Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 006_འདུལ་བ།_ཆ

Văn bản gốc(Tây Tạng)

Trang 17 / 18 (50.000 ký tự/trang)
་པའོ། །འདི་ལྟར་བསྐོ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་
བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་ན་ཇེ་དང་པོར་སྤྲོ་བར་བྱ་སྟེ། དགེ་སློང་མིང་འདི་ཞེས་བྱ་བ་ཁྱོད་དགེ་སློང་འཕྲལ་བ་དང་། དགེ་སློང་མ་གསལ་མ་ཁྱིམ་རྣམས་སུ་སོ་སོར་
གོ་བར་བྱེད་པར་སྤྲོའམ། གལ་ཏེ་སྤྲོ་ན་དེས་སྤྲོའོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཕྲལ་བ་དང་། དགེ་སློང་མ་གསལ་མ་ཅི་ནས་ཀྱང་སྐྱེ་བོ་ཕལ་པོ་ཆེའི་ཚོགས་
མ་དད་པར་རིག་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱིམ་རྣམས་སུ་སྤྱོད་པར་བགྱིད་དེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་འཕྲལ་བ་དང་། དགེ་སློང་མ་གསལ་མ་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་
གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་པར་བསྐོ་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་སློང་འཕྲལ་བ་དང་། དགེ་སློང་མ་གསལ་མ་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་དོ། །འདི་
ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཕྲལ་བ་དང་། དགེ་སློང་མ་གསལ་མ་ཅི་ནས་ཀྱང་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མ་དད་པར་རིག་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱིམ་རྣམས་སུ་སྤྱོད་པར་བགྱིད་ནས་དགེ་སློང་
མིང་འདི་ཞེས་བགྱི་བ་འདི་དགེ་སློང་འཕྲལ་བ་དང་། དགེ་སློང་མ་གསལ་མ་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་པར་བསྐོ་སྟེ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་

དགེ་སློང་འཕྲལ་བ་དང་། དགེ་སློང་མ་གསལ་མ་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་ན་ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་
ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་པར་བསྐོས་ལགས་ཏེ་འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་སློང་དག་ངས་དགེ་སློང་ཁྱིམ་རྣམས་སུ་སོ་སོར་
གོ་བར་བྱེད་པའི་ཀུན་དུ་སྤྱོད་པའི་ཆོས་དག་བཅའ་བར་བྱ་སྟེ། དགེ་སློང་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་དག་ཁྱེད་ཉོན་ཅིག །ཁྱིམ་རྣམས་སུ་ཁྱིམ་སུན་པར་བྱེད་པ་དང་། གནས་རྣམས་སུ་གནས་སུན་པར་
བྱེད་པ་འདི་ལྟ་སྟེ། དཔེར་ན་འབྲས་སཱ་ལུའི་ཞིང་ཕུན་སུམ་ཚོགས་པ་ལ་སེར་བ་འཁོར་ལོ་མི་བཟད་པ་བབ་ན་འདི་ལྟར་འབྲས་སཱ་ལུ་དེ་ཉིད་ཤིན་ཏེ་མ་དང་། ཆུད་ཟ་བ་དང་། ཚུལ་མ་ཡིན་པས་མ་རུང་བར་འགྱུར་བ་དང་། བུ་རམ་ཤིང་གི་ཞིང་ཕུན་སུམ་ཚོགས་པ་ལ་ནད་ཀྱི་རིགས་དམར་པོ་
ཞེས་བྱ་བ་བྱུང་ན་འདི་ལྟར་བུ་རམ་ཤིང་དེ་ཉིད་ཤིན་ཏེ་མ་དང་། ཆུད་ཟ་བ་དང་། ཚུལ་མ་ཡིན་པས་མ་རུང་བར་འགྱུར་བ་ལྟ་བུ་དག་ཡོད་ཀྱིས། ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་སློང་འདི་དང་དགེ་སློང་མ་འདིས་བསྟན་པའི་ཚོད་མ་འཛིན་ཅིག །འདི་ལྟར་དགེ་སློང་
འདི་དང་། དགེ་སློང་མ་འདི་ནི་ཡོས་ཚིག་པ་བཞིན་དུ་ཆོས་འདུལ་བ་འདི་ལ་སྐྱེར་མི་རུང་བའི་ཆོས་ཅན་ཡིན་གྱིས། བཅོམ་ལྡན་འདས་དང་། གནས་བརྟན་ཀུན་ཤེས་ཀཽཎྜི་ནྱ་དང་། རླངས་པ་དང་། རྟ་ཐུལ་དང་། བཟང་ལྡན་དང་། གནས་བརྟན་གྲགས་པ་དང་།
གང་པོ་དང་། དྲི་མེད་དང་། བ་ལང་བདག་དང་། ལག་བཟངས་དང་། ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་དང་། གསུས་པོ་ཆེ་ཆེན་པོ་དང་། སྐུལ་བྱེད་ཆེན་པོ་དང་། ཀ་ཏྱའི་བུ་ཆེན་པོ་དང་། ལྟེང་རྒྱས་འོད་སྲུང་དང་། ཆུ་ཀླུང་འོད་སྲུང་དང་། ག་ཡཱ་

འོད་སྲུང་དང་། འགབ་མ་འོད་སྲུང་དང་། འོད་སྲུང་ཆེན་པོ་དང་། དགའ་བྱེད་དང་། ཀིམ་པི་ལ་དང་། ལེགས་སྐྱེས་དང་། ནམ་གྲུ་དང་། ས་རི་དང་། ཉེ་སྡེ་དང་། སོམ་ཉི་ནམ་གྲུ་དང་། ལམ་བརྟན་དང་། ལམ་ཕྲན་བརྟན་དང་། བརྟག་
པའི་ཤིང་རྟ་དང་། ཆེན་པོ་པ་དང་། གྲགས་སྦྱིན་དང་། དེ་དག་ལ་སོགས་པ་དགེ་སློང་གནས་བརྟན་གནས་བརྟན་རྣམས་ལ་ལྟོས་ཤིག་ཅེས་བརྗོད་པར་བྱའོ། །དགེ་སློང་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པ་དེ་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་དུ་སོང་བ་དང་། དགེ་སློང་
འཕྲལ་བས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བྱ་བ་དེ་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པར་བསྐོས་སོ་ཞེས་ཐོས་ནས་དེ་དེའི་གན་དུ་སོང་སྟེ་སྨྲས་པ། ཁྱོད་ཁྱིམ་རྣམས་སུ་ཁོ་བོ་སུན་འབྱིན་དུ་འགྲོའམ། དགེ་འདུན་གྱི་ཆོས་དང་ལྡན་པའི་བཀའ་བསྒྲུབ་པར་བྱའོ། །ཁོ་
བོས་དེ་དང་དེ་བྱར་རུང་ན་ཁྱོད་ཀྱི་ལྟོ་དྲལ་ཏེ་རྒྱུ་མ་དག་གིས་རྒྱལ་བྱེད་ཀྱི་ཚལ་དཀྲི་བར་བྱ་བ་དང་། མགོ་ཡང་འབྲུ་མར་གྱི་སྣོད་བཞིན་དུ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོར་དཔྱང་ལ་གདགས་པར་མི་རུང་བ་ཅི་ཡོད། དགེ་སློང་དེས་དགེ་སློང་རྣམས་ལ་འཕྲལ་བས་བདག་སྤྱོས་ཏེ། དེ་ན་རེ་ཁོ་བོས་
དེ་དང་དེ་བྱར་རུང་ན་ཁྱོད་ཀྱི་ལྟོ་དྲལ་ཏེ་རྒྱུ་མ་དག་གིས་རྒྱལ་བྱེད་ཀྱི་ཚལ་དཀྲི་བར་བྱ་བ་དང་། མགོ་ཡང་འབྲུ་མར་གྱི་སྣོད་བཞིན་དུ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོར་དཔྱང་ལ་གདགས་པར་མི་རུང་བ་ཅི་ཡོད་ཅེས་ཟེར་གྱིས། བདག་དེ་ཁྱིམ་རྣམས་སུ་སོ་སོར་གོ་བར་བྱེད་པར་མི་སྤྲོ་ཞེས་ཟེར་
བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མི་གཏི་མུག་ཅན་དེས་གང་ཟག་ནི་གསོད་པར་ནུས་ཀྱི། དགེ་འདུན་ནི་མི་ནུས་པས་དེའི་ཕྱིར་དགེ་འདུན་གྱིས་ཁྱིམ་རྣམས་སུ་སོ་
སོར་གོ་བར་བྱའོ། །འདི་ལྟར་སོ་སོར་གོ་བར་བྱ་སྟེ། གསོལ་བ་འབའ་ཞིག་གི་ལས་བྱའོ། །དེ་ཡང་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་འདུག་ཅིང་

མཐུན་པར་གྱུར་པ་ལ་དགེ་སློང་གཅིག་གིས་གསོལ་བ་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་འཕྲལ་བ་འདི་དང་། དགེ་སློང་མ་གསལ་མ་འདི་ཅི་ནས་ཀྱང་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མ་དད་པར་རིག་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱིམ་རྣམས་སུ་སྤྱོད་པར་
བགྱིད། དགེ་སློང་འཕྲལ་བ་དང་། དགེ་སློང་མ་གསལ་མ་ཅི་ནས་ཀྱང་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མ་དད་པར་རིག་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱིམ་རྣམས་སུ་སྤྱོད་པར་བགྱིད་ཀྱང་། དགེ་སློང་འཕྲལ་བ་དང་། དགེ་སློང་མ་གསལ་མ་ཁྱིམ་རྣམས་སུ་སོ་སོར་གོ་བར་བགྱིད་པར་སྤྲོ་བ་སུ་ཡང་
མ་མཆིས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་འཕྲལ་བ་དང་། དགེ་སློང་མ་གསལ་མ་ཅི་ནས་ཀྱང་སྐྱེ་བོ་ཕལ་པོ་ཆེའི་ཚོགས་མ་དད་པར་རིག་པར་འགྱུར་བ་དེ་ལྟ་དེ་ལྟར་ཁྱིམ་རྣམས་
སུ་སྤྱོད་པར་བགྱིད་པར་གང་གིས་མཐོང་ཞིང་གང་དུ་མཐོང་བ་དེས་ཁྱིམ་དེར་ཁྱེད་དགེ་སློང་འདི་དང་། དགེ་སློང་མ་འདིས་བསྟན་པའི་ཚོད་མ་འཛིན་ཅིག །དགེ་སློང་འདི་དང་། དགེ་སློང་མ་འདི་ནི་ཡོས་ཚིག་པ་བཞིན་དུ་ཆོས་འདུལ་བ་འདི་ལ་སྐྱེར་མི་རུང་བའི་ཆོས་ཅན་ཡིན་
གྱིས། བཅོམ་ལྡན་འདས་དང་དགེ་སློང་གནས་བརྟན་གནས་བརྟན་རྣམས་ལ་ལྟོས་ཤིག་ཅེས་སོ་སོར་གོ་བར་བགྱིད་དུ་སྩལ་ཏོ། །འདི་ནི་གསོལ་བའོ། །བཅོམ་ལྡན་འདས་ཀྱིས་སོ་སོར་རིག་པར་ཁྱིམ་དག་ཏུ་སོ་སོར་གོ་བར་བྱའོ་ཞེས་བཀའ་སྩལ་ན། དེ་དག་སོ་
སོར་རིག་པ་དང་། སོ་སོར་མ་རིག་པའི་ཁྱིམ་དག་ཏུ་སོ་སོར་གོ་བར་བྱེད་པ་ན། དེ་དག་བསོད་སྙོམས་ཀྱིས་ཕོངས་པར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོ་སོར་རིག་པའི་ཁྱིམ་
དག་ཏུ་སོ་སོར་གོ་བར་བྱའི། སོ་སོར་མ་རིག་པའི་ཁྱིམ་དག་ཏུ་སོ་སོར་གོ་བར་མི་བྱ་སྟེ། དེ་ལྟ་བས་ན་དགེ་འདུན་གྱིས་གནང་བ་མ་གཏོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་

