བགྱི། སོ་སོར་ཡང་དག་པར་དགའ་བར་མི་བགྱི་ཞིང་དཔེར་ན་གདོལ་པའི་བུ་མོ་བཞིན་དུ་ཤིན་ཏུ་སྨད་པས་སྨད་པར་བགྱིའོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་
སློང་མ་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར་ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་
པ་ཤེས་སོ་ཞེས་མཆི་བ་དང་། དགེ་འདུན་གྱིས་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བར་སོང་བ་གཏོང་དུ་མི་བཏུབ་པ་ལ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་དེ། ཇི་སྲིད་དུ་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་གཏོང་དུ་མི་བཏུབ་པ་དེ་སྲིད་
དུ། འདི་ལ་དགེ་སློང་མ་རྣམས་ཀྱིས་གཏམ་འདྲེ་བར་མི་བགྱི། ཕེབས་པར་སྨྲ་བར་མི་བགྱི། སོ་སོར་ཡང་དག་པར་དགའ་བར་མི་བགྱི་ཞིང་དཔེར་ན་གདོལ་པའི་བུ་མོ་བཞིན་དུ་ཤིན་ཏུ་སྨད་པས་སྨད་པར་བགྱི་ན། ཕུ་ནུ་མོ་གང་དག་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་
བར་སོང་བ་དེ་འདོར་དུ་མི་བཏུབ་པ་ལ་གནས་ནས་དབྱུང་བའི་ལས་བགྱི་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། ལན་གཉིས་སུ་ཡང་དོན་འདི་ཉིད་བརྗོད་པར་བྱའོ། །འཕགས་མའི་
དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་

གཅོད་པར་མི་འགྱུར་བ་དེ་ལྟར་ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་མཆི་བ་དང་། དགེ་འདུན་གྱིས་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བར་སོང་བ་དེ་གཏོང་དུ་མི་བཏུབ་པ་ལ་གནས་ནས་དབྱུང་བའི་ཕྲིན་ལས་མཛད་དེ། ཇི་སྲིད་དུ་དགེ་སློང་མ་
འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་གཏོང་དུ་མི་བཏུབ་པ་དེ་སྲིད་དུ་འདི་ལ་དགེ་སློང་མ་རྣམས་ཀྱིས་གཏམ་འདྲེ་བར་མི་བགྱི། ཕེབས་པར་སྨྲ་བར་མི་བགྱི། སོ་སོར་ཡང་དག་པར་དགའ་བར་མི་བགྱི་ཞིང་གདོལ་པའི་བུ་མོ་བཞིན་དུ་ཤིན་ཏུ་
སྨད་པས་སྨད་པར་བགྱི་ན། ཕུ་ནུ་མོ་གང་དག་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བར་སོང་བ་དེ་འདོར་དུ་མི་བཏུབ་པ་ལ་གནས་ནས་དབྱུང་བའི་ལས་བགྱི་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་བརྗོད་
པ་གཉིས་པ་སྟེ། ལན་གསུམ་དུ་ཡང་དོན་དེ་ཉིད་བརྗོད་པར་བྱའོ། །འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་
གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར་ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་མཆི་བ་དང་། དགེ་འདུན་གྱིས་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བར་སོང་བ་གཏོང་དུ་མི་བཏུབ་པ་ལ་གནས་
ནས་དབྱུང་བའི་ཕྲིན་ལས་མཛད་དེ། ཇི་སྲིད་དུ་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་གཏོང་དུ་མི་བཏུབ་པ་དེ་སྲིད་དུ་འདི་ལ་དགེ་སློང་མ་རྣམས་ཀྱིས་གཏམ་འདྲེ་བར་མི་བགྱི། ཕེབས་པར་སྨྲ་བར་མི་བགྱི། སོ་སོར་ཡང་དག་པར་དགའ་བར་
མི་བགྱི་ཞིང་གདོལ་པའི་བུ་མོ་བཞིན་དུ་ཤིན་ཏུ་སྨད་པས་སྨད་པར་བགྱིའོ། །འདི་ནི་ལས་བརྗོད་པ་གསུམ་པ་སྟེ། འཕགས་མའི་དགེ་འདུན་གྱིས་བཟོད་ཅིང་གནང་ནས་འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་དེ་ལྟར་གནས་ནས་དབྱུང་བའི་ལས་བྱས་

ཀྱང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་རྗེས་སུ་ཐ་སྙད་འདོགས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་
བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་འདི་སྐད་ཅེས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར་ཁོ་མོས་བཅོམ་
ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་ཟེར་ན་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་ཕུ་ནུ་མོ་ཁྱོད་འདི་སྐད་ཅེས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་
དེ་ལྟར་ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་བརྗོད་པར་མ་སྨྲ་ཤིག་བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པ་བཏབ་པ་ནི་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་ཀྱང་མི་གསུང་ངོ་། །བར་
དུ་གཅོད་པའི་ཆོས་ཡིན་པ་ལས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་བར་དུ་གཅོད་པའི་ཆོས་སུ་གསུངས་ཏེ། དེ་དག་སོ་སོར་བསྟེན་ན་བར་དུ་གཅོད་པར་ཡང་འགྱུར་གྱིས། ཕུ་ནུ་མོ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་
བརྗོད་པར་བྱའོ། །གལ་ཏེ་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་སྨྲས་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ལན་གཉིས་ལན་གསུམ་དུ་ཡང་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །གཞི་དེ་གཏང་བར་བྱ་བའི་ཕྱིར་
ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་འཆི་ལྟས་སོ། །འདི་སྐད་ཅེས་ཟེར་ན་ཞེས་བྱ་བ་ནི་སྨྲ་ནའོ། །དེ་ལྟར་ཁོ་མོས་བཅོམ་ལྡན་

འདས་ཀྱིས་ཆོས་བསྟན་པ་ཤེས་སོ། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་ཞེས་བྱ་བ་ནི་དགེ་སྦྱོང་གི་ཚུལ་གྱི་བར་དུ་
གཅོད་པར་འདི་ལྟ་སྟེ། ཕས་ཕམ་པར་འགྱུར་བའི་ཆོས་བརྒྱད་དང་། དགེ་འདུན་ལྷག་མ་ཉི་ཤུ་དང་། སྤང་བའི་ལྟུང་བྱེད་སུམ་བཅུ་རྩ་གསུམ་དང་། ལྟུང་བྱེད་བརྒྱ་བརྒྱད་བཅུ་དང་། སོ་སོར་བཤགས་པར་བྱ་བ་བཅུ་གཅིག་དང་། བསླབ་པ་མང་པོ་དང་། རྩོད་
པ་ཞི་བར་བྱ་བའི་ཆོས་བདུན་ཏེ། ཆོས་མ་ཡིན་པ་འདི་ལ་ཆོས་ཀྱི་སྒྲར་གསུངས་སོ། །དེ་ལ་སོ་སོར་བསྟེན་ཀྱང་ཞེས་བྱ་བ་ནི་ལྷག་པར་སྤྱད་ནའོ། །བར་དུ་གཅོད་པར་མི་འགྱུར་ཞེས་བྱ་བ་ནི་དགེ་སྦྱོང་གི་ཚུལ་གྱི་བར་དུ་གཅོད་པར་མི་འགྱུར་བའོ། །དགེ་སློང་མ་དེ་ལ་
ཞེས་བྱ་བ་ནི་འཆི་ལྟས་ལའོ། །དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་དག་གིས་སོ། །འདི་སྐད་ཅེས་བརྗོད་པར་བྱའོ་ཞེས་བྱ་བ་ནི་འདི་སྐད་ཅེས་སྨྲ་བར་བྱ་བའོ། །ཕུ་ནུ་མོ་ཁྱོད་འདི་སྐད་ཅེས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་
པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར་ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་བརྗོད་པར་མ་སྨྲ་ཤིག་ཞེས་བྱ་བ་ནས། བཞམས་ཏེ་བསྒོ་བ་ན་ཞེས་བྱ་བའི་བར་རོ། །གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས།
གལ་ཏེ་མི་གཏོང་ན་ལན་གཉིས་ལན་གསུམ་དུ་ཡང་ཡང་དག་པར་བསྟན་པར་བྱ། ཡང་དག་པར་བསྒོ་བར་བྱའོ་ཞེས་བྱ་བ་ནས། གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ་ཞེས་བྱ་བའི་བར་རོ་ཞེས་བྱ་བ་ནི་བསྒོ་བ་སྔ་མ་ཇི་ལྟ་བ་བཞིན་དུའོ། །ཡང་དག་པར་བསྒོ་
བ་ནི་དེ་ཡིན་ནོ། །ཡང་དག་པར་བསྟན་པ་ནི་དེ་ཡིན་ནོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འདི་སྐད་ཅེས་དེ་ལྟར་ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་སྨྲ་ན་ཐམས་

ཅད་དུ་ཉེས་བྱས་སུ་འགྱུར་རོ། །བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་བྱས་སོ། །ལས་དང་པོ་བརྗོད་པ་སྨྲས་པ་ན། གལ་ཏེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་བྱས་སོ། །ལས་
བརྗོད་པ་གཉིས་པ་སྨྲས་པ་མ་རྫོགས་པར་གལ་ཏེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་སྨྲས་པ་རྫོགས་ཀྱང་མི་གཏོང་ན་ཉེས་བྱས་སོ། །ལས་བརྗོད་པ་གསུམ་པ་སྨྲས་པ་མ་རྫོགས་པར་མི་མཐུན་པ་དག་ཆོས་མ་ཡིན་པར་བྱེད་པ་དང་། མི་མཐུན་པ་དག་ཆོས་མ་ཡིན་པ་
ལྟར་བཅོས་པ་དང་། མཐུན་པ་དག་ཆོས་མ་ཡིན་པ་ལྟར་བཅོས་པ་དང་། ཆོས་ཇི་ལྟ་བ་བཞིན་མ་ཡིན་པ་དང་། འདུལ་བ་ཇི་ལྟ་བ་བཞིན་མ་ཡིན་པ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་བཞིན་མ་ཡིན་པས་དེ་ལྟར་བྱེད་ན་ལྟུང་བ་མེད་དོ། །ཆོས་ཇི་ལྟ་བ་དང་། འདུལ་
བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་བས་ལས་བརྗོད་པ་བཞི་པ་སྨྲས་པ་རྫོགས་ན་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཞི་པའི་བཅུ་གཅིག་པ་རྫོགས་སྷོ།། །།དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་ཉི་ཤུ་པ། སངས་རྒྱས་བཅོམ་ལྡན་འདས་
རྒྱལ་པོའི་ཁབ་ན་བཞུགས་སོ། །དེའི་ཚེ་བཅུ་གཉིས་སྡེ་རྣམས་ཀྱིས་འཆི་ལྟས་དེ་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། ཀུན་དུ་ལོངས་སྤྱོད་པར་བྱེད། གནས་གཅིག་ཏུ་ཉལ་བར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་
བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་དེ་སྐད་ཟེར་བའི་དགེ་སློང་མ་ཆོས་བཞིན་མ་བྱས་པ་སྡིག་པ་ཅན་
གྱི་ལྟ་བར་སོང་བ་དེ་མ་སྤངས་པ་དང་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། ཀུན་དུ་ལོངས་སྤྱོད་པར་བྱེད། ཀུན་དུ་གནས་པར་བྱེད། གནས་གཅིག་ཏུ་ལྷན་ཅིག་ཉལ་བར་བྱེད་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། །

