Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 006_འདུལ་བ།_ཆ
Văn bản gốc(Tây Tạng)
Trang 14 / 18 (50.000 ký tự/trang)
ི་ སྨན་རབ་ཏུ་མང་པོ་དག་ཅིག་རྙེད་ཅིང་དེ་ཚེས་བདུན་གྱི་བར་ལ་ཡང་གཞན་རབ་ཏུ་མང་པོ་དག་རྙེད་ན་དགེ་སློང་དེས་ཉི་མ་བདུན་པོ་དེ་ཉིད་ཀྱི་ནང་དུ་སྔ་མ་དག་ཡོངས་སུ་ལོངས་སྤྱད་པར་བྱ་ཞིང་། ཕྱི་མ་དག་གཏང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །ཡང་ན་ཕྱི་མ་དག་ ཡོངས་སུ་ལོངས་སྤྱད་པར་བྱ་ཞིང་། སྔ་མ་དག་གཏང་བར་བྱ་བའམ། གཞན་ལ་སྦྱིན་པར་བྱའོ། །ཡོངས་སུ་ལོངས་སྤྱོད་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། གཞན་ལ་སྦྱིན་པར་མི་བྱེད་ན་ཉི་མ་བརྒྱད་པའི་སྐྱ་རེངས་ཤར་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། ། དེ་ལ་སྨན་གང་དག་དེ་ནས་ལག་ཉར་བླངས་པ་དང་། དེ་ལས་བྱིན་ལེན་བྱས་པ་དང་། ཟས་ཀྱི་ཕྱེ་མ་དང་འདྲེས་པ་དང་། ཕན་ཚུན་འདྲེས་པ་དང་། རང་གི་རྒྱུད་ཀྱིས་མྱགས་པ་གང་དག་རྣམ་པར་དབྱེར་ཡང་མི་མངོན་པ་དེ་དག་ནི་ཀུན་དགའི་ར་བའམ། དགེ་ཚུལ་དག་ ལ་སྤང་བར་བྱའོ། །དེ་ལ་སྨན་གང་དག་དེ་ནས་ལག་ཉར་མ་བླངས་པ་དང་། དེ་ལས་བྱིན་ལེན་མ་བྱས་པ་དང་། ཟས་ཀྱི་ཕྱེ་མ་དང་མ་འདྲེས་པ་དང་། ཕན་ཚུན་མ་འདྲེས་པ་དང་། རང་གི་རྒྱུད་ཀྱིས་མ་མྱགས་པ་གང་དག་རྣམ་པར་དབྱེར་ཡང་མི་མངོན་པ་དེ་དག་ནི་དགེ་སློང་ གིས་རང་གིས་ཞག་བདུན་པར་བྱིན་གྱིས་བརླབས་ཏེ་གསོག་འཇོག་གི་ཡོངས་སུ་ལོངས་སྤྱོད་པས་ཡོངས་སུ་ལོངས་སྤྱད་པར་བྱའོ། །འདི་ལྟར་བྱིན་གྱིས་བརླབ་པར་བྱ་སྟེ། ལག་པ་བསྙལ་ནས་སྨན་བྱིན་ལེན་བྱས་ཏེ་ཚངས་པ་མཚུངས་པར་སྤྱོད་པའི་མདུན་དུ་འདུག་ནས་ འདི་སྐད་ཅེས་བརྗོད་པར་བྱའོ། །ཚེ་དང་ལྡན་པ་དགོངས་སུ་གསོལ། །བདག་དགེ་སློང་མིང་འདི་ཞེས་བགྱི་བས་སྨན་རུང་བ་འདི་བདག་ཉིད་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིར་བགྱི་བའི་སླད་དུ་ཞག་བདུན་པར་བྱིན་གྱིས་བརླབ་བོ། །དེ་བཞིན་དུ་ལན་གཉིས། ལན་ གསུམ་དུ་བཟླས་པར་བྱའོ། །ཇི་ཙམ་ཡོངས་སུ་ལོངས་སྤྱད་པ་ཡང་ཚངས་པ་མཚུངས་པར་སྤྱོད་པ་ལ་བརྗོད་པར་བྱ་སྟེ། དེང་དུ་བདག་གི་ཉི་མ་གཅིག་ཡོངས་སུ་ལོངས་སྤྱད་ལགས་ཏེ། ལྷག་མ་རྣམས་ཀྱང་ཡོངས་སུ་ལོངས་སྤྱད་པར་བགྱིའོ་ཞེས་དེ་བཞིན་དུ་ཉི་མ་བདུན་ གྱི་བར་དུ་བརྗོད་པར་བྱའོ། །གལ་ཏེ་ལྷག་མ་ཡོད་ན་དེ་ཀུན་དགའི་ར་བ་པའམ། དགེ་ཚུལ་དག་ལ་སྤང་བར་བྱའོ། །དགེ་སློང་གི་ན་བའི་སྨན་སྤང་བར་གྱུར་ན་དེ་མ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་རྒྱུད་ཀྱིས་སྤང་ བར་འགྱུར་རོ། །དགེ་སློང་གི་ན་བའི་སྨན་སྤང་བར་གྱུར་ན་དེ་སྤངས་ཤིང་བྲལ་བར་མ་བྱས་ལ་ལྟུང་བ་མ་བཤགས་པར་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་རྒྱུད་ཀྱིས་སྤང་བར་འགྱུར་རོ། །དགེ་སློང་གི་ན་བའི་སྨན་སྤང་བར་གྱུར་ན་དེ་སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་མ་ བཤགས་པར་གཞན་ཞིག་རྙེད་ན་དེ་ཡང་སྔ་མའི་རྒྱུད་ཀྱིས་སྤང་བར་འགྱུར་རོ། །དགེ་སློང་གི་ན་བའི་སྨན་སྤང་བར་གྱུར་ན་དེ་སྤངས་ཤིང་བྲལ་བར་བྱས་ལ་ལྟུང་བ་བཤགས་ནས་གཞན་ཞིག་རྙེད་ན་དེ་ལ་ལྟུང་བ་མེད་དོ། །དེ་བཞིན་དུ་དགེ་སློང་གིས་ ཇི་ཙམ་དུ་ན་བའི་སྨན་སྤང་བ་དེས་མ་སྤངས་ཤིང་སོ་སོར་མ་སྤངས་ལ་མ་བཤགས་ཤིང་སོ་སོར་མ་བཤགས་པར་ལྷུང་བཟེད་དམ། ཆོས་གོས་སམ། དྲ་བའམ། ཕོར་བུའམ། སྐ་རགས་སམ། དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བའི་བར་དག་ཉེ་བར་འཇོག་ པར་བྱེད་ན་དེ་ཡང་སྔ་མའི་རྒྱུད་ཀྱིས་སྤང་བར་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །གསོག་འཇོག་གི་སྤང་བ་སྟེ་སུམ་བཅུ་པ་རྫོགས་སྷོ། །སྤང་བའི་ལྟུང་བྱེད་རྣམས་རྫོགས་ སྷོ།། །།སྤྱི་སྡོམ་ལ། ཤེས་བཞིན་དང་ནི་ས་བོན་དང་། །མ་བསྐོས་པ་དང་ཡང་ཡང་དང་། །ཆུ་དང་ཁྱིམ་དང་བསམས་བཞིན་དང་། །འགྲོན་མང་རྐུན་མ་མཆོད་སྟོན་ནོ།། །།སྡོམ་ལ། བརྫུན་སྐྱོན་དགེ་སློང་ཕྲ་མ་དང་། །སྐྱོ་སྔོགས་བྱེད་དང་ སྟོན་པ་དང་། །འདོན་དང་གནས་ངན་ལེན་དང་ཆོས། །བཤེས་ངོར་བྱེད་དང་ཁྱད་དུ་གསོད། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་སྒྲ་ཅན་ཟིན་རྒྱལ་པོའི་ཁབ་ན་ཆུ་དྲོན་གྱི་ཀུན་ དགའ་ར་བ་ན་འདུག་སྟེ། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་ཚེ་དང་ལྡན་པ་སྒྲ་ཅན་ཟིན་ག་ལ་བ་དེར་དོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་སྒྲ་ཅན་ཟིན་ལ་བཙུན་པ་སྒྲ་ཅན་ཟིན་བཅོམ་ལྡན་འདས་ག་ལ་བཞུགས་ཞེས་འདྲི་བ་ན། གལ་ཏེ་བཅོམ་ལྡན་འདས་འོད་མའི་ཚལ་ ན་བཞུགས་ན་ནི་དེ་ན་རེ་བྱ་རྒོད་ཕུང་པོ་ལ་བཞུགས་སོ་ཞེས་ཟེར། གལ་ཏེ་བཅོམ་ལྡན་འདས་བྱ་རྒོད་ཕུང་པོ་ལ་བཞུགས་ན་ནི་དེ་ན་རེ་འོད་མའི་ཚལ་ན་བཞུགས་སོ་ཞེས་ཟེར། གལ་ཏེ་བཅོམ་ལྡན་འདས་པིས་པ་ལའི་ཕུག་ན་བཞུགས་ན་ནི་དེ་ན་རེ་སྡེ་ཅན་མའི་ཕུག་ན་ བཞུགས་སོ་ཞེས་ཟེར། གལ་ཏེ་བཅོམ་ལྡན་འདས་སྡེ་ཅན་མའི་ཕུག་ན་བཞུགས་ན་ནི་པིས་པ་ལའི་ཕུག་ན་བཞུགས་སོ་ཞེས་ཟེར་ནས། དེ་དག་གིས་བཅོམ་ལྡན་འདས་བཙལ་ན་མ་རྙེད་ནས་དེ་དག་ལུས་ངལ་བ་དང་། ལུས་དུབ་པ་དང་། ལུས་རྒུད་པས་ཚེ་དང་ལྡན་པ་སྒྲ་ ཅན་ཟིན་ག་ལ་བ་དེར་དོང་བ་དང་། དེ་ན་ཚེ་དང་ལྡན་པ་སྒྲ་ཅན་ཟིན་གྱིས་དེ་དག་ལ་དྲིས་པ། ཤེས་ལྡན་དག་བཅོམ་ལྡན་འདས་མཐོང་ངམ། བཙུན་པ་སྒྲ་ཅན་ཟིན་མ་མཐོང་ངོ་། །དེ་དགོད་པ་དང་དེ་དག་གིས་སྨྲས་པ། བཙུན་པ་སྒྲ་ཅན་ཟིན་བསམས་བཞིན་དུ་ བདག་ཅག་ལ་མཐོ་འཚམས་པར་མི་མཛད་དམ། དེ་ཡིན་ནོ། །དེ་དག་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་གསོལ། ལྷུང་བཟེད་ དང་ཆོས་གོས་བསྣམས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་གཤེགས་ནས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་བརྒྱུས་ཏེ་ཟས་ཀྱི་བྱ་བ་མཛད་ནས་ཕྱི་མའི་ཟས་ཀྱི་བསོད་སྙོམས་ལས་སླར་ལོག་པས་ཆུ་དྲོན་གྱི་ཀུན་དགའ་ར་བར་ཚེ་དང་ལྡན་པ་སྒྲ་ཅན་ཟིན་གྱི་གཙུག་ལག་ཁང་ ག་ལ་བ་དེར་གཤེགས་སོ། །ཚེ་དང་ལྡན་པ་སྒྲ་ཅན་ཟིན་གྱིས་ཐག་རིང་པོ་ཁོ་ན་ནས་བཅོམ་ལྡན་འདས་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ཀྱི་སླད་དུ་གདན་ཤོམ་པར་བྱེད། ཞབས་བསིལ་བའི་ཆབ་དང་ཞབས་རྟེན་མཐའ་གཅིག་ཏུ་འཇོག་པར་བྱེད་ཅིང་བསུ་ ནས། ཆོས་གོས་ལེན་པར་བྱེད་ཅིང་འདི་སྐད་ཅེས་བཅོམ་ལྡན་འདས་གཤེགས་སུ་གསོལ། བཅོམ་ལྡན་འདས་བྱོན་པ་ལེགས་སོ། །བཅོམ་ལྡན་འདས་གདན་བཤམ་པ་ཉིད་ལ་བཞུགས་སུ་གསོལ་ཞེས་ཀྱང་སྨྲས་སོ། །བཅོམ་ལྡན་འདས་གདན་བཤམས་པ་ཉིད་ལ་བཞུགས་ ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱིས་ཞབས་གཉིས་བསིལ་ནས་ཆུ་སྣོད་དུ་ཆུའི་ལྷག་མ་ཉུང་ཞིག་བཞག་ནས་ཚེ་དང་ལྡན་པ་སྒྲ་ཅན་ཟིན་ལ་བཀའ་སྩལ་པ། སྒྲ་ཅན་ཟིན་ངས་ཆུ་སྣོད་ཏུ་ཆུའི་ལྷག་མ་ཉུང་ཞིག་བཞག་པ་ཁྱོད་ཀྱིས་མཐོང་ངམ། བཙུན་པ་མཐོང་ངོ་། ། སྒྲ་ཅན་ཟིན་དེ་བཞིན་དུ་ང་ནི་མི་གཏི་མུག་ཅན་གང་ལ་ལ་ཤེས་བཞིན་དུ་བརྫུན་སྨྲ་ཞིང་ངོ་ཚ་མེད་པ། འཛེམ་པ་མེད་པ། འགྱོད་པ་མེད་པ་དེའི་དགེ་སྦྱོང་གི་ཚུལ་ཆུང་བར་སྨྲའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆུའི་ལྷག་མ་ཉུང་ངུ་དེ་ས་ལ་ཕོ་ནས་ཚེ་དང་ལྡན་ པ་སྒྲ་ཅན་ཟིན་ལ་བཀའ་སྩལ་པ། སྒྲ་ཅན་ཟིན་ངས་ཆུའི་ལྷག་མ་ཉུང་ངུ་མ་ས་ལ་ཕོ་བ་ཁྱོད་ཀྱིས་མཐོང་ངམ། བཙུན་པ་མཐོང་ངོ་། །སྒྲ་ཅན་ཟིན་དེ་བཞིན་དུ་ང་ནི་མི་གཏི་མུག་ཅན་གང་ལ་ལ་ཤེས་བཞིན་དུ་བརྫུན་སྨྲ་ཞིང་ངོ་ཚ་མེད་པ། འཛེམ་པ་མེད་པ། འགྱོད་པ་མེད་ པ་དེའི་དགེ་སློང་གི་ཚུལ་བོར་བར་སྨྲའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆུ་སྣོད་དེ་ས་ལ་བཟུར་ནས་ཚེ་དང་ལྡན་པ་སྒྲ་ཅན་ཟིན་ལ་བཀའ་སྩལ་པ། སྒྲ་ཅན་ཟིན་ངས་ཆུ་སྣོད་ས་ལ་བཟུར་བ་ཁྱོད་ཀྱིས་མཐོང་ངམ། བཙུན་པ་མཐོང་ངོ་། །སྒྲ་ཅན་ཟིན་དེ་བཞིན་དུ་ང་ནི་མི་ གཏི་མུག་ཅན་གང་ལ་ལས་ཤེས་བཞིན་དུ་བརྫུན་སྨྲ་ཞིང་ངོ་ཚ་མེད་པ། འཛེམ་པ་མེད་པ། འགྱོད་པ་མེད་པ་དེའི་དགེ་སྦྱོང་གི་ཚུལ་བཟུར་བར་སྨྲའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆུ་སྣོད་དེ་ས་ལ་ཁས་བུབ་ནས་ཚེ་དང་ལྡན་པ་སྒྲ་ཅན་ཟིན་ལ་བཀའ་སྩལ་པ། སྒྲ་ཅན་ཟིན་ ངས་ཆུ་སྣོད་ས་ལ་ཁས་ཕུབ་པ་ཁྱོད་ཀྱིས་མཐོང་ངམ། བཙུན་པ་མཐོང་ངོ་། །སྒྲ་ཅན་ཟིན་དེ་བཞིན་དུ་ང་ནི་མི་གཏི་མུག་ཅན་གང་ལ་ལ་ཤེས་བཞིན་དུ་བརྫུན་སྨྲ་ཞིང་ངོ་ཚ་མེད་པ། འཛེམ་པ་མེད་པ། འགྱོད་པ་མེད་པ་དེའི་དགེ་སྦྱོང་གི་ཚུལ་ཁས་ཕུབ་པར་སྨྲའོ། །སྒྲ་ ཅན་ཟིན་འདི་ལྟ་སྟེ། དཔེར་ན་རྒྱལ་པོའི་གླང་པོ་ཆེ་དྲེགས་པ་མ་ཏང་ཀ་ནས་བྱུང་བ་གཞོན་པ་ལོ་དྲུག་བཅུ་ལོན་པ། མཆེ་བ་ཤིང་རྟའི་མདའ་ཙམ་དང་ལྡན་པ། བྲང་དཀྱེལ་ཆེ་བ། གཡུལ་ངོར་སྤྱད་པ། གཡུལ་གྱི་ནང་དུ་སོན་པ། ལག་པ་གཉིས་དང་། རྐང་པ་ གཉིས་དང་། བརླ་གཉིས་དང་། རྐེད་པ་དང་། མཇུག་མ་དང་། གློ་གཉིས་དང་། རྒྱབ་དང་། ཟ་འགྲམ་གཉིས་དང་། མགྲིན་པ་དང་། རྣ་བ་གཉིས་དང་། མཆེ་བ་གཉིས་ཀྱིས་ལས་བྱེད་ཅིང་སྣས་ལས་མི་བྱེད་པ། ཕ་རོལ་གྱི་དཔུང་དང་། ཕ་རོལ་གྱི་ དམག་འཇོམས་པར་བྱེད་པ་ན་དེ་ན་རྒྱལ་པོའི་གླང་པོ་ཆེ་ཞོན་པ་འདི་སྙམ་དུ་འདི་ལྟར་རྒྱལ་པོའི་གླང་པོ་ཆེ་དྲེགས་པ་མ་ཏང་ཀ་ནས་བྱུང་བ་གཞོན་པ་ལོ་དྲུག་བཅུ་ལོན་པ། མཆེ་བ་ཤིང་རྟའི་མདའ་ཙམ་དང་ལྡན་པ། བྲང་དཀྱེལ་ཆེ་བ། གཡུལ་ངོར་སྤྱད་པ། གཡུལ་གྱི་ ནང་དུ་སོང་བ་ལག་པ་གཉིས་དང་། རྐང་པ་གཉིས་དང་། བརླ་གཉིས་དང་། རྐེད་པ་དང་། མཇུག་མ་དང་། གློ་གཉིས་དང་། རྒྱབ་དང་། ཟ་འགྲམ་གཉིས་དང་། མགྲིན་པ་དང་། རྣ་བ་གཉིས་དང་། མཆེ་བ་གཉིས་ཀྱིས་ལས་བྱེད་ཅིང་སྣས་ལས་མི་བྱེད་ པ། ཕ་རོལ་ཀྱི་དཔུང་དང་ཕ་རོལ་ཀྱི་དམག་འཇོམས་པར་བྱེད་པའི་རྒྱལ་པོའི་གླང་པོ་ཆེ་ནི་སྣ་སྲུང་བར་བྱེད་པས་རྒྱལ་པོའི་གླང་པོ་ཆེས་སྲོག་ཡོངས་སུ་མ་བཏང་ངོ་སྙམ་དུ་སེམས་སོ། །སྒྲ་ཅན་ཟིན་གང་གི་ཕྱིར་རྒྱལ་པོའི་གླང་པོ་ཆེ་དྲེགས་པ་མ་ཏང་ཀ་ནས་བྱུང་བ་ གཞོན་པ། ལོ་དྲུག་བཅུ་ལོན་པ། མཆེ་བ་ཤིང་རྟའི་མདའ་ཙམ་དང་ལྡན་པ། བྲང་དཀྱེལ་ཆེ་བ། གཡུལ་ངོར་སྤྱད་པ། གཡུལ་གྱི་ནང་དུ་སོན་པ། ལག་པ་གཉིས་དང་། རྐང་པ་གཉིས་དང་། བརླ་གཉིས་དང་། རྐེད་པ་དང་། མཇུག་མ་དང་། གློ་ གཉིས་དང་། རྒྱབ་དང་། ཟ་འགྲམ་གཉིས་དང་། མགྲིན་པ་དང་། རྣ་བ་གཉིས་དང་། མཆེ་བ་གཉིས་དང་། སྣས་ཀྱང་ལས་བྱེད་པ། ཕ་རོལ་གྱི་དཔུང་དང་། ཕ་རོལ་གྱི་དམག་འཇོམས་པར་བྱེད་པ་ན་དེ་ན་རྒྱལ་པོའི་གླང་པོ་ཆེ་ལ་ཞོན་པ་འདི་སྙམ་དུ་འདི་ལྟར་ རྒྱལ་པོའི་གླང་པོ་ཆེ་དྲེགས་པ་མ་ཏང་ཀ་ནས་བྱུང་བ་གཞོན་པ། ལོ་དྲུག་བཅུ་ལོན་པ། མཆེ་བ་ཤིང་རྟའི་མདའ་ཙམ་དང་ལྡན་པ། བྲང་དཀྱེལ་ཆེ་བ། གཡུལ་ངོར་སྤྱད་པ། གཡུལ་གྱི་ནང་དུ་སོན་པ། ལག་པ་གཉིས་དང་། རྐང་པ་གཉིས་དང་། བརླ་གཉིས་ དང་། རྐེད་པ་དང་། མཇུག་མ་དང་། གློ་གཉིས་དང་། རྒྱབ་དང་། ཟ་འགྲམ་གཉིས་དང་། མགྲིན་པ་དང་། རྣ་བ་གཉིས་དང་། མཆེ་བ་གཉིས་དང་། སྣས་ཀྱང་ལས་བྱེད་པ། ཕ་རོལ་གྱི་དཔུང་དང་། ཕ་རོལ་གྱི་དམག་འཇོམས་པར་བྱེད་ པའི་རྒྱལ་པོའི་གླང་པོ་ཆེ་ནི་སྣ་སྲུང་བར་མི་བྱེད་པས་རྒྱལ་པོའི་གླང་པོ་ཆེས་སྲོག་ཡོངས་སུ་བཏང་ངོ་སྙམ་དུ་སེམས་ཏེ། སྒྲ་ཅན་ཟིན་ང་ནི་དེའི་ཚེ་ན་རྒྱལ་པོའི་གླང་པོ་ཆེ་དེས་ལས་མི་བྱ་བ་ཇི་ཡང་མེད་པར་སྨྲའོ། །སྒྲ་ཅན་ཟིན་དེ་བཞིན་དུ་གང་ལ་ལས་ ཤེས་བཞིན་དུ་བརྫུན་སྨྲ་ཞིང་ངོ་ཚ་མེད་པ། འཛེམ་པ་མེད་པ། འགྱོད་པ་མེད་པར་གྱུར་ན་ང་ནི་མི་གཏི་མུག་ཅན་དེས་སྡིག་པའི་ལས་མི་བྱ་བ་ཅུང་ཟད་ཀྱང་མེད་པར་སྨྲའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་གཉིས་བཀའ་སྩལ་པ། ལུས་ ཅན་བརྫུན་དུ་སྨྲ་བ་ཡིས། །ཆོས་གཅིག་ལས་ནི་འདས་གྱུར་ཅིང་། །འཇིག་རྟེན་ཕ་རོལ་བྲལ་བ་ཡིས། །འདི་ལ་སྡིག་པ་མི་བྱ་མེད། །ལྕགས་གོང་མེ་ལྕེ་འདྲ་བ་དག །ཟོས་པར་གྱུར་པ་མཆོག་ཡིན་གྱི། །ཚུལ་འཆལ་ཡང་དག་མི་སྡོམ་པས། །ཡུལ་ འཁོར་བསོད་སྙོམས་ཟ་བ་མིན། །སྒྲ་ཅན་ཟིན་ཇི་སྙམས་དུ་སེམས། མི་རྣམས་ཀྱི་མེ་ལོང་ཅིའི་ཕྱིར་འཆང་། བཙུན་པ་འདི་ལྟར་རང་གི་བཞིན་གྱི་གཟུགས་སོ་སོར་བརྟག་པའི་སླད་དུའོ། །སྒྲ་ཅན་ཟིན་དེ་བཞིན་དུ་ཁྱོད་ཀྱིས་ཀྱང་ལུས་ཀྱི་ལས་བྱ་བར་བསམས་པ་གང་ཡིན་ པའི་ལུས་ཀྱི་ལས་དེ་ལ་ཅི་བདག་གིས་ལུས་ཀྱིས་ལས་བྱ་བར་བསམས་པའི་ལུས་ཀྱི་ལས་གང་ཡིན་པ་དེ་བདག་དང་གཞན་ལ་གནོད་པར་འགྱུར་བ་མི་དགེ་བའི་སྡུག་བསྔལ་འབྱུང་བ་རྣམ་པར་སྨིན་པ་སྡུག་བསྔལ་བ་ཡིན་ནམ། འོན་ཏེ་ལུས་ཀྱི་ལས་དེ་བདག་དང་གཞན་ལ་ ཕན་པར་འགྱུར་བ་དགེ་བ་བདེ་བ་འབྱུང་བ་རྣམ་པར་སྨིན་པ་བདེ་བ་ཡིན་ཞེས་ཡང་དང་ཡང་དུ་སོ་སོར་བརྟག་པར་བྱའོ། །སྒྲ་ཅན་ཟིན་ཁྱོད་དེ་ལྟར་སོ་སོར་རྟོག་པ་ན། གལ་ཏེ་བདག་གིས་ལུས་ཀྱི་ལས་བྱ་བར་བསམས་པ་གང་ཡིན་པའི་ལུས་ཀྱི་ལས་དེ། བདག་དང་ གཞན་ལ་གནོད་པར་འགྱུར་བ་མི་དགེ་བ་སྡུག་བསྔལ་འབྱུང་བ་རྣམ་པར་སྨིན་པ་སྡུག་བསྔལ་བ་ཡིན་པར་ཤེས་ན། སྒྲ་ཅན་ཟིན་ཁྱོད་ཀྱིས་ལུས་ཀྱི་ལས་དེ་གཏང་བར་བྱའོ། །སྒྲ་ཅན་ཟིན་ཁྱོད་དེ་ལྟར་སོ་སོར་རྟོག་པ་ན། གལ་ཏེ་བདག་གིས་ལུས་ཀྱི་ལས་བྱ་བར་བསམས་ པ་གང་ཡིན་པའི་ལུས་ཀྱི་ལས་དེ། བདག་དང་གཞན་ལ་ཕན་པར་འགྱུར་བ་དགེ་བ་བདེ་བ་འབྱུང་བ་རྣམ་པར་སྨིན་པ་བདེ་བ་ཡིན་པ་ཤེས་ན། སྒྲ་ཅན་ཟིན་ཁྱོད་ཀྱིས་ལུས་ཀྱི་ལས་དེ་རྗེས་སུ་བསྒྲུབ་པར་བྱའོ། །སྒྲ་ཅན་ཟིན་ཁྱོད་ཀྱི་ལུས་ཀྱིས་ལས་བྱེད་པ་གང་ཡིན་པའི་ལུས་ཀྱི་ ལས་དེ་ལ་ཅི། བདག་གིས་ལུས་ཀྱི་ལས་བྱེད་པའི་ལུས་ཀྱི་ལས་གང་ཡིན་པ་དེ་བདག་དང་གཞན་ལ་གནོད་པར་འགྱུར་བ་མི་དགེ་བ་སྡུག་བསྔལ་འབྱུང་བ་རྣམ་པར་སྨིན་པ་སྡུག་བསྔལ་བ་ཡིན་ནམ། འོན་ཏེ་ལུས་ཀྱི་ལས་དེ་བདག་དང་གཞན་ལ་ཕན་པར་འགྱུར་བ་དགེ་ བ་བདེ་བ་འབྱུང་བ་རྣམ་པར་སྨིན་པ་བདེ་བ་ཡིན་ཞེས་ཡང་དང་ཡང་དུ་སོ་སོར་བརྟག་པར་བྱའོ། །སྒྲ་ཅན་ཟིན་ཁྱོད་དེ་ལྟར་སོ་སོར་རྟོག་པ་ན། གལ་ཏེ་བདག་གིས་ལུས་ཀྱི་ལས་བྱེད་པ་གང་ཡིན་པའི་ལུས་ཀྱི་ལས་དེ། བདག་དང་གཞན་ལ་གནོད་པར་འགྱུར་བ་མི་དགེ་ བ་སྡུག་བསྔལ་འབྱུང་བ་རྣམ་པར་སྨིན་པ་སྡུག་བསྔལ་བ་ཡིན་པར་ཤེས་ན། སྒྲ་ཅན་ཟིན་ཁྱོད་ཀྱིས་ལུས་ཀྱི་ལས་དེ་གཏང་བར་བྱའོ། །སྒྲ་ཅན་ཟིན་ཁྱོད་དེ་ལྟར་སོ་སོར་རྟོག་པ་ན། གལ་ཏེ་བདག་གིས་ལུས་ཀྱི་ལས་བྱེད་པ་གང་ཡིན་པའི་ལུས་ཀྱི་ལས་དེ། བདག་ དང་གཞན་ལ་ཕན་པར་འགྱུར་བ་དགེ་བ་བདེ་བ་འབྱུང་བ་རྣམ་པར་སྨིན་པ་བདེ་བ་ཡིན་པར་ཤེས་ན། སྒྲ་ཅན་ཟིན་ཁྱོད་ཀྱིས་ལུས་ཀྱི་ལས་དེ་རྗེས་སུ་བསྒྲུབ་པར་བྱའོ། །སྒྲ་ཅན་ཟིན་ཁྱོད་ཀྱིས་ལུས་ཀྱི་ལས་བྱས་པ་གང་ཡིན་པའི་ལུས་ཀྱི་ལས་དེ་ལ་ཅི། བདག་གིས་ ལུས་ཀྱི་ལས་བྱས་པ་འདས་པ་ཟད་པ་འགགས་པ་བྲལ་བ་རྣམ་པར་འགྱུར་བ་གང་ཡིན་པ་དེ། བདག་དང་གཞན་ལ་གནོད་པར་འགྱུར་བ་མི་དགེ་བ་སྡུག་བསྔལ་འབྱུང་བ་རྣམ་པར་སྨིན་པ་སྡུག་བསྔལ་བ་ཡིན་ནམ། འོན་ཏེ་ལུས་ཀྱི་ལས་དེ་བདག་དང་གཞན་ལ་ཕན་པར་ འགྱུར་བ་དགེ་བ་བདེ་བ་འབྱུང་བ་རྣམ་པར་སྨིན་པ་བདེ་བ་ཡིན་ཞེས་ཡང་དང་ཡང་དུ་སོ་སོར་བརྟག་པར་བྱའོ། །སྒྲ་ཅན་ཟིན་ཁྱོད་དེ་ལྟར་སོ་སོར་རྟོག་པ་ན། གལ་ཏེ་བདག་གིས་ལུས་ཀྱི་ལས་བྱས་པ་འདས་པ་ཟད་པ་འགགས་པ་བྲལ་བ་རྣམ་པར་གྱུར་པ་གང་ཡིན་པའི་ ལུས་ཀྱི་ལས་དེ། བདག་དང་གཞན་ལ་གནོད་པར་འགྱུར་བ་མི་དགེ་བ་སྡུག་བསྔལ་འབྱུང་བ་རྣམ་པར་སྨིན་པ་སྡུག་བསྔལ་བ་ཡིན་པར་ཤེས་ན། སྒྲ་ཅན་ཟིན་ཁྱོད་ཀྱིས་ལུས་ཀྱི་ལས་དེ་སྟོན་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་ རྣམས་ཀྱི་མདུན་དུ་སོ་སོར་བཤགས་པར་བྱ་ཞིང་། ཕྱིན་ཆད་ཀྱང་བསྡམ་པ་བསྒྲུབ་པར་བྱའོ། །སྒྲ་ཅན་ཟིན་ཁྱོད་དེ་ལྟར་སོ་སོར་རྟོག་པ་ན། གལ་ཏེ་བདག་གིས་ལུས་ཀྱི་ལས་བྱས་པ་འདས་པ་ཟད་པ་འགགས་པ་བྲལ་བ་རྣམ་པར་གྱུར་པ་གང་ཡིན་པའི་ལུས་ ཀྱི་ལས་དེ། བདག་དང་གཞན་ལ་ཕན་པར་འགྱུར་བ་དགེ་བ་བདེ་བ་འབྱུང་བ་རྣམ་པར་སྨིན་པ་བདེ་བ་ཡིན་པར་ཤེས་ན། སྒྲ་ཅན་ཟིན་ཁྱོད་ཀྱིས་དགའ་བ་དང་མཆོག་ཏུ་དགའ་བ་དེ་ཉིད་ཀྱིས་ཉིན་མཚན་དུ་རྗེས་སུ་བསླབ་ཅིང་། དྲན་པ་དང་ཤེས་བཞིན་གྱིས་མང་དུ་ གནས་པར་བྱའོ། །སྒྲ་ཅན་ཟིན་ཁྱོད་ཀྱིས་ངག་གི་ལས་བྱ་བར་བསམས་པ་གང་ཡིན་པའི་ངག་གི་ལས་དེ་ལ་ཅི། བདག་གིས་ངག་གིས་ལས་བྱ་བར་བསམས་པའི་ངག་གི་ལས་གང་ཡིན་པ་དེ། བདག་དང་གཞན་ལ་གནོད་པར་འགྱུར་བ་མི་དགེ་ བ་སྡུག་བསྔལ་འབྱུང་བ་རྣམ་པར་སྨིན་པ་སྡུག་བསྔལ་བ་ཡིན་ནམ། འོན་ཏེ་ངག་གི་ལས་དེ་བདག་དང་གཞན་ལ་ཕན་པར་འགྱུར་བ་དགེ་བ་བདེ་བ་འབྱུང་བ་རྣམ་པར་སྨིན་པ་བདེ་བ་ཡིན་ཞེས་ཡང་དང་ཡང་དུ་སོ་སོར་བརྟག་པར་བྱའོ། །སྒྲ་ཅན་ཟིན་ཁྱོད་དེ་ ལྟར་སོ་སོར་རྟོག་པ་ན། གལ་ཏེ་བདག་གིས་ངག་གི་ལས་བྱ་བར་བསམས་པ་གང་ཡིན་པའི་ངག་གི་ལས་དེ། བདག་དང་གཞན་ལ་གནོད་པར་འགྱུར་བ་མི་དགེ་བ་སྡུག་བསྔལ་འབྱུང་བ་རྣམ་པར་སྨིན་པ་སྡུག་བསྔལ་བ་ཡིན་པར་ཤེས་ན། སྒྲ་ཅན་ཟིན་ ཁྱོད་ཀྱིས་ངག་གི་ལས་དེ་གཏང་བར་བྱའོ། །སྒྲ་ཅན་ཟིན་ཁྱོད་དེ་ལྟར་སོ་སོར་རྟོག་པ་ན། གལ་ཏེ་བདག་གིས་ངག་གི་ལས་བྱ་བར་བསམས་པ་གང་ཡིན་པའི་ངག་གི་ལས་དེ། བདག་དང་གཞན་ལ་ཕན་པར་འགྱུར་བ་དགེ་བ་བདེ་བ་འབྱུང་ བ་རྣམ་པར་སྨིན་པ་བདེ་བ་ཡིན་པར་ཤེས་ན། སྒྲ་ཅན་ཟིན་ཁྱོད་ཀྱིས་ངག་གི་ལས་དེ་རྗེས་སུ་བསྒྲུབ་པར་བྱའོ། །སྒྲ་ཅན་ཟིན་ཁྱོད་ཀྱིས་ངག་གི་ལས་བྱེད་པ་གང་ཡིན་པའི་ངག་གི་ལས་དེ་ལ་ཅི། བདག་གིས་ངག་གི་ལས་བྱེད་པའི་ངག་གི་ལས་གང་ ཡིན་པ་དེ། བདག་དང་གཞན་ལ་གནོད་པར་འགྱུར་བ་མི་དགེ་བ་སྡུག་བསྔལ་འབྱུང་བ་རྣམ་པར་སྨིན་པ་སྡུག་བསྔལ་བ་ཡིན་ནམ། འོན་ཏེ་ངག་གི་ལས་དེ་བདག་དང་གཞན་ལ་ཕན་པར་འགྱུར་བ་དགེ་བ་བདེ་བ་འབྱུང་བ་རྣམ་པར་སྨིན་པ་བདེ་ བ་ཡིན་ཞེས་ཡང་དང་ཡང་དུ་སོ་སོར་བརྟག་པར་བྱའོ། །སྒྲ་ཅན་ཟིན་ཁྱོད་དེ་ལྟར་སོ་སོར་རྟོག་པ་ན། གལ་ཏེ་བདག་གིས་ངག་གི་ལས་བྱེད་པ་གང་ཡིན་པའི་ངག་གི་ལས་དེ། བདག་དང་གཞན་ལ་གནོད་པར་འགྱུར་བ་མི་དགེ་བ་སྡུག་བསྔལ་འབྱུང་བ་རྣམ་ པར་སྨིན་པ་སྡུག་བསྔལ་བ་ཡིན་པར་ཤེས་ན། སྒྲ་ཅན་ཟིན་ཁྱོད་ཀྱིས་ངག་གི་ལས་དེ་གཏང་བར་བྱའོ། །སྒྲ་ཅན་ཟིན་ཁྱོད་དེ་ལྟར་སོ་སོར་རྟོག་པ་ན། གལ་ཏེ་བདག་གིས་ངག་གི་ལས་དེ། བདག་དང་གཞན་ལ་ཕན་པར་འགྱུར་བ་དགེ་བ་བདེ་བ་འབྱུང་བ་ རྣམ་པར་སྨིན་པ་བདེ་བ་ཡིན་པར་ཤེས་ན། སྒྲ་ཅན་ཟིན་ཁྱོད་ཀྱིས་ངག་གི་ལས་དེ་རྗེས་སུ་བསྒྲུབ་པར་བྱའོ། །སྒྲ་ཅན་ཟིན་ཁྱོད་ཀྱིས་ངག་གི་ལས་བྱས་པ་གང་ཡིན་པའི་ངག་གི་ལས་དེ་ལ་ཅི། བདག་གིས་ངག་གི་ལས་བྱས་པ་འདས་པ་ཟད་པ་འགགས་ པ་བྲལ་བ་རྣམ་པར་གྱུར་པ་གང་ཡིན་པ་དེ། བདག་དང་གཞན་ལ་གནོད་པར་འགྱུར་བ་མི་དགེ་བ་སྡུག་བསྔལ་འབྱུང་བ་རྣམ་པར་སྨིན་པ་སྡུག་བསྔལ་བ་ཡིན་ནམ། འོན་ཏེ་ངག་གི་ལས་དེ་བདག་དང་གཞན་ལ་ཕན་པར་འགྱུར་བ་དགེ་བ་བདེ་བ་འབྱུང་བ་རྣམ་པར་སྨིན་ པ་བདེ་བ་ཡིན་ཞེས་ཡང་དང་ཡང་དུ་སོ་སོར་བརྟག་པར་བྱའོ། །སྒྲ་ཅན་ཟིན་ཁྱོད་ཀྱིས་དེ་ལྟར་སོ་སོར་རྟོག་པ་ན། གལ་ཏེ་བདག་གིས་ངག་གི་ལས་བྱས་པ་འདས་པ་ཟད་པ་འགགས་པ་བྲལ་བ་རྣམ་པར་གྱུར་པ་གང་ཡིན་པའི་ངག་གི་ལས་དེ། བདག་དང་ གཞན་ལ་གནོད་པར་འགྱུར་བ་མི་དགེ་བ་སྡུག་བསྔལ་འབྱུང་བ་རྣམ་པར་སྨིན་པ་སྡུག་བསྔལ་བ་ཡིན་པར་ཤེས་ན། སྒྲ་ཅན་ཟིན་ཁྱོད་ཀྱིས་ངག་གི་ལས་དེ་སྟོན་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱི་མདུན་དུ་སོ་སོར་བཤགས་པར་ བྱ་ཞིང་། ཕྱིན་ཆད་ཀྱང་བསྡམ་པ་བསྒྲུབ་པར་བྱའོ། །སྒྲ་ཅན་ཟིན་ཁྱོད་དེ་ལྟར་སོ་སོར་རྟོག་པ་ན། གལ་ཏེ་བདག་གིས་ངག་གི་ལས་བྱས་པ་འདས་པ་ཟད་པ་འགགས་པ་བྲལ་བ་རྣམ་པར་གྱུར་བ་གང་ཡིན་པའི་ངག་གི་ལས་དེ། བདག་དང་གཞན་ལ་ཕན་པར་ འགྱུར་བ་དགེ་བ་བདེ་བ་འབྱུང་བ་རྣམ་པར་སྨིན་པ་བདེ་བ་ཡིན་པར་ཤེས་ན། སྒྲ་ཅན་ཟིན་ཁྱོད་ཀྱིས་དགའ་བ་དང་མཆོག་ཏུ་དགའ་བ་དེ་ཉིད་ཀྱིས་ཉིན་མཚན་དུ་རྗེས་སུ་བསླབ་ཅིང་། དྲན་པ་དང་ཤེས་བཞིན་གྱིས་མང་དུ་གནས་པར་བྱའོ། །སྒྲ་ཅན་ཟིན་ཡིད་ནི་འདས་ པའི་འདུ་བྱེད་རྣམས་ལས་བརྟེན་ཏེ་སྐྱེ་བས་ཁྱོད་ཀྱིས་ཡིད་ཀྱི་ལས་དེ་ལ་ཅི། བདག་གི་ཡིད་འདས་པའི་འདུ་བྱེད་རྣམས་ལས་བརྟེན་ཏེ་སྐྱེས་པ་གང་ཡིན་པའི་ཡིད་ཀྱི་ལས་དེ། བདག་དང་གཞན་ལ་གནོད་པར་འགྱུར་བ་མི་དགེ་བ་སྡུག་བསྔལ་འབྱུང་བ་རྣམ་པར་སྨིན་ པ་སྡུག་བསྔལ་བ་ཡིན་ནམ། འོན་ཏེ་ཡིད་ཀྱི་ལས་དེ་བདག་དང་གཞན་ལ་ཕན་པར་འགྱུར་བ་དགེ་བ་བདེ་བ་འབྱུང་བ་རྣམ་པར་སྨིན་པ་བདེ་བ་ཡིན་ཞེས་ཡང་དང་ཡང་དུ་སོ་སོར་བརྟག་པར་བྱའོ། །སྒྲ་ཅན་ཟིན་ཁྱོད་དེ་ལྟར་སོ་སོར་རྟོག་པ་ན། གལ་ཏེ་ བདག་གི་ཡིད་འདས་པའི་འདུ་བྱེད་རྣམས་ལས་བརྟེན་ཏེ་སྐྱེས་པ་གང་ཡིན་པའི་ཡིད་ཀྱི་ལས་དེ། བདག་དང་གཞན་ལ་གནོད་པར་འགྱུར་བ་མི་དགེ་བ་སྡུག་བསྔལ་འབྱུང་བ་རྣམ་པར་སྨིན་པ་སྡུག་བསྔལ་བ་ཡིན་པར་ཤེས་ན། སྒྲ་ཅན་ཟིན་ཁྱོད་ཀྱིས་ ཡིད་ཀྱི་ལས་དེ་གཏང་བར་བྱའོ། །སྒྲ་ཅན་ཟིན་ཁྱོད་དེ་ལྟར་སོ་སོར་རྟོག་པ་ན། གལ་ཏེ་བདག་གི་ཡིད་འདས་པའི་འདུ་བྱེད་རྣམས་ལས་བརྟེན་ཏེ་སྐྱེས་པ་གང་ཡིན་པའི་ཡིད་ཀྱི་ལས་དེ། བདག་དང་གཞན་ལ་ཕན་པར་འགྱུར་བ་དགེ་བ་བདེ་བ་འབྱུང་བ་རྣམ་པར་ སྨིན་པ་བདེ་བ་ཡིན་པར་ཤེས་ན། སྒྲ་ཅན་ཟིན་ཁྱོད་ཀྱིས་ཡིད་ཀྱི་ལས་དེ་རྗེས་སུ་བསྒྲུབ་པར་བྱའོ། །སྒྲ་ཅན་ཟིན་ཡིད་ནི་མ་འོངས་པའི་འདུ་བྱེད་རྣམས་ལས་བརྟེན་ཏེ་སྐྱེ་བས་ཁྱོད་ཀྱིས་ཡིད་ཀྱི་ལས་དེ་ལ་ཅི། བདག་གི་ཡིད་མ་འོངས་པའི་འདུ་བྱེད་རྣམས་ལས་བརྟེན་ཏེ་ སྐྱེས་པ་གང་ཡིན་པའི་ཡིད་ཀྱི་ལས་དེ། བདག་དང་གཞན་ལ་གནོད་པར་འགྱུར་བ་མི་དགེ་བ་སྡུག་བསྔལ་འབྱུང་བ་རྣམ་པར་སྨིན་པ་སྡུག་བསྔལ་བ་ཡིན་ནམ། འོན་ཏེ་ཡིད་ཀྱི་ལས་དེ་བདག་དང་གཞན་ལ་ཕན་པར་འགྱུར་བ་དགེ་བ་བདེ་བ་འབྱུང་བ་རྣམ་པར་སྨིན་པ་བདེ་ བ་ཡིན་ཞེས་ཡང་དང་ཡང་དུ་སོ་སོར་བརྟག་པར་བྱའོ། །སྒྲ་ཅན་ཟིན་ཁྱོད་དེ་ལྟར་སོ་སོར་རྟོག་པ་ན། གལ་ཏེ་བདག་གི་ཡིད་མ་འོངས་པའི་འདུ་བྱེད་རྣམས་ལས་བརྟེན་ཏེ་སྐྱེས་པ་གང་ཡིན་པའི་ཡིད་ཀྱི་ལས་དེ། བདག་དང་གཞན་ལ་གནོད་པར་འགྱུར་བ་མི་དགེ་ བ་སྡུག་བསྔལ་འབྱུང་བ་རྣམ་པར་སྨིན་པ་སྡུག་བསྔལ་བར་ཤེས་ན། སྒྲ་ཅན་ཟིན་ཁྱོད་ཀྱིས་ཡིད་ཀྱི་ལས་དེ་གཏང་བར་བྱའོ། །སྒྲ་ཅན་ཟིན་ཁྱོད་དེ་ལྟར་སོ་སོར་རྟོག་པ་ན། གལ་ཏེ་བདག་གི་ཡིད་མ་འོངས་པའི་འདུ་བྱེད་རྣམས་ལས་བརྟེན་ཏེ་སྐྱེས་པ་གང་ཡིན་པའི་ ཡིད་ཀྱི་ལས་དེ། བདག་དང་གཞན་ལ་ཕན་པར་འགྱུར་བ་རྣམ་པར་སྨིན་པ་བདེ་བ་ཡིན་པར་ཤེས་ན། སྒྲ་ཅན་ཟིན་ཁྱོད་ཀྱིས་ཡིད་ཀྱི་ལས་དེ་རྗེས་སུ་བསྒྲུབ་པར་བྱའོ། །སྒྲ་ཅན་ཟིན་ཡིད་ནི་ད་ལྟར་བྱུང་བའི་འདུ་བྱེད་རྣམས་ལས་བརྟེན་ཏེ་སྐྱེ་བས་ཁྱོད་ཀྱིས་ཡིད་ཀྱི་ ལས་དེ་ལ་ཇི། བདག་གི་ཡིད་ད་ལྟར་བྱུང་བའི་འདུ་བྱེད་རྣམས་ལས་བརྟེན་ཏེ་སྐྱེས་པ་གང་ཡིན་པའི་ཡིད་ཀྱི་ལས་དེ། བདག་དང་གཞན་ལ་གནོད་པར་འགྱུར་བ་མི་དགེ་བ་སྡུག་བསྔལ་འབྱུང་བ་རྣམ་པར་སྨིན་པ་སྡུག་བསྔལ་བ་ཡིན་ནམ། འོན་ཏེ་ཡིད་ཀྱི་ལས་དེ་ བདག་དང་གཞན་ལ་ཕན་པར་འགྱུར་བ་དགེ་བ་བདེ་བ་འབྱུང་བ་རྣམ་པར་སྨིན་པ་བདེ་བ་ཡིན་ཞེས་ཡང་དང་ཡང་དུ་སོ་སོར་བརྟག་པར་བྱའོ། །སྒྲ་ཅན་ཟིན་ཁྱོད་དེ་ལྟར་སོ་སོར་རྟོག་པ་ན། གལ་ཏེ་བདག་གི་ཡིད་ད་ལྟར་བྱུང་བའི་འདུ་བྱེད་རྣམས་ལས་བརྟེན་ཏེ་སྐྱེས་པ་ གང་ཡིན་པའི་ཡིད་ཀྱི་ལས་དེ། བདག་དང་གཞན་ལ་གནོད་པར་འགྱུར་བ་མི་དགེ་བ་སྡུག་བསྔལ་འབྱུང་བ་རྣམ་པར་སྨིན་པ་སྡུག་བསྔལ་བར་ཤེས་ན། སྒྲ་ཅན་ཟིན་ཁྱོད་ཀྱིས་ཡིད་ཀྱི་ལས་དེ་གཏང་བར་བྱའོ། །སྒྲ་ཅན་ཟིན་ཁྱོད་དེ་ལྟར་ སོ་སོར་རྟོག་པ་ན། གལ་ཏེ་བདག་གི་ཡིད་ད་ལྟར་བྱུང་བའི་འདུ་བྱེད་རྣམས་ལས་བརྟེན་ཏེ་སྐྱེས་པ་གང་ཡིན་པའི་ཡིད་ཀྱི་ལས་དེ། བདག་དང་གཞན་ལ་ཕན་པར་འགྱུར་བ་དགེ་བ་བདེ་བ་འབྱུང་བ་རྣམ་པར་སྨིན་པ་བདེ་བ་ཡིན་པར་ཤེས་ན། སྒྲ་ཅན་ཟིན་ཁྱོད་ཀྱིས་ཡིད་ ཀྱི་ལས་དེ་རྗེས་སུ་བསྒྲུབ་པར་བྱའོ། །སྒྲ་ཅན་ཟིན་དགེ་སྦྱོང་ངམ་བྲམ་ཟེ་གང་དག་ད་ལྟར་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ལ་སོ་སོར་བརྟགས་ཤིང་། སོ་སོར་བརྟགས་ནས་ཡོངས་སུ་སྦྱངས་ཤིང་ཡོངས་སུ་སྦྱངས་ཏེ། མང་དུ་ གནས་པར་བྱེད་པ་དེ་དག་ཐམས་ཅད་ཀྱང་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ལ་དེ་ལྟར་སོ་སོར་བརྟགས་ཤིང་། སོ་སོར་བརྟགས་ནས་ཡོངས་སུ་སྦྱངས་ཤིང་ཡོངས་སུ་སྦྱངས་ཏེ། མང་དུ་གནས་པར་བྱེད་དོ། །དགེ་སྦྱོང་ངམ་ བྲམ་ཟེ་གང་དག་འདས་པའི་དུས་ན། ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ལ་སོ་སོར་བརྟགས་ཤིང་། སོ་སོར་བརྟགས་ནས་ཡོངས་སུ་སྦྱངས་ཤིང་ཡོངས་སུ་སྦྱངས་ཏེ། མང་དུ་གནས་པར་གྱུར་པ་དེ་དག་ཐམས་ཅད་ཀྱིས་ཀྱང་ ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ལ་དེ་ལྟར་སོ་སོར་བརྟགས་ཤིང་། སོ་སོར་བརྟགས་ནས་ཡོངས་སུ་སྦྱངས་ཤིང་ཡོངས་སུ་སྦྱངས་ཏེ། མང་དུ་གནས་པར་གྱུར་ཏོ། །དགེ་སྦྱོང་དང་། བྲམ་ཟེ་གང་དག་མ་འོངས་པའི་དུས་ན། ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ལ་སོ་སོར་བརྟགས་ཤིང་། སོ་སོར་བརྟགས་ནས་ཡོངས་སུ་སྦྱངས་ཤིང་ཡོངས་སུ་སྦྱངས་ཏེ། མང་དུ་གནས་པར་འགྱུར་བ་དེ་དག་ཐམས་ཅད་ཀྱང་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ལ་དེ་ལྟར་སོ་སོར་བརྟགས་ཤིང་། སོ་སོར་བརྟགས་ནས་ཡོངས་སུ་སྦྱངས་ཤིང་ཡོངས་སུ་སྦྱངས་ཏེ། མང་དུ་གནས་པར་འགྱུར་རོ། །སྒྲ་ཅན་ཟིན་དེ་ལྟ་བས་ན་འདི་ལྟར་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་དེ་ལ་སོ་ སོར་བརྟགས་ཤིང་། སོ་སོར་བརྟགས་ནས་ཡོངས་སུ་སྦྱངས་ཤིང་ཡོངས་སུ་སྦྱངས་ཏེ། མང་དུ་གནས་པར་བྱའོ་ཞེས་བསླབ་པར་བྱ་སྟེ། སྒྲ་ཅན་ཟིན་ཁྱོད་ཀྱིས་དེ་ལྟར་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་ གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །སངས་རྒྱས་བསྟན་པ་དྲན་བྱེད་ན། །ལུས་ཀྱི་ལས་དང་ངག་ལས་དང་། །ཡིད་ཀྱི་ལས་ལ་མང་དུ་ནི། །སོ་སོར་རྟོགས་ཤིག་སྒྲ་ཅན་ཟིན། །འདི་ ནི་དགེ་སྦྱོང་ལས་ཡིན་ཏེ། །འདི་ལ་སློབས་ཤིག་སྒྲ་ཅན་ཟིན། །འདི་ལ་ཁྱོད་ནི་སློབ་བྱེད་ན། །དགེ་བར་འགྱུར་ཞིང་སྡིག་མེད་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་སྒྲ་ཅན་ཟིན་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་གདན་ལས་བཞེངས་ཏེ་གཤེགས་སོ། །འདི་ནི་རེ་ཞིག་བྱུང་བ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རེ་ཞིག་འདུལ་བ་ལ་ཉན་ཐོས་རྣམས་ ཀྱི་བསླབ་པའི་གཞི་བཅའ་བར་ནི་མི་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་མཉན་ཡོད་ན་ཤཱཀྱའི་བུ་དགེ་སློང་ལག་བརྒྱུད་ཅེས་བྱ་བ་ཞིག་འདུག་པ་དེ་ཤིན་ཏུ་ སྨྲ་བ་དང་གཞན་གྱི་སྨྲ་བའི་རྗེས་སུ་བརྩོན་པར་གནས་སོ། །དེ་ན་ཤེད་བུ་གསང་ཚིག་འདོད་པ། གསང་ཚིག་པ་ཚོལ་བ་ཞིག་ཡུལ་དབུས་ནས་ལྷོ་ལམ་དུ་སོང་ངོ་། །དེ་ན་བྲམ་ཟེ་རིག་བྱེད་དང་རིག་བྱེད་ཀྱི་ཡན་ལག་གི་ཕ་རོལ་དུ་སོན་པ། ཡུལ་ ཐ་དད་པ་ན་གནས་པའི་བྲམ་ཟེ་རྣམས་ཀྱི་སྟོན་པར་གྱུར་པ་ཞིག་འདུག་ནས། ཤེད་བུ་དེ་བྲམ་ཟེ་དེའི་དྲུང་དུ་སོང་སྟེ་ཕྱིན་ནས་ཞི་བ་དང་སྤྱོད་ལམ་ཞི་བས་མགོ་བོས་ཕྱག་འཚལ་ཏེ་མཐའ་གཅིག་ཏུ་འདུག་གོ། །དེ་ནས་བྲམ་ཟེ་དེས་ཤེད་བུ་ དེ་ལ་འོངས་པ་ལེགས་སོ་ཞེས་བྱ་བའི་ཚིག་གི་ཀུན་ཏུ་སྤྱོད་པས་སྨྲས་པ། ཀྱེ་ཤེད་བུ་ཁྱོད་ག་ལས་འོངས། ཅི་ཞིག་འདོད། ཤེད་བུས་སྨྲས་པ། བདག་ཡུལ་དབུས་ནས་མཆིས་ཏེ། མཁན་པོའི་ཞབས་ལ་སྲི་ཞུ་བགྱིད་པར་འཚལ་ལོ། །ཅི་ཞིག་ གི་ཕྱིར། རིག་བྱེད་བཀླག་པའི་སླད་དུའོ། །ཤེད་བུ་ལེགས་ཀྱིས་དེ་བཞིན་གྱིས་ཤིག །དེ་ནི་བྲམ་ཟེས་བྱ་བ་ཡིན་ནོ། །ཤེད་བུ་དེས་བྲམ་ཟེ་དེའི་དྲུང་དུ་རིག་བྱེད་བཀླག་པ་བྱ་བར་བརྩམས་སོ། །ཤེད་བུ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་ནི་འདི་ ཡིན་ཏེ། གང་གི་ཚེ་མི་ཀློག་པར་གྱུར་པ་དེའི་ཚེ་ན་ལན་འགའ་ནི་ཆུ་ངོགས་སུ་ཉེ་རེག་བྱེད་དུ་དོང་ངོ་། །ལན་འགའ་ནི་གྲོང་ཁྱེར་བལྟར་འདོང་ངོ་། །ལན་འགའ་ནི་ཡམ་སྲེག་ཤིང་ཐུར་འདོང་ངོ་། །ཇི་ཙམ་དུས་གཞན་ཞིག་ན་དེ་དག་མི་ཀློག་པར་གྱུར་ནས་ དེའི་ཚེ་དེ་དག་ཡམ་སྲེག་ཤིང་ཐུར་དོང་བ་དང་། དེ་དག་ལ་ལམ་གྱི་བར་དུ་བར་སྐབས་ཀྱི་གཏམ་རྗོད་པ་འདི་ལྟ་བུ་འདི་བྱུང་སྟེ། ཀྱེ་ཀུད་སའི་རིགས་དག །བད་སའི་རིགས་དག །ཤན་དི་ལིའི་རིགས་དག །བྷ་ར་དྭ་ཛའི་རིགས་དག །ལྔ་ པའི་རིགས་དག །ཉེ་ལྔའི་རིགས་དག །ཇི་ཁྱེད་ཅག་ལས་གང་ནི་ཡུལ་ག་ལས་འོངས་པ་དྲི་བར་བྱའོ། །དེ་ན་ཤེད་བུ་གཅིག་གིས་སྨྲས་པ། ཁོ་བོ་ནི་ཡུལ་ཤར་ནས་སོ། །གཞན་དག་གིས་སྨྲས། ཁོ་བོ་ནི་ལྷོ་ལམ་ནས་སོ། །ཡང་ གཞན་ཞིག་གིས་སྨྲས་པ། ཁོ་བོ་ནི་ནུབ་ཀྱིས་ནས་སོ། །ཡང་གཞན་ཞིག་གིས་སྨྲས་པ། ཁོ་བོ་ནི་བྱང་ལམ་ནས་སོ། །ཤེད་བུ་དེས་སྨྲས་པ། ཁོ་བོ་ནི་ཡུལ་དབུས་ནས་སོ། །དེ་དག་གིས་སྨྲས་པ། ཤེས་ལྡན་དག་བདག་ཅག་ གིས་ཡུལ་ཐམས་ཅད་མཐོང་ཞིང་ཐོས་ན་ཡུལ་དབུས་ནི་མ་མཐོང་མ་ཐོས་སོ། །ཤར་ན་བློ་ཅན་གནས་པ་སྟེ། །ལྷོ་ལམ་ན་ནི་གཡོན་བྱེད་འདུག །ནུབ་ཀྱི་ཡུལ་ན་ཕྲ་མ་ཅན། །བྱང་ལམ་ན་ནི་ཚིག་རྩུབ་བོ། །ཞེས་ཚིགས་སུ་བཅད་པ་ཡང་སྨྲས་ སོ། །དེ་ནས་དྲིས་པ། ཤེད་བུ་ཡུལ་དབུས་ཅི་འདྲ། ཤེས་ལྡན་དག་ཡུལ་དབུས་ནི་ཡུལ་རྣམས་ཀྱི་མཆོག་ཡིན་ཏེ། སཱ་ལུ་དང་། བུ་རམ་ཤིང་གི་ཕྲེང་བ་དང་། བ་ལང་དང་། མ་ཧེ་ཕུན་སུམ་ཚོགས་པ། སློང་མོ་པ་བརྒྱས་ཁྱབ་པ། དབུས་པའི་སྐྱེ་བོས་གང་བ། མཐའ་འཁོབ་པའི་སྐྱེ་བོས་སྤངས་པ། སྐྱེ་བོ་མཁས་པས་བསྟེན་པ། དེ་ན་ཆུ་ཀླུང་གང་གཱ་ཁ་རྗེ་དང་བསོད་ནམས་དང་། བཀྲ་ཤིས་དང་། གཙང་བ་དང་། གཙང་མ་ཉིད་ཀྱི་གནས་སུ་གྲགས་པ། འགྲམ་གཉིས་ ནས་རླན་འཕྱོ་བ། དྲང་སྲོང་རྣམས་ཀྱི་བསྟི་གནས་ཞེས་བྱ་བ་ཆུ་དགུར་བཅྭ་བརྒྱད་འབབ་པ་ཡོད་དེ། དེར་དྲང་སྲོང་རྣམས་ཀྱིས་དཀའ་ཐུབ་སྤྱད་ན་རང་གི་ལུས་ཉིད་ཀྱིས་མཐོ་རིས་སུ་འདོང་བ་ཡིན་ནོ། །ཀྱེ་ཤེད་བུ་དེ་ནི་མཇལ་གྱིས་གཞན་འདི་འདྲིའོ། ། ཡུལ་དབུས་ན་མཁས་པར་བགྲང་བ་དག་ཡོད་དམ། ཤེས་ལྡན་དག་ཁོ་བོས་དང་པོ་ཉིད་ནས་ཡུལ་དབུས་ནི་དབུས་པའི་སྐྱེ་བོས་གང་བ། མཐའ་འཁོབ་པའི་སྐྱེ་བོས་སྤངས་པ། སྐྱེ་བོ་མཁས་པས་བསྟེན་པའོ་ཞེས་མ་སྨྲས་སམ། ཤེད་བུ་ཁྱོད་ཀྱིས་དེ་ སྐད་སྨྲས་སོ། །ཤེད་བུ་ཡུལ་དབུས་ན་འདི་ལྟ་སྟེ། དཔེར་ན་བདག་ཅག་གི་མཁན་པོ་དང་འདྲ་བ་སྨྲ་བའི་ཁྱུ་མཆོག་དེ་ལྟ་བུ་དག་ཡོད་དམ། ཤེས་ལྡན་དག་ཡུལ་དབུས་ན་བདག་ཅག་གི་མཁན་པོས་གང་དག་གི་གདོང་དུ་བལྟ་བར་ཡང་མི་ནུས་པ། སྙན་པར་སྨྲ་བ་སྨྲ་བའི་ཁྱུ་མཆོག་དེ་ལྟ་བུ་དག་ཡོད་དོ། །ཤེད་བུ་དེས་དེ་དག་ལ་དེ་ལྟ་དེ་ལྟར་ཡུལ་དབུས་ཀྱི་བསྔགས་པ་བརྗོད་པ་དང་། འདི་ལྟར་དེ་དག་ཐམས་ཅད་ཡུལ་དབུས་སུ་འདོང་འདོད་པར་གྱུར་ཏོ། །དེ་ནས་ཤེད་བུ་དེ་དག་གིས་ཡམ་སྲེག་ཤིང་དག་ བཙལ་ཏེ། ཡམ་སྲེག་ཤིང་གི་ཁུར་ཐོགས་ནས། བྲམ་ཟེ་དེའི་ཁྱིམ་ག་ལ་བ་དེར་དོང་སྟེ་ཕྱིན་ནས་ཡམ་སྲེག་ཤིང་གི་ཁུར་མཐའ་གཅིག་ཏུ་བཞག་སྟེ། བྲམ་ཟེ་དེ་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། བྲམ་ཟེ་དེ་ལ་འདི་སྐད་ཅེས་སྨྲས་སོ། ། མཁན་པོ་མཁྱེན་པར་མཛོད་ཅིག །ཤེད་བུ་འདིས་ཅི་ནས་ཀྱང་བདག་ཅག་ཐམས་ཅད་ཡུལ་དབུས་སུ་མཆི་འཚལ་བར་གྱུར་པ་དེ་ལྟར་ཡུལ་དབུས་ཀྱི་བསྔགས་པ་བརྗོད་དོ། །བྲམ་ཟེ་དེས་སྨྲས་པ། བུ་དག་ཅི་ཇི་སྙེད་ཐོས་པ་དེ་སྙེད་བགྲོད་པར་བྱ་བ་ཡིན་ནམ། འདི་ལྟར་ཡུལ་དག་ནི་ཐོས་ན་དགའ་བར་འགྱུར་བ་ཡིན་པས་མཉན་པར་བྱའི། བགྲོད་པར་ནི་མི་བྱའོ། །མཁན་པོ་ཤེད་བུ་འདིའི་མཆིད་ནས། ཡུལ་དབུས་ན་བདག་ཅག་གི་མཁན་པོས་གང་དག་གི་གདོང་དུ་བལྟ་བར་ཡང་མི་ནུས་པ། སྙན་པར་སྨྲ་བ་སྨྲ་ བའི་ཁྱུ་མཆོག་དེ་ལྟ་བུ་དག་མཆིས་སོ་ཞེས་མཆིའོ། །བུ་དག་ཅི་ཁོ་བོ་ན་རེ། སའི་སྟེང་ན་ཁོ་བོ་གཅིག་པུ་ཁོ་ན་ལས་སྨྲ་བ་གཞན་འགའ་ཡང་མེད་དོ་ཞེས་ཟེར་རམ། ས་ནི་རིན་པོ་ཆེ་མང་པོ་འཛིན་པ་ཡིན་པས་ས་གཞི་ནི་མཛེས་པ་དག་གིས་གང་བ་ཡིན་ནོ། ། མཁན་པོ་རེ་ཞིག་ཡུལ་དེ་ཡང་མཐོང་བར་འགྱུར་ཞིང་། ཆུ་ངོགས་སུ་ཉེ་རེག་ཀྱང་བགྱི། སྨྲ་བའི་ཁྱུ་མཆོག་དེ་དག་ལ་ཡང་བསྙེན་བཀུར་བགྱི། རྒོལ་བ་དག་ཀྱང་ཚར་གཅད་པར་བགྱི། རང་གི་གྲགས་པ་ཡང་བསྒྲག་པར་བགྱི། རྙེད་པ་ ཡང་བསྒྲུབ་པར་བགྱིས། བདག་ཅག་ཡུལ་དབུས་སུ་མཆིའོ། །བྲམ་ཟེ་དེ་སློབ་མ་ལ་རྗེས་སུ་ཆགས་པ་དང་བཅས་པ་དང་། འཁོར་ཉུང་བ་ཡིན་པས་དེས་ཤེད་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །བུ་དག་གལ་ཏེ་དེ་ལྟ་ན་གཡང་གཞི་དག་དང་། ཤིང་ཤུན་དག་དང་། དབྱུག་གུ་དག་དང་། བླུགས་གཟར་དག་དང་། དགང་གཟར་དག་དང་། རིལ་བ་དག་ལོང་ཤིག་དང་ཡུལ་དབུས་སུ་འདོང་ངོ་། །དེ་དག་གིས་དེ་དག་བླངས་ནས། བྲམ་ཟེ་དེ་ཤེད་བུ་དེ་དག་དང་ལྷན་ཅིག་ཡུལ་དབུས་སུ་ འཕགས་པ་དང་། དེས་རྒོལ་བ་ཁ་ཅིག་ནི་ཚར་བཅད་དེ་རྒོལ་བའི་ཤིང་རྟ་ལ་སྦྱོར་བར་བྱེད། ཁ་ཅིག་མགོར་ཐལ་བའི་བུམ་པ་དག་གིས་བསྣུན། ཁ་ཅིག་ནི་འཕོང་གི་དཔོང་སར་ཁྭ་བཞིན་དུ་ཐག་རིང་པོ་ནས་ཡོངས་སུ་སྤོང་བར་བྱེད། ཁ་ཅིག་ནི་གདུགས་ དང་། རྒྱལ་མཚན་དང་། བ་དན་དག་གིས་བསུ་བར་བྱེད། ཁ་ཅིག་ནི་སློབ་མ་ཉིད་དུ་ཁས་ལེན་པར་བྱེད་ཅིང་དེ་མཐར་གྱིས་གྲོང་དང་གྲོང་རྡལ་དང་། དབྱེ་ཚོངས་དང་། ཚོང་རྡལ་དག་ཏུ་རྒོལ་བ་འདུལ་ཞིང་མཉན་ཡོད་དུ་ཕྱིན་ཏོ།། །། འདུལ་བ་རྣམ་པར་འབྱེད་པ། བམ་པོ་སུམ་བཅུ་རྩ་བརྒྱད་པ། མཉན་ཡོད་ན་བྲམ་ཟེ་འཁོར་ཤིན་ཏུ་མང་བ་ཞིག་གིས། ལྷོ་ལམ་ནས་བྲམ་ཟེ་རྒོལ་བ་ཞིག་འོངས་ཞེས་ཐོས་སོ། །ཐོས་ནས་ཀྱང་དེས་རང་གི་འཁོར་རྣམས་ལ་སྨྲས་པ། ཤེས་ལྡན་དག་ཤེས་ པར་གྱིས་ཤིག །ཁོ་བོས་ལྷོ་ལམ་ནས་བྲམ་ཟེ་རྒོལ་བ་ཞིག་མཉན་ཡོད་དུ་འོངས་ཞེས་ཐོས་ཀྱིས། དེ་གལ་ཏེ་རིག་པའི་གནས་ཆེ་གེ་མོ་ཞིག་ལ་གཏམ་འདྲེ་བར་བྱེད་ན། ཁྱོད་ཀྱིས་དེ་དང་ལྷན་ཅིག་གཏམ་འདྲེ་བར་བྱའོ། །རིག་པའི་གནས་ཆེ་གེ་མོ་ཞིག་ལ་ གཏམ་འདྲེ་བར་བྱེད་ན་ནི། ཁྱོད་ཀྱིས་དེ་དང་ལྷན་ཅིག་གཏམ་འདྲེ་བར་བྱའོ། །གལ་ཏེ་རེ་ཞིག་ཚར་གཅད་པར་ནུས་ན་དེ་ལྟ་ན་ལེགས། གལ་ཏེ་ཚར་གཅད་པར་མ་ནུས་ན་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱི་ནང་དུ་གཏང་བར་བྱའོ། །གལ་ཏེ་རེ་ཞིག་ཤཱཀྱའི་བུའི་ དགེ་སྦྱོང་རྣམས་ཚར་ཆོད་ན། བྲམ་ཟེ་མཆོག་ཉིད་དུ་འགྱུར་ལ། གལ་ཏེ་ཤཱཀྱའི་བུའི་དགེ་སྦྱོང་རྣམས་ཀྱིས་ཚར་གཅད་པར་གྱུར་ན། དེ་ལྟ་ན་ཡང་ལྷོ་ལམ་ནས་རྒོལ་བ་ཞིག་འོངས་པ་དེ་མཉན་ཡོད་ནས་ཚར་བཅད་དོ་ཞེས་བདག་ཅག་ལ་ཕྱོགས་དང་ཕྱོགས་ མཚམས་རྣམས་སུ་སྙན་པའི་སྒྲའི་ཚོགས་རྒྱ་ཆེན་པོ་དགེ་བ་མངོན་པར་འབྱུང་བར་འགྱུར་རོ། །ལྷོ་ལམ་ནས་འོངས་པའི་བྲམ་ཟེ་དེ་ནང་པར་སྔར་ལངས་ཏེ་གོས་ཀྱིས་གློ་དཀྲིས་ནས་རྩྭའི་སྒྲོན་མ་ཐོགས་ཏེ་མཉན་ཡོད་དུ་ཞུགས་པ་དང་། མཉན་ཡོད་པའི་བྲམ་ཟེའི་ ཁྱེའུ་རྣམས་ཀྱིས་དེ་ལ་སྨྲས་པ། མཁན་པོ་ཅིའི་སླད་དུ་གོས་ཀྱིས་གློ་དཀྲིས་པར་གྱུར། ཁོ་བོས་ཐོས་པ་དེ་སྙེད་བཟུང་བ་གློ་རྡོལ་ཏེ་མི་འབྱུང་བར་བྱ་བའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ཟངས་མའི་གླེགས་བུས་དཀྲིས་པར་བགྱི་བའི་རིགས་ སོ། །ཅིའི་སླད་དུ་རྩྭའི་སྒྲོན་མ་བསྣམས། ཅི་འཇིག་རྟེན་མི་ཤེས་པའི་མུན་པ་ཅན་གྱི་ནང་དུ་ཤེས་པའི་སྒྲོན་མས་འཇུག་པར་བྱའོ། །དེ་དེ་དག་དང་ལྷན་ཅིག་རིག་པའི་གནས་གང་དང་གང་ལ་གཏམ་འདྲེ་བར་བྱེད་པ་དེ་དང་དེ་ལ་དེས་དེ་དག་སྤོབས་པ་ མེད་པར་བྱེད་ཅིང་། གང་གི་ཚེ་ཐམས་ཅད་སྤོབས་པ་མེད་པར་བྱས་པ་དེའི་ཚེ་ན་དེ་དག་གིས་སྨྲས་པ། མཁན་པོ་ཅི་རང་གི་ཕྱོགས་འཇོམས་པ་ཁོ་ན་ལགས་སམ། དེས་སྨྲས་པ། ཅི་ཁོ་བོ་ལ་གཞན་གྱི་ཕྱོགས་འགའ་ཞིག་ཀྱང་ཡོད་དམ། དེ་དག་ གིས་སྨྲས་པ། མཆིས་ཏེ་ཤཱཀྱའི་བུའི་དགེ་སྦྱོང་བྱུང་ནས་དུས་རིང་པོ་མ་ལགས་པ་དག་ལགས་ཏེ། དེ་དག་ནི་ཤིན་ཏུ་རིགས་བཞི་པོ་དག་རྣམ་པར་དག་པར་འདོད་པ་དང་། སྟོན་པ་དང་། འདོགས་པ་དང་། རབ་ཏུ་འཇོམས་པར་བགྱིད་པ་ལགས་ཀྱིས། དེ་ དག་དང་རེ་ཞིག་ལྷན་ཅིག་གཏམ་འདྲེ་བར་མཛོད་ཅིག །དེ་དག་ག་ལ་འཁོད། མཉན་ཡོད་འདི་ཉིད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ནའོ། །དེ་དག་གི་སྨྲ་བའི་ཁྱུ་མཆོག་གང་ཡིན། དེ་དག་ཐམས་ཅད་ཀྱང་མཁས་པ། སྤྱོད་པ་ གསལ་བ་ཤ་སྟག་ལགས་མོད་ཀྱི། འོན་ཀྱང་དེ་དག་གི་སྨྲ་བའི་ཁྱུ་མཆོག་ནི། དགེ་སྦྱོང་ལག་བརྒྱུད་ཅེས་བགྱི་བ་ལགས་སོ། །དེ་ག་ལ་འདུག །མཉན་ཡོད་འདི་ཉིད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ནའོ། །དེ་དག་དེ་ལྟར་ གཏམ་འདྲེ་བར་བྱེད་པ་ན། ཤཱཀྱའི་བུ་ལག་བརྒྱུད་དེ་ཉིད་དུ་ཕྱིན་ནས། བྲམ་ཟེའི་ཁྱེའུ་དེ་དག་གིས་བྲམ་ཟེ་དེ་ལ་སྨྲས་པ། མཁན་པོ་རེ་ཞིག་ཤཱཀྱའི་བུའི་དགེ་སྦྱོང་གཞན་དག་ཞོག་ལ། ཤཱཀྱའི་བུ་ལག་བརྒྱུད་འདི་དང་ལྷན་ཅིག་གཏམ་འདྲེ་བར་མཛོད་ ཅིག །དེས་དེ་མཐོང་ནས་སྨྲས་པ། འདི་ལ་སློབ་དཔོན་གྱི་མཚན་ཡོད་པས་འདི་ནི་སྨྲ་བའི་ཁྱུ་མཆོག་ཡིན་ནོ་ཞེས་དེ་དེའི་གན་དུ་སོང་སྟེ་སྨྲས་པ། ཀྱེ་དགེ་སློང་བདག་གིས་བླ་མ་ལས་ཡི་གེ་ཅུང་ཟད་བླངས་པ་དག་ཅིག་ཡོད་དེ། བདག་ཁྱོད་དང་ལྷན་ཅིག་ཅུང་ ཟད་གཏམ་རྣམ་པར་གཏན་ལ་དབབ་པར་བྱེད་པར་འདོད་དོ། །བྲམ་ཟེ་མ་ཉེས་ཏེ། ཁོ་བོ་ལ་ཡང་གང་དུ་བདག་གི་རྒོལ་བའི་བསྟན་བཅོས་རྣོན་པོར་བྱ་སྙམ་པའི་བློ་སྐྱེས་ན། ཁྱོད་ཀྱང་འདིར་འོངས་ཀྱིས་དེ་བཞིན་བྱའོ། །ཉི་མ་གང་ལ་བྱ། སང་བྱའོ། ། ཕྱོགས་གང་དུ། སྐྱེད་མོས་ཚལ་ག་གེ་མོ་ཞིག་ཏུའོ། །དེ་བཞིན་བྱའོ་ཞེས་སྨྲས་ཏེ་སོང་ངོ་། །དེ་ནས་བྲམ་ཟེ་དེ་ཕྱོགས་དང་གཞན་གྱི་ཕྱོགས་སེམས་ཤིང་གལ་ཏེ་དེ་འདི་སྐད་ཅེས་ཟེར་ན། བདག་གིས་འདི་སྐད་ཅེས་བྱའོ་སྙམ་དུ་སེམས་པ་ན་མཚན་ཐམས་ ཅད་འདས་པར་གྱུར་ཏོ། །ཤཱཀྱའི་བུ་ལག་བརྒྱུད་ཀྱིས་བསམས་པ། གལ་ཏེ་བདག་གིས་རེ་ཞིག་བྲམ་ཟེ་ཚར་བཅད་ན་ནི། དེ་ལྟ་ན་ཡང་བདག་གིས་སྒོ་འཕར་བརྒྱ་དག་འདས་ཏེ། ཇི་ལྟར་ལྟོ་དགང་བ་བསྒྲུབ་པར་བྱ་དགོས་སོ། །གལ་ཏེ་བྲམ་ ཟེས་བདག་ཚར་བཅད་ན་ནི། དེ་ལྟ་ན་བདག་གི་གྲགས་པའི་ཕྲེང་བ་མེད་པར་འགྱུར་རོ་སྙམ་མོ། །བྲམ་ཟེ་ཡང་ནང་པར་སྔར་ལངས་ཏེ་སྐྱེད་མོས་ཚལ་དུ་སོང་ནས། དེས་དེར་དེ་ཡུན་རིང་དུ་བསྡད་དེ། དེ་མ་འོངས་པར་རིག་ནས་མཉན་ཡོད་དུ་ཞུགས་སོ། ། ཤཱཀྱའི་བུ་ལག་བརྒྱུད་ཀྱང་བརྩད་པའི་དུས་ཡོལ་ནས། མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་དང་། དེ་བྲམ་ཟེ་དེས་མཐོང་ནས་སྨྲས་པ། ཀྱེ་དགེ་སློང་ཁྱོད་སྐྱེད་མོས་ཚལ་དེར་མ་འོངས་སོ། །ལག་བརྒྱུད་ཀྱིས་སྨྲས་པ། ཁོ་བོ་སྐྱེད་མོས་ཚལ་ གང་དུ་བོས་ན་མ་འོངས། སང་སྐྱེད་མོས་ཚལ་ག་གེ་མོ་ཞིག་ཏུ་གཏམ་རྣམ་པར་གཏན་ལ་དབབ་པར་བྱའོ་ཞེས་སོ། །ལག་བརྒྱུད་ཀྱིས་སྨྲས་པ། བྲམ་ཟེ་ཁོ་བོས་ཡེ་བརྗེད་དོ། །བྲམ་ཟེས་བསམས་པ། བདག་ནི་མཚན་ཐོག་ཐག་ཏུ་ཕྱོགས་དང་། གཞན་གྱི་ཕྱོགས་སེམས་པས་ནམ་ནངས་པར་གྱུར་ན། དགེ་སློང་འདི་ན་རེ་ཁོ་བོས་ཡེ་བརྗེད་དོ་ཞེས་ཟེར་བ་ལས་ན། ཡང་ན་ནི་བློན་པོ་ཆེན་པོ་ཞིག་ཡིན་ནོ། །ཡང་ན་ནི་ཤེས་པས་མི་འཁྲུགས་པ་ཞིག་ཡིན་ནོ་སྙམ་ནས་དེས་སྨྲས་པ། ཀྱེ་ དགེ་སློང་སང་བྱའོ། །བྲམ་ཟེ་དེ་ལྟར་བྱའོ། །བྲམ་ཟེ་དེ་ཕྱི་དེ་ཉིན་པར་ཡང་ནང་པར་སྔར་ལངས་ཏེ་སྐྱེད་མོས་ཚལ་དེར་སོང་ནས། དེས་དེར་ཡུན་རིང་དུ་བསྡད་དེ། དེ་མ་འོངས་པར་རིག་ནས་ཡང་མཉན་ཡོད་དུ་ཞུགས་སོ། །ཤཱཀྱའི་བུ་ལག་བརྒྱུད་ཀྱང་ བརྩད་པའི་དུས་ཡོལ་ནས། མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་པ་དང་། དེ་བྲམ་ཟེ་དེས་མཐོང་ནས་སྨྲས་པ། ཀྱེ་དགེ་སློང་ཁྱོད་སྐྱེད་མོས་ཚལ་དེར་མ་འོངས་སོ། །ལག་བརྒྱུད་ཀྱིས་སྨྲས་པ། བྲམ་ཟེ་ཅི་ཁོ་བོའི་བྱ་བ་དེ་ཁོ་ནར་ཟད་དམ། ཁོ་བོས་ཇེ་སྟོན་པ་ལ་བསྙེན་བཀུར་བྱ་དགོས་སོ། །ཐོས་པ་གཟུང་བར་བྱ་དགོས་སོ། །ཚོགས་ཀློག་ཏུ་གཞུག་དགོས་སོ། །བྲམ་ཟེ་དང་། ཁྱིམ་བདག་འོངས་ཤིང་ལྷགས་པ་རྣམས་ལ་ཡང་ཆོས་བསྟན་པར་བྱ་དགོས་སོ། །བྲམ་ཟེས་སྨྲས་ པ། དགེ་སློང་ཁྱོད་ཆེད་དུ་བསམས་ཏེ་མཐོ་འཚམ་པ་མི་བྱེད་དམ། དེ་ཡིན་ནོ། །དེའི་ཚེ་ན་ཤཱཀྱའི་བུ་ལག་བརྒྱུད་ཡུལ་ཕྱོགས་བྱེད་ཅིང་བརྡ་དང་མཚན་མ་བྱེད་དོ། །དེས་ཡུལ་ཕྱོགས་བྱས་ཤིང་བརྡ་དང་མཚན་མ་བྱས་ནས་ཆེད་དུ་བསམས་ཏེ་མི་འགྲོ་ནས། གཞན་མུ་སྟེགས་ཅན་དག་ཤེས་ལྡན་དག །ཤཱཀྱའི་བུའི་དགེ་སྦྱོང་འདི་དག་ནི་བརྫུན་སྨྲ་བ་བརྫུན་སྨྲ་བ་ལས་མ་ལོག །མ་སྤངས་སོ་སོར་མ་སྤངས་པ་དག་ཡིན་ཏེ། ཡུལ་ཕྱོགས་བྱེད་ཅིང་བརྡ་དང་མཚན་མ་བྱེད་ལ། ཡུལ་ཕྱོགས་བྱས་ཤིང་ བརྡ་དང་མཚན་མ་བྱས་ནས། ཆེད་དུ་བསམས་ཏེ་འགྲོ་བར་མི་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་ བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་ མ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཤཱཀྱའི་བུ་ལག་བརྒྱུད་ལ་རྨས་པ། ལག་བརྒྱུད་ཁྱོད་ཡུལ་ཕྱོགས་བྱེད་ཅིང་བརྡ་དང་མཚན་མ་བྱེད་ལ། ཡུལ་ཕྱོགས་བྱས་ཤིང་བརྡ་དང་མཚན་མ་བྱས་ནས། ཆེད་དུ་བསམས་ཏེ་མི་ འགྲོ་བ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་ རྣམ་པར་སྨད་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཕན་ཡོན་བཅུ་ཡང་དག་པར་གཟིགས་པས། འདུལ་བ་ལ་ཉན་ཐོས་ རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ངའི་ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཤེས་བཞིན་དུ་བརྫུན་སྨྲ་ན་ལྟུང་བྱེད་དོ། །ཤེས་བཞིན་དུ་ཞེས་བྱ་བ་ནི་རྣམ་ པར་དཔྱད་ནས་སོ། །བརྫུན་སྨྲ་ན་ཞེས་བྱ་བ་ལ་བརྫུན་སྨྲ་བ་ནི་རྣམ་པ་དགུ་ཡང་ཡོད། རྣམ་པ་བརྒྱད་ཀྱང་ཡོད། རྣམ་པ་བདུན་ཡང་ཡོད། རྣམ་པ་དྲུག་ཀྱང་ཡོད། རྣམ་པ་ལྔ་ཡང་ཡོད། རྣམ་པ་བཞི་ཡང་ཡོད། རྣམ་ པ་གསུམ་ཡང་ཡོད། རྣམ་པ་གཉིས་ཀྱང་ཡོད་དོ། །དེ་ལ་བརྫུན་དུ་སྨྲ་བ་རྣམ་པ་དགུ་གང་ཞེ་ན། གཞི་མེད་པར་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་ བྱས་ཀྱིས་གླེང་བ་དང་། གཞི་མེད་པར་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པས་གླེང་བའོ། །བརྫུན་དུ་སྨྲ་བ་རྣམ་པ་བརྒྱད་གང་ཞེ་ན། གཞི་མེད་པར་ཕམ་ པར་འགྱུར་བ་དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་ཀྱིས་གླེང་བ་དང་། གཞི་མེད་པར་མཐོང་བ་དང་། ཐོས་པ་དང་། དོགས་པས་གླེང་བའོ། །བརྫུན་དུ་སྨྲ་བ་རྣམ་པ་ བདུན་གང་ཞེ་ན། གཞི་མེད་པར་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པས་གླེང་བ་དང་། གཞི་མེད་པར་མཐོང་བ་དང་། ཐོས་པ་དང་། དོགས་པས་གླེང་བའོ། །བརྫུན་དུ་སྨྲ་ བ་རྣམ་པ་དྲུག་གང་ཞེ་ན། དགེ་སློང་བརྫུན་དུ་སྨྲ་བར་འདོད་པ་ནི་འདི་སྙམ་དུ་བརྫུན་སྨྲ་བར་བྱའོ་སྙམ་པ་དང་། བརྫུན་སྨྲ་བ་ན་འདི་སྙམ་དུ་བརྫུན་སྨྲའོ་སྙམ་པ་དང་། བརྫུན་སྨྲས་པ་ན་འདི་སྙམ་དུ་བརྫུན་སྨྲས་སོ་སྙམ་པ་དང་། དགེ་སློང་གཞི་མེད་པར་ མཐོང་བ་དང་། ཐོས་པ་དང་། དོག་པས་བརྫུན་སྨྲ་བའོ། །བརྫུན་དུ་སྨྲ་བ་རྣམ་པ་ལྔ་གང་ཞེ་ན། གཞི་མེད་པར་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་ཀྱིས་གླེང་ བའོ། །བརྫུན་དུ་སྨྲ་བ་རྣམ་པ་བཞི་གང་ཞེ་ན། གཞི་མེད་པར་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པས་གླེང་བའོ། །བརྫུན་དུ་སྨྲ་བ་རྣམ་པ་གསུམ་གང་ཞེ་ན། གཞི་མེད་པར་མཐོང་བ་དང་། ཐོས་པ་དང་། དོགས་པས་གླེང་བའོ། །གཞན་ཡང་བརྫུན་དུ་སྨྲ་བ་རྣམ་པ་གསུམ་གང་ཞེ་ན། བརྫུན་སྨྲ་བར་འདོད་པ་ན་འདི་སྙམ་དུ་བརྫུན་དུ་སྨྲ་བར་བྱའོ་སྙམ་པ་དང་། བརྫུན་དུ་སྨྲ་བ་ན་འདི་སྙམ་དུ་བརྫུན་དུ་སྨྲའོ་སྙམ་པ་དང་། བརྫུན་དུ་སྨྲས་པ་ན་འདི་སྙམ་དུ་བརྫུན་སྨྲས་སོ་སྙམ་ པའོ། །བརྫུན་དུ་སྨྲ་བ་རྣམ་པ་གཉིས་གང་ཞེ་ན། བརྫུན་དུ་སྨྲ་བ་ན་འདི་སྙམ་དུ་བརྫུན་སྨྲའོ་སྙམ་པ་དང་། བརྫུན་སྨྲས་པ་ན་འདི་སྙམ་དུ་བརྫུན་སྨྲས་སོ་སྙམ་པའོ། །བརྫུན་སྨྲ་བ་ལ་རྣམ་པ་གཅིག་པུ་འབའ་ཞིག་ནི་མེད་དོ། །བརྫུན་དུ་སྨྲ་བ་ནི་ཕམ་པར་འགྱུར་བ་ཡང་ཡོད། བརྫུན་དུ་སྨྲ་བ་ནི་དགེ་འདུན་ ལྷག་མར་འགྱུར་བ་ཡང་ཡོད། བརྫུན་དུ་སྨྲ་བ་ནི་ཉེས་པ་སྦོམ་པོར་འགྱུར་བ་ཡང་ཡོད། ལྟུང་བྱེད་དུ་འགྱུར་བ་ཡང་ཡོད། ཉེས་བྱས་སུ་འགྱུར་བ་ཡང་ཡོད་དོ། །དེ་ལ་བརྫུན་དུ་སྨྲ་བ་ཕམ་པར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་མེད་ལ་མེད་བཞིན་དུ་མིའི་ཆོས་བླ་མ་སྨྲ་བའོ། །བརྫུན་དུ་ སྨྲ་བ་དགེ་འདུན་ལྷག་མར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས་ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་ནས་དགེ་སློང་དག་པ་ལྟུང་བ་མེད་པ་ལ་གཞི་མེད་པར་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་འདེབས་པའོ། །བརྫུན་དུ་སྨྲ་བ་ཉེས་ པ་སྦོམ་པོར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་དགེ་འདུན་གྱི་ནང་དུ་ཆེད་དུ་བསམས་ཏེ་ཆོས་མ་ཡིན་པ་ཆོས་སུ་སྟོན་པ་དང་། ཆོས་ཆོས་མ་ཡིན་པར་སྟོན་པ་དང་། འདུལ་བ་མ་ཡིན་པ་འདུལ་བར་སྟོན་པ་དང་། འདུལ་བ་འདུལ་བ་མ་ཡིན་པར་སྟོན་པའོ། །བརྫུན་དུ་སྨྲ་བ་ཉེས་བྱས་ སུ་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་བསྟན་པ་འདོན་པ་ན་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིས་པ་ན་ཡོངས་སུ་མ་དག་བཞིན་དུ་ཅང་མི་སྨྲ་བར་སྡོད་པའོ། །བརྫུན་དུ་སྨྲ་བ་ལྟུང་བྱེད་དུ་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། བརྫུན་དུ་སྨྲ་བ་ རྣམ་པ་བཞི་པོ་དེ་དག་མ་གཏོགས་པར་བརྫུན་དུ་སྨྲ་བ་གཞན་གང་ཡིན་པ་དེ་དག་ཐམས་ཅད་ནི་ལྟུང་བྱེད་དུ་འགྱུར་བ་ཡིན་ནོ། །ལྟུང་བྱེད་དོ་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད། འཚེད་ པར་བྱེད། ལྟུང་བར་བྱེད་པའོ། །གཞན་ཡང་ལྟུང་བ་དེ་མ་བཤགས་ཤིང་སོ་སོར་མ་བཤགས་ན་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པ་སྟེ། དེས་ན་ལྟུང་བྱེད་དོ་ཞེས་གསུངས་སོ། །དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། །བར་སྡོམ་ལ། མ་བརྗེད་པ་དང་ཡིད་གཉིས་དང་། །འདུ་ཤེས་པ་ནི་ཐ་མ་ ཡིན། དགེ་སློང་གིས་མ་མཐོང་བ་དང་། མ་ཐོས་པ་དང་། མ་རིག་པ་དང་། རྣམ་པར་མི་ཤེས་པ་ལ། དེས་འདུ་ཤེས་བསྒྱུར་ཞིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་མཐོང་ངོ་། །བདག་གིས་ཐོས་སོ། ། བདག་གིས་རིག་གོ། །བདག་གིས་རྣམ་པར་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ། །དེས་མཐོང་ལ་དེ་ཡང་བརྗེད་པ་དང་། ཐོས་ཤིང་རིག་སྟེ་རྣམ་པར་ཤེས་ལ། དེ་ཡང་བརྗེད་ནས་དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་ པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་མཐོང་སྟེ་དེ་ཡང་མ་བརྗེད་དོ། །བདག་གིས་ཐོས་ཤིང་རིག་ལ་རྣམ་པར་ཤེས་ཏེ་དེ་ཡང་མ་བརྗེད་དོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ། །དེས་མཐོང་ལ་དེ་ལ་ཡིད་གཉིས་ཟ་བ་དང་། ཐོས་ཤིང་རིག་སྟེ་རྣམ་པར་ཤེས་ལ། དེ་ལ་ཡིད་གཉིས་ཟ་ནས། དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་མཐོང་སྟེ་དེ་ལ་ཡིད་གཉིས་མི་ཟའོ། །བདག་གིས་ཐོས་ཤིང་རིག་ལ་རྣམ་པར་ཤེས་ཏེ། དེ་ལ་ཡིད་གཉིས་མི་ཟའོ་ཞེས་ཟེར་ན་སྨྲས་སོ་ ཅོག་ལྟུང་བྱེད་དུ་འགྱུར་རོ། །དེས་མཐོང་བ་ལ་མ་མཐོང་བར་འདུ་ཤེས་ཤིང་། ཐོས་པ་དང་། རིག་པ་དང་། རྣམ་པར་ཤེས་པ་ལ་རྣམ་པར་མ་ཤེས་པར་འདུ་ཤེས་ལ། དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་ མཐོང་ངོ་། །ཐོས་སོ། །རིག་གོ། །རྣམ་པར་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ། །དེས་མ་མཐོང་ཞིང་ཐོས་པ་དང་། རིག་པ་དང་། རྣམ་པར་ཤེས་ལ། དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ ཅེས་བདག་གིས་མཐོང་གི་མ་ཐོས། མ་རིག །རྣམ་པར་མ་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ། །དེས་མ་ཐོས་ཤིང་། མཐོང་བ་དང་། རིག་པ་དང་། རྣམ་པར་ཤེས་ལ། དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་ སྐད་ཅེས་བདག་གིས་ཐོས་ཀྱི། མ་མཐོང་། མ་རིག་རྣམ་པར་མ་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ། །དེས་མ་རིག་ཅིང་། མཐོང་བ་དང་། ཐོས་པ་དང་། རྣམ་པར་ཤེས་ལ། དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་ བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་རིག་གི །མ་མཐོང་། མ་ཐོས། རྣམ་པར་མ་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ། །དེས་རྣམ་པར་མ་ཤེས་ཤིང་། མཐོང་བ་དང་། ཐོས་པ་དང་། རིག་ལ་དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་ དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་རྣམ་པར་ཤེས་ཀྱི། མ་མཐོང་། མ་ཐོས། མ་རིག་གོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ། །དེས་མཐོང་ལ་དེ་ཡང་བརྗེད་པ་དང་ཐོས་ཤིང་རིག་སྟེ་རྣམ་པར་ཤེས་ལ། དེ་ཡང་བརྗེད་ནས་དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་ དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་མ་མཐོང་ཏེ། དེ་ཡང་མ་བརྗེད་དོ། །མ་ཐོས། མ་རིག །རྣམ་པར་མ་ཤེས་ཏེ་དེ་ཡང་མ་བརྗེད་དོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ། །དེས་མཐོང་ལ་དེ་ལ་ཡིད་གཉིས་ཟ་བ་དང་། ཐོས་ཤིང་རིག་སྟེ་རྣམ་པར་ ཤེས་ལ་དེ་ལ་ཡིད་གཉིས་ཟ་ནས་དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་མ་མཐོང་སྟེ་དེ་ལ་ཡིད་གཉིས་མི་ཟའོ། །བདག་གིས་མ་ཐོས། མ་རིག །རྣམ་པར་མ་ཤེས་ཏེ་དེ་ལ་ཡིད་གཉིས་མི་ཟའོ་ཞེས་ཟེར་ན་ སྨྲས་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ། །དེས་མཐོང་ལ་མཐོང་བར་འདུ་ཤེས་ནས་དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་མ་མཐོང་གི་ཐོས་ཤིང་རིག་ལ་རྣམ་པར་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ། ། དེས་ཐོས་ལ་ཐོས་པར་འདུ་ཤེས་ནས་དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་མ་ཐོས་ཀྱི། མཐོང་ཞིང་རིག་སྟེ་རྣམ་པར་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ། །དེས་རིག་ལ་རིག་པར་འདུ་ཤེས་ནས་ དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་མ་རིག་གི་མཐོང་ཞིང་ཐོས་ལ་རྣམ་པར་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ། །དེས་རྣམ་པར་ཤེས་ལ་རྣམ་པར་ཤེས་པར་ འདུ་ཤེས་ནས་དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ། འདི་སྐད་ཅེས་བདག་གིས་རྣམ་པར་མ་ཤེས་ཀྱི། མཐོང་ཞིང་ཐོས་ལ་རིག་གོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་གིས་མཐོང་བ་དང་། ཐོས་པ་དང་། རིག་ པ་དང་། རྣམ་པར་ཤེས་ལ་དེ་ལ་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་མ་མཐོང་ངོ་། །བདག་གིས་མ་ཐོས་སོ། །བདག་གིས་མ་རིག་གོ། །བདག་གིས་རྣམ་པར་མ་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དུ་ འགྱུར་རོ། །དེས་མ་མཐོང་ལ་དེ་ཡང་མ་བརྗེད་པ་དང་མ་ཐོས་མ་རིག་རྣམ་པར་མ་ཤེས་ལ་དེ་ཡང་མ་བརྗེད་ནས་དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་མཐོང་སྟེ་དེ་ཡང་བརྗེད་དོ། །བདག་གིས་ཐོས་ཤིང་ རིག་ལ་རྣམ་པར་ཤེས་ཏེ་དེ་ཡང་བརྗེད་དོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ། །དེས་མ་མཐོང་ལ་དེ་ལ་ཡང་ཡིད་གཉིས་མི་ཟ་བ་དང་། མ་ཐོས་མ་རིག་རྣམ་པར་མ་ཤེས་ལ་དེ་ལ་ཡིད་གཉིས་མི་ཟ་ནས་དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་ པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་མཐོང་སྟེ་དེ་ལ་ཡིད་གཉིས་ཟའོ། །བདག་གིས་ཐོས་ཤིང་རིག་ལ་རྣམ་པར་ཤེས་ཏེ་དེ་ལ་ཡིད་གཉིས་ཟའོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ། །དེས་མ་མཐོང་བ་ལ་མཐོང་བར་འདུ་ཤེས་ཤིང་མ་ཐོས་པ་དང་། མ་རིག་པ་དང་། རྣམ་པར་མ་ཤེས་ པ་ལ་རྣམ་པར་ཤེས་པར་འདུ་ཤེས་ལ། དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་མ་མཐོང་ངོ་། །མ་ཐོས་སོ། །མ་རིག་གོ། །རྣམ་པར་མ་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ། །དེས་ མཐོང་ཞིང་མ་ཐོས་པ་དང་། མ་རིག་པ་དང་། རྣམ་པར་མ་ཤེས་ལ། དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་མ་མཐོང་གི། ཐོས་ཞིང་རིག་ལ་རྣམ་པར་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་ བྱེད་དུ་འགྱུར་རོ། །དེས་ཐོས་ཤིང་མ་མཐོང་མ་རིག་རྣམ་པར་མ་ཤེས་ལ། དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་མ་ཐོས་ཀྱི། མཐོང་ཞིང་རིག་ལ་རྣམ་པར་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ ལྟུང་བྱེད་དུ་འགྱུར་རོ། །དེས་རིག་ཅིང་མ་མཐོང་མ་ཐོས་རྣམ་པར་མ་ཤེས་ལ། དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་མ་རིག་གི །མཐོང་ཞིང་ཐོས་ལ་རྣམ་པར་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་ བྱེད་དུ་འགྱུར་རོ། །དེས་རྣམ་པར་ཤེས་ཤིང་མ་མཐོང་མ་ཐོས་མ་རིག་ལ། དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་རྣམ་པར་མ་ཤེས་ཀྱི། མཐོང་ཞིང་ཐོས་ལ་རིག་གོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་ བྱེད་དུ་འགྱུར་རོ། །དེས་མ་མཐོང་བ་ན་ཡང་མ་བརྗེད་པ་དང་། མ་ཐོས་མ་རིག་རྣམ་པར་མ་ཤེས་ལ་དེ་ཡང་མ་བརྗེད་ནས་དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་མཐོང་སྟེ་དེ་ཡང་བརྗེད་དོ། །ཐོས་ཤིང་རིག་ལ་རྣམ་ པར་ཤེས་ཏེ་དེ་ཡང་བརྗེད་དོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ། །དེ་མ་མཐོང་བ་དེ་ལ་ཡིད་གཉིས་མི་ཟ་བ་དང་། མ་ཐོས་མ་རིག་རྣམ་པར་མ་ཤེས་ལ་དེ་ལ་ཡིད་གཉིས་མི་ཟ་ནས་དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ བདག་གིས་མཐོང་སྟེ་དེ་ལ་ཡིད་གཉིས་ཟའོ། །བདག་གིས་ཐོས་ཤིང་རིག་ལ་རྣམ་པར་ཤེས་ཏེ་དེ་ལ་ཡིད་གཉིས་ཟའོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ། །དེས་མ་མཐོང་ལ་མ་མཐོང་བར་འདུ་ཤེས་ནས་དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་ པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་མཐོང་གི །མ་ཐོས་མ་རིག་རྣམ་པར་མ་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ། །དེས་མ་ཐོས་ལ་མ་ཐོས་པར་འདུ་ཤེས་ནས་དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་ དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་ཐོས་ཀྱི། མ་མཐོང་མ་རིག་རྣམ་པར་མ་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ། །དེས་མ་རིག་ལ་མ་རིག་པར་འདུ་ཤེས་ནས་དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་ བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་རིག་གི་མ་མཐོང་མ་ཐོས་རྣམ་པར་མ་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ། །དེས་རྣམ་པར་མ་ཤེས་ལ་རྣམ་པར་མ་ཤེས་པར་འདུ་ཤེས་ནས་དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ ཏེ་འདི་སྐད་ཅེས་བདག་གིས་རྣམ་པར་ཤེས་ཀྱི། མ་མཐོང་མ་ཐོས་མ་རིག་གོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་ཇི་ཙམ་དུ་འདུ་ཤེས་བསྒྱུར་ཏེ་ཚིག་སྨྲ་བར་བྱེད་ན་ཐམས་ཅད་ལྟུང་བྱེད་དུ་འགྱུར་རོ། །ལས་དང་པོ་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བ་དག་གིས་ཉེན་པ་ལ་ལྟུང་བ་མེད་དོ། །བརྫུན་དུ་སྨྲ་བའི་ལྟུང་བྱེད་དེ་དང་པོ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དྲུག་སྡེ་དག་དགེ་ སློང་རྣམས་ལ་འདི་ལྟ་སྟེ། ཞར་བ་དག །ཐེང་པོ་དག །སྨད་འཆལ་དག །ལག་སོར་རྡུམ་པོ་དག །སྒུར་པོ་དག །མིའུ་ཐུང་དག །ལྦ་བ་ཅན་དག །ལྐུགས་པ་དག །འོན་པ་དག །རྟེན་འཕྱེ་དག །རྐང་འབམ་དག །གྱོལ་པོ་དག །མཆུ་འཕྱངས་དག །མགོ་བོ་ཆེ་དག་ཅེས་ མིའི་སྐྱོན་ནས་སྨྲ་བས་ཀུན་དུ་སྤྱོད་པར་བྱེད་དོ། །མིའི་སྐྱོན་ནས་སྨྲ་བས་ཀུན་དུ་སྤྱོད་པ་ན་དགེ་སློང་དག་སྤ་གོང་བ་དང་། གཟེངས་དམས་པ་དང་། ཞུམ་པར་གྱུར་ནས་ལུང་མནོད་པ་དང་། བཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ཀྱི་ཞི་གནས་གཏོང་ཞིང་ སྡུག་བསྔལ་དང་། ཡིད་མི་བདེ་བ་མང་བར་གནས་སོ། །དགེ་སློང་དོན་ཉུང་ངུ་དག་ཅིའི་ཕྱིར་དགེ་སློང་དག་དགེ་སློང་རྣམས་ལ་འདི་ལྟ་སྟེ། ཞར་བ་དག །ཐེང་པོ་དག །སྨད་འཆལ་དག །ལག་སོར་རྡུམ་པོ་དག །སྒུར་པོ་དག །མིའུ་ཐུང་དག །ལྦ་བ་ཅན་དག །ལྐུགས་པ་དག །འོན་པ་དག ། རྟེན་འཕྱེ་དག །རྐང་འབམ་དག །གྱོལ་པོ་དག །མཆུ་འཕྱངས་དག །མགོ་བོ་ཆེ་དག་ཅེས་མིའི་སྐྱོན་ནས་སྨྲ་བས་ཀུན་ཏུ་སྤྱོད་པར་བྱེད་ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་ འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། སྐབས་འདི་ལ་དགེ་སློང་གི་དགེ་འདུན་བསྡུ་བ་མཛད་དོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ་ཞེས་བྱ་བ་ལ་སོགས་པ་ཡང་སྔ་མ་བཞིན་ནོ། །སངས་རྒྱས་ བཅོམ་ལྡན་འདས་ཀྱིས་དགེ་སློང་དྲུག་སྡེ་དག་ལ་རྨས་པ། དགེ་སློང་དག་ཁྱེད་དགེ་སློང་རྣམས་ལ་འདི་ལྟ་སྟེ། ཞར་བ་དག །ཐེང་པོ་དག །སྨད་འཆལ་དག །ལག་སོར་རྡུམ་པོ་དག །སྒུར་པོ་དག །མིའུ་ཐུང་དག །ལྦ་བ་ཅན་དག །ལྐུགས་པ་དག །འོན་པ་དག ། རྟེན་འཕྱེ་དག །རྐང་འབམ་དག །གྱོལ་པོ་དག །མཆུ་འཕྱངས་དག །མགོ་བོ་ཆེ་དག་ཅེས་མིའི་སྐྱོན་ནས་སྨྲ་བས་ཀུན་ཏུ་སྤྱོད་པར་བྱེད་པ་བདེན་ནམ། བཙུན་པ་མད་དོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་ བ་མ་ཡིན་པ། ཚུལ་དང་མཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་རི་བྲགས་ཤིག་ན་ཁྱིམ་བདག་ཅིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །དེ་ལ་བུ་མོ་ཞིག་བྱུང་ནས་དེ་བསྲིངས་བསྐྱེད་ནས་ཆེན་མོར་གྱུར་ཏོ། །ཁྱིམ་བདག་དེ་ཞིང་པ་ཡིན་པས་རང་ཉིད་ཞིང་རྨེད་པར་བྱེད་དོ། །ཁྱིམ་བདག་ཅིག་གི་བུ་ཕ་མ་དང་བྲལ་ནས་དགོན་པ་ནས་ཤིང་ཁུར་ཐོགས་ཏེ་དེའི་ཞིང་དང་ཉེ་བར་ཤིང་ལྗོན་པའི་དྲུང་དུ་ཁུར་ བཞག་སྟེ་ངལ་བསོ་ནས་དེས་སྨྲས་པ། ཞང་པོ་ཅིའི་ཕྱིར་ཁྱོད་རང་ཉིད་ཞིང་རྨོ་བར་བྱེད། ཁྱོད་ཀྱིས་གྲོང་དུ་གྲོང་གི་བྱ་བ་བྱ་བའི་རིགས་ན་ཁྱོད་དགོན་པར་དགོན་པའི་བྱ་བ་བྱེད་དམ། ཚ་བོ་ཁོ་བོ་ལ་བུ་ཡང་མེད། ཕུ་ནུ་ཡང་མེད་དོ། །ཞང་པོ་གཤོལ་འོན་ཅིག་དང་ཁོ་བོས་རྨོས་ ཁྱོད་རེ་ཞིག་ངལ་སོ་ཤིག་ཅེས་དེས་ཞིང་རྨོ་བར་བརྩམས་པ་དང་། ཁྱིམ་བདག་དེས་དེའི་ཟན་ཁྱེར་ཏེ་འོངས་ནས་སྨྲས་པ་ཚ་བོ་ཚུར་ཤོག་ཟན་ཟའོ། །དེ་གཉིས་ཀྱིས་ཟན་ཟོས་ནས་ཁྱིམ་བདག་གི་བུ་དེས་སྨྲས་པ། ཞང་པོ་ཁོ་བོས་ཁྱོད་ཀྱི་ཁྱིམ་མི་ཤེས་ཀྱིས་ཁྱོད་སོང་ཤིག་དང་། ཁོ་བོས་ཞིང་ རྨོས་དགོངས་ཀར་སུ་ཤིག །ཁྱིམ་བདག་དེ་སོང་བ་དང་། ཁྱིམ་བདག་གི་བུ་དེས་ཀྱང་ཡུད་ཙམ་ཞིག་ཞིང་རྨོས་ནས་ཞིང་ཚིགས་ཀྱི་ཕྱོགས་སུ་གླང་གཉིས་ཟར་བཅུག་སྟེ། དགོངས་ཀར་རྩྭ་ཁུར་གཅིག་ཐོགས་ནས་རི་བྲགས་དེར་འཇུག་པར་བརྩམས་པ་དང་། ཁྱིམ་བདག་དེས་ཀྱང་དེ་བསུ་ནས་ ཁྱིམ་བདག་དེས་དེ་ཁྱིམ་དུ་ཁྲིད་དོ། །ཁྱིམ་བདག་གི་བུ་དེས་གླང་བྲགས་སུ་སྩལ་ཏེ་གཅལ་བཀྲམ་ནས་དུ་བ་བཏུལ་ཏེ་གླང་གཉིས་ཀྱི་མདུན་དུ་རྩྭ་བཀྲམ་པ་དང་། ཁྱིམ་བདག་དེས་བསམས་པ། བདག་ཁྱིམ་བདག་གི་བུ་འདིས་བདེ་བར་བྱས་ཀྱིས་བདག་གིས་བུ་མོ་འདི་འདི་ལ་ཆུང་མར་སྦྱིན་ནོ་ སྙམ་ནས་དེས་དེ་ལ་སྨྲས་པ། ཚ་བོ་མངོན་པར་དགའ་བཞིན་དུ་ལས་གྱིས་ཤིག་དང་བུ་མོ་འདི་ཁྱོད་ལ་ཆུང་མར་སྦྱིན་ནོ། །དེས་དེར་ཁྱིམ་བརྩིག་པར་བརྩམས་པ་དང་། དེའི་གླང་ཞིང་ཟན་ཅིག་ཞིང་ལ་བྲོས་ནས་དེས་དེ་བཟློག་ཀྱང་མ་བཟློགས་ནས་དེས་དེ་ལ་སྤྱོས་ཏེ་ཤིང་ཚལ་ཞིག་འཕངས་ པ་དང་། དེས་དེའི་རྭ་ཆག་ནས་དེའི་མིང་རྭ་ཆག་ཅེས་བྱ་བར་བཏགས་སོ། །དུས་གཞན་ཞིག་ན་དེ་ཡང་ཞིང་ལ་བྲོས་ནས་དེས་དེ་བཟློག་ཀྱང་མ་བཟློགས་ནས་དེས་དེ་ལ་སྤྱོས་ཏེ་ཟོར་བ་འཕངས་པ་དང་དེས་དེའི་མཇུག་མ་ཆད་ནས་དེའི་མིང་མཇུག་རྡུམ་ཞེས་བྱ་བར་བཏགས་སོ། །དེ་ལྟར་དེའི་ མིང་རྭ་ཆག་དང་མཇུག་རྡུམ་ཞེས་བཏགས་ནས། དེ་ཕྱིན་ཆད་གླང་དེའི་མིང་ཆག་རྡུམ་ཞེས་བྱ་བར་བཏགས་སོ། །དུས་གཞན་ཞིག་ན་ཁྱིམ་བདག་གི་བུ་དེས་ཁྱིམ་བདག་དེ་ལ་སྨྲས་པ། ཞང་པོ་ཇི་ལྟར་ཁས་བླངས་པ་བཞིན་གྱིས་ཤིག །ཁྱིམ་བདག་དེས་ཆུང་མ་ལ་སྨྲས་པ། བཟང་མོ་ བག་རྫངས་སྟ་གོན་གྱིས་ཤིག །བུ་མོ་བག་མར་གཏང་བར་བྱའོ། །ཆུང་མས་སྨྲས་པ། རྗེའི་སྲས་བུ་མོ་འདི་སུ་ལ་ཡང་མ་སྩལ་ན་ཇི་ལྟར་བག་མར་གཏང་བར་བགྱི་དེས་སྨྲས་པ། ཁོ་བོས་འདི་གཞན་ལ་སྦྱིན་ནོ། །སུ་ལ་སྩལ། ཁྱིམ་བདག་གི་བུ་འདི་ལའོ། །ཆུང་མས་སྨྲས་པ། ཁོ་མོས་ ན་ལེ་ཞམ་དཀར་པོ་བཞིན་དུ་ཇི་ལྟར་བྱུང་གཏོལ་མེད་པ་གང་ཡིན་པ་འདི་ལ་བུ་མོ་སྦྱིན་རེ་སྐན། འདི་ལྟར་གང་དུ་ཁོ་མོ་བགོ་བར་བྱ་བ་དང་། བཟའ་བར་བྱ་བ་ཡོད་པ་དེར་ཁོ་མོས་བུ་མོ་སྦྱིན་པར་བྱའོ། །དེས་སྨྲས་པ། བཟང་མོ་ཁྱིམ་བདག་གི་བུ་འདིས་ཁོ་བོ་བདེ་བར་གྱུར་ཏེ། གལ་ཏེ་འདི་འགྲོ་ བར་གྱུར་ན་ཡང་ཁོ་བོས་ཞིང་རྨོ་དགོས་པར་འགྱུར་རོ། །ཆུང་མས་སྨྲས་པ། ཁོ་མོས་ལྟོ་གོལ་བ་འདི་ལ་བུ་མོ་སྦྱིན་པར་མི་ནུས་སོ། །ཁྱིམ་བདག་གིས་བསམས་པ། གལ་ཏེ་བདག་གིས་ཁྱེའུ་འདི་ལ་ཁོ་བོས་ཁྱོད་ལ་བུ་མོ་མི་སྦྱིན་ནོ་ཞེས་སྨྲས་ན་དེང་ཉིད་དུ་འདི་འགྲོ་བར་འགྱུར་ཞིང་བདག་ སྡུག་བསྔལ་བར་འགྱུར་རོ་སྙམ་ནས་དེ་ལ་སྒྱོང་བ་བྱས་སོ། །ཁྱིམ་བདག་གི་བུ་དེས་ཁྱིམ་བདག་དེ་ལ་ཡང་སྨྲས་པ། ཞང་པོ་ཇི་ལྟར་ཁས་བླངས་པ་བཞིན་གྱིས་ཤིག །དེས་སྨྲས་པ། ཚ་བོ་ཁོ་བོ་ཉེ་དུའི་འཁོར་རྒྱ་ཆེན་པོ་དག་ལ་ཟན་སྦྱར་དགོས་ཀྱིས་རེ་ཞིག་སཱ་ལུ་དག་སྒྲུབས་ཤིག །དེས་སཱ་ལུ་ དག་བསྒྲུབས་ནས་སྨྲས་པ། ཞང་པོ་བག་མ་རྫོངས་ཤིག །དེས་སྨྲས་པ། ཚ་བོ་དེ་ལ་བུ་རམ་དག་ཀྱང་དགོས་ཀྱིས་རེ་ཞིག་བུ་རམ་ཤིང་དག་སྒྲུབས་ཤིག །དེས་བུ་རམ་ཤིང་དག་བསྒྲུབས་ནས་སྨྲས་པ། ཞང་པོ་ད་བག་མ་རྫོངས་ཤིག །དེས་སྨྲས་པ། ཚ་བོ་དེ་ལ་ཁུར་ བ་དག་ཀྱང་དགོས་ཀྱིས་རེ་ཞིག་གྲོ་དག་སྒྲུབས་ཤིག །དེས་གྲོ་དག་ཀྱང་བསྒྲུབས་ནས་སྨྲས་པ། ཞང་པོ་ད་བག་མ་རྫོངས་ཤིག །ཁྱིམ་བདག་དེས་སྨྲས་པ། ཚ་བོ་སཱ་ལུ་སྔ་མ་དག་ཟད་ཀྱིས་དེ་ཡང་རེ་ཞིག་སཱ་ལུ་སྒྲུབས་ཤིག །ཁྱིམ་བདག་གི་བུ་དེས་བསམས་པ། དེ་གསུམ་ནི་རང་ བཞིན་གྱིས་དུས་གཅིག་ཏུ་བསྒྲུབ་པར་མི་ནུས་པས་འདི་སྒྱོང་བར་བྱེད་ཀྱིས་སྐྱེ་བོ་ཕལ་པོ་ཆེའི་ནང་དུ་སོང་སྟེ་ཁས་ལན་དུ་བཅུག་ལ་གལ་ཏེ་མི་སྟེར་ན་རྒྱལ་པོའི་ཕོ་བྲང་ནས་བདེ་བར་སྦྱིན་དུ་གཞུག་གོ་སྙམ་ནས་དེས་སྐྱེ་བོ་ཕལ་པོ་ཆེའི་ནང་དུ་དེ་ལ་སྨྲས་པ། ཞང་པོ་བག་མ་རྫོངས་ཤིག །ཁྱིམ་བདག་དེས་སྤྱོས་ཏེ་ སྨྲས་པ། ཤེས་ལྡན་དག་མི་འདི་ཁོ་བོའི་ལྟོ་གོལ་བ་ལྟོ་གླས་ལས་བྱེད་པ་ཡིན་ན་ཁོ་བོས་འདི་ལ་བུ་མོ་སྦྱིན་རེ་སྐན། ཁྱིམ་བདག་གི་བུ་དེས་བསམས་པ། བདག་གིས་ཀཱར་ཥཱ་པ་ཎ་དག་ཀྱང་མ་ཐོབ་ལ་བུ་མོ་ཡང་མ་ཐོབ་པས་འདི་ལ་གནོད་པ་ཅུང་ཞིག་བྱས་ཏེ་འགྲོའོ་སྙམ་ནས་དེས་ གླང་དེ་དག་ཉིན་པར་ཞིང་རྨོས་ནས་ལྕག་མང་པོས་གཞུས་ཏེ་ཉི་མ་ལ་ཤིང་སྐམ་ལ་བཏགས་ཏེ་སོང་ངོ་། །ཆོས་ཉིད་ཀྱིས་ན་འཇིག་རྟེན་གནས་པ་ཆགས་ནས་རིང་པོ་མ་ལོན་པའི་ཚེ་ན་དུད་འགྲོ་དག་ཀྱང་སྨྲ་ཤེས་པ་ཡིན་པས་གླང་དེ་དག་གིས་དེ་ལ་སྨྲས་པ། ཀྱེ་མི་ཁྱོད་ཁོ་བོ་ཅག་གི་ཕ་མ་འདྲ་ བར་འདུག་འདུག་སྟེ། རྟག་ཏུ་ཁོ་བོ་ཅག་ལེགས་པར་བདེ་བས་ཡོངས་སུ་སྐྱོང་བར་བྱེད་ན་ད་ཅིའི་ཕྱིར་ཉིན་པར་ཞིང་རྨོས་ནས་ལྕག་མང་པོས་གཞུས་ཏེ་ཉི་མ་ལ་ཤིང་སྐམ་ལ་བཏགས་ཏེ་འགྲོ། །ཅི་ཁོ་བོ་ཅག་གིས་ཁྱོད་ལ་ཉེས་པ་ཞིག་བྱས་སམ། ཁྱེད་ཅག་གིས་ཁོ་བོ་ལ་ཉེས་པ་ཅུང་ ཟད་ཀྱང་མ་བྱས་ཏེ། འདི་ལྟར་ཁྱེད་ཅག་གི་བདག་པོས་ཁོ་བོ་ལ་ཉེས་པ་བྱས་སོ། །དེས་ཅི་བྱས། ཁོ་བོ་ལ་བུ་མོ་སྦྱིན་པར་ཁས་བླངས་ནས་མ་སྟེར་རོ། །འོ་ན་རྒྱལ་པོའི་ཕོ་བྲང་དུ་ཅིའི་ཕྱིར་མི་འགྲོ། ཆེ་གཞི་དག་མེད་དོ། །སོང་ཤིག་དང་ཁོ་བོ་ཅག་གིས་ཆེ་གཞི་དབྱེའོ། །ཅི་མིའི་སྐད་དུ་སྨྲ་བར་ འགྱུར་རམ། མ་ཡིན་ཏེ། འདི་ལྟར་ཁྱོད་ཀྱིས་བདེན་པས་གསོལ་བར་བྱ་སྟེ། ཁོ་བོ་ཅག་ཞག་བདུན་གྱི་བར་དུ་བྲགས་སུ་བཏགས་སྟེ། རྩྭ་ཡང་སྦྱིན་པར་མི་བྱ། ཆུ་ཡང་བླུད་པར་མི་བྱ་བར་གཞག་པར་བྱ་ཞིང་ཉི་མ་བདུན་པ་ལ་རྩྭ་ཕུན་སུམ་ཚོགས་པ་དང་། ཆུ་ཕུན་སུམ་ཚོགས་པའི་ཕྱོགས་སུ་གཏང་བར་བྱ་ སྟེ། དེའི་ཚེ་ཁྱོད་ཀྱིས་རྒྱལ་པོའི་མདུན་དུ་གལ་ཏེ་བདག་བདེན་ན་གླང་འདི་དག་རྩྭ་ཡང་མི་ཟ་ཆུ་ཡང་མི་འཐུང་བར་གྱུར་ཅིག་ཅེས་བདེན་པའི་ཚིག་གིས་གསོལ་ཅིག་དང་། ཁོ་བོ་ཅག་ཇི་སྲིད་དུ་རྒྱལ་པོ་ཡིད་ཆེས་པར་མ་གྱུར་གྱི་བར་དུ་རྩྭ་ཡང་མི་ཟ་ཆུ་ཡང་མི་འཐུང་ངོ་། །ཁྱིམ་བདག་གི་བུ་དེས་རྒྱལ་པོའི་ཕོ་བྲང་དུ་སོང་ སྟེ་རྒྱལ་པོ་ལ་གསོལ་པ། ལྷ་ཁྱིམ་བདག་ཆེ་གེ་མོ་ཞིག་གིས་བདག་ལ་བུ་མོ་སྩལ་བར་མཆིད་ཀྱིས་འཚལ་ནས་མི་སྟེར་རོ། །རྒྱལ་པོས་སྨྲས་པ། ཁྱོད་ལ་ཆེ་གཞི་འགའ་ཡོད་དམ། ལྷ་མཆིས་སོ། །ཅི་མི་དག་གམ། མི་མ་ཡིན་པ་དག །མི་མ་ལགས་པ་གླང་དག་གོ། །ཅི་མིའི་སྐད་དུ་ སྨྲ་བར་འགྱུར་རམ། མ་ལགས་ཏེ་འདི་ལྟར་བདག་གིས་བདེན་པས་གསོལ་བར་བགྱི་སྟེ། བདག་གིས་དགུང་བདུན་གྱི་བར་དུ་གླང་དེ་དག་བྲགས་སུ་བཏགས་ཏེ་རན་ཡང་སྩལ་བར་མི་བགྱི། ཆབ་ཀྱང་སྩལ་བར་མི་བགྱི་བར་གཞག་པར་བགྱི་ཞིང་། གདུགས་བདུན་པ་ལ་ རན་ཕུན་སུམ་ཚོགས་པ་དང་། ཆབ་ཕུན་སུམ་ཚོགས་པའི་ཕྱོགས་སུ་གཏང་བར་བགྱི་སྟེ། དེའི་ཚེ་བདག་གིས་ལྷའི་སྤྱན་སྔར་གལ་ཏེ་བདག་མད་ན་གླང་འདི་དག་རན་ཡང་མི་འཚལ་ཆབ་ཀྱང་མི་འཚལ་བར་གྱུར་ཅིག་ཅེས་བདེན་པའི་ཚིག་གིས་གསོལ་ན་ཇི་སྲིད་དུ་ལྷ་ཐུགས་ཆེས་ པར་མ་གྱུར་གྱི་བར་དུ་དེ་དག་རན་ཡང་མི་འཚལ། ཆབ་ཀྱང་མི་འཚལ་བར་འགྱུར་རོ། །རྒྱལ་པོས་བློན་པོ་རྣམས་ལ་བསྒོ་བ་ཤེས་ལྡན་དག་དེ་ལྟར་གྱིས་ཤིག །དེ་དག་གིས་གླང་དེ་དག་བྲགས་སུ་བཏགས་ཏེ་བཞག་པ་དང་། ཆག་རྡུམ་གྱིས་སྨྲས་པ། ནུབ་ཕྱོགས་ནས་ཉི་མ་ཤར་རམ། ཅི་ན་གང་གིས་བདག་ཅག་གཏོང་བར་མི་བྱེད། གཞན་དག་གིས་སྨྲས་པ། མ་ཡིན་ཏེ། བདག་ཅག་གིས་ཁྱིམ་བདག་གི་བུ་དེ་ལ་འདི་ལྟར་ཁྱོད་ཀྱིས་བདེན་པས་གསོལ་བར་བྱ་སྟེ། ཁོ་བོ་ཅག་ཞག་བདུན་གྱི་བར་དུ་བྲགས་སུ་བཏགས་ཏེ་རྩྭ་ཡང་སྦྱིན་པར་མི་བྱ། ཆུ་ཡང་བླུད་པར་མི་བྱ་བར་ གཞག་པར་བྱ་ཞིང་། ཉི་མ་བདུན་པ་ལ་རྩྭ་ཕུན་སུམ་ཚོགས་པ་དང་། ཆུ་ཕུན་སུམ་ཚོགས་པའི་ཕྱོགས་སུ་གཏང་བར་བྱ་སྟེ། དེའི་ཚེ་ཁྱོད་ཀྱིས་རྒྱལ་པོའི་མདུན་དུ། གལ་ཏེ་བདག་བདེན་ན་གླང་འདི་དག་རྩྭ་ཡང་མི་ཟ། ཆུ་ཡང་མི་འཐུང་བར་གྱུར་ཅིག་ཅེས་བདེན་པའི་ཚིག་གིས་གསོལ་ཅིག་ དང་། ཁོ་བོ་ཅག་ཇི་སྲིད་དུ་རྒྱལ་པོ་ཡིད་ཆེས་པར་མ་གྱུར་གྱི་བར་དུ་རྩྭ་ཡང་མི་ཟ་ཆུ་ཡང་མི་འཐུང་ངོ་ཞེས་ཁས་བླངས་སོ། །ཆག་རྡུམ་གྱིས་སྨྲས་པ། ཁོ་བོ་ནི་གལ་ཏེ་བཏང་བར་གྱུར་ན་རྡོ་བ་ཡང་ཟན་རྩྭ་ལྟ་སྨོས་ཀྱང་ཅི་དགོས། དེ་དག་གིས་སྨྲས་པ། ཁྱིམ་བདག་གི་བུ་དེ་བདག་ཅག་ གི་ཕ་མ་དང་འདྲ་བར་འདུག་འདུག་གིས། དེ་ལྟར་མ་བྱེད་ཅིག །ཆག་རྡུམ་གྱིས་སྨྲས་པ། དེ་བདག་ཅག་གི་ཕ་མ་དང་འདྲ་བར་འདུག་འདུག་པ་ཡང་བདེན་མོད་ཀྱི་འོན་ཀྱང་དེ་ཁོ་བོ་ལ་ཆག་རྡུམ་ཞེས་འབོད་པས་ཁོ་བོ་ནི་དེ་ལྟར་མི་འདོད་དེ། འདི་ལྟར་ཁོ་བོ་ནི་དེའི་ལྟོ་འདྲལ་བར་ཡང་འདོད་དོ། ། ཁྱིམ་བདག་གི་བུ་དེ་དུས་དང་དུས་སུ་གླང་དེ་དག་གི་གན་དུ་སོང་སྟེ་དྲིས་པ། ཀྭའི་གླང་དག་ཇི་ལྟར་ཁྱོད་ཅག་རུང་ངམ། དེ་དག་གིས་སྨྲས་པ། ཁོ་བོ་ཅག་ནི་རུང་ན། ཁྱོད་ཀྱི་མི་རུང་ངོ་། །ཅི་ཉེས་ཆག་རྡུམ་འདི་ན་རེ་ཁོ་བོ་ནི་གལ་ཏེ་བཏང་བར་གྱུར་ན་རྡོ་བ་ཡང་ཟ་ ན་རྩྭ་ལྟ་སྨོས་ཀྱང་ཅི་དགོས་ཞེས་ཟེར་རོ། །འོ་ན་ཅི་ཁོ་བོ་འབྲོས་པར་བྱའམ། མ་འབྲོས་པར་འདི་ལྟར་ཆག་རྡུམ་འདིའི་སྣ་ཕུག་ཤིག་དང་། གལ་ཏེ་འདི་རྩྭ་ཟ་བར་འགྱུར་རམ། ཆུ་འཐུང་བར་འགྱུར་བ་ན་ཁོ་བོ་ཅག་གིས་རྭ་དག་གིས་འདིའི་སྣ་བླངས་ཏེ་ཁ་གྱེན་དུ་གཟུང་བར་བྱས། ཁྱོད་ ཀྱིས་ཀྱ