བསྙུངས་པའི་བསྔགས་པ་བརྗོད་ནས་དེ་དང་མཐུན་པ་དང་། དེའི་ཤས་ཆེ་བ་དང་། དེ་དང་འཚམ་པའི་ཆོས་དང་ལྡན་པའི་བཀའ་མཆིད་མཛད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་
གནང་བ་ཡིན་ཏེ། ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་གང་ཟག་རྫོགས་པར་མ་བསྙེན་པ་ལ་གནས་ངན་ལེན་གྱི་ལྟུང་བ་བརྗོད་ན་དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ལྟུང་བྱེད་དོ། །ཡང་དགེ་སློང་
གང་ཞེས་བྱ་བ་ནི་དྲུག་སྡེ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །གང་ཟག་རྫོགས་པར་མ་བསྙེན་པ་ལ་ཞེས་བྱ་བ་ལ་རྫོགས་པར་བསྙེན་པ་ནི་གཉིས་ཏེ། དགེ་སློང་དང་། དགེ་སློང་མའོ། །དེ་ལས་གཞན་པ་ནི་རྫོགས་པར་མ་བསྙེན་པའོ། །གནས་ངན་ལེན་
ཅེས་བྱ་བ་ལ་གནས་ངན་ལེན་ནི་གཉིས་ཏེ། ཕམ་པར་འགྱུར་བ་ཀུན་ནས་སློང་བ་དང་། དགེ་འདུན་ལྷག་མ་ཀུན་ནས་སློང་བའོ། །དེ་ཅིའི་ཕྱིར་དེ་དག་གནས་ངན་ལེན་ཅེས་བྱ་ཞེ་ན། ངོ་བོ་ཉིད་ལས་དང་། ཀུན་ནས་སློང་བ་ལས་སོ། །ལྟུང་བ་བརྗོད་ན་ཞེས་བྱ་བ་ནི་སྨྲ་ནའོ། །དགེ་འདུན་
གྱིས་གནང་བ་མ་གཏོགས་ཏེ་ཞེས་བྱ་བ་ནི་དགེ་འདུན་གྱིས་གནང་བ་བཞག་སྟེའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །
གཞན་ཡང་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་སོ་སོར་མ་རིག་པའི་ཁྱིམ་དག་ཏུ་སོ་སོར་མ་རིག་པར་འདུ་ཤེས་པས་དགེ་
སློང་སོ་སོར་གོ་བར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་སོ་སོར་མ་རིག་པའི་ཁྱིམ་དག་ཏུ་སོ་སོར་མ་རིག་པར་ཡིད་གཉིས་ཟ་བས་དགེ་སློང་སོ་སོར་གོ་བར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་སོ་སོར་རིག་པའི་ཁྱིམ་དག་ཏུ་སོ་སོར་མ་རིག་པར་འདུ་ཤེས་

པས་དགེ་སློང་སོ་སོར་གོ་བར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་སོ་སོར་རིག་པའི་ཁྱིམ་དག་ཏུ་སོ་སོར་མ་རིག་པར་ཡིད་གཉིས་ཟ་བས་དགེ་སློང་སོ་སོར་གོ་བར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །དྲིལ་བསྒྲགས་པ་ལ་ནི་ལྟུང་བ་མེད་དོ། །ངོས་ལ་རི་མོར་བྲིས་
པ་ཕན་ཆད་ལ་ཡང་ལྟུང་བ་མེད་དོ། །ཇི་ལྟར་བདག་གིས་ཤེས་པ་དེ་བཞིན་དུ་འཇིག་རྟེན་ཐམས་ཅད་ཀྱིས་ཀྱང་ཤེས་སོ་སྙམ་ནའོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །གནས་ངན་ལེན་བརྗོད་
པའི་ལྟུང་བྱེད་དེ་བདུན་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་ན་ཁང་པ་བརྩེགས་པའི་ཁང་བཟངས་ན་བཞུགས་སོ། །དེའི་ཚེ་ན་ཉ་པ་ལྔ་བརྒྱ་ཆུ་ཀླུང་ཡིད་འོང་ལྡན་ལ་རྟེན་ཅིང་འཁོད་དོ། །དེ་དག་ལ་རྒྱ་མོ་སྤྱོད་པ་དང་།
སྤྱོད་པ་ཆེན་མོ་ཞེས་བྱ་བ་གཉིས་ཞིག་ཡོད་དོ། །དེ་དག་ལན་འགའ་ནི་རྒྱ་མོ་སྤྱོད་པ་འཇུག་པར་བྱེད་ལ། ལན་འགའ་ནི་སྤྱོད་པ་ཆེན་མོ་འཇུད་པར་བྱེད་དེ། གང་གི་ཚེ་ཉ་དག་ཉོ་བ་མེད་པ་དེའི་ཚེ་ནི་རྒྱ་མོ་སྤྱོད་པ་འཇུད་པར་བྱེད་ལ། གང་གི་ཚེ་ཉ་དག་ཉོ་བ་ཡོད་པ་དེའི་ཚེ་ནི་
སྤྱོད་པ་ཆེན་མོ་འཇུད་པར་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན་ཡངས་པ་ཅན་དུ་དུས་སྟོན་བྱུང་ནས་དེ་དག་གིས་རྒྱ་མོ་གཉིས་ཀ་བཅུག་སྟེ། ཉིས་བརྒྱ་ལྔ་བཅུས་ནི་རྒྱ་མོ་སྤྱོད་པ་བཅུག་སྟེ། ཉིས་བརྒྱ་ལྔ་བཅུས་ནི་སྤྱོད་པ་ཆེན་མོ་བཅུག་གོ། །གང་དག་གིས་རྒྱ་མོ་
སྤྱོད་པ་བཅུག་པ་དེ་དག་གིས་ནི་ཉ་དང་། རུས་སྦལ་དང་། སྦལ་པ་དང་། ཆུ་སྲིན་བྱིས་པ་གསོད་པ་དང་། ཉ་ཁྱི་བ་ལ་སོགས་པ་མང་པོ་དག་འདི་ལྟ་སྟེ། དཔེར་ན་ཏིལ་དང་། འབྲས་ཐུག་པོ་ཆེ་དང་། རྒྱ་ཤུག་དང་། རྒྱ་སྲན་ལ་སོགས་པ་བཞིན་དུ་ཕུང་པོ་ཆེན་པོ་རྣམ་པར་
བཞག་གོ། །གང་དག་གིས་རྒྱ་མོ་སྤྱོད་པ་ཆེན་མོ་བཅུག་པ་དེ་དག་གིས་ནི་རྒྱ་མཚོ་ཆེན་པོ་ནས་ཆུ་ཀླུང་ཡིད་འོང་ལྡན་དུ་ཞུགས་པ་ཆུ་སྲིན་ཉའི་རིགས་བོང་ཚོད་ཆེན་པོ་ཉལ་བ་ཟིན་ནས་དེ་དག་གིས་དེ་དྲང་བར་བརྩམས་སོ། །དེ་དག་གིས་དྲངས་པ་ན་དེ་སད་ནས་ཉ་པ་ཉིས་

བརྒྱ་ལྔ་བཅུ་པོ་དེ་དག་དང་། རྒྱ་མོ་སྤྱོད་པ་ཆེན་མོ་ཁྱེར་ཏེ་རྒྱུན་ཕྱོགས་སུ་ཞུགས་སོ། །ཉ་པ་དེ་དག་གིས་ཉ་པ་ཉིས་བརྒྱ་ལྔ་བཅུ་པོ་གཞན་དག་ལ་ཤེས་ལྡན་དག་རྒྱ་མོ་སྤྱོད་པ་ཆེན་མོ་དང་། བདག་ཅག་ཁྱེར་གྱིས་རམ་མདའ་ལོག་ཤིག་ཅེས་བྱས་སོ། །
དེ་དག་གིས་ཐོས་ནས་ཉ་པ་ཉིས་བརྒྱ་ལྔ་བཅུ་པོ་དག་ཀྱང་ལྷགས་ཏེ་དེ་ཉིད་ལ་རུབ་པ་དང་། དེས་ཉ་པ་ལྔ་བརྒྱ་དང་རྒྱ་མོ་སྤྱོད་པ་ཆེན་མོ་ཁྱེར་ཏེ་རྒྱུན་ཕྱོགས་སུ་ཞུགས་ནས་གཟུང་བར་མ་ནུས་སོ། །སྐྱབས་མེད་པ་དེ་དག་གིས་ཀུན་དུ་ཤེས་ལྡན་དག་རྒྱ་མོ་སྤྱོད་པ་ཆེན་མོ་དང་། བདག་
ཅག་ཁྱེར་གྱིས་གྲོགས་གྱིས་ཤིག་ཅེས་རམ་མདའ་བ་བཟློག་པ་དང་། ལས་མ་མཐོང་བའི་མི་བ་ལང་རྫི་དག་དང་། ཕྱུགས་རྫི་དག་དང་། ཤིང་ཐུན་དག་དང་། རྩྭ་ཐུན་དག་དང་། ལམ་གྱིས་འཚོ་བ་དག་དང་། ལམ་གོལ་བས་འཚོ་བའི་མི་དག་དང་། གཞན་ཡང་
སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་དག་ལོག་ནས་དེ་དག་གིས་ལུས་སྨས་པ་དང་། རྣམ་པར་སྨས་པ་དག་གིས་རྒྱ་མོ་རལ་བ་དང་། རབ་ཏུ་རལ་བས་ཆུ་སྲིན་དེ་ཆུ་ནས་སྐམ་ལ་ཕྱུང་ངོ་། །དེ་ལ་མགོ་བཅྭ་བརྒྱད་དང་། མིག་སུམ་བཅུ་རྩ་དྲུག་ཡོད་དེ། དེའི་མགོ་ལ་
ལ་ནི་གླང་པོ་ཆེའི་མགོ་འདྲ། ལ་ལ་ནི་རྟའི་མགོ་འདྲ། ལ་ལ་རྔ་མོའི་མགོ་དང་། བོང་བུའི་མགོ་དང་། བ་ལང་གི་མགོ་དང་། སྤྲེའུའི་མགོ་དང་། སེང་གེའི་མགོ་དང་། སྟག་གི་མགོ་དང་། དོམ་གྱི་མགོ་དང་། དྲེད་མོའི་མགོ་དང་། གུང་གི་མགོ་དང་། བྱི་ལའི་
མགོ་དང་། རའི་མགོ་དང་། ལུག་གི་མགོ་དང་། རི་དགས་ཀྱི་མགོ་དང་། མ་ཧེའི་མགོ་དང་། ཕག་གི་མགོ་དང་། ཁྱིའི་མགོ་འདྲའོ། །ཀུན་དུ་ཆུ་ཀླུང་ཡིད་འོང་ལྡན་པའི་ཉ་པ་ལྔ་བརྒྱས་རྒྱ་མཚོ་ཆེན་པོ་ནས་ཆུ་ཀླུང་ཡིད་འོང་ལྡན་དུ་ཞུགས་པའི་ཆུ་སྲིན་ཉའི་
རིགས་བོང་ཚོད་ཆེན་པོ་ཞིག་རྒྱ་མོ་སྤྱོད་པ་ཆེན་མོས་ཟིན་ཏེ་ཆུ་ནས་སྐམ་ལ་ཕྱུང་ཞིང་དེ་ལ་མགོ་བཅྭ་བརྒྱད་དང་། མིག་སུམ་བཅུ་སོ་དྲུག་ཡོད་དོ་ཞེས་སྒྲས་ཁྱབ་པར་གྱུར་ཏོ། །དེ་ཐོས་ནས་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་དག་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་དུ་ལྷགས་ཏེ།