ཆོས་བཞིན་མ་བྱས་པ་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་མ་ཕྱུང་བའོ། །གཏམ་འདྲེ་བར་བྱེད་ཅེས་བྱ་བ་ནི་ལུང་དབོག་པ་སྦྱིན་པར་བྱེད་པའོ། །ཕེབས་པར་སྨྲ་བར་བྱེད་ཅེས་བྱ་བ་ནི་བརྗེད་པ་དྲན་པ་སྦྱིན་པར་བྱེད་པའོ། །ཀུན་དུ་ལོངས་སྤྱོད་པར་བྱེད་ཅེས་བྱ་བ་
ནི་བསྙེན་བཀུར་རང་གིར་བྱེད་པའོ། །ཀུན་དུ་གནས་པར་བྱེད། གནས་གཅིག་ཏུ་ཉལ་བར་བྱེད་ཅེས་བྱ་བ་ནི་གནས་བཞི་པོ་དག་ཏུ་སྐྱ་རེངས་འཆར་བར་བྱེད་པའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་
ཇི་ཙམ་ཅུང་ཟད་ལྷན་ཅིག་གནས་གཅིག་ཏུ་ཉལ་བར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །གལ་ཏེ་ལྟ་བར་སོང་བ་དེ་དང་དབྲལ་བར་འདོད་པར་གྱུར་ན་ལྟུང་བ་མེད་དོ། །ལྟུང་བྱེད་བཞི་པའི་བཅུ་གཉིས་པ་རྫོགས་སྷོ།། །།གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ། །
སྦོམ་དགའ་མོ་ལ་དགེ་ཚུལ་མ་མཛེས་མ་དང་རྒྱལ་མ་གཉིས་ཡོད་དེ། དེ་གཉིས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་
པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར་ཁོ་མོ་ཅག་གིས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་སྨྲ་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། དགེ་སློང་མ་དག་ཁྱེད་ཀྱིས་དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་གཉིས་ལ་བཞམས་ཏེ་བསྒོ་བ་བྱོས་ཤིག །དེ་གཉིས་ལ་བཞམས་ཏེ་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་རྗེས་སུ་
ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་ཁྱེད་ཀྱིས་དགེ་ཚུལ་མ་གཉིས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་བྱོས་ཤིག །བསྒོ་བ་ནི་འདི་ལྟར་

བྱ་སྟེ། གནས་མལ་བཤམས་པ་བྱས་ནས་ཞེས་བྱ་བ་ནས་དགེ་སློང་མ་རྣམས་ལ་དྲིས་པའི་ལན་ཡང་དག་པར་བསྒོ་ལ། དགེ་ཚུལ་མ་ཐོས་པའི་ཉེན་ཀོར་ནས་བཀར་ཏེ་མཐོང་བའི་ཉེན་ཀོར་དུ་འདུག་ཏུ་བཅུག་ནས་དགེ་སློང་མ་གཅིག་གིས་གསོལ་བ་
བྱས་ཏེ་ལས་བྱའོ། །བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་ཚུལ་མ་འདི་གཉིས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པ་
ཡིན་ནོ། །ཞེས་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར་ཁོ་མོ་ཅག་གིས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་མཆི་བ་ན་དེ་གཉིས་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས་ནས་བསྒོ་སྟེ། དེ་གཉིས་ལ་དགེ་
སློང་མ་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ན་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ཀྱིས། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། འཕགས་
མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་ཚུལ་མ་མཛེས་མ་དང་རྒྱལ་མ་འདི་གཉིས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ།
དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་འདི་གཉིས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་
དེ་ལྟར་ཁོ་མོ་ཅག་གིས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་མཆི་བ་ན། དེ་གཉིས་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས་ནས་བསྒོ་སྟེ། དེ་དག་ལ་བཞམས་ནས་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་

གྱི་གཞན་ནི་གཏི་མུག་གོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ཀྱིས། འཕགས་མའི་དགེ་འདུན་གྱིས་མཛེས་མ་དང་། རྒྱལ་མ་འདི་གཉིས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་ཕུ་ནུ་མོ་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་
པ་དེ་དག་ནི་གསུང་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་གཉིས་པ་དང་། གསུམ་པ་ཡང་བརྗོད་པར་བྱའོ། །འཕགས་མའི་དགེ་འདུན་གྱིས་བཟོད་ཅིང་གནང་ནས་ཞེས་བྱ་བ་ནས། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བའི་བར་རོ། །
དེ་གཉིས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་ལ་བསྙིལ་བའི་ལས་བྱོས་ཤིག །བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། གནས་མལ་བཤམས་པ་བྱས་ལ་ཞེས་བྱ་བ་ནས། དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་ཐོས་པའི་
ཉེན་ཀོར་ནས་བཀར་ཏེ་མཐོང་བའི་ཉེན་ཀོར་དུ་འདུག་ཏུ་བཅུག་ནས་དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་འདི་
གཉིས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར་ཁོ་མོ་ཅག་གིས་བཅོམ་ལྡན་
འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་མཆི་ནས། དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་དེ་གཉིས་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས་ནས་བསྒོ་སྟེ། དེ་གཉིས་ལ་བཞམས་ནས་བསྒོ་བ་ན་ཞེས་བྱ་བ་ནས་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བའི་བར་

རོ། །དེ་གཉིས་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་སྟེ། དེ་གཉིས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན་ཞེས་བྱ་བ་ནས། འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བའི་བར་དུ་མཆིས་ལགས་ཀྱིས། གལ་ཏེ་
འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟར་འཕགས་མའི་དགེ་འདུན་གྱིས་དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་འདི་གཉིས་ལ་ཕུ་ནུ་མོ་དག་ཁྱེད་ཅག་དེང་ཕན་ཆད་བཅོམ་ལྡན་འདས་དེ་
བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་སྟོན་པའོ་ཞེས་མ་ཟེར་ཅིག །ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མའི་གནས་ལྟ་བུ་གང་ཡང་རུང་བའི་ཕྱི་བཞིན་དུ་ཡང་མ་འགྲོ་ཤིག །དགེ་ཚུལ་མ་གཞན་དག་དགེ་སློང་མ་རྣམས་དང་ལྷན་
ཅིག་ནུབ་གཉིས་ཚུན་ཆད་གནས་གཅིག་ཏུ་ཉལ་བར་གནང་བ་གང་ཡིན་པ་དེ་ཡང་དེང་ཕྱིན་ཆད་ཁྱེད་ལ་མེད་ཀྱིས། བུད་མེད་གཏི་མུག་ཅན་ཁྱོད་གཉིས་གཞན་དུ་དེང་ཤིག་ཅེས་བསྙིལ་བའི་ལས་མཛད་དོ། །འདི་ནི་གསོལ་བའོ། །དེའི་འོག་ཏུ་དེ་གཉིས་ལ་བསྙིལ་བའི་
གསོལ་བ་མཛད་ཟིན་གྱིས་སྡིག་པ་ཅན་གྱི་ལྟ་བ་དེ་ཐོང་ཤིག་ཅེས་བསྒོ་བར་བྱའོ། །གལ་ཏེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དེའི་འོག་ཏུ་ལས་བྱའོ། །བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་
ཚུལ་མ་མཛེས་མ་དང་། རྒྱལ་མ་འདི་གཉིས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་
བ་དེ་ལྟར་ཁོ་མོ་ཅག་གིས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་མཆི་ནས། དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་དེ་གཉིས་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས་ནས་བསྒོ་སྟེ། དེ་གཉིས་ལ་བཞམས་ནས་བསྒོ་བ་ན་ཞེས་བྱ་བ་ནས་འདི་ཉིད་བདེན་

གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བའི་བར་རོ། །དེ་གཉིས་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་སྟེ། དེ་གཉིས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན་ཞེས་བྱ་བ་ནས་འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བའི་བར་དུ་མཆི་ནས་
འཕགས་མའི་དགེ་འདུན་གྱིས་དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་སྡིག་པ་ཅན་གྱི་ལྟ་བར་སོང་བ་དེ་གཏོང་དུ་མི་བཏུབ་པ་དེ་གཉིས་ལ་བསྙིལ་བའི་ཕྲིན་ལས་མཛད་པར་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་
ཤིག །འདི་ནི་ལས་བརྗོད་པ་དང་པོ་ཡིན་ནོ། །དེའི་འོག་ཏུ་དེ་གཉིས་ལ་བསྒོ་བར་བྱ་སྟེ། གལ་ཏེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ལན་གཉིས་སུ་ཡང་དོན་དེ་ཉིད་བརྗོད་པར་བྱའོ། །འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་
དུ་གསོལ་ཞེས་བྱ་བ་ནས། ལན་གཉིས་པ་ཉིད་བརྗོད་པ་བྱས་ནས་ཡང་བསྒོ་བར་བྱ་སྟེ། གལ་ཏེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ལན་གསུམ་དུ་ཡང་དོན་དེ་ཉིད་བརྗོད་པར་བྱའོ། །འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་
གསོལ་ཞེས་བྱ་བ་ནས། འཕགས་མའི་དགེ་འདུན་གྱིས་དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་སྡིག་པ་ཅན་གྱི་ལྟ་བར་སོང་བ་དེ་གཏོང་དུ་མི་བཏུབ་པ་ལ་བསྙིལ་བའི་ཕྲིན་ལས་མཛད་པར་འཕགས་མའི་དགེ་འདུན་གྱིས་བཟོད་ཅིང་གནང་ནས། འདི་ལྟར་ཅང་མི་
གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནས་དགེ་ཚུལ་མ་དེ་གཉིས་ངུ་ཞིང་མཁན་མོའི་དྲུང་དུ་དོང་སྟེ་ཕྱིན་ནས་མཁན་མོ་ལ་འདི་སྐད་ཅེས་སྨྲས་སོ། །མཁན་མོ་བདག་ཅག་ལ་དགེ་སློང་མའི་དགེ་འདུན་གྱིས་བསྙིལ་བའི་ཕྲིན་ལས་མཛད་ལགས་སོ། །དེ་ནས་སྦོམ་དགའ་
མོས་དགེ་ཚུལ་མ་དེ་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །བསྙིལ་བའི་ལས་བྱས་པ་རྣམས་ལ་ཅི་ཁམས་གསུམ་ཡང་མ་ལུས་སམ། གྲོང་དང་། ལྗོངས་དག་ཀྱང་མེད་དམ་ཅི་ཞེས་ད་བསྙིལ་བའི་ལས་བྱས་པ་དེ་གཉིས་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་