ཁ་ཅིག་ནི་ལྟད་མོ་སྐྱེས་པར་གྱུར། ཁ་ཅིག་ནི་སྔོན་གྱི་དགེ་བའི་རྩ་བ་དག་གིས་བསྐུལ་བར་གྱུར་ཏོ། །རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་པོ་ཡངས་པ་ཅན་ན་རྟེན་ཅིང་གནས་པ་དེ་དག་ཀྱང་ལྟད་མོ་སྐྱེས་ཏེ་དེར་ལྷགས་སོ། །སྐྱེ་བོའི་ཚོགས་ཆེན་པོ་ཡང་ཡ་
མཚན་སྐྱེས་ཏེ་མིག་ཚུགས་སུ་རྟོག་ཅིང་ཤེས་ལྡན་དག་འདིའི་མགོ་ལ་ལ་ནི་གླང་པོ་ཆེའི་མགོ་འདྲལ་དེ་ནས་རྟོག་པར་བྱེད། འདིའི་མགོ་ལ་ལ་ནི་ཁྱིའི་བར་གྱི་མགོ་འདྲ་ལ་དེ་ནས་རྟོག་པར་བྱེད་དོ་ཞེས་ཀྱང་ཟེར་རོ། །དེའི་སྐབས་སུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་
ནི་མི་མཁྱེན་པ་དང་། མ་གཟིགས་པ་དང་། མ་རིག་པ་དང་། རྣམ་པར་མི་མཁྱེན་པ་ཅུང་ཟད་ཀྱང་མི་མངའ་བས་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་ཉ་པ་ལྔ་བརྒྱ་པོ་དེ་དག་རབ་ཏུ་ཕྱུང་རྫོགས་པར་བསྙེན་པར་མཛད་པའི་བར་དུ་སྔར་ཕམ་པར་འགྱུར་བ་
བཞི་པའི་སྐབས་སུ་བསྟན་པ་བཞིན་དུ་རྒྱས་པར་སྦྱར་རོ། །དེ་ནས་དུས་གཞན་ཞིག་ན་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་གྱི་དགེ་སློང་ལྔ་བརྒྱ་པོ་དེ་དག་གིས་གདོས་བུ་དང་། ཕོ་ལོང་གི་སྦྱོར་བས་སྤྲོ་བར་བྱེད། འབད་པར་བྱེད། རྩོལ་བར་བྱེད་པ་དག་གིས་གཅིག་
པུ་དབེན་པ་བག་ཡོད་པ་རྟུན་པ་དང་ལྡན་པ་བདག་ཉིད་བཏང་བར་གནས་པ་ན་རིགས་ཀྱི་བུ་དག་གང་གི་ཕྱིར་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས་ཡང་དག་པ་ཁོ་ནར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་བྱེད་པ། ཚངས་པར་སྤྱོད་པའི་མཐའ་
བླ་ན་མེད་པ་དེ་ཚེ་དེ་ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ཏེ་བསྒྲུབས་ནས་བདག་གི་སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་སྤྱད་དོ། །བྱ་བ་བྱས་སོ། །སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་ཅིང་། དགྲ་བཅོམ་པ་ཁམས་
གསུམ་ལས་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙན་དན་བཞག་པ་ལྟ་བུ་རིག་པས་སྒོ་ངའི་སྦུབས་དྲལ་བར་གྱུར་ཅིང་རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་

ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་། འདོད་པའི་རྙེད་པ་དང་། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་། ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །དེའི་ཚེ་ན་མུ་
གེ་ཉམ་ང་བ་དགོན་པ་སློང་མོ་པས་ཟས་རྙེད་པར་དཀའ་ཞིང་ཕ་མ་དག་ཀྱང་རང་གི་བུ་དག་ལ་ཟས་སྦྱིན་པ་དང་བྱ་བར་སེམས་པ་དཀའ་ན་སློང་མོ་པ་དག་ལ་ལྟ་སྨོས་ཀྱང་ཅི་དགོས་པ་བྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་
དག་ད་ལྟར་མུ་གེ་ཉམ་ང་བ་དགོན་པ་སློང་མོ་པས་ཟས་རྙེད་པར་དཀའ་ཞིང་ཕ་མ་དག་ཀྱང་རང་གི་བུ་དག་ལ་ཟས་སྦྱིན་པ་དང་བྱ་བར་སེམས་པ་དཀའ་ན་སློང་མོ་པ་དག་ལྟ་ལ་སྨོས་ཀྱང་ཅི་དགོས་པ་བྱུང་གིས་དགེ་སློང་དག་ཁྱེད་ཅག་ཚུར་ཤེག་ལ་སྨོས་འདྲིན་ཇི་ལྟ་བ་དང་།
ཕེབས་པར་སྨྲ་བ་ཇི་ལྟ་བ་དང་། འགྲོགས་བཤེས་ཇི་ལྟ་བས་ཡངས་པ་ཅན་གྱི་ཉེ་འཁོར་སྤོང་བྱེད་ཀྱི་གྲོང་དུ་དབྱར་གནས་པར་ཁས་ལོང་ཤིག །ང་ཡང་འོད་མ་ཅན་གྱི་གྲོང་འདི་ཉིད་དུ་བསྙེན་བཀུར་བ་དགེ་སློང་ཀུན་དགའ་བོ་དང་དབྱར་གནས་པར་ཁས་ལེན་གྱིས།
ཐམས་ཅད་ནི་བསོད་སྙོམས་ཀྱིས་ཉོན་མོངས་པར་གྱུར་ན་མི་རུང་ངོ་། །དགེ་སློང་དག་གིས་བཙུན་པ་བཀའ་བཞིན་འཚལ་ཞེས་བཅོམ་ལྡན་འདས་ལས་མཉན་ནས་སྨོས་འདྲིན་ཇི་ལྟ་བ་དང་། ཕེབས་པར་སྨྲ་བ་ཇི་ལྟ་བ་དང་། འགྲོགས་བཤེས་ཇི་ལྟ་བས་ཡངས་པ་
ཅན་གྱི་ཉེན་ཀོར་སྤོང་བྱེད་ཀྱི་གྲོང་དུ་དབྱར་གནས་པར་ཁས་བླངས་སོ། །བཅོམ་ལྡན་འདས་ཀྱང་འོད་མ་ཅན་གྱི་གྲོང་དེ་ཉིད་དུ་བསྙེན་བཀུར་བ་ཚེ་དང་ལྡན་པ་ཀུན་དགའ་བོ་དང་དབྱར་གནས་པར་ཞལ་གྱིས་བཞེས་སོ། །དེ་ནས་དགེ་སློང་ལྔ་བརྒྱ་པོ་དེ་དག་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་
འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ན། འདི་ན་བདག་ཅག་ལ་ཉེ་དུ་འགའ་ཡང་མེད་དེ་ཉ་པའི་གྲོང་ན་བདག་ཅག་གི་ཉེ་དུ་དག་འཁོད་ཀྱིས་བདག་ཅག་ཉ་པའི་གྲོང་དུ་དོང་སྟེ་ཉེ་དུ་རྣམས་བལྟས་ནས་ཉ་པའི་གྲོང་གི་ཉེན་ཀོར་དུ་ལོ་མ་དང་། འདབ་མའི་སྤྱིལ་བུ་དག་བྱས་ཏེ་དབྱར་གནས་

པར་ཁས་བླང་བར་བྱ་གོར་མ་ཆག་སྙམ་མོ། །དེ་ནས་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་གྱི་དགེ་སློང་ལྔ་བརྒྱ་པོ་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་གིས་སྔོན་ནི་ཉ་པའི་གྲོང་དུ་དོང་སྟེ་ཉེ་དུ་རྣམས་ལ་གཅིག་གིས་གཅིག་གི་ཡང་དག་པ་མ་ཡིན་པའི་ཡོན་ཏན་
བསྒྲག་པ་བྱས་པས་ད་ནི་གཅིག་གིས་གཅིག་གི་ཡང་དག་པའི་ཡོན་ཏན་བསྒྲག་པར་བྱའོ་སྙམ་ནས་དགེ་སློང་ལྔ་བརྒྱ་པོ་དེ་དག་ཉ་པའི་གྲོང་དུ་དོང་སྟེ་ཉེ་དུ་དག་བལྟས་ནས་ཉ་པའི་གྲོང་གི་ཉེན་ཀོར་དུ་ལོ་མ་དང་། འདབ་མའི་སྤྱིལ་བུ་དག་བྱས་ཏེ་དབྱར་གནས་པར་
ཁས་བླངས་སོ། །དེ་དག་གི་ཉེ་དུ་དག་ཉེ་བར་འོངས་པར་གྱུར་ནས་དེ་དག་གིས་ཉེ་དུ་ཉེ་བར་འོངས་པ་དེ་དག་ལ་སྨྲས་པ། ཉེ་དུ་དག་ཁྱེད་ཅག་གང་དག་གི་གྲོང་ཚིགས་ན་དགེ་སློང་གི་དགེ་འདུན་ཡོན་གྱི་གནས་འདི་ལྟ་བུ་འདི་ལྟར་དབྱར་གནས་པར་ཁས་བླངས་པར་
གྱུར་པའི་ཉེ་དུ་དེ་དག་གིས་ནི་རྙེད་པ་ལེགས་པར་རྙེད་པ་ཡིན་ཏེ། དགེ་སློང་འདི་ནི་མི་རྟག་པའི་འདུ་ཤེས་དང་། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང་། ཟས་ལ་མི་མཐུན་པའི་འདུ་ཤེས་དང་། འཇིག་
རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང་། ཉེས་དམིགས་ཀྱི་འདུ་ཤེས་དང་། སྤོང་བའི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་དང་། མི་སྡུག་པའི་འདུ་ཤེས་དང་། རྣམ་པར་
སྔོས་པའི་འདུ་ཤེས་དང་། རྣམ་པར་རྣགས་པའི་འདུ་ཤེས་དང་། རྣམ་པར་བམ་པའི་འདུ་ཤེས་དང་། རྣམ་པར་འབུས་གཞིགས་པའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་འཐོར་བའི་འདུ་ཤེས་
དང་། རུས་གོང་གི་འདུ་ཤེས་དང་། སྟོང་པ་ཉིད་དུ་སོ་སོར་རྟོག་པའི་འདུ་ཤེས་ཐོབ་པ་ཡིན་ནོ། །དགེ་སློང་འདི་ནི་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་

དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་གཅིག་ཕྱིར་འོང་བའི་འབྲས་
བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། རྫུ་འཕྲུལ་གྱི་ཡུལ་དང་། ལྷའི་རྣ་བ་དང་། སེམས་ཡོངས་སུ་ཤེས་པ་དང་། སྔོན་གྱི་གནས་དང་། འཆི་འཕོ་དང་སྐྱེ་བ་དང་། ཟག་པ་ཟད་པ་ཐོབ་པ་ཡིན་ནོ། །དགེ་སློང་འདི་ནི་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ་
བསམ་གཏན་པ་ཡིན་ནོ། །དགེ་སློང་འདི་ནི་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཡིན་ནོ། །དེ་དག་གིས་སྨྲས་པ། འཕགས་པ་དག་ཁྱེད་ཀྱིས་ཡོན་ཏན་གྱི་ཚོགས་དེ་ལྟ་བུ་དག་ཐོབ་བམ། ཐོབ་བོ། །འཇིག་རྟེན་ནི་ཡོན་ཏན་ལ་དགའ་བ་ཡིན་པས་རེ་ཞིག་རང་གི་བུ་དག་
ལས་ཀྱང་ཕྲོགས་ཏེ་དེ་དག་ལ་བསོད་སྙོམས་སྦྱིན་པ་དང་བྱ་བར་སེམས་སོ། །སངས་རྒྱས་བཅོམ་ལྡན་འདས་གསོན་ཞིང་བཞུགས་ཏེ་འཚོ་ཞིང་གཞེས་པ་རྣམས་ལ་ཆོས་ཉིད་ཀྱིས་ཉན་ཐོས་རྣམས་ཀྱི་འདུས་པ་ཆེན་པོ་གཉིས་ཡོད་དེ། གཅིག་ནི་དབྱར་ཟླ་འབྲིང་པོའི་ཉ་
ལ་དབྱར་ཉེ་བར་སྒྲུབ་པའི་ཚེའོ། །གཉིས་པ་ནི་སྟོན་ཟླ་འབྲིང་པོའི་ཉ་ལའོ། །དེ་ལ་གང་དག་དབྱར་ཟླ་འབྲིང་པོའི་ཉ་ལ་དབྱར་ཉེ་བར་སྒྲུབ་པའི་ཚེ་གདམས་ངག་མནོས་ཏེ། གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དག་ཏུ་
དབྱར་གནས་པར་ཁས་ལེན་པ་དེ་དག་ནི་སྟོན་ཟླ་འབྲིང་པོའི་ཟླ་བ་ཉ་ལ་ལྷགས་ནས་ཇི་ལྟར་ཐོབ་པ་ནི་རྗོད་པར་བྱེད། མ་ཐོབ་པ་ནི་ཐོབ་པར་བྱ་བའི་ཕྱིར་འོག་ཏུ་འདྲེ་བར་བྱེད་དོ། །དེ་ནས་དགེ་སློང་གང་དག་ཡངས་པ་ཅན་གྱི་ཉེན་ཀོར་སྤོང་བྱེད་ཀྱི་གྲོང་དུ་དབྱར་གནས་པར་
ཁས་བླངས་པ་དེ་དག་དབྱར་གྱི་ཟླ་བ་གསུམ་པོ་དག་འདས་ནས་ཆོས་གོས་བྱས་པ་དང་ལྡན། ཆོས་གོས་ཟིན་པ་དང་ལྡན་ཞིང་། རིད་པ་དང་། ཉམ་ཆུང་བ་དང་། རྐེ་བ་དང་། སྐམ་པ་དང་། ལུས་མ་ཐོབ་པས་ལྷུང་བཟེད་དང་། ཆོས་གོས་ཐོགས་ཏེ་འོད་མ་

ཅན་གྱི་གྲོང་ག་ལ་བ་དེར་རྒྱུ་ཞིང་འདོང་བ་ན། མཐར་གྱིས་རྒྱུ་ཞིང་འདོང་བའི་ཚེ་འོད་མ་ཅན་གྱི་གྲོང་དུ་ཕྱིན་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་རབ་ཏུ་མང་པོ་དེ་དག་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་ཚངས་པ་མཚུངས་པར་སྤྱོད་པ་ལ་
མཉེས་གཤིན་པས་བཤེས་པ་དང་བཅས་པ་ཉིད་ཀྱི་ཚིག་གིས་བསུ་ནས་ལྷུང་བཟེད་དང་། ཆོས་གོས་དང་། ཁར་བ་དང་། གཏུར་བུ་དང་། རིལ་བ་སྤྱི་བླུགས་དང་། འབྲུ་མར་སྣོད་དང་། ཞྭ་དང་། ལྷམ་ཡུ་ཆད་དང་། མཆིལ་ལྷམ་ལེན་པར་བྱེད་ཅིང་འདི་སྐད་ཅེས་
ཀྱང་སྨྲས་སོ། །ཚེ་དང་ལྡན་པ་དག་ཚུར་ཤེག །འོངས་པ་ལེགས་སོ། །ཚེ་དང་ལྡན་པ་དག་ཁྱེད་ཅག་གང་ནས་ད་ལྟར་འདིར་འོངས། ཁྱེད་ཅག་གང་དུ་དབྱར་གནས་པར་ཁས་བླངས། ཚེ་དང་ལྡན་པ་ཀུན་དགའ་བོ་བདག་ཅག་སྤོང་བྱེད་ཀྱི་གྲོང་ནས་འདིར་འོངས་
སོ། །བདག་ཅག་སྤོང་བྱེད་ཀྱི་གྲོང་དུ་དབྱར་གནས་པར་ཁས་བླངས་སོ། །ཚེ་དང་ལྡན་པ་དག་ཇི་ལྟར་སྤོང་བྱེད་ཀྱི་གྲོང་དུ་བདེ་བ་ལ་རེག་པར་དབྱར་གནས་པར་ཁས་བླངས་སམ། ཁྱེད་ཅག་བསོད་སྙོམས་ཀྱིས་ངལ་བར་མ་གྱུར་ཏམ། ཚེ་དང་ལྡན་པ་ཀུན་དགའ་
བོ་བདག་ཅག་སྤོང་བྱེད་ཀྱི་གྲོང་དུ་ཏེ་པོར་བདེ་བ་ལ་རེག་པར་དབྱར་གནས་པར་ཁས་བླངས་མོད་ཀྱི། བདག་ཅག་བསོད་སྙོམས་ཀྱིས་ངལ་བར་གྱུར་ཏོ། །ཚེ་དང་ལྡན་པ་དག་དེ་ཁོ་ན་ལྟར་སྣང་སྟེ། འདི་ལྟར་བསོད་སྙོམས་ཀྱིས་བྲེལ་བས་རིད་པ་དང་། ཉམ་ཆུང་བ་དང་། རྐེ་
བ་དང་། སྐམ་པ་དང་། ལུས་མ་ཐོབ་པ་དང་། པགས་པ་དང་། ཤ་དང་། ཁྲག་བྲི་བར་གྱུར་ཏོ། །དགེ་སློང་གང་དག་ཉ་པའི་གྲོང་གི་ཉེན་ཀོར་དུ་དབྱར་གནས་པར་ཁས་བླངས་པ་དེ་དག་ཀྱང་དབྱར་གྱི་ཟླ་བ་གསུམ་པོ་དག་འདས་ནས་ཆོས་གོས་བྱས་པ་དང་ལྡན།
ཆོས་གོས་ཟིན་པ་དང་ལྡན་ཞིང་། ཚོ་བ་དང་། པགས་པ་དང་། ཤ་དང་། ཁྲག་རྒྱས་པས་ལྷུང་བཟེད་དང་། ཆོས་གོས་ཐོགས་ཏེ་འོད་མ་ཅན་གྱི་གྲོང་ག་ལ་བ་དེར་རྒྱུ་ཞིང་འདོང་བ་ན་མཐར་གྱིས་རྒྱུ་ཞིང་འདོང་བའི་ཚེ་འོད་མ་ཅན་གྱི་གྲོང་དུ་ཕྱིན་པ་དང་། ཚེ་དང་ལྡན་པ་

ཀུན་དགའ་བོས་དགེ་སློང་རབ་ཏུ་མང་པོ་དེ་དག་ཐག་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་ཀྱང་ཚངས་པ་མཚུངས་པར་སྤྱོད་པ་ལ་མཉེས་གཤིན་པས་བཤེས་པ་དང་བཅས་པ་ཉིད་ཀྱི་ཚིག་གིས་བསུ་ནས་ལྷུང་བཟེད་དང་། ཆོས་གོས་དང་། ཁར་བ་དང་།
གཏུར་བུ་དང་། རིལ་བ་སྤྱི་བླུགས་དང་། འབྲུ་མར་སྣོད་དང་། ཞྭ་དང་། ལྷམ་ཡུ་ཆད་དང་། མཆིལ་ལྷམ་ལེན་པར་བྱེད་ཅིང་འདི་སྐད་ཅེས་ཀྱང་སྨྲས་སོ། །ཚེ་དང་ལྡན་པ་དག་ཚུར་ཤེག་འོངས་པ་ལེགས་སོ། །ཚེ་དང་ལྡན་པ་དག་ཁྱེད་ཅག་གང་ནས་ད་ལྟར་འདིར་
འོངས། ཁྱེད་ཅག་གང་དུ་དབྱར་གནས་པར་ཁས་བླངས། ཚེ་དང་ལྡན་པ་ཀུན་དགའ་བོ་བདག་ཅག་ཉ་པའི་གྲོང་ནས་འདིར་འོངས་སོ། །བདག་ཅག་ཉ་པའི་གྲོང་དུ་དབྱར་གནས་པར་ཁས་བླངས་སོ། །ཚེ་དང་ལྡན་པ་དག་ཇི་ལྟར་ཉ་པའི་གྲོང་དུ་བདེ་བ་ལ་རེག་པར་དབྱར་གནས་
པར་ཁས་བླངས་སམ། ཁྱེད་ཅག་བསོད་སྙོམས་ཀྱིས་ངལ་བར་མ་གྱུར་ཏམ། ཚེ་དང་ལྡན་པ་ཀུན་དགའ་བོ་བདག་ཅག་ཉ་པའི་གྲོང་དུ་ཏེ་པོར་བདེ་བ་ལ་རེག་པར་དབྱར་གནས་པར་ཁས་བླངས་ཏེ་བདག་ཅག་བསོད་སྙོམས་ཀྱིས་ཀྱང་ངལ་བར་མ་གྱུར་ཏོ། །ཚེ་དང་ལྡན་པ་དག་དེ་ཁོ་
ན་ལྟར་སྣང་སྟེ། འདི་ལྟར་བསོད་སྙོམས་ཀྱིས་བྲེལ་བ་མེད་པས་ཚོ་བ་དང་། པགས་པ་དང་། ཤ་དང་། ཁྲག་རྒྱས་པར་གྱུར་ཏོ། །ཚེ་དང་ལྡན་པ་དག་ད་ལྟར་མུ་གེ་ཉམ་ང་བ་དགོན་པ་སློང་མོ་པས་ཟས་རྙེད་པར་དཀའ་ཞིང་ཕ་མ་དག་ཀྱང་རང་གི་བུ་དག་ལ་ཟས་སྦྱིན་
པ་དང་བྱ་བར་སེམས་པ་དཀའ་ན་སློང་མོ་བ་ལྟ་སྨོས་ཀྱང་ཅི་དགོས་པ་བྱུང་ན། འདིར་ཚེ་དང་ལྡན་པ་ཁྱེད་ཅག་བསོད་སྙོམས་ཀྱིས་བྲེལ་བ་མེད་པར་གྱུར་པའི་རྒྱུ་ནི་གང་ཡིན། རྐྱེན་ནི་གང་ཡིན། ཚེ་དང་ལྡན་པ་ཀུན་དགའ་བོ་བདག་ཅག་གིས་ཉེ་དུ་རྣམས་ཀྱི་མདུན་དུ་གཅིག་
གིས་གཅིག་གི་ཡང་དག་པའི་ཡོན་ཏན་བསྒྲག་པ་བྱས་ཏེ། དགེ་སློང་འདི་ནི་མི་རྟག་པའི་འདུ་ཤེས་དང་། མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་དང་། སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་དང་། ཟས་ལ་མི་མཐུན་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་

ལ་མངོན་པར་མི་དགའ་བའི་འདུ་ཤེས་དང་། ཉེས་དམིགས་ཀྱི་འདུ་ཤེས་དང་། སྤོང་བའི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བའི་འདུ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་དང་། མི་སྡུག་པའི་འདུ་ཤེས་དང་། རྣམ་པར་སྔོས་པའི་
འདུ་ཤེས་དང་། རྣམ་པར་རྣགས་པའི་འདུ་ཤེས་དང་། རྣམ་པར་བམ་པའི་འདུ་ཤེས་དང་། རྣམ་པར་འབུས་གཞིགས་པའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་འཐོར་བའི་འདུ་ཤེས་དང་། རུས་གོང་
གི་འདུ་ཤེས་དང་། སྟོང་པ་ཉིད་དུ་སོ་སོར་རྟོག་པའི་འདུ་ཤེས་ཐོབ་པ་ཡིན་ནོ། །དགེ་སློང་འདི་ནི་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། ནམ་མཁའ་
མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་གཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་
དང་། རྫུ་འཕྲུལ་གྱི་ཡུལ་དང་། ལྷའི་རྣ་བ་དང་། སེམས་ཡོངས་སུ་ཤེས་པ་དང་། སྔོན་གྱི་གནས་དང་། འཆི་འཕོ་དང་། སྐྱེ་བ་དང་། ཟག་པ་ཟད་པ་ཐོབ་པ་ཡིན་ནོ། །དགེ་སློང་འདི་ནི་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་ཡིན་ནོ། །དགེ་
སློང་འདི་ནི་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཡིན་ནོ་ཞེས་གཅིག་གིས་གཅིག་གི་ཡང་དག་པའི་ཡོན་ཏན་བསྒྲག་པར་བྱས་སོ། །ཅི་ཡང་དག་པས་སམ། ཡང་དག་པ་མ་ཡིན་པས། ཡང་དག་པས་སོ། །ཚེ་དང་ལྡན་པ་དག་ཁྱེད་ཅག་གང་ཟག་རྫོགས་
པར་མ་བསྙེན་པ་ལ་མིའི་ཆོས་བླ་མ་བདེན་པ་བརྗོད་དུ་རུང་ངམ། རུང་ཡང་སྲིད། མི་རུང་ཡང་སྲིད་དེ། འདི་ལྟར་བདག་ཅག་གིས་ནི་སྨྲས་སོ། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་གང་ཟག་རྫོགས་པར་མ་བསྙེན་པ་ལ་མིའི་ཆོས་བླ་མ་བདེན་པ་བརྗོད་ཅེས་

སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་
མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་ན་གནས་པའི་
དགེ་སློང་རྣམས་ལ་རྨས་པ། དགེ་སློང་དག་ཁྱེད་ཀྱིས་གང་ཟག་རྫོགས་པར་མ་བསྙེན་པ་ལ་མིའི་ཆོས་བླ་མ་བདེན་པ་སྨྲས་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་མི་བརྩོན་པ་དང་། མི་སྦྱོར་བ་དང་། མ་བརྟགས་པར་སྤྱོད་པ་རྣམ་
པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བརྩོན་པ་དང་། སྦྱོར་བ་དང་། བརྟགས་ཏེ་སྤྱོད་པའི་བསྔགས་པ་བརྗོད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་
རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་གང་ཟག་རྫོགས་པར་མ་བསྙེན་པ་ལ་མིའི་ཆོས་བླ་མ་བདེན་པ་བརྗོད་ན་ལྟུང་བྱེད་
དོ། །ཡང་དགེ་སློང་གང་ཞེས་བྱ་བ་ནི་ཆོས་འདི་པའོ། །གང་ཟག་རྫོགས་པར་མ་བསྙེན་པ་ལ་ཞེས་བྱ་བ་ལ་རྫོགས་པར་བསྙེན་པ་ནི་གཉིས་ཏེ། དགེ་སློང་དང་དགེ་སློང་མའོ། །དེ་ལས་གཞན་པ་ནི་རྫོགས་པར་མ་བསྙེན་པའོ། །མིའི་ཆོས་ཞེས་བྱ་བ་ནི་མི་
རྣམས་ཀྱི་ཆོས་མྱ་ངན་ལས་འདས་པ་སྟེ། དེ་མི་རྣམས་ཀྱིས་འཐོབ་ཀྱི་ཟ་མ་དང་། མ་ནིང་དང་། མཚན་གཉིས་པ་དག་གིས་ཀྱང་མི་འཐོབ་ན། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་རོ། །

བླ་མ་ཞེས་བྱ་བ་ནི་འདོད་པའི་ཁམས་པས་གཟུགས་ཀྱི་ཁམས་བླ་མ་ཡིན་ལ། གཟུགས་ཀྱི་ཁམས་པས་གཟུགས་མེད་པའི་ཁམས་བླ་མ་ཡིན་པའོ། །ཡང་ན་མིའི་ཆོས་ཞེས་བྱ་བ་ནི་སྒྲིབ་པ་ལྔ་པོ་དག་གོ། །བླ་མ་ཞེས་བྱ་བ་ནི་དེ་དག་སྤངས་པ་གང་ཡིན་པའོ། །བདེན་
པ་ཞེས་བྱ་བ་ནི་དེའི་དངོས་པོ་བདེན་པ་ཁོ་ན་ཡིན་པའོ། །སྨྲ་ན་ཞེས་བྱ་བ་ནི་བརྗོད་ནའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་
བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན།། །།བར་སྡོམ་ལ། འདུ་ཤེས་མ་
བསྒྱུར་དགོན་པ་དང་། །ཁྱིམ་རྣམས་སུ་ནི་སྟན་བཀྲ་དང་། །རང་གི་མཚན་ཉིད་འཛིན་པ་དང་། །བདག་ཉིད་ཉེ་བར་སྟོན་པའོ། །དགེ་སློང་གིས་འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་
སྐད་ཅེས་ལྷ་རྣམས་མཐོང་ངོ་ཞེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་ནས་སྔ་མ་བཞིན་དུ་ལུས་སྲུལ་པོ་རྣམས་ཀྱི་བར་དུ་མཐོང་ངོ་ཞེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །ཐ་ན་འདི་སྐད་ཅེས་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་མཐོང་ངོ་ཞེས་ཟེར་ན་
ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་ལྷ་རྣམས་ཀྱི་སྒྲ་ཐོས་སོ་ཞེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་
ནས་སྔ་མ་བཞིན་དུ་ལུས་སྲུལ་པོ་རྣམས་ཀྱི་བར་གྱི་སྒྲ་ཐོས་སོ་ཞེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །ཐ་ན་འདི་སྐད་ཅེས་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ཀྱི་སྒྲ་ཐོས་སོ་ཞེས་ཟེར་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་།

བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་ལྷ་རྣམས་བལྟ་བའི་ཕྱིར་འགྲོའོ་ཞེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་ནས་སྔ་མ་བཞིན་དུ་ལུས་སྲུལ་པོ་རྣམས་ཀྱི་བར་དུ་བལྟ་བའི་ཕྱིར་འགྲོའོ་ཞེས་ཟེར་ན་
ལྟུང་བྱེད་དུ་འགྱུར་རོ། །ཐ་ན་འདི་སྐད་ཅེས་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་བལྟ་བའི་ཕྱིར་འགྲོའོ་ཞེས་ཟེར་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་
སྐད་ཅེས་ལྷ་རྣམས་བདག་བལྟ་བའི་ཕྱིར་འོང་ངོ་ཞེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་ནས་སྔ་མ་བཞིན་ལུས་སྲུལ་པོ་རྣམས་ཀྱི་བར་དག་བདག་བལྟ་བའི་ཕྱིར་འོང་ངོ་ཞེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །ཐ་ན་འདི་སྐད་ཅེས་རྡུལ་
ཁྲོད་ཀྱི་ཤ་ཟ་རྣམས་ཀྱང་བདག་བལྟ་བའི་ཕྱིར་འོང་ངོ་ཞེས་ཟེར་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་ལྷ་རྣམས་དང་ལྷན་ཅིག་གཏམ་འདྲེ་
བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་ཅེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་ནས་སྔ་མ་བཞིན་དུ་ལུས་སྲུལ་པོ་རྣམས་ཀྱི་བར་དང་ལྷན་ཅིག་གཏམ་འདྲེ་བར་
བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་ཅེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །ཐ་ན་འདི་སྐད་ཅེས་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་
ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་ཅེས་ཟེར་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་ལྷ་རྣམས་བདག་

དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་ཅེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་ནས་སྔ་མ་བཞིན་དུ་ལུས་སྲུལ་པོ་རྣམས་ཀྱི་བར་ཡང་
བདག་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་ཅེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །ཐ་ན་འདི་སྐད་ཅེས་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ཀྱང་བདག་དང་ལྷན་ཅིག་གཏམ་འདྲེ་བར་བྱེད།
ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་ཅེས་ཟེར་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་
བར་འདི་སྐད་ཅེས་ཐོབ་བཞིན་དུ་བདག་གིས་མི་རྟག་པའི་འདུ་ཤེས་ཐོབ་བོ་ཞེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་ནས་སྔ་མ་བཞིན་དུ་སྟོང་པ་ཉིད་དུ་སོ་སོར་རྟོག་པའི་འདུ་ཤེས་ཀྱི་བར་དུ་ཐོབ་བོ་ཞེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་
སློང་གིས་འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་ཐོབ་བཞིན་དུ་བདག་གིས་བསམ་གཏན་དང་པོ་ཐོབ་བོ་ཞེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །དེ་བཞིན་དུ་གཉིས་པ་དང་། གསུམ་པ་དང་། བཞི་
པ་ནས་སྔ་མ་བཞིན་དུ་བདག་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་དང་། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའོ་ཞེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །འདི་ལྟར་དགེ་སློང་རབ་ཏུ་མང་པོ་དག་གྲོང་མེད་པའི་དགོན་པའི་གནས་ཤིག་ན་གནས་ཤིང་དེ་ན་དེ་
དག་ལ་མི་མ་ཡིན་པ་དག་གིས་འཚེ་བ་དང་། དེ་ན་དགེ་སློང་གང་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ། དགྲ་བཅོམ་པ་ཡིན་པ་དེ་ལ་དེ་ན་མི་མ་ཡིན་པ་དག་གིས་འཚེ་བར་མི་བྱེད་ནས་དགེ་སློང་གིས་འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་། འདོད་

པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་བདག་ཀྱང་གྲོང་མེད་པའི་དགོན་པའི་གནས་དེ་ན་གནས་ཏེ། དེ་ན་བདག་ལ་མི་མ་ཡིན་པ་རྣམས་འཚེ་བར་མི་བྱེད་དོ་ཞེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །འདི་ལྟར་དགེ་སློང་རབ་ཏུ་མང་པོ་
དག་ཁྱིམ་རྣམས་སུ་མགྲོན་དུ་བོས་ཏེ་ཟ་བར་བྱེད་ཅིང་དེ་ན་དེ་དག་ལ་སྟན་ཁྲ་བོ་བཀྲ་བ་དག་བཤམས་ཤིང་དེ་ན་དགེ་སློང་གང་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཡིན་པ་དེ་ལ་དེ་ན་སྟན་ཁྲ་བོ་ཉེ་བར་བཀྲ་བ་དག་ཤོམ་པར་
བྱེད་ནས་དགེ་སློང་གིས་འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་བདག་ཀྱང་ཁྱིམ་དེར་མགྲོན་དུ་བོས་ཤིང་ཟོས་ཏེ། དེ་ན་བདག་ལ་ཡང་སྟན་ཁྲ་བོ་ཉེ་བར་བཀྲ་བ་དག་ཤོམ་པར་བྱེད་དོ་ཞེས་ཟེར་ན།
ལྟུང་བྱེད་དུ་འགྱུར་རོ། །འདི་ལྟར་དགེ་སློང་རབ་ཏུ་མང་པོ་དགོན་པ་ན་གནས་པ་དག་གིས་ཞི་གནས་ཀྱི་རྒྱུ་མཚན་རང་གི་མཚན་ཉིད་འཛིན་པ་ཅུང་ཟད་ཅིག་ལ་བརྟེན་ནས། འཇིག་རྟེན་པའི་ལམ་གྱིས། ཉོན་མོངས་པ་དག་རྣམ་པར་མནན་པས་འདོད་པ་ལ་འདོད་ཆགས་
དང་། གནོད་སེམས་དག་རྒྱུད་ལ་ཀུན་དུ་མི་འབྱུང་ནས་དགེ་སློང་གིས་འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་བདག་ཀྱང་གྲོང་མེད་པའི་དགོན་པའི་གནས་དེ་ན་གནས་ཤིང་། བདག་གིས་
ཀྱང་དེ་ན་གནས་པ་ན་ཞི་གནས་ཀྱི་རྒྱུ་མཚན་རང་གི་མཚན་ཉིད་འཛིན་པ་ཅུང་ཟད་ཅིག་ལ་བརྟེན་ནས་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་དག་རྣམ་པར་མནན་པས་འདོད་པ་ལ་འདོད་ཆགས་དང་། གནོད་སེམས་དག་བདག་གི་རྒྱུད་ལ་ཡང་ཀུན་དུ་མི་འབྱུང་ངོ་ཞེས་ཟེར་
ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་བདག་ཉིད་ལ་ཉེ་བར་སྟོན་པས་འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་དགེ་སློང་གང་གིས་ལྷ་རྣམས་མཐོང་བ་དེ་ཡོད་དོ་ཞེས་ཟེར་ཞིང་འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་

ཟེར་ན་ཉེས་བྱས་སུ་འགྱུར་རོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་ནས་སྔ་མ་བཞིན་དུ་ལུས་སྲུལ་པོ་རྣམས་ཀྱི་བར་དུ་མཐོང་བ་དེ་ཡོད་དོ་ཞེས་ཟེར་ཞིང་འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །ཐ་ན་འདི་སྐད་ཅེས་དགེ་སློང་གང་གིས་རྡུལ་ཁྲོད་ཀྱི་ཤ་ཟ་
རྣམས་མཐོང་བ་དེ་ཡོད་དོ་ཞེས་ཟེར་ཞིང་འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་བདག་ཉིད་ལ་ཉེ་བར་སྟོན་པས་འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་
དགེ་སློང་གང་གིས་ལྷ་རྣམས་ཀྱི་སྒྲ་ཐོས་པ་དེ་ཡོད་དོ་ཞེས་ཟེར་ཞིང་འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་ནས་སྔ་མ་བཞིན་དུ་ལུས་སྲུལ་པོ་རྣམས་ཀྱི་བར་གྱི་སྒྲ་ཐོས་པ་དེ་ཡོད་དོ་ཞེས་ཟེར་ཞིང་
འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །ཐ་ན་འདི་སྐད་ཅེས་དགེ་སློང་གང་གིས་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་ཀྱི་སྒྲ་ཐོས་པ་དེ་ཡོད་དོ་ཞེས་ཟེར་ཞིང་འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་བདག་
ཉིད་ལ་ཉེ་བར་སྟོན་པས་འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་དགེ་སློང་གང་ལྷ་རྣམས་བལྟ་བའི་ཕྱིར་འགྲོ་བ་དེ་ཡོད་དོ་ཞེས་ཟེར་ཞིང་འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་
ཉེས་བྱས་སུ་འགྱུར་རོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་ནས་སྔ་མ་བཞིན་དུ་ལུས་སྲུལ་པོ་རྣམས་ཀྱི་བར་དུ་བལྟ་བའི་ཕྱིར་འགྲོ་བ་དེ་ཡོད་དོ་ཞེས་ཟེར་ཞིང་འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །ཐ་ན་འདི་སྐད་ཅེས་དགེ་སློང་རྡུལ་ཁྲོད་
ཀྱི་ཤ་ཟ་རྣམས་བལྟ་བའི་ཕྱིར་འགྲོ་བ་དེ་ཡོད་དོ་ཞེས་ཟེར་ཞིང་འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་བདག་ཉིད་ལ་ཉེ་བར་སྟོན་པས་འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་།

ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་དགེ་སློང་གང་ལ་ལྷ་རྣམས་བལྟ་བའི་ཕྱིར་འོང་བ་དེ་ཡོད་དོ་ཞེས་ཟེར་ཞིང་འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་ནས་སྔ་མ་བཞིན་དུ་ལུས་སྲུལ་པོ་རྣམས་
ཀྱི་བར་དུ་བལྟ་བའི་ཕྱིར་འོང་བ་དེ་ཡོད་དོ་ཞེས་ཟེར་ཞིང་འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །ཐ་ན་འདི་སྐད་ཅེས་དགེ་སློང་གང་ལ་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་བལྟ་བའི་ཕྱིར་འོང་བ་ཡོད་དོ་ཞེས་ཟེར་ཞིང་འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །
དགེ་སློང་གིས་བདག་ཉིད་ལ་ཉེ་བར་སྟོན་པས་འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་དགེ་སློང་གང་ལྷ་རྣམས་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་
སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་པ་དེ་ཡོད་དོ་ཞེས་ཟེར་ཞིང་འདི་སྐད་ཅེས། ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་ནས་སྔ་མ་བཞིན་དུ་ལུས་སྲུལ་པོ་རྣམས་ཀྱི་བར་
དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་པ་དེ་ཡོད་དོ་ཞེས་ཟེར་ཞིང་འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །ཐ་ན་འདི་སྐད་ཅེས་དགེ་སློང་གང་རྡུལ་ཁྲོད་ཀྱི་
ཤ་ཟ་རྣམས་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་པ་དེ་ཡོད་དོ་ཞེས་ཟེར་ཞིང་འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་བདག་ཉིད་ལ་ཉེ་
བར་སྟོན་པས་འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་དགེ་སློང་གང་དང་ལྷན་ཅིག་ལྷ་རྣམས་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་

ཡང་ལྷན་ཅིག་གནས་པར་བྱེད་པ་དེ་ཡོད་དོ་ཞེས་ཟེར་ཞིང་འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །ཀླུ་རྣམས་དང་། གནོད་སྦྱིན་རྣམས་ནས་སྔ་མ་བཞིན་དུ་ལུས་སྲུལ་པོ་རྣམས་ཀྱི་བར་ཡང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་
བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་པ་དེ་ཡོད་དོ་ཞེས་ཟེར་ཞིང་འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །ཐ་ན་འདི་སྐད་ཅེས་དགེ་སློང་གང་དང་ལྷན་ཅིག་རྡུལ་ཁྲོད་ཀྱི་ཤ་ཟ་རྣམས་གཏམ་འདྲེ་བར་
བྱེད། ཕེབས་པར་སྨྲ་བར་བྱེད། སོ་སོར་ཀུན་དགའ་བར་བྱེད། རྟག་ཏུ་ཡང་ལྷན་ཅིག་གནས་པར་བྱེད་པ་དེ་ཡོད་དོ་ཞེས་ཟེར་ཞིང་འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གང་གིས་བདག་ཉིད་ལ་ཉེ་བར་སྟོན་པས་འདུ་ཤེས་མ་
བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་དགེ་སློང་གང་གིས་མི་རྟག་པའི་འདུ་ཤེས་ཐོབ་པ་དེ་ཡོད་དོ་ཞེས་ཟེར་ཞིང་འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །མི་རྟག་པའི་འདུ་
ཤེས་ཇི་ལྟ་བ་དེ་བཞིན་དུ་གང་གིས་སྔ་མ་བཞིན་དུ་སྟོང་པ་ཉིད་དུ་སོ་སོར་རྟོག་པའི་འདུ་ཤེས་ཀྱི་བར་དུ་ཐོབ་པ་དེ་ཡོད་དོ་ཞེས་ཟེར་ཞིང་འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་བདག་ཉིད་ལ་ཉེ་བར་སྟོན་པས་འདུ་ཤེས་མ་བསྒྱུར་ཅིང་བཟོད་
པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་དགེ་སློང་གང་གིས་བསམ་གཏན་དང་པོ་ཐོབ་པ་དེ་ཡོད་དོ་ཞེས་ཟེར་ཞིང་འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །བསམ་གཏན་དང་པོ་ཇི་ལྟ་བ་
དེ་བཞིན་དུ་གང་གིས་སྔ་མ་བཞིན་དུ་གཉིས་པ་དང་། གསུམ་པ་དང་། བཞི་པ་ནས་དགེ་སློང་གང་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པ་དང་། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་བར་དེ་ཡོད་དོ་ཞེས་ཟེར་ཞིང་འདི་སྐད་ཅེས་ཁོ་བོའོ་ཞེས་ནི་

མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །འདི་ལྟར་དགེ་སློང་རབ་ཏུ་མང་པོ་དག་གྲོང་མེད་པའི་དགོན་པའི་གནས་ཞིག་ན་གནས་ཤིང་དེ་ན་དེ་དག་ལ་མི་མ་ཡིན་པ་དག་གིས་འཚེ་བ་ན་དེ་དགེ་སློང་གང་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་
མི་འོང་བ་དང་། དགྲ་བཅོམ་པ་ཡིན་པ་དེ་ལ་དེ་ན་མི་མ་ཡིན་པ་དག་གིས་འཚེ་བར་མི་བྱེད་ནས། དགེ་སློང་གིས་བདག་ཉིད་ལ་ཉེ་བར་སྟོན་པས་འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་
ཅེས་དགེ་སློང་གང་གྲོང་མེད་པའི་དགོན་པའི་གནས་དེ་ན་གནས་པ་དེ་ལ་དེ་ན་མི་མ་ཡིན་པ་རྣམས་འཚེ་བར་མི་བྱེད་པ་དེ་ཡོད་དོ་ཞེས་ཟེར་ཞིང་འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །འདི་ལྟར་དགེ་སློང་རབ་ཏུ་མང་པོ་དག་ཁྱིམ་རྣམས་སུ་མགྲོན་
དུ་བོས་ཏེ་ཟ་བར་བྱེད་ཅིང་དེ་ན་དེ་དག་ལ་སྟན་ཁྲ་བོ་ཉེ་བར་བཀྲ་བ་དག་བཤམས་ཤིང་། དེ་ན་དགེ་སློང་གང་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཡིན་པ་དེ་ལ་དེ་ན་སྟན་ཁྲ་བོ་ཉེ་བར་བཀྲ་བ་དག་ཤོམ་པར་བྱེད་ནས།
དགེ་སློང་གིས་བདག་ཉིད་ལ་ཉེ་བར་སྟོན་པས་འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་དགེ་སློང་གང་ཁྱིམ་དེར་མགྲོན་དུ་བོས་ཤིང་ཟོས་ཏེ་དེ་ན་དེ་ལ་ཡང་སྟན་ཁྲ་བོ་ཉེ་བར་བཀྲ་བ་དག་ཤོམ་
པར་བྱེད་པ་དེ་ཡོད་དོ་ཞེས་ཟེར་ཞིང་འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །འདི་ལྟར་དགེ་སློང་རབ་ཏུ་མང་པོ་དག་དགོན་པ་ན་གནས་པ་དག་གིས་ཞི་གནས་ཀྱི་རྒྱུ་མཚན་རང་གི་མཚན་ཉིད་འཛིན་པ་ཅུང་ཟད་ཅིག་ལ་བརྟེན་ནས་འཇིག་རྟེན་པའི་ལམ་གྱིས་
ཉོན་མོངས་པ་དག་རྣམ་པར་མནན་པས་འདོད་པ་ལ་འདོད་ཆགས་དང་། གནོད་སེམས་དག་རྒྱུད་ལ་ཀུན་དུ་མི་འབྱུང་ནས་དགེ་སློང་གིས་བདག་ཉིད་ལ་ཉེ་བར་སྟོན་པས་འདུ་ཤེས་མ་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་

ཅེས་དགེ་སློང་གིས་གྲོང་མེད་པའི་དགོན་པའི་གནས་དེ་ན་གནས་ཤིང་ཞི་གནས་ཀྱི་རྒྱུ་མཚན་རང་གི་མཚན་ཉིད་འཛིན་པ་ཅུང་ཟད་ཅིག་ལ་བརྟེན་ནས་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་པ་དག་རྣམ་པར་མནན་པས་འདོད་པ་ལ་འདོད་ཆགས་དང་། གནོད་སེམས་དག་
རྒྱུད་ལ་ཀུན་དུ་མི་འབྱུང་བ་དེ་ཡོད་དོ་ཞེས་ཟེར་ཞིང་འདི་སྐད་ཅེས་ཁོ་བོའོ་ཞེས་ནི་མི་ཟེར་ན་ཉེས་བྱས་སུ་འགྱུར་རོ། །མིའི་ཆོས་བླ་མ་བརྗོད་པའི་ལྟུང་བྱེད་དེ་བརྒྱད་པ་རྫོགས་སྷོ།། །།འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཞི་བཅུ་རྩ་གཉིས་པ། སངས་
རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །གང་གི་ཚེ་ཚེ་དང་ལྡན་པ་གྱད་བུ་ནོར་གནས་མལ་འབོག་པ་དང་། ཟས་ལ་སྐོ་བར་བསྐོས་པ་དེའི་ཚེ་ན་དེ་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཡིན་པས་
དགེ་འདུན་ལ་ཆོས་དང་ལྡན་པས་ཞལ་ཏ་བྱེད་པའི་ལས་ལ་བརྩོན་པ་ཡིན་ལ། དེས་སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ། ཡིད་དུ་འཐད་པའི་དགེ་སློང་རྣམས་ལ་མ་ཕུལ་བའམ། ཡོངས་སུ་མ་བཏང་བ་ཅི་ཡང་མེད་དེ། དེས་དེ་ལྟར་ཕུལ་ཞིང་ཡོངས་
སུ་བཏང་བས་ཆོས་གོས་གསུམ་ངན་ཅིང་སྣམ་སྦྱར་ཡང་ཡོངས་སུ་རྙིངས་ནས་དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་ཚེ་དང་ལྡན་པ་གྱད་བུ་ནོར་འདི་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཡིན་པས་དགེ་འདུན་ལ་ཆོས་དང་ལྡན་པས་ཞལ་ཏ་བྱེད་པའི་ལས་
ལ་བརྩོན་པ་ཡིན་ལ། དེས་སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ། ཡིད་དུ་འཐད་པའི་དགེ་སློང་རྣམས་ལ་མ་ཕུལ་བའམ། ཡོངས་སུ་མ་བཏང་བ་ཅི་ཡང་མེད་དེ། དེས་དེ་ལྟར་ཕུལ་ཞིང་ཡོངས་སུ་བཏང་བས་ཆོས་གོས་གསུམ་ངན་ཅིང་སྣམ་སྦྱར་ཡང་
ཡོངས་སུ་རྙིངས་ཀྱིས། གལ་ཏེ་དགེ་འདུན་གྱིས་རས་ཡུག་ཆེན་འགའ་ཞིག་རྙེད་ན་དེ་ཚེ་དང་ལྡན་པ་གྱད་བུ་ནོར་ལ་སྦྱིན་པར་བྱའོ་ཞེས་སྨྲས་ནས། དགེ་འདུན་གྱིས་ཀྱང་རས་ཡུག་ཆེན་རྙེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་