སྨྲ་བར་བྱེད། ཀུན་དུ་ལོངས་སྤྱོད་པར་བྱེད། གནས་གཅིག་ཏུ་ཉལ་བར་བྱེད་པ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་
པ་བཅའ་བའི་བར་དུ་མཛད་དེ། དགེ་ཚུལ་མ་ལ་འདི་སྐད་ཅེས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར་ཁོ་མོ་ཅག་གིས། བཅོམ་ལྡན་འདས་ཀྱིས་ཆོས་
བསྟན་པ་ཤེས་སོ་ཞེས་ཟེར་བའི་དགེ་ཚུལ་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་དགེ་ཚུལ་མ་ཁྱོད་འདི་སྐད་ཅེས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་
ལྟར། ཁོ་མོ་ཅག་གིས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་མ་སྨྲ་ཤིག །བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པ་བཏབ་པས་ནི་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་ཀྱང་མི་གསུང་ངོ་། །
དགེ་ཚུལ་མ་དག་འདོད་པ་རྣམས་ནི་བར་དུ་གཅོད་པར་བྱེད་པ་ཁོ་ན་ཡིན་པ་ལས། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་བར་དུ་གཅོད་པར་བྱེད་པར་གསུངས་ཏེ། དེ་དག་སོ་སོར་བསྟེན་ན་བར་དུ་གཅོད་པར་ཡང་འགྱུར་བས་དགེ་ཚུལ་མ་དག་སྡིག་པ་ཅན་གྱི་ལྟ་བའི་
རྣམ་པར་སོང་བ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་དེ་སྐད་དུ། དགེ་ཚུལ་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ལན་གཉིས་ལན་གསུམ་དུ་ཡང་གཞི་དེ་གཏོང་དུ་གཞུག་པའི་ཕྱིར་ཡང་དག་པར་བསྟན་པར་བྱའོ། །
ལན་གཉིས་ལན་གསུམ་དུ་ཡང་ཡང་དག་པར་བསྟན་པ་ན། གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་ཚུལ་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས། དགེ་ཚུལ་མ་ཁྱོད་དེང་ཕན་ཆད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་དེ་

ལ་སྟོན་པ་ཞེས་ཀྱང་མ་ཟེར་ཅིག །ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་གང་ཡང་རུང་བ་དག་གི་རྗེས་བཞིན་རྗེས་བཞིན་དུ་ཡང་མ་འགྲོ་ཤིག །དགེ་ཚུལ་མ་གཞན་དག་དགེ་སློང་མ་རྣམས་དང་། ནུབ་གཉིས་ཚུན་ཆད་གནས་གཅིག་ཏུ་ཉལ་བར་གནང་
བ་གང་ཡིན་པ་དེ་ཡང་ཁྱོད་ལ་དེང་ཕན་ཆད་མེད་ཀྱིས་དགེ་ཚུལ་མ་དག་ཕར་སོང་ཤིག་ཅེས་བརྗོད་པར་བྱའོ། །ཡང་དགེ་སློང་མ་གང་ཤེས་བཞིན་དུ་དེ་ལྟར་བསྙིལ་བའི་དགེ་ཚུལ་མ་ཉེ་བར་འཇོག་པར་བྱེད་དམ། ཉེ་བར་སྟོན་པར་བྱེད་དམ། ཀུན་དུ་ལོངས་སྤྱོད་པར་
བྱེད་དམ། གནས་གཅིག་ཏུ་ལྷན་ཅིག་ཉལ་བར་བྱེད་ན་ལྟུང་བྱེད་དོ། །དགེ་ཚུལ་མ་ཞེས་བྱ་བ་ནི་མཛེས་མ་དང་། རྒྱལ་མའོ། །དགེ་སློང་མ་རྣམས་ཞེས་བྱ་བ་ནི་ཆོས་འདི་པ་དག་གོ། །འདི་སྐད་ཅེས་ཟེར་ན་ཞེས་བྱ་བ་ནི་སྨྲ་ནའོ། །ཇི་ལྟར་བཅོམ་ལྡན་འདས་ཀྱིས་
འདོད་པ་དག་ནི་བར་དུ་གཅོད་པ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར་ཁོ་མོ་ཅག་གིས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ། །ཞེས་བྱ་བ་ནི་ལྷག་པར་སྤྱད་ཀྱང་དགེ་སློང་གི་ཚུལ་གྱི་བར་ཆད་དུ་མི་
འགྱུར་བའོ། །དེ་དག་ལ་ཞེས་བྱ་བ་ནི་དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་ལའོ། །དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་དག་གིས་སོ། །འདི་སྐད་ཅེས་བརྗོད་པར་བྱའོ་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བས་སྔ་མ་ཇི་ལྟ་བ་བཞིན་དུ་བསྒོ་བའོ། །ཡང་དག་
པར་བསྟན་པ་ནི་དེ་ཡིན། ཡང་དག་པར་བསྒོ་བ་ནི་དེ་ཡིན་ནོ། །དེ་གཉིས་ལ་དེ་ལྟར་རྗེས་སུ་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་བསྙིལ་བའི་ལས་བྱོས་ཤིག་ཅེས་བྱ་བ་ནི་གོང་མ་ཇི་ལྟ་བ་བཞིན་དུ་བྱ་བའོ། །ཡང་དགེ་སློང་མ་
གང་ཞིག་ཅེས་བྱ་བ་ནི་སྦོམ་དགའ་མོའོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་བདག་ཉིད་དམ། གཞན་གྱིས་སྨྲས་པར་གྱུར་པའོ། །དེ་ལྟར་བསྙིལ་བ་ཞེས་བྱ་བ་ནི་བསྙིལ་བའི་ལས་བྱས་པའོ། །དགེ་ཚུལ་མ་ཞེས་བྱ་བ་ནི་མཛེས་མ་དང་། རྒྱལ་མའོ། །

ཉེ་བར་འཇོག་པར་བྱེད་དམ་ཞེས་བྱ་བ་ནི་གནས་སྦྱིན་པར་བྱེད་པའོ། །ཉེ་བར་སྟོན་པར་བྱེད་དམ་ཞེས་བྱ་བ་ནི་འདྲི་བ་སྦྱིན་པར་བྱེད་པའོ། །ཀུན་དུ་ལོངས་སྤྱོད་པར་བྱེད་དམ་ཞེས་བྱ་བ་ནི་བཀུར་སྟི་རང་གིར་བྱེད་པའོ། །ཀུན་དུ་གནས་པར་བྱེད་གནས་
གཅིག་ཏུ་ཉལ་བར་བྱེད་ཅེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་དུ་ཅུང་ཟད་ཤེས་བཞིན་དུ་དེ་ལྟར་བསྙིལ་བའི་དགེ་ཚུལ་མ་ཉེ་བར་འཇོག་པར་བྱེད་དམ། ཉེ་བར་སྟོན་པར་བྱེད་དམ་
ཞེས་བྱ་བ་ནས། གནས་གཅིག་ཏུ་ཉལ་བར་བྱེད་དམ་ཞེས་བྱ་བའི་བར་ཏེ། ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་བཞི་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །།སྡོམ་ལ། ཁ་དོག་ལེན་དང་ཟླ་ཕྱེད་དང་། །ཆེད་དུ་བསམས་དང་འགྱོད་པ་དང་། །
ག་ག་ཚིལ་དང་ཆུར་རྩེ་དང་། །སྐྱེས་པ་ཉལ་དང་སྔངས་མི་བྱ། །གོས་སྦྱིན་གཞི་མེད་ལམ་དུ་ནི། །སྐྱེས་པར་འགྲོགས་ཏེ་འགྲོ་མི་བྱ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །གང་གི་ཚེ་རྒྱལ་པོ་
གཟུགས་ཅན་སྙིང་པོས་ཀླུའི་རྒྱལ་པོ་རི་བོ་དང་། ཡིད་འོང་ལྡན་གཉིས་ཀྱི་དུས་མཆོད་བཙུགས་པ་དང་། དེ་ནས་དུས་གཞན་ཞིག་ན་ལྷོ་ལམ་ནས་གར་མཁན་གྱི་སློབ་དཔོན་ཆེན་པོ་ཞིག་འོངས་ཏེ། དེས་སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་གར་ཐབས་བྱས་པ་དང་། དད་
པ་ཅན་རྣམས་ལས་བྱ་དགའ་ཆེར་ཐོབ་བོ་ཞེས་བྱ་བ་ནས། དྲུག་སྡེ་རྣམས་སུན་ཕྱུང་ངོ་ཞེས་བྱ་བའི་བར་རོ། །དེ་ནས་དེའི་འོག་ཏུ་དྲུག་སྡེ་རྣམས་དང་། དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས་གར་གྱི་བརྡ་ཐབས་དག་སྦྱར་ནས་གར་བྱས་པ་དང་ཞེས་བྱ་བ་ནས། དོན་ཉུང་བའི་དགེ་
སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་བྱུང་བ་དེ་ཐམས་ཅད་ནི་དགེ་སློང་མ་གང་དག་ཁྱིམ་པ་གོན་པའི་གོས་དཀར་པོ་གྱོན་པ་ལས་གྱུར་ཏོ་སྙམ་ནས། དེ་ནས་བཅོམ་

ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མས་གོས་སར་པ་རྙེད་ན་ཁ་དོག་བསྒྱུར་བ་གསུམ་པོ་སྔོན་པོའམ། འདམ་ཁའམ། ངུར་སྨྲིག་གང་ཡང་རུང་བའི་ཁ་དོག་ཏུ་བསྒྱུར་བར་བྱའོ། །གལ་ཏེ་དགེ་སློང་མས་ཁ་
དོག་བསྒྱུར་བ་གསུམ་པོ་གང་ཡང་རུང་བའི་ཁ་དོག་མ་བསྒྱུར་བའི་གོས་སར་པ་གྱོན་ན་ལྟུང་བྱེད་དོ། །གསར་པ་ཞེས་བྱ་བ་ལ་གསར་པ་ནི་གཉིས་ཏེ། གསར་པ་དང་། གསར་དུ་རྙེད་པ་སྟེ། དོན་འདི་ལ་ནི་གསར་དུ་རྙེད་པ་ལ་བྱ་བར་དགོངས་སོ། །གོས་ཞེས་བྱ་བ་ནི་བདུན་
པོ་གང་ཡང་རུང་བའོ། །དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པ་དག་གོ། །ཁ་དོག་བསྒྱུར་བ་གསུམ་པོ་གང་ཡང་རུང་བ་མ་བསྒྱུར་ན་ཞེས་བྱ་བ་ནི་ཁ་དོག་མ་བསྒྱུར་ནའོ། །གོས་གསར་པ་གྱོན་ན་ཞེས་བྱ་བ་ནི་བགོས་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་
ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཁ་དོག་བསྒྱུར་བ་གསུམ་པོ་གང་ཡང་རུང་བའི་ཁ་དོག་མ་བསྒྱུར་བའི་གོས་གསར་པ་གྱོན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ཐ་ན་ལྷུང་བཟེད་ཀྱི་སྣོད་ཙམ་མ་བསྒྱུར་ན་ཡང་ཉེས་བྱས་སོ། །ལྟུང་བྱེད་ལྔ་པའི་
དང་པོ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཡངས་པ་ཅན་དུ་དྲུག་སྡེ་རྣམས་ལ་བརྟེན་ནས་ལེན་པའི་བསླབ་པའི་གཞི་བཅའ་བ་མཛད་ལ།
མཉན་ཡོད་དུ་ནི་ཀུན་དགའ་བོ་ལ་བརྟེན་ནས་རྗེས་སུ་གནང་ངོ་། །དེ་ནས་བཅུ་གཉིས་སྡེ་དེ་དག་གིས་ཀུན་དགའི་ར་བར་གཏོགས་པའམ། ཀུན་དགའི་ར་བར་མ་གཏོགས་པ་ན་རིན་པོ་ཆེའམ། རིན་པོ་ཆེར་སྨོས་པ་དག་འདུག་པ་རང་གི་ལག་གིས་ལེན་པར་བྱེད།
ལེན་དུ་འཇུག་པར་བྱེད་ཅིང་གང་གི་ཡིན་པ་དེ་ལ་ཡང་སྦྱིན་པར་མི་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་

དུ་མཛད་དེ། ཡང་དགེ་སློང་མ་གང་རིན་པོ་ཆེ་འམ། རིན་པོ་ཆེར་སྨོས་པ་རང་གི་ལག་གིས་ལེན་ཏམ། ལེན་དུ་འཇུག་ན་ཀུན་དགའི་ར་བར་གཏོགས་པ་ན་འདུག་པ་འམ། གནས་ཁང་དུ་གཏོགས་པ་ན་འདུག་པ་མ་གཏོགས་ཏེ་ལྟུང་བྱེད་དོ། །དགེ་སློང་མ་གང་ཞིག་གིས་ཀུན་དགའི་ར་བར་
གཏོགས་པའམ། གནས་ཁང་དུ་གཏོགས་པ་ན་རིན་པོ་ཆེའམ། རིན་པོ་ཆེར་སྨོས་པ་འདུག་ན་འདི་སྙམ་དུ། འདི་སུའི་ཡིན་པ་དེ་ཉིད་ལེན་པར་འགྱུར་གྲང་ཞེས་བསམས་ནས་བླང་བར་བྱ་སྟེ། དེ་ལ་ཆོ་ག་ནི་དེ་ཡིན་ནོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་
གོ། །རིན་པོ་ཆེ་འམ་རིན་པོ་ཆེར་སྨོས་པ་ནི་གཡུལ་ངོར་སྤྱད་པའི་ཡོ་བྱད་ཐམས་ཅད་དང་། སྐྱེད་མོས་ཚལ་གྱི་ཡོ་བྱད་ཐམས་ཅད་དོ། །ལེན་ན་ཞེས་བྱ་བ་ནི་རང་གིས་སོ། །ལེན་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ། །ཀུན་དགའི་ར་བར་གཏོགས་པ་ན་འདུག་པ་ནི་
སྐྱེད་མོས་ཚལ་ན་འདུག་པའོ། །གནས་ཁང་དུ་གཏོགས་པ་ན་འདུག་པ་མ་གཏོགས་ཏེ་ཞེས་བྱ་བ་ནི་གཙུག་ལག་ཁང་གི་ནང་ནའོ། །དེས་འདི་སྙམ་དུ་འདི་སུའི་ཡིན་པ་དེ་ཉིད་ལེན་པར་འགྱུར་གྲང་ཞེས་དེ་ཉིད་རྐྱེན་དུ་བྱས་ནས་བླང་བར་བྱའོ། །ཞེས་བྱ་བ་ནི་དེ་ཉིད་
རྗེས་སུ་མཐུན་པར་བྱས་པའི་ཆོས་ཡིན་ནོ། །དུས་མ་གཏོགས་ཏེ་ཞེས་བྱ་བ་ནི་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་ནོར་བུ་ལེན་པར་བྱེད་ན་མིག་ཕུག་པ་ལེན་ན་ལྟུང་བྱེད་དོ། །མིག་མ་
ཕུག་པ་ལེན་ན་ཉེས་བྱས་སོ། །ནོར་བུ་ལ་ཇི་ལྟ་བ་དེ་བཞིན་དུ་མུ་ཏིག་དང་། རྡོ་རྗེ་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། དངུལ་དང་། རིན་པོ་ཆེ་དང་། དམར་པོ་དང་། དུང་གཡས་སུ་འཁྱིལ་པ་ཕུག་པ་ལེན་ན་ལྟུང་བྱེད་དོ། །མ་ཕུག་
པ་ལེན་ན་ཉེས་བྱས་སོ། །ཐ་ན་ནོར་བུ་མཆིང་བུ་ལེན་ན་ཡང་ཉེས་བྱས་སོ། །མགུལ་གདུབ་ལེན་ན་ལྟུང་བྱེད་དོ། །དེ་བཞིན་དུ་གདུ་བུ་རྒྱན་ཅན་དང་དཔུང་རྒྱན་དང་། དོ་ཤལ་དང་། སེ་མོ་དོ་ལ་སོགས་པ་ལ་ཡང་ལྟུང་བྱེད་དོ། །ཐ་ན་ནོར་བུ་དོ་ཟན་ལེན་ན་ཡང་

ཉེས་བྱས་སོ་ཞེས་བྱ་བའི་བར་རོ། །དགེ་སློང་མས་དངུལ་གྱི་ནོར་བུ་ལེན་ན་མངོན་མཚན་ཅན་ཡིན་ན་ལྟུང་བྱེད་དོ། །མངོན་མཚན་ཅན་མ་ཡིན་ན་ཉེས་བྱས་སོ། །ཐ་ན་ཀོ་ལྷམ་བཅོས་བུ་ལེན་ན་ཡང་ཉེས་བྱས་སོ། །དགེ་སློང་མས་པི་བང་རྒྱུད་དང་ཆས་པ་ལེན་ན་
ལྟུང་བྱེད་དོ། །རྒྱུད་མེད་པ་ལེན་ན་ཉེས་བྱས་སོ། །དེ་བཞིན་དུ་བཱ་བ་བྷི་ས་ཀ་དང་། པི་བང་རྒྱུད་གཅིག་པ་དང་། ཁར་རྔ་དང་། རྔ་བོ་ཆེ་དང་། རྫ་རྔ་དང་། རྔ་པ་ཊ་ཧ་ལ་སོགས་པ་རྒྱུད་དང་ཆས་པ་ལེན་ན་ལྟུང་བྱེད་དོ། །རྒྱུད་མེད་པ་ལེན་ན་ཉེས་བྱས་སོ། །ཐ་
ན་རྩྭ་ལས་བྱས་པའི་པི་བང་རྒྱུད་དང་ཆས་པ་ལེན་ན་ལྟུང་བྱེད་དོ། །རྒྱུད་མེད་པ་ལེན་ན་ཉེས་བྱས་སོ། །དེ་བཞིན་དུ་རྡོ་རྗེ་རྩེ་གཅིག་པ་དང་། འཁོར་ལོ་དང་། མཚོན་རྩེ་གཅིག་པ་དང་། རལ་གྲི་དང་། མདུང་ཐུང་དང་། མདའ་བོ་ཆེ་དང་། མདུང་དང་། མདུང་
ཕྱེད་ལྕགས་ལས་བྱས་པ་དང་། ལྕགས་མདའ་དང་། མདའ་ཕྱེད་ལྕགས་ལས་བྱས་པ་འཕང་དུ་རུང་བ་ལེན་ན་ལྟུང་བྱེད་དོ། །འཕང་དུ་མི་རུང་བ་ལེན་ན་ཉེས་བྱས་སོ། །དགེ་སློང་མས་མདའ་མདེའུ་དང་བཅས་པ་ལེན་ན་ལྟུང་བྱེད་དོ། །མདེའུ་མེད་པ་ལེན་ན་
ཉེས་བྱས་སོ། །ཐ་ན་རྩྭའི་གཞུ་ལེན་ན་ཡང་ཉེས་བྱས་སོ། །དགེ་སློང་མས་སངས་རྒྱས་ཀྱི་སྐུ་གཟུགས་བརྙན་རིང་བསྲེལ་དང་བཅས་པ་ལེན་ན་ལྟུང་བྱེད་དོ། །རིང་བསྲེལ་མེད་པ་ཡིན་ན་ཉེས་བྱས་སོ། །གལ་ཏེ་སྟོན་པ་ལ་མཆོད་པའི་འདུ་ཤེས་ཀྱིས་ལེན་པར་
བྱེད་ཅིང་། དགེ་ཚུལ་མ་འམ་རུང་བར་བྱེད་པའི་ལག་ཏུ་བཞག་པ་ལ་ནི་ལྟུང་བ་མེད་དོ།། །།བར་སྡོམ་ནི། ནོར་བུ་མགུལ་གདུབ་པི་བང་དང་། །དུང་དང་གཞུ་དང་མདའ་དག་དང་། །རིང་བསྲེལ་བཅས་པའི་སྐུ་གཟུགས་ཏེ། །འདིར་ནི་ཡང་དག་བསྡུས་པ་
ཡིན། །ལྟུང་བྱེད་ལྔ་པའི་གཉིས་པ་རྫོགས་སྷོ།། །།གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ། །དེའི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་དཀའ་ཐུབ་ཀྱི་ཆུ་གྲང་བ་ན་དྲོ་བར་ཚོར་བ་དང་། དྲོ་བ་ན་བསིལ་བར་ཚོར་བ་གསུམ་ཡོད་དེ། གཅིག་ལ་ནི་རྒྱལ་པོ་རང་ཉིད་ཁྲུས་

བྱེད་དོ། །གཉིས་པར་ནི་བཙུན་མོའོ། །གསུམ་པར་ནི་འཇིག་རྟེན་ཐམས་ཅད་ཀྱི་ཐུན་མོང་ངོ་། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་བསམས་པ། བདག་གིས་བཅོམ་ལྡན་འདས་དང་། ཉན་ཐོས་ཀྱི་དགེ་འདུན་ལ་ཐམས་ཅད་དུ་ཡོ་
བྱད་ཐམས་ཅད་ཀྱིས་བཀུར་སྟི་མང་དུ་ནི་བྱས་ན་དཀའ་ཐུབ་ཀྱི་ཆུའི་ཁྲུས་ཀྱིས་མ་བྱས་ཀྱིས། མ་ལ་བདག་གིས་བཅོམ་ལྡན་འདས་དང་། དགེ་སློང་དང་། དགེ་སློང་མ་རྣམས་ལ་དཀའ་ཐུབ་ཀྱི་ཆུ་གཉིས་ཅི་བདེར་དབུལ་ལོ་སྙམ་དུ་བསམས་ནས། རྒྱལ་པོ་གཟུགས་
ཅན་སྙིང་པོ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་ཆོས་དང་
ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད་ཅེས་བྱ་བ་ནས། སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་
ཉན་ཐོས་མའི་དགེ་འདུན་དང་ཐབས་ཅིག་ལ་བདག་དཀའ་ཐུབ་ཀྱི་ཆབ་གཉིས་འབུལ་ཏེ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཁྲུས་བགྱིད་པ་གང་ལགས་པ་དེར་ནི། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཁྲུས་མཛད་པར་གསོལ། གང་
དུ་མཆིས་འབྲང་འཁོར་དང་བཅས་པ་ཁྲུས་བགྱིད་པ་དེར་ནི་དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན་ཅི་བདེར་ཁྲུས་བགྱི་ཞིང་བཞེས་སུ་གསོལ། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལས་འདི་ལྟ་སྟེ། དཀའ་ཐུབ་ཀྱི་ཆུའི་
ཁྲུས་བཞེས་པར་གནང་ངོ་། །དེ་ནས་ཇི་ཙམ་ན་རྒྱལ་པོ་ཞེས་བྱ་བ་ནས་སོང་ངོ་ཞེས་བྱ་བའི་བར་རོ། །དེ་ནས་བཅུ་གཉིས་སྡེ་རྣམས་ཀྱིས་བཅོམ་ལྡན་འདས་རྒྱལ་པོ་གཟུགས་ཅན་སྙིང་པོས་དཀའ་ཐུབ་ཀྱི་ཆུའི་ཁྲུས་ལ་སྤྱན་དྲངས་པ་ལས། བཅོམ་ལྡན་འདས་ཀྱིས་ཀྱང་

གནང་ངོ་ཞེས་ཐོས་སོ། །ཐོས་ནས་བཅུ་གཉིས་སྡེ་དེ་རྣམས་རྒྱལ་པོ་གཟུགས་ཅན་སྙིང་པོའི་བཙུན་མོའི་ཁྲུས་བྱེད་པའི་དཀའ་ཐུབ་ཀྱི་ཆུ་གང་ན་བ་དེར་ཁྲུས་ཀྱི་ཕྱིར་དོང་ངོ་། །དེའི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོའི་བཙུན་མོ་ཁྲུས་བྱེད་པར་འདོད་ནས་དེ་དཀའ་ཐུབ་ཀྱི་ཆུ་
གང་ན་བ་དེར་སོང་བ་ན་ཞེས་བྱ་བ་ནས། བཅུ་གཉིས་སྡེ་རྣམས་ལས་སྐབས་མ་རྙེད་དོ་ཞེས་བྱ་བའི་བར་རོ། །དེ་ནས་དགེ་སློང་མ་རྣམས་ཀྱི་མདུན་དུ་སྨོད་པར་བྱེད་པ་ན་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། དེ་ལྟ་བས་ན་ཁྲུས་མི་བྱའོ། །དེ་རྣམས་ཁྲུས་མ་བྱས་པས་ལུས་ཤིན་ཏུ་དྲི་མི་ཞིམ་ཞིང་བསོད་སྙོམས་ལ་ཞུགས་པ་ན་ཁྱིམ་པ་མོ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །དྲི་ངན་པ་ཞིག་མནམ་ལགས་སོ། །དགེ་སློང་མ་དྲང་པོ་དྲང་བའི་རང་བཞིན་
ཅན་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །དྲི་ངན་པ་དེ་ནི་ཁོ་མོ་ཅག་གི་ལུས་ཀྱི་ཡིན་ནོ། །དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །ཁྱེད་ཅག་གིས་ཁྲུས་མ་བགྱིས་སམ། དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་ཁྲུས་མི་བྱའོ་ཞེས་དགག་པ་
མཛད་དོ། །ཞེས་བྱ་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་བྱའོ། །དེ་ནས་ཚ་བས་གདུངས་ནས་ཞེས་བྱ་བ་ནས། ཟླ་བ་ཕྱེད་དང་གསུམ་ནི་
ཚ་བའི་དུས་སོ་ཞེས་བྱ་སྟེ། ཁྲུས་བྱའོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་ན་བ་དུས་སོ་ཞེས་བྱིན་གྱིས་བརླབས་ཏེ་ཁྲུས་བྱའོ། །དེ་བཞིན་དུ་ལས་དུས་སོ། །ལམ་དུས་སོ། །རླུང་དང་ཆར་པ་དུས་སོ་ཞེས་བྱིན་གྱིས་བརླབས་ཏེ་ཁྲུས་བྱའོ། །དེ་ནས་བཅུ་གཉིས་
སྡེ་དེ་རྣམས་ཚ་བ་དུས་སོ། །ཞེས་བྱས་ནས་དུས་ཐམས་ཅད་དུ་ཁྲུས་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་

བའི་བར་དུ་མཛད་དེ། བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་བྱའོ་ཞེས་གསུངས་པ་དེ་ལས་འདུམས་པར་བྱེད་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །དེ་ལ་དུས་ནི་འདི་ཡིན་ཏེ། སོ་ག་རྣམས་ཀྱི་ཟླ་བ་ཕྱེད་དང་གཉིས་དང་། དབྱར་རྣམས་
ཀྱི་ཟླ་བ་དང་པོ་དང་། ཟླ་བ་ཕྱེད་དང་གསུམ་པོ་དེ་དག་ནི་ཚ་བའི་དུས་སོ། །ལྷག་མ་ནི་ན་བ་དུས་སོ། །ལས་དུས་སོ། །ལམ་དུས་སོ། །རླུང་དུས་སོ། །ཆར་དུས་སོ། །རྫི་ཆར་དུས་ཏེ། དེ་ལ་དེ་ནི་དུས་ཡིན་ནོ། །ཟླ་བ་ཕྱེད་ཅིང་ཞེས་བྱ་བ་ནི་ཟླ་བའི་ངོ་ཕྱེད་ཅིང་
ངོ་། །ཁྲུས་ཞེས་བྱ་བ་ལ་ཁྲུས་ནི་རྣམ་པ་གཉིས་ཏེ། དབང་བསྐུར་བའི་ཁྲུས་དང་། འཇུག་པའི་ཁྲུས་སོ། །དུས་མ་གཏོགས་ཏེ་ཞེས་བྱ་བ་ནི་དུས་བཞག་སྟེའོ། །དེ་ལ་དེ་ནི་དུས་ཡིན་ནོ་ཞེས་བྱ་བ་ནི་སོ་ག་རྣམས་ཀྱི་ལྷག་མ་ཟླ་བ་ཕྱེད་དང་གཉིས་དང་། དབྱར་རྣམས་
ཀྱི་དང་པོ་ཞེས་བྱ་བ་ནི་ཐོག་མའི་ཟླ་བ་སྟེ་དབྱར་ཟླ་ར་བ་དང་། ཟླ་བ་ཕྱེད་དང་གསུམ་པོ་འདི་དག་ནི་ཚ་བའི་དུས་སོ། །ལྷག་མ་ནི་ན་བའི་དུས་སོ། །ཞེས་བྱ་བ་ནི་ཁྲུས་མ་བྱས་ན་ན་བར་འགྱུར་བའོ། །ལས་དུས་སོ་ཞེས་བྱས་ཏེ་ཁྲུས་བྱའོ་ཞེས་བྱ་བ་ནི་ལས་དག་བྱས་
པས་དེ་དག་དུབ་པར་གྱུར་པའོ། །ལམ་དུས་སོ་ཞེས་བྱས་ཏེ་ཁྲུས་བྱའོ་ཞེས་བྱ་བ་ནི་དཔག་ཚད་ཕྱེད་དམ་དཔག་ཚད་གཅིག་གི་ལམ་ནས་འོངས་པས་དེ་དག་དུབ་པར་གྱུར་པའོ། །རླུང་དུས་སོ་ཞེས་བྱས་ཏེ་ཁྲུས་བྱའོ་ཞེས་བྱ་བ་ནི་རླུང་གིས་དཀྲུགས་པར་གྱུར་པ་སྟེ།
ཐ་ན་ཆོས་གོས་ཀྱི་གྲྭ་ཙམ་རླུང་གིས་བསྒུལ་བར་གྱུར་པའོ། །ཆར་དུས་སོ་ཞེས་བྱས་ཏེ་ཁྲུས་བྱའོ་ཞེས་བྱ་བ་ནི་ཆར་གྱི་ཐིགས་པ་གཉིས་སམ་གསུམ་ལུས་ལ་བབ་པར་གྱུར་པ་ནི་ཆར་གྱི་དུས་ཡིན་ནོ། །རྫི་ཆར་དུས་སོ་ཞེས་བྱས་ཏེ་ཁྲུས་བྱའོ་ཞེས་བྱ་བ་ནི་དེ་རླུང་གིས་ཀྱང་
བསྒུལ་ལ་ཆར་གྱི་ཐིགས་པ་གཉིས་སམ་གསུམ་ཡང་ལུས་ལ་བབ་པར་གྱུར་པའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་དབང་བསྐུར་བའི་ཁྲུས་ཀྱིས་ཁྲུས་བྱེད་ན། དེས་དུས་བྱིན་གྱིས་བརླབ་པར་བྱའོ། །