ལྡན་འདས་ཀྱིས་བཀའ་སྩལ་པ། གསོལ་བ་བྱས་ཏེ་བྱིན་ན་མི་གཡོ་བར་འགྱུར་རོ། །འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་གཎྜཱི་དེ་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ནས་དགེ་འདུན་ཐམས་ཅད་
འདུག་ཅིང་མཐུན་པར་གྱུར་པ་ལ་དགེ་སློང་ཅིག་གིས་གསོལ་བ་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་གྱད་བུ་ནོར་འདི་ནི་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་དེ་དགེ་འདུན་ལ་ཡང་ཆོས་ཀྱིས་ཞལ་ཏ་བགྱིད་པའི་ལས་
ལ་བརྩོན་པ་ལགས་ལ། དེས་སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ། ཡིད་དུ་འཐད་པའི་དགེ་སློང་རྣམས་ལ་མ་ཕུལ་བའམ། ཡོངས་སུ་མ་བཏང་བ་ཅི་ཡང་མ་མཆིས་ཏེ། དེས་དེ་ལྟར་ཕུལ་ཞིང་ཡོངས་སུ་བཏང་བས་ཆོས་གོས་གསུམ་
ངན་ཅིང་སྣམ་སྦྱར་ཡང་ཡོངས་སུ་རྙིངས་ལ་དགེ་འདུན་ལ་ནི་རས་ཡུག་ཆེན་འབྱོར་པར་མངའ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་དགེ་འདུན་གྱིས་ཚེ་དང་ལྡན་པ་གྱད་བུ་ནོར་ལ་རས་ཡུག་ཆེན་སྩོལ་ཏོ། །
འདི་ནི་གསོལ་བའོ། །ཕྱིས་དགེ་འདུན་གྱིས་དེ་ལ་རས་ཡུག་ཆེན་བྱིན་པ་དང་། དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ཚེ་དང་ལྡན་པ་གྱད་བུ་ནོར་དང་ཚེ་རབས་ཚེ་རབས་ནས་རྗེས་སུ་འབྲེལ་པའི་ཁོན་ཡོད་པས་དེ་གཉིས་དགེ་སློང་རྣམས་ཀྱི་མདུན་ན་ཚེ་དང་ལྡན་
པ་དག་འདི་ལྟར་དགེ་འདུན་གྱི་རྙེད་པ་རྙེད་དོ་ཅོག་གཅིག་གིས་གང་ཟག་ལ་ཡོངས་སུ་སྔོ་བར་བྱེད་ན། དགེ་འདུན་གྱིས་རྙེད་པ་འགྲུབ་པར་ག་ལ་འགྱུར་ཞེས་སྨོད་པར་བྱེད་ནས་དགེ་སློང་རྣམས་ཀྱིས་དེ་གཉིས་ལ་སྨྲས་པ། ཚེ་དང་ལྡན་པ་གཉིས་ཁྱེད་གཉིས་དེར་
མ་འདུས་སམ། འདུས་སོ། །འོ་ན་ཅིའི་ཕྱིར་སྨོད་པར་བྱེད། དེ་གཉིས་ཀྱིས་སྨྲས་པ། ཅི་ཁོ་བོ་ཅག་གཉིས་འདུར་ཡང་མི་གནང་ངམ། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་སྔར་ལེགས་པར་རུང་བར་བྱས་ནས། དེའི་འོག་ཏུ་འདི་སྐད་ཅེས་

ཚེ་དང་ལྡན་པ་དག་གིས་འདི་ལྟར་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པར་བསྔོས་པ་བདག་གི་གང་ཟག་ལ་བསྔོས་ཞེས་ཟེར་ཞིང་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་
གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་
མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ལ་རྨས་པ། དགེ་སློང་གཉིས་ཁྱེད་གཉིས་ཀྱིས་སྔར་ལེགས་པར་རུང་བར་བྱས་ནས་དེའི་འོག་ཏུ་འདི་སྐད་ཅེས་ཚེ་དང་ལྡན་
པ་དག་གིས་འདི་ལྟར་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པར་བསྔོས་པ་བདག་གི་གང་ཟག་ལ་བསྔོས་སོ་ཞེས་སྨྲས་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ།
རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་
དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་བཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་
སློང་གང་སྔར་ལེགས་པར་རུང་བར་བྱས་ནས། དེའི་འོག་ཏུ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གིས་འདི་ལྟར་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པར་བསྔོས་པ་བདག་གི་གང་ཟག་ལ་བསྔོས་སོ་ཞེས་ཟེར་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་ཞེས་བྱ་

བ་ནི་མཛའ་བོ་དང་ས་ལས་སྐྱེས་སམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །སྔར་ལེགས་པར་རུང་བར་བྱས་ནས་ཞེས་བྱ་བ་ནི་སྔར་དད་པ་ཕུལ་ནས་སོ། །དེའི་འོག་ཏུ་ཞེས་བྱ་བ་ནི་དུས་གཞན་ནའོ། །འདི་སྐད་ཅེས་ཞེས་བྱ་བ་ནི་འདི་
སྐད་ཅེས་ཟེར་ནའོ། །ཚེ་དང་ལྡན་པ་དག་གིས་འདི་ལྟར་བཤེས་ངོར་བྱས་ཏེ་ཞེས་བྱ་བ་ལ། དགེ་སློང་གི་བཤེས་པ་གང་ཞེ་ན། མཁན་པོའི་ནི་ལྷན་ཅིག་གནས་པའོ། །ལྷན་ཅིག་གནས་པའི་ནི་མཁན་པོའོ། །སློབ་དཔོན་གྱི་ནི་ཉེ་གནས་སོ། །
ཉེ་གནས་ཀྱི་ནི་སློབ་དཔོན་ནོ། །མཁན་པོ་གཅིག་པའི་ནི་མཁན་པོ་གཅིག་པའོ། །སློབ་དཔོན་གཅིག་པའི་ནི་སློབ་དཔོན་གཅིག་པའོ། །མཛའ་བོའི་ནི་མཛའ་བོའོ། །དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ། །
རྙེད་པ་ཞེས་བྱ་བ་ལ་རྙེད་པ་ནི་གཉིས་ཏེ། གོས་ཀྱི་རྙེད་པ་དང་། ཟས་ཀྱི་རྙེད་པ་སྟེ། དོན་འདིར་ནི་གོས་ཀྱི་རྙེད་པ་ཡིན་པར་དགོངས་སོ། །བསྔོས་པ་ཞེས་བྱ་བ་ནི་དགེ་འདུན་གྱི་ནང་དུ་གྲུབ་པའོ། །བདག་གི་གང་ཟག་ལ་བསྔོས་སོ་ཞེས་བྱ་བ་ནི་བདག་གི་དོན་
དུའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་
ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་གིས་ཇི་ཙམ་དུ་ཅུང་ཟད་སྔར་མཐུན་ཞིང་རུང་བར་བྱས་ནས་དེའི་འོག་ཏུ་འདི་སྐད་ཅེས་ཚེ་དང་ལྡན་པ་
དག་གིས་འདི་ལྟར་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པར་བསྔོས་པ་བདག་གི་གང་ཟག་ལ་བསྔོས་སོ་ཞེས་ཟེར་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ། །བཤེས་ངོར་བྱས་ཏེ་དགེ་འདུན་གྱི་རྙེད་པར་བསྔོས་པ་བདག་གི་གང་ཟག་ལ་བསྔོས་པ་བདེན་ན་ལྟུང་བ་མེད་

དོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །སྐུར་བ་འདེབས་པའི་ལྟུང་བྱེད་དེ་དགུ་པ་རྫོགས་སྷོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་
ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་གདོན་པར་བྱའོ་ཞེས་བཀའ་སྩལ་ནས། དགེ་སློང་རྣམས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་
པ་འདོན་པར་བྱེད་པ་ན། དྲུག་སྡེ་དག་ཕམ་པར་འགྱུར་བ་བཞི་པོ་དག་འདོན་པའི་ཚེ་ནི་ཅང་མི་སྨྲ་བར་འཁོད་དོ། །དགེ་འདུན་ལྷག་མ་བཅུ་གསུམ་འདོན་པའི་ཚེ་ན་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གང་ལ་གཞི་ངེས་པ་དང་། གང་ཟག་ངེས་
པར་རབ་ཏུ་ཤེས་པ་ཡོད་བཞིན་དུ། བདག་ཅག་གིས་རྨ་སོས་པ་སོས་པ་དག་ཅིའི་ཕྱིར་འདྲལ་བར་བྱེད། གང་དག་གིས་དགེ་སློང་རྣམས་འགྱོད་པ་དང་། ཡིད་ལ་གཅགས་པ་དང་། གནོད་པར་འགྱུར་བ་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་
འདི་དག་གིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་བཏོན་པ་དག་གིས་ཅི་བྱ་ཞེས་ཟེར་རོ། །དེ་བཞིན་དུ་མ་ངེས་པ་གཉིས་དང་། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་བཅུ་དང་། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་དང་། སོ་སོར་བཤགས་པར་བྱ་བའི་
ཆོས་བཞི་དང་། བསླབ་པའི་ཆོས་མང་པོ་དང་། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་འདོན་པའི་ཚེ་ན་ཡང་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གང་ལ་གཞི་ངེས་པ་དང་། གང་ཟག་ངེས་པ་རབ་ཏུ་ཤེས་པ་ཡོད་བཞིན་དུ་བདག་ཅག་གི་རྨ་སོས་པ་སོས་པ་
དག་ཅིའི་ཕྱིར་འདྲལ་བར་བྱེད། གང་དག་གིས་དགེ་སློང་རྣམས་འགྱོད་པ་དང་། ཡིད་ལ་གཅགས་པ་དང་། གནོད་པར་འགྱུར་བ་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་གིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་བཏོན་པ་དག་གིས་ཅི་བྱ་

ཞེས་ཟེར་ནས། དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་གི་ཕྱིར་ཁོ་བོ་ཅག་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་མ་ཡིན་གྱི། འདི་ལྟར་ཁོ་བོ་ཅག་ནི་སྟོན་པའི་བཀའ་ལུང་གིས་འདོན་ཏོ། །གལ་ཏེ་ཁྱེད་ཅག་
སྡུག་བསྔལ་བ་དང་། ཡིད་མི་བདེ་བ་སྐྱེ་ན་ཅིའི་ཕྱིར་ལྷག་པར་སྤྱོད་པར་བྱེད། དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར། དགེ་སློང་དག་ཕམ་པར་འགྱུར་བ་བཞི་པོ་དག་འདོན་པའི་ཚེ་ནི་ཅང་མི་སྨྲ་བར་འཁོད་ལ། དགེ་འདུན་ལྷག་མ་བཅུ་གསུམ་འདོན་པའི་ཚེ་ནི་འདི་སྐད་
ཅེས་ཚེ་དང་ལྡན་པ་དག་གང་ལ་གཞི་ངེས་པ་དང་། གང་ཟག་ངེས་པ་རབ་ཏུ་ཤེས་པ་ཡོད་བཞིན་དུ་བདག་ཅག་གི་རྨ་སོས་པ་སོས་པ་དག་ཅིའི་ཕྱིར་འདྲལ་བར་བྱེད། གང་དག་གིས་དགེ་སློང་རྣམས་འགྱོད་པ་དང་། ཡིད་ལ་གཅགས་པ་དང་། གནོད་པར་འགྱུར་བ་བསླབ་
པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་གིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་བཏོན་པ་དག་གིས་ཅི་བྱ་ཞེས་ཟེར། དེ་བཞིན་དུ་མ་ངེས་པ་གཉིས་དང་། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་བཅུ་དང་། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་དང་། སོ་སོར་
བཤགས་པར་བྱ་བའི་ཆོས་བཞི་དང་། བསླབ་པའི་ཆོས་མང་པོ་དང་། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་འདོན་པའི་ཚེ་ན་ཡང་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གང་ལ་གཞི་ངེས་པ་དང་། གང་ཟག་ངེས་པ་རབ་ཏུ་ཤེས་པ་ཡོད་བཞིན་དུ་བདག་ཅག་གི་
རྨ་སོས་པ་སོས་པ་དག་ཅིའི་ཕྱིར་འདྲལ་བར་བྱེད། གང་དག་གིས་དགེ་སློང་རྣམས་འགྱོད་པ་དང་། ཡིད་ལ་གཅགས་པ་དང་། གནོད་པར་འགྱུར་བ་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་གིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་
བཏོན་པ་དག་གིས་ཅི་བྱ་ཞེས་ཟེར་ཞིང་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་

གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་དྲུག་སྡེ་དག་
ལ་རྨས་པ། དགེ་སློང་དག་ཁྱེད་ཅག་ཕམ་པར་འགྱུར་བ་བཞི་པོ་དག་འདོན་པའི་ཚེ་ནི་ཅང་མི་སྨྲ་བར་འཁོད་ལ། དགེ་འདུན་ལྷག་མ་བཅུ་གསུམ་འདོན་པའི་ཚེ་ནི་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གང་ལ་གཞི་ངེས་པ་དང་། གང་ཟག་ངེས་པ་རབ་ཏུ་ཤེས་
པ་ཡོད་བཞིན་དུ། བདག་ཅག་གི་རྨ་སོས་པ་སོས་པ་དག་ཅིའི་ཕྱིར་འདྲལ་བར་བྱེད། གང་དག་གིས་དགེ་སློང་རྣམས་འགྱོད་པ་དང་། ཡིད་ལ་གཅགས་པ་དང་། གནོད་པར་འགྱུར་བ་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་
གིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་བཏོན་པ་དག་གིས་ཅི་བྱ། དེ་བཞིན་དུ་མ་ངེས་པ་གཉིས་དང་། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་བཅུ་དང་། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་དང་། སོ་སོར་བཤགས་པར་བྱའི་ཆོས་བཞི་དང་། བསླབ་པའི་
ཆོས་མང་པོ་དང་། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་འདོན་པའི་ཚེ་ཡང་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གང་ལ་གཞི་ངེས་པ་དང་། གང་ཟག་ངེས་པ་རབ་ཏུ་ཤེས་པ་ཡོད་བཞིན་དུ་བདག་ཅག་གི་རྨ་སོས་པ་སོས་པ་དག་ཅིའི་ཕྱིར་འདྲལ་བར་བྱེད། གང་དག་
གིས་དགེ་སློང་རྣམས་འགྱོད་པ་དང་། ཡིད་ལ་གཅགས་པ་དང་། གནོད་པར་འགྱུར་བ་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་གིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་བཏོན་པ་དག་གིས་ཅི་བྱ་ཞེས་སྨྲས་པ་བདེན་ནམ། བཙུན་
པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ། །ཞེས་རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་

རྣམ་གྲངས་དུ་མས་རྣམ་པར་སྨད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ། ཞེས་བྱ་བ་ལ་སོགས་
པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་གང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་འདོན་པ་ན་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གང་དག་གིས་དགེ་སློང་རྣམས་འགྱོད་པ་དང་།
ཡིད་ལ་གཅགས་པ་དང་། གནོད་པར་འགྱུར་བ་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་གིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་བཏོན་པ་དག་གིས་ཅི་བྱ་ཞེས་ཟེར་ཞིང་བསླབ་པ་ཁྱད་དུ་གསོད་ན་ལྟུང་བྱེད་དོ། །ཡང་དགེ་སློང་གང་
ཞེས་བྱ་བ་ནི་དྲུག་སྡེའམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ། །ཟླ་བ་ཕྱེད་ཕྱེད་ཅིང་ཞེས་བྱ་བ་ནི་ཟླ་བ་ཕྱེད་ཕྱེད་ཅིང་ངོ་། །སོ་སོར་ཐར་པ་ཞེས་བྱ་བ་ནི་ཕམ་པར་འགྱུར་བའི་ཆོས་བཞི་དང་། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང་། མ་ངེས་པའི་ཚེས་གཉིས་
དང་། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་བཅུ་དང་། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་དང་། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང་། བསླབ་པའི་ཆོས་མང་པོ་དང་། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་གོ། །མདོ་ཞེས་བྱ་བ་ནི་དེས་ཉེ་བར་སྦྱར་བའི་
མདོའམ། ཡང་ན་མདོ་ཡང་དག་པར་སྦྱར་བའོ། །གདོན་པ་འདོན་པ་ན་ཞེས་བྱ་བ་ནི་རབ་ཏུ་སྟོན་པ་ནའོ། །འདི་སྐད་ཅེས་ཚེ་དང་ལྡན་པ་དག་གང་དག་གིས་དགེ་སློང་རྣམས་འགྱོད་པ་དང་། ཡིད་ལ་གཅགས་པ་དང་། གནོད་པར་འགྱུར་བ་བསླབ་པའི་གཞི་ཕྲན་ཚེགས་རབ་
ཏུ་ཕྲ་བ་འདི་དག་གིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་བཏོན་པ་དག་གིས་ཅི་བྱ་ཞེས་ཟེར་ཞིང་བསླབ་པ་ཁྱད་དུ་གསོད་ན་ཞེས་བྱ་བ་ནི་བསླབ་པ་ཁྱད་དུ་གསོད་པའི་བསམ་པས་ངག་དང་། ཚིག་དང་། ཐ་སྙད་དང་། སྐད་དང་། བརྗོད་པ་དང་། ངེས་

པའི་ཚིག་དང་། ཚིག་གི་ལམ་དང་། ཚིག་གི་སྒྲ་དང་། ངག་གི་ལས་དང་། ངག་གི་རྣམ་པར་རིག་བྱེད་བརྗོད་པའོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་
སྲེག་པར་བྱེད། འཚོད་པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ཇི་སྲིད་དུ་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་
ཞེ་ན། དགེ་སློང་ཕམ་པར་འགྱུར་བ་བཞི་པོ་དག་འདོན་པ་ན་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གང་དག་གིས་དགེ་སློང་རྣམས་འགྱོད་པར་འགྱུར་བ་འདི་དག་བཏོན་པས་ཅི་བྱ་ཞེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་ཕམ་པར་འགྱུར་བ་བཞི་པོ་དག་འདོན་པ་ན་
འདི་སྐད་ཅེས་ཚེ་དང་ལྡན་པ་དག་གང་དག་གིས་ནི་དགེ་སློང་རྣམས་ཡིད་ལ་གཅགས་པར་འགྱུར་བ་འདི་དག་བཏོན་པས་ཅི་བྱ་ཞེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་ཕམ་པར་འགྱུར་བ་བཞི་པོ་དག་འདོན་པ་ན་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གང་དག་གིས་
དགེ་སློང་རྣམས་ལ་གནོད་པར་འགྱུར་བ་འདི་དག་བཏོན་པས་ཅི་བྱ་ཞེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་ཕམ་པར་འགྱུར་བ་བཞི་པོ་དག་འདོན་པ་ན་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གང་དག་གིས་དགེ་སློང་རྣམས་གདུང་བར་འགྱུར་བ་འདི་དག་བཏོན་པས་ཅི་བྱ་
ཞེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་ཕམ་པར་འགྱུར་བ་བཞི་པོ་དག་འདོན་པ་ན་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གང་དག་གིས་དགེ་སློང་རྣམས་ཀུན་དུ་གདུང་བར་འགྱུར་བ་འདི་དག་བཏོན་པས་ཅི་བྱ་ཞེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་ཕམ་པར་
འགྱུར་བ་བཞི་པོ་དག་འདོན་པ་ན་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གང་དག་གིས་དགེ་སློང་རྣམས་ཡོངས་སུ་གདུང་བར་འགྱུར་བ་འདི་དག་བཏོན་པས་ཅི་བྱ་ཞེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་ཕམ་པར་འགྱུར་བ་བཞི་པོ་དག་འདོན་པ་ན་འདི་སྐད་ཅེས་ཚེ་དང་ལྡན་པ་

དག་གང་དག་གིས་དགེ་སློང་རྣམས་འགྱོད་པར་འགྱུར་བ་འདི་དག་བཏོན་པས་ཅི་བྱ་ཞེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་ཕམ་པར་འགྱུར་བ་བཞི་པོ་དག་འདོན་པ་ན་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གང་དག་གིས་དགེ་སློང་རྣམས་མངོན་པར་མི་
དགའ་བར་འགྱུར་བ་འདི་དག་བཏོན་པས་ཅི་བྱ་ཞེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་ཕམ་པར་འགྱུར་བ་བཞི་པོ་དག་འདོན་པ་ན་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གང་དག་གིས་དགེ་སློང་རྣམས་རྣམ་པར་འཁྱམ་པར་འགྱུར་བ་འདི་དག་བཏོན་པས་ཅི་བྱ་ཞེས་ཟེར་ན་
ལྟུང་བྱེད་དུ་འགྱུར་རོ། །དེ་བཞིན་དུ་དགེ་སློང་། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང་། མ་ངེས་པའི་ཆོས་གཉིས་དང་། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་བཅུ་དང་། ལྟུང་བྱེད་ཀྱི་ཆོས་དགུ་བཅུ་དང་། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང་། བསླབ་པའི་ཆོས་
མང་པོ་དང་། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་འདོན་པ་ན་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གང་དག་གིས་དགེ་སློང་རྣམས་འགྱོད་པ་དང་། ཡིད་ལ་གཅགས་པ་དང་། གནོད་པ་དང་། གདུང་བ་དང་། ཀུན་དུ་གདུང་བ་དང་། ཡོངས་སུ་གདུང་བ་དང་། འདོད་པ་
དང་། མངོན་པར་མི་དགའ་བ་དང་། རྣམ་པར་འཁྱམ་པར་འགྱུར་བ་འདི་དག་བཏོན་པས་ཅི་བྱ་ཞེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །དེ་བཞིན་དུ་དགེ་སློང་གཞི་དག་དང་། ཕྲན་ཚེགས་དག་དང་། གླེང་གཞི་དག་དང་། སིལ་བུ་དག་དང་། འདུལ་བ་ལྔ་པ་དག་དང་། འདུལ་
བ་དྲུག་པ་དང་། འདུལ་བའི་མ་མོ་དག་དང་། དེ་ལས་གཞན་པ་འདུལ་བ་དང་ལྡན་པའི་མདོ་དག་འདོན་པ་ན་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གང་དག་གིས་དགེ་སློང་རྣམས་འགྱོད་པ་དང་། ཡིད་ལ་གཅགས་པ་དང་། གནོད་སེམས་དང་། གདུང་བ་དང་། ཀུན་ཏུ་གདུང་བ་དང་།
ཡོངས་སུ་གདུང་བ་དང་། འདོད་པ་དང་། མངོན་པར་མི་དགའ་བ་དང་། རྣམ་པར་འཁྱམ་པར་འགྱུར་བ་འདི་དག་བཏོན་པས་ཅི་བྱ་ཞེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་དེ་ལས་གཞན་པའི་མདོ་སྡེ་དག་འདོན་པ་ན་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གང་དག་གིས་དགེ་སློང་རྣམས་

འགྱོད་པ་དང་། ཡིད་ལ་གཅགས་པ་དང་། གནོད་པ་དང་། གདུང་བ་དང་། ཀུན་དུ་གདུང་བ་དང་། ཡོངས་སུ་གདུང་བ་དང་། འདོད་པ་དང་། མངོན་པར་མི་དགའ་བ་དང་། རྣམ་པར་འཁྱམ་པར་འགྱུར་བ་འདི་དག་བཏོན་པས་ཅི་བྱ་ཞེས་ཟེར་ན་ཉེས་བྱས་སུ་འགྱུར་རོ། །ལས་
དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བསླབ་པ་ཁྱད་དུ་གསོད་པའི་ལྟུང་བྱེད་དེ་བཅུ་པ་རྫོགས་སྷོ།། །།སྡོམ་ལ། ས་བོན་འཕྱ་བ་བསྒོ་བ་དང་། །ཁྲི་དང་གདིང་དང་སྐྲོད་པ་དང་། །ཕྱིས་གནོད་
འབྱུང་བ་འདེབས་པ་དང་། །རིམ་པ་གཉིས་སུ་རྩིག་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་སྔོན་ཤིང་མཁན་རྒན་ཞུགས་བྱིས་པ། རྨོངས་པ། མི་གསལ་བ་མི་
མཁས་པ་ཞིག་གིས་ཤིང་ལྗོན་པ་བཅད་ནས་དགེ་འདུན་གྱི་གཙུག་ལག་ཁང་བྱེད་དུ་བཅུག་གོ། །དེ་ནས་ཤིང་ལྗོན་པ་དེ་ལ་གནས་པའི་ལྷ་ཁ་དོག་ཤིན་ཏུ་འདས་པ་གང་ཡིན་པ་དེ་མཚན་མོ་ནམ་སྲོས་པ་དང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་
ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་པ་དང་། འདི་ལྟར་ལྷ་དེའི་ཁ་དོག་གི་མཐུས་རྒྱ