བྱིན་གྱིས་མ་བརླབས་ན་ཇི་སྲིད་དུ་ཆུ་ལྟེ་བར་སོན་གྱི་བར་དུ་ནི་ཉེས་བྱས་སོ། །ཆུ་ལྟེ་བ་ལས་འདས་ན་ལྟུང་བྱེད་དོ། །དགེ་སློང་མས་འཇུག་པའི་ཁྲུས་ཀྱིས་ཁྲུས་བྱེད་ན་དེས་དུས་བྱིན་གྱིས་བརླབ་པར་བྱའོ། །བྱིན་གྱིས་མ་བརླབས་ན་ཇི་སྲིད་དུ་ཆུ་ལྟེ་བར་སོན་གྱི་བར་དུ་
ཉེས་བྱས་སོ། །ཆུ་ལྟེ་བ་ལས་འདས་ན་ལྟུང་བྱེད་དོ། །དེ་བཞིན་དུ་དབང་བསྐུར་བའི་ཁྲུས་ཀྱིས་ཁྲུས་བྱས་ནས་འཇུག་པའི་ཁྲུས་འདོད་ན་དུས་གཞན་བྱིན་གྱིས་བརླབ་པར་བྱའོ། །བྱིན་གྱིས་མ་བརླབས་ན་ཇི་སྲིད་དུ་ཆུ་ལྟེ་བར་སོན་གྱི་བར་དུ་ཉེས་བྱས་སོ། །འདས་ན་ལྟུང་བྱེད་དོ། །
དེ་བཞིན་དུ་འཇུག་པའི་ཁྲུས་ཀྱིས་ཁྲུས་བྱས་ནས་དབང་བསྐུར་བའི་ཁྲུས་ཀྱིས་ཁྲུས་བྱེད་པར་འདོད་ན། དེ་ཡང་ཞེས་བྱ་བ་ནས་ཇི་སྲིད་དུ་ཆུས་ལྟེ་བར་སོན་གྱི་བར་དུ་ནི་ཉེས་བྱས་སོ། །འདས་ན་ལྟུང་བྱེད་དོ། །དེ་བཞིན་དུ་དྲོན་མོའི་ཁྲུས་བྱས་ནས་བསིལ་བའི་ཁྲུས་འདོད་ན། དེ་ཡང་
ཞེས་བྱ་བ་ནས་ཉེས་བྱས་སོ། །འདས་ན་ལྟུང་བྱེད་དོ། །དེ་བཞིན་དུ་བསིལ་བའི་ཁྲུས་བྱས་ནས་དྲོན་མོའི་ཁྲུས་འདོད་ན། དེ་ཡང་ཞེས་བྱ་བ་ནས་ཉེས་བྱས་སོ། །འདས་ན་ལྟུང་བྱེད་དོ། །དེ་བཞིན་དུ་གལ་ཏེ་ཁྲུས་དེ་ཉིད་ཀྱིས་ཡང་བྱེད་པར་འདོད་ན་དེ་སྲིད་དུ་དུས་གཞན་བྱིན་གྱིས་
བརླབ་པར་བྱའོ། །གལ་ཏེ་བརྒྱལ་བ་ལ་ཆུས་གཏོར་བ་དང་། རྒལ་ཏེ་འགྲོ་བ་དང་། མཆོངས་པ་ན་ཆུར་ལྟུང་བ་དང་། ཆུ་བོ་རྒལ་བའམ། མཚོ་ཆེན་པོ་རྒལ་བ་ན་ཆུར་ནུབ་པ་ལ་ནི་ལྟུང་བ་མེད་དོ། །ལྟུང་བྱེད་ལྔ་པའི་གསུམ་པ་རྫོགས་སྷོ།། །།གླེང་གཞི་
ནི་མཉན་ཡོད་ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་འཆར་ཀ་ལ་བརྟེན་ཏེ་ཆེད་དུ་བསམས་པའི་དུད་འགྲོའི་སྐྱེ་གནས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་བཅུ་གཉིས་སྡེ་དེ་དག་གིས་ཆེད་དུ་བསམས་པ་དང་། ཆེད་དུ་མ་བསམས་པར་དུད་
འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་རྣམས་ཀྱི་སྲོག་གཅོད་པར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་

བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཆེད་དུ་བསམས་ཏེ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་ཀྱི་སྲོག་གཅོད་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། །ཆེད་དུ་བསམས་ནས་ཞེས་བྱ་བ་
ནི་རྣམ་པར་བརྟགས་ནས་སོ། །དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ཞེས་བྱ་བ་ནི་ཐ་ན་གྲོག་སྦུར་ཙམ་ཡང་ངོ་། །སྲོག་གཅོད་ན་ཞེས་བྱ་བ་ནི་དེའི་སྲོག་ལ་གནོད་པ་བྱེད་པའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་
སློང་མས་ཇི་ཙམ་ཅུང་ཟད་ཆེད་དུ་བསམས་ཏེ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་ཀྱི་སྲོག་བཅད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་ལྔ་པའི་བཞི་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་བཅུ་གཉིས་སྡེ་རྣམས་
ཀྱིས་ཆེད་དུ་བསམས་བཞིན་དུ་དགེ་སློང་མ་རྣམས་ལ་འགྱོད་པ་སྐྱེད་པར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་
བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཆེད་དུ་བསམས་ཏེ་དགེ་སློང་མ་ལ་ཅི་ནས་ཀྱང་འདི་ཡུད་ཙམ་ཞིག་ཀྱང་རེག་པར་མི་འགྱུར་བར་བྱའོ་ཞེས་དེ་ཉིད་རྐྱེན་དུ་བྱས་ཏེ་དགེ་སློང་མ་ལ་འགྱོད་པ་སྐྱེད་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། །
ཆེད་དུ་བསམས་ཏེ་ཞེས་བྱ་བ་ནི་རྣམ་པར་བརྟགས་ནས་སོ། །འགྱོད་པ་སྐྱེད་ན་ཞེས་བྱ་བ་ནི་འགྱོད་པ་བསྐྱེད་པའི་བསམ་པ་ཅན་གྱི་ངག་དང་། ཚིག་དང་། བརྗོད་པ་དང་ཞེས་བྱ་བ་ནས། ངག་གི་རྣམ་པར་རིག་བྱེད་ཅེས་བྱ་བའི་བར་གང་ཡིན་པའོ། །ལྟུང་བྱེད་དོ་
ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཆེད་དུ་བསམས་ཏེ་འགྱོད་པ་བསྐྱེད་པའི་བསམ་པས་དགེ་སློང་མའི་དྲུང་དུ་སོང་སྟེ། འདི་སྐད་ཅེས་ཕུ་ནུ་མོ་རྒྱལ་པོ་ཆེ་གེ་མོའམ། ཚོང་དཔོན་ཆེ་གེ་མོའམ། ས་གཡོས་པའམ། ཟླ་

བ་གཟས་ཟིན་པའམ། ཉི་མ་གཟས་ཟིན་པའམ། ཕྱོགས་ཚིག་པ་དྲན་ནམ་ཞེས་དྲིས་པ་ན། དེ་འདི་སྐད་ཅེས་མི་དྲན་ནོ་ཞེས་ཟེར་བ་དང་། དེ་འདི་སྐད་ཅེས་དུས་སྔར་བྱུང་བ་ཡིན་པས་ཕུ་ནུ་མོ་ཁྱོད་ནི་ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་གྱུར་ཏེ། ཕུ་ནུ་མོ་ཁྱོད་བསྙེན་པར་རྫོགས་
པ་མ་ཡིན་པས་སླར་ཡང་བསྙེན་པར་རྫོགས་དགོས་སོ་ཞེས་སྨྲས་ན། དགེ་སློང་མ་འགྱོད་པ་སྐྱེས་ཀྱང་རུང་མ་སྐྱེས་ཀྱང་རུང་འགྱོད་པ་སྐྱེད་པ་གང་ཡིན་པ་དེ་ལ་ལྟུང་བྱེད་དུ་འགྱུར་རོ། །དེ་བཞིན་དུ་ཕུ་ནུ་མོ་ཁྱོད་ཀྱི་མཁན་མོ་སུ་ཡིན། དེ་འདི་སྐད་ཅེས་ཆེ་གེ་མོ་
ཡིན་ནོ་ཞེས་ཟེར་བ་ན་དེ་འདི་སྐད་ཅེས་དགེ་སློང་མ་ཆེ་གེ་མོ་ཞེས་བྱ་བ་དེ་ནི་དགེ་འདུན་གྱིས་གནས་ནས་དབྱུང་བའི་ཕྲིན་ལས་མཛད་པ་ཡིན་ནོ་ཞེས་སྨྲས་ན། དགེ་སློང་མ་དེ་འགྱོད་པ་སྐྱེས་ཀྱང་རུང་། མ་སྐྱེས་ཀྱང་རུང་ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དེ་
བཞིན་དུ་ཚུལ་ཁྲིམས་འཆལ་པ་ཡིན་ནོ་ཞེས་ཟེར་ན་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་ཕུ་ནུ་མོ་གནས་གང་དུ་བསྙེན་པར་རྫོགས། དེ་འདི་སྐད་ཅེས་གནས་ནི་ག་གེ་མོ་ཞིག་ཏུ་བསྙེན་པར་རྫོགས་སོ་ཞེས་ཟེར་བ་ན། དེ་འདི་སྐད་ཅེས་གནས་དེ་ནི་མཚམས་
མ་བཅད་པ། དེ་ནི་དཀྱིལ་འཁོར་བར་མི་མངོན་པ། མི་མཐུན་པ་འཁྲུགས་པས་ཁྱོད་བསྙེན་པར་རྫོགས་ཀྱི་མཐུན་པས་མ་ཡིན་པས་ཕུ་ནུ་མོ་ཁྱོད་ནི་བསྙེན་པར་མ་རྫོགས་པ་ཡིན་གྱིས་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་ཕུ་ནུ་
མོ་མཁན་མོ་དང་། སློབ་དཔོན་གྱི་གོས་དག་ལེན་ནམ། དེ་འདི་སྐད་ཅེས་ལེན་ནོ་ཞེས་ཟེར་བ་ན་དེ་འདི་སྐད་ཅེས་ཁྱོད་ནི་ཕས་ཕམ་པར་འགྱུར་བའི་ལྟུང་བ་བྱུང་བ་ཡིན་ནོ་ཞེས་སྨྲས་ན་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་ཕུ་ནུ་མོ་འདུ་བྱེད་ཐམས་ཅད་མི་རྟག་པ་དང་།
ཆོས་ཐམས་ཅད་བདག་མེད་པ་དང་། མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་རབ་ཏུ་སྟོན་ཏམ་དེ་འདི་སྐད་ཅེས་རབ་ཏུ་སྟོན་ཏོ་ཞེས་ཟེར་བ་ན། དེ་འདི་སྐད་ཅེས་ཁྱོད་ཀྱིས་མིའི་ཆོས་བླ་མ་སྨྲས་པས་ཁྱོད་ཕས་ཕམ་པར་འགྱུར་བའི་ལྟུང་བ་བྱུང་བ་ཡིན་ནོ་ཞེས་ཟེར་བ་

ཡང་ངོ་། །དེ་བཞིན་དུ་ཕུ་ནུ་མོ་ཕྱོགས་ག་གེ་མོ་ཞིག་ཏུ་འགྲོའམ། དེ་འདི་སྐད་ཅེས་འགྲོའོ་ཞེས་ཟེར་བ་ན་དེ་འདི་སྐད་ཅེས་གཏུམ་པོ་རྣམས་ཀྱིས་གནས་བཏབ་པའི་ཕྱོགས་ཡིན་པས། ཁྱོད་ཕས་ཕམ་པར་འགྱུར་བའི་ལྟུང་བ་བྱུང་བར་འགྱུར་དུ་འོང་ངོ་། །
ཞེས་སྨྲས་ནས་ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་ཕུ་ནུ་མོ་ཤ་དང་། ཉ་དང་། ཤ་སྐམ་དང་། ཆུར་བ་དང་། འོ་མ་དང་། ཞོ་དང་། མར་སར་ཟའམ། དེས་འདི་སྐད་ཅེས་ཟའོ་ཞེས་སྨྲས་པ་ན། དེ་འདི་སྐད་ཅེས་ཁྱོད་ཁ་ཟས་དེ་
ལྟ་བུ་ཟ་ན་མཛེ་དང་། འབྲུམ་བུ་ཕྲ་མོ་དང་། ཤ་བཀྲ་དང་། ཤ་གཟིག་གུ་དང་། ཤུ་བ་དང་། གཡའ་བ་དང་། ཁྱི་རྔོ་དང་། སྐྱུག་བྲོ་བ་དང་། སྐྱ་རྦབ་དང་། སྐེམ་ནད་དང་། ལུད་པ་དང་། དབུགས་མི་བདེ་བ་དང་། སྐེམ་པ་སྟེ། ནད་ཀྱི་རྣམ་པ་དེ་ལྟ་བུ་
དག་ཁྱོད་ལ་འབྱུང་བར་འགྱུར་རོ་ཞེས་སྨྲས་ན་དགེ་སློང་མ་འགྱོད་པར་གྱུར་ཀྱང་རུང་། མ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་རོ། །དོན་གཞན་དང་འདུལ་བའི་ཡོ་བྱད་ཀྱིས་ནི་ལྟུང་བ་མེད་དོ། །དེ་ལ་དོན་གཞན་ཞེས་བྱ་བ་ནི་ཕུ་ནུ་མོ་རྒྱལ་པོ་ཆེ་གེ་མོ་དྲན་ནམ། དེ་འདི་སྐད་ཅེས་
དྲན་ནོ་ཞེས་ཟེར་ན། དེ་འདི་སྐད་ཅེས་རྒྱལ་པོ་དེ་ནི་ཡུན་རིང་མོ་ཞིག་ལོན་པས་ཕུ་ནུ་མོ་ཁྱོད་ལོ་ཉི་ཤུ་ཚང་ཞིང་། ལེགས་པར་བསྙེན་པར་རྫོགས་པ་ཡིན་གྱིས་ཁྱོད་ལ་སུས་ཅི་སྨྲས་ཀྱང་འགྱོད་པར་མ་བྱེད་ཅིག་ཅེས་བྱ་བ་དང་། དེ་བཞིན་དུ་ཕྱོགས་ཚིག་པ་དང་ཞེས་
བྱ་བ་ནས། དེ་བཞིན་དུ་ཁྱོད་ཀྱིས་མཁན་མོ་ནི་ཚུལ་ཁྲིམས་དང་ལྡན་པ་མང་དུ་ཐོས་པ་ཡིན་ནོ་ཞེས་བྱ་བ་དང་། ཁྱོད་བསྙེན་པར་རྫོགས་པའི་གནས་ནི་མཚམས་བཅད་པ་དེ་ནི་དཀྱིལ་འཁོར་བར་མངོན་པ་ཡིན་ནོ་ཞེས་བྱ་བ་དང་། ཁྱོད་ཀྱིས་ལྷག་པར་ཉའམ།
ཤའམ་ཞེས་བྱ་བ་ནས། མར་སར་གྱི་བར་དག་མ་ཟོས་གྲང་། ཁྱོད་ན་བར་འགྱུར་དུ་འོང་ངོ་ཞེས་བྱ་བ་སྟེ། དེ་ལྟ་བུ་ནི་དོན་གཞན་ཡིན་ནོ། །འདུལ་བའི་ཡོ་བྱད་ཇི་ལྟ་བུ་ཞེ་ན། ཕུ་ནུ་མོ་ཁྱོད་ཀྱིས་རྐུ་སེམས་ཀྱིས་མཁན་མོ་དང་། སློབ་དཔོན་དག་གི་གོས་

བླངས་པར་མ་གྱུར་གྲང་ཞེས་བྱ་བ་དང་། ལྟུང་བ་དང་བཅས་པར་མ་གྱུར་གྲང་ཞེས་བྱ་བ་དང་། ཁྱོད་མིའི་ཆོས་བླ་མའི་གཏམ་སྨྲ་བའི་བསམ་པས་གཏམ་མ་སྨྲས་གྲང་ཞེས་བྱ་བ་དང་། ཁྱོད་གནས་དེར་མ་སོང་ངམ། ཁྱོད་ཚངས་པ་མཚུངས་པར་སྤྱོད་པ་
རྣམས་དང་མི་མཐུན་པར་མ་གྱུར་གྲང་། མི་འགྱུར་གྲང་ཞེས་བྱ་བ་སྟེ། དེ་ལྟ་བུ་ནི་འདུལ་བའི་ཡོ་བྱད་ཡིན་ནོ།། །།བར་སྡོམ་ནི། རིགས་དང་བསྙེན་པར་རྫོགས་པ་དང་། །མཁན་མོ་ཉིད་དང་དེ་འཕྲོག་དང་། །འགྲོ་བ་དང་ནི་སྨྲ་བ་དང་། །དོན་ཉིད་
དང་ནི་འདུལ་བའོ། །ལྟུང་བྱེད་ལྔ་པའི་ལྔ་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་བཅུ་གཉིས་སྡེ་རྣམས་དགོད་པའི་བསམ་པས་སོར་མོས་དགེ་སློང་མ་རྣམས་ཀྱི་མཆན་ཁུང་དག་ཏུ་འཛུགས་ཤིང་ག་ག་ཚིལ་བྱེད་པ་ན་དོན་ཉུང་
བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། སོར་མོས་ག་ག་ཚིལ་བྱེད་ན་ལྟུང་བྱེད་དོ། །སོར་མོ་ཞེས་བྱ་བ་ནི་ག་
ག་ཚིལ་བྱ་བའི་བསམ་པ་ཅན་གྱི་གང་ཡིན་པའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་སོར་མོ་གཅིག་གིས་ག་ག་ཚིལ་བྱེད་ན་ལྟུང་བྱེད་དོ། །དེ་བཞིན་དུ་གཉིས་དང་། ལྔའི་བར་གྱིས་བྱེད་ན་ལྟུང་
བྱེད་ལྔའོ། །གལ་ཏེ་སྨེ་བའམ་ནག་ནོག་སྟོན་ན་ལྟུང་བ་མེད་དོ། །ལྟུང་བྱེད་ལྔ་པའི་དྲུག་པ་རྫོགས་སྷོ།། །།གླེང་གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་བཅུ་བདུན་སྡེ་རྣམས་ལ་བརྟེན་ཏེ། ཆུ་ལ་རྩེ་བའི་བསླབ་པའི་གཞི་བཅའ་
བར་མཛད་པ་དང་། དེ་ནས་བཅུ་གཉིས་སྡེ་དེ་དག་ཆུར་ཞུགས་ནས་རྩེ་བར་བྱེད། རྩེར་འཇུག་པར་བྱེད་པ་དང་། དེ་དག་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །ཕུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བ་མ་མཛད་དམ།

དེ་དག་གིས་འདི་སྐད་ཅེས་དགེ་སློང་དག་ལ་ཡིན་གྱི། དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་
འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཆུ་ལ་རྩེ་ན་ལྟུང་བྱེད་དོ། །ཆུ་ལ་ཞེས་བྱ་བ་ནི་དགེ་སློང་མས་རྩེ་བའི་བསམ་པ་ཅན་གྱི་ངག་དང་། ཚིག་དང་ཞེས་བྱ་བ་ནས་ངག་གི་རྣམ་པར་རིག་བྱེད་ཅེས་བྱ་བའི་བར་གང་ཡིན་པའོ། །ལྟུང་བྱེད་
དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། གཞི་དགུ་ལས་ཏེ་དགེ་སློང་མས་ཆུར་རྩེ་བའི་བསམ་པས་ཆུར་འཇུག་པར་འདོད་པ་དང་། རས་ཀྱིས་འཆིང་བ་དང་། ཆུར་འཇུག་པ་དང་། བྱིའུ་ཟུལ་བྱེད་ན་ལྟུང་བྱེད་དོ། །དེ་བཞིན་དུ་
སྟེང་དུ་འབྱུང་བར་བྱེད་པ་དང་། ཚུ་རོལ་གྱི་འགྲམ་ནས་ཕ་རོལ་གྱི་འགྲམ་དུ་འགྲོ་བ་དང་། རྒྱུན་ཕྱོགས་ནས་བཟློག་ཕྱོགས་སུ་རྩོལ་བར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ཆུ་ལ་རྔའི་སྒྲ་འབྱིན་ན་ལྟུང་བྱེད་དོ། །དེ་བཞིན་དུ་ཆུ་ལ་རྫ་རྔ་ཁ་གཅིག་པའི་བར་གྱི་སྒྲ་
འབྱིན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མས་ཆུ་ཕན་ཚུན་དུ་འཐོར་བར་བྱེད་ན་ལྟུང་བྱེད་དོ། །དགེ་སློང་མས་ཆུ་ལ་དགའ་བར་བྱེད་ན་ལྟུང་བྱེད་དོ། །དགའ་བར་བྱེད་དུ་འཇུག་ན་ལྟུང་བྱེད་དོ། །དེ་བཞིན་དུ་རྩེ་བ་དང་། རྩེར་འཇུག་པ་དང་། མགུ་
བར་བྱེད་པ་དང་། མགུ་བར་བྱེད་དུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །དེ་བཞིན་དུ་རྒོད་པ་དང་། འཕྱར་གཡེང་གིས་ལུས་ཀྱིས་སྙོགས་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ཐ་ན་བུམ་པའི་ཆུ་ལ་སོར་མོའི་བེམ་ཏོལ་གྱིས་རྡེག་ན་
ཡང་ཉེས་བྱས་སོ། །དེ་བཞིན་དུ་ཆུ་སྣོད་དང་། ཤ་ཁུ་དང་། འབྲས་ཁུ་དང་། ཐུག་པ་ཡང་ངོ་། །ནད་པས་རྩེ་བའི་བསམ་པས་ཐུག་པའམ། ཤ་ཁུ་ལ་བེམ་ཏོལ་གྱིས་རྡེག་པ་ལ་ནི་ལྟུང་བ་མེད་དོ། །ལྟུང་བྱེད་ལྔ་པའི་བདུན་པ་རྫོགས་སྷོ།། །།གླེང་

གཞི་ནི་མཉན་ཡོད་ནའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མ་འགགས་པ་ལ་བརྟེན་ཏེ་བུད་མེད་དང་གནས་གཅིག་ཏུ་ཉལ་བའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་བཅུ་གཉིས་སྡེ་རྣམས་སྐྱེས་པ་དག་དང་གནས་གཅིག་ཏུ་ཉལ་བར་བྱེད་དོ། །
དེ་ནས་དགེ་སློང་མ་དེ་རྣམས་ཀྱིས་བཅུ་གཉིས་སྡེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཕུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་གནས་གཅིག་ཏུ་ལྷན་ཅིག་ཉལ་བའི་བསླབ་པའི་གཞི་བཅའ་བ་མ་མཛད་དམ། དེ་དག་གིས་འདི་སྐད་ཅེས་དགེ་སློང་རྣམས་ལ་ཡིན་གྱི། དགེ་
སློང་མ་རྣམས་ལ་ནི་མ་ཡིན་ནོ་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།
ཡང་དགེ་སློང་མ་གང་སྐྱེས་པ་དང་། གནས་གཅིག་ཏུ་ཉལ་བར་བྱེད་ན་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། །སྐྱེས་པ་དང་ལྷན་ཅིག་ཅེས་བྱ་བ་ནི་སྐྱེས་པའི་དབང་པོ་དང་ལྡན་པ་དང་ངོ་། །གནས་གཅིག་ཏུ་ཉལ་ན་ཞེས་བྱ་
བ་ནི་གནས་བཞི་པོ་དག་ཏུ་སྐྱ་རེངས་འཆར་བར་བྱེད་པའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་སྟེང་ཁང་གི་གཞི་ན་ཉལ་བར་བྱེད་ལ། སྐྱེས་པ་ནི་ཤོད་ན་ཉལ་ན་དགེ་སློང་མ་དེས་སྐས་བརྟུལ་བར་
བྱའོ། །གལ་ཏེ་ཐེམ་སྐས་ཡིན་ན་དེར་ཡང་གཏན་པས་སྒོ་བཅད་ལ་དེའི་འོག་ཏུ་ཉལ་བར་བྱའོ། །གལ་ཏེ་སྐས་མ་བརྟུལ་ཏམ། གཏན་པས་སྒོ་མ་བཅད་པར་གློས་ཕབ་སྟེ་ཉལ་བར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །དེ་བཞིན་དུ་བར་ཁང་ན་སྐྱེས་པ་ཉལ་ལ་
ཤོད་ན་དགེ་སློང་མ་ཉལ་བར་བྱེད་ན་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་སྟེང་ཁང་ན་སྐྱེས་པ་ཉལ་ལ་ཤོད་དུ་དགེ་སློང་མ་ཉལ་བར་བྱེད་ན་སྐས་བརྟུལ་བར་བྱ་བའམ། གཏན་པས་སྒོ་གཅད་པར་བྱའོ། །མ་བྱས་པར་ཉལ་བར་བྱེད་ན་ལྟུང་བྱེད་

དོ། །དེ་བཞིན་དུ་བར་ཁང་ན་སྐྱེས་པ་ཉལ་ལ། ཤོད་ན་དགེ་སློང་མ་ཉལ་བར་བྱེད་ན་ཡང་ལྟུང་བྱེད་དོ། །དེ་བཞིན་དུ་ཕྱུགས་ར་ལ་སོགས་པ་དག་ཏུ་ཡང་ཞེས་བྱ་བ་ནས། དེར་ཡང་ཤིང་དང་། སབ་མ་དང་། རེ་ལྡེ་དག་གིས་འཁོར་བར་
བསྐོར་བར་བྱའོ་ཞེས་བྱ་བ་ནས་མ་བྱས་ན། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དགེ་སློང་མས་ཇི་ཙམ་ཅུང་ཟད་སྐྱེས་པ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་བར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །ལྟུང་བྱེད་ལྔ་པའི་བརྒྱད་པ་རྫོགས་སྷོ།། །།
དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་ཉི་ཤུ་གཅིག་པ། གླེང་གཞི་ནི་མཉན་ཡོད་ནའོ། །དེའི་ཚེ་སྦོམ་དགའ་མོ་རྒོད་པའི་བསམ་པས་མི་སྡུག་ཅིང་མི་སྡུག་པ་དག་གིས། དགེ་སློང་མ་གཞོན་ནུ་རྣམས་ལ་སྔངས་པར་བྱེད། སྔངས་སུ་
འཇུག་པར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མ་
རྣམས་ལ་སྔངས་པར་བྱེད་དམ། སྔངས་པར་བྱེད་དུ་འཇུག་ན་ཐ་ན་བཞད་གད་ཀྱི་བསམ་པས་ཀྱང་རུང་སྟེ་ལྟུང་བྱེད་དོ། །ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། །སྔངས་པར་བྱེད་དམ་ཞེས་བྱ་བ་ནི་རང་གིས་སོ། །སྔངས་པར་བྱེད་དུ་འཇུག་ན་ཞེས་བྱ་བ་
ནི་གཞན་ནོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཡང་དགེ་སློང་མ་གང་ཞིག་དགེ་སློང་མ་རྣམས་ལ་སྔངས་པར་བྱ་བའི་བསམ་པས་མི་སྡུག་ཅིང་མི་སྡུག་པ་དག་ཉེ་བར་དོང་ཞིང་། གནག་ཅིང་གནག་པ་སོལ་
བའི་ཁ་དོག་འདྲ་བ་ཡིད་དུ་མི་འོང་བ་འདི་ལྟ་སྟེ། སྡོང་དུམ་ཚིག་པ་འདྲ་བ་དག་ཉེ་བར་དོང་ནས་འདི་སྐད་ཅེས་གཟུགས་འདི་འདྲ་བ་དག་གི་གནོད་སྦྱིན་དང་། ཡི་དགས་དང་། ཤ་ཟ་དང་། འབྱུང་པོ་དང་། གྲུལ་བུམ་དང་། ལུས་སྲུལ་པོ་དང་། སྲུལ་པོ་

རྣམས་ཁྱོད་ཀྱི་དྲུང་དུ་འོངས་ནས་དེ་དག་གིས་གསོད་པར་འགྱུར། སྲོག་དང་བྲལ་བར་འགྱུར་རོ་ཞེས་སྨྲས་ན། དགེ་སློང་མ་སྔངས་པར་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་། ལྟུང་བྱེད་དུ་འགྱུར་རོ། །དེ་བཞིན་དུ་སྒྲ་འབྱིན་པར་བྱེད་པ་འདི་ལྟ་སྟེ། སེང་གེ་དང་སྟག་
དང་། སྤྱང་ཀི་རྣམས་ཀྱི་དང་། དེ་བཞིན་དུ་ཡི་དགས་དང་། ཤ་ཟ་རྣམས་ཀྱི་སྒྲ་སྣ་ཚོགས་དག་ཅེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་དྲི་འབྱིན་པར་བྱེད་པ་འདི་ལྟ་སྟེ། ངན་སྐྱུགས་དང་། གཅིན་གྱི་དང་། རའི་དང་། ར་རལ་པ་
ཅན་རྣམས་ཀྱི་དང་། དེ་བཞིན་དུ་ཡི་དགས་ལ་སོགས་པ་དྲི་སྣ་ཚོགས་དག་ཅེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དེ་བཞིན་དུ་རེག་པ་སྣ་ཚོགས་འབྱིན་པར་བྱེད་པ་འདི་ལྟ་སྟེ། ཤིང་དང་། སབ་མ་དང་། རེ་ལྡེ་དང་། ཕྱར་བ་རྣམས་ཀྱི་དང་།
དེ་བཞིན་དུ་ཡི་དགས་ལ་སོགས་པའི་རེག་པ་སྣ་ཚོགས་དག་ཅེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ། །དགེ་སློང་མས་དགེ་སློང་མ་ལ་སྔངས་པར་བྱ་བའི་བསམ་པས་ཡིད་དུ་འོང་བའི་གཟུགས་དག་སྟོན་པར་བྱེད་པ་འདི་ལྟ་སྟེ། རྒྱལ་རིགས་ཤིང་སཱ་ལ་
ཆེན་པོ་ལྟ་བུ་དང་། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང་། ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་ཏེ། གཟུགས་འདི་འདྲ་བའི་ལྷ་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཏེ། དགེ་སློང་མ་སྔངས་པར་གྱུར་ཀྱང་རུང་མ་གྱུར་ཀྱང་
རུང་ཉེས་བྱས་སུ་འགྱུར་རོ། །དེ་བཞིན་དུ་སྒྲ་ཡིད་དུ་འོང་བ་འབྱིན་པར་བྱེད་པ་འདི་ལྟ་སྟེ། པི་བང་དང་། ལྕགས་ཀྱི་སིལ་ཀྲོལ་དང་། ཁར་རྔ་དང་། ཤིན་ཏུ་དབྱངས་སྙན་རྣམས་ཀྱི་སྟེ། སྒྲ་འདི་ལྟ་བུའི་ལྷ་ལ་སོགས་པ་ཞེས་བྱ་བ་ནས་ཉེས་བྱས་སོ་ཞེས་
བྱ་བའི་བར་རོ། །དེ་བཞིན་དུ་དྲི་ཡིད་དུ་འོང་བ་འབྱིན་པར་བྱེད་པ་འདི་ལྟ་སྟེ། ཨ་ག་རུ་དང་། ཙན་དན་དང་། དུ་རུ་སྐ་དང་། ག་བུར་ལ་སོགས་པའི་སྟེ། དྲི་འདི་ལྟ་བུའི་ལྷ་ལ་སོགས་པ་ཞེས་བྱ་བ་ནས་ཉེས་བྱས་སོ་ཞེས་བྱ་བའི་བར་རོ། །

དེ་བཞིན་དུ་རེག་པ་ཡིད་དུ་འོང་བ་འབྱིན་པར་བྱེད་པ་འདི་ལྟ་སྟེ། དར་དང་། རས་དང་། གོས་དང་། དར་ལ་དང་། དུ་གུ་ལའི་གོས་རྣམས་ཀྱི་སྟེ། རེག་པ་འདི་ལྟ་བུའི་ལྷ་ལ་སོགས་པ་ཞེས་བྱ་བ་ནས། ཉེས་བྱས་སོ་ཞེས་བྱ་བའི་བར་རོ། །
ལྟུང་བྱེད་ལྔ་པའི་དགུ་པ་རྫོགས་སྷོ།