Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 003_འདུལ་བ།_ག

Văn bản gốc(Tây Tạng)

Trang 14 / 19 (50.000 ký tự/trang)
འདས་ཀྱིས་བཀའ་སྩལ་པ། གློ་བུར་བ་རྣམས་ཀྱི་ཕྱིར་མ་བགོས་པའི་གནས་གཞག་པར་བྱའོ། །རི་འོར་ཞིག་ན་གཙུག་ལག་ཁང་ཞིག་ཡོད་བ་
དེར་དགེ་སློང་རྣམས་དབྱར་གནས་པར་དམ་བཅས་པ་ལས། ཇི་ཙམ་ན་རི་འོར་དེར་དབྱར་གྱི་ནང་ལོགས་སུ་འཇིགས་པ་བྱུང་ནས། དེ་ན་གནས་པའི་དགེ་སློང་རྣམས་སྐྲག་ནས་དགག་དབྱེ་མ་བྱས་པར་མཉན་ཡོད་དུ་ལྷགས་པ་དང་། དེ་ནས་དགེ་སློང་རྣམས་ཀྱིས་ལམ་གྱིས་དུབ་པ་ངལ་སོར་བཅུག་སྟེ།

ལམ་གྱིས་དུབ་པ་ངལ་སོས་ནས་དེ་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་བདག་ཅག་ལ་གནས་མལ་སྐོས་ཤིག །དེ་རྣམས་ཀྱིས་དབྱར་གྱི་ནང་ལོགས་ཡིན་ནོ་སྙམ་ནས་མ་བསྐོས་པ་དང་། གློ་བུར་བའི་དགེ་སློང་རྣམས་སྨོད་པར་བྱེད། གཞོགས་འཕྱས་བྱེད། ཁ་ཟེར་བར་བྱེད་དེ། ཚེ་དང་ལྡན་
པ་དག་ཁྱེད་ད་ལྟར་སྟོན་པ་ཉིད་བཞུགས་བཞིན་དུ་བསྟན་པ་ནུབ་པར་བྱེད་དམ་ཅི། གལ་ཏེ་ཁྱེད་ལ་འགྱོད་པ་ཡོད་ན་རྒན་རིམས་ཇི་ལྟ་བ་བཞིན་དུ་གནས་མལ་བྱིན་ཅིག །དེ་རྣམས་འོན་ཀྱང་མ་བསྐོས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བྱུང་བ་འདི་ལ་བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། འཇིགས་པས་རལ་བའི་དགེ་སློང་རྣམས་ཀྱི་ཕྱིར་དབྱར་གཉིས་པར་གནས་བར་དམ་བཅའ་བར་བྱའོ། །དགེ་སློང་རྣམས་ཀྱིས་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟླ་བ་གསུམ་པའི་དགག་དབྱེ་བྱ་ཞིང་དབྱར་ཟླ་ཐ་ཆུངས་ལ་དབྱར་ཕྱི་མར་
གནས་པར་དམ་བཅའ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་འཇིགས་པས་རལ་བའི་དགེ་སློང་རྣམས་ཀྱི་ཕྱིར་དབྱར་གཉིས་པར་གནས་པར་དམ་བཅའ་བར་བྱའོ་ཞེས་གསུངས་པ་དང་། ཅི་ཙམ་ན་འཇིགས་པས་རལ་བའི་དགེ་སློང་གཞན་དག་ཀྱང་མཉན་ཡོད་དུ་ལྷགས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་
བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ངས་འཇིགས་པས་རལ་བའི་དགེ་སློང་རྣམས་ལ་བརྟེན་ནས་དབྱར་གཉིས་པར་གནས་པར་དམ་བཅའ་བར་བཅས་ཀྱི་གསུམ་པ་ནི་མ་ཡིན་ནོ། །འཇིགས་པས་རལ་བའི་དགེ་སློང་རྣམས་ཀྱང་སྨོས་འདྲིན་ཇི་ལྟ་བ་
བཞིན་དུ་ངལ་སོར་གཞུག་པར་བྱའོ། །དགེ་སློང་རྣམས་ཀྱིས་དེ་རྣམས་ལས་སུ་སྐོ་བར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་རྣམས་ལས་སུ་བསྐོ་བར་མི་བྱའོ། །དགེ་སློང་རྣམས་ཀྱིས་དེ་རྣམས་ལ་རྙེད་པ་བྱིན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་རྣམས་ལ་རྙེད་པ་མི་སྦྱིན་ནོ། །དགེ་སློང་རྣམས་
ཀྱིས་ཁ་ཟས་ཀྱི་རྙེད་པ་ཡང་མ་བྱིན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་རྣམས་ལ་ཁ་ཟས་ཀྱི་རྙེད་པ་ནི་སྦྱིན་གྱི་གོས་ཀྱི་རྙེད་པ་ནི་མ་ཡིན་ནོ། །དད་པ་ཅན་རྣམས་ཀྱིས་གཙུག་ལག་ཁང་མང་དུ་བརྩིགས་པ་ལས་མཉན་ཡོད་ན་དགེ་སློང་ཉུང་ངུ་ཞིག་དབྱར་གནས་པར་དམ་བཅས་ཏེ། དེ་རྣམས་སྟོང་པར་

འདུག་པས་སྦྱིན་བདག་རྣམས་ཀྱི་ལོངས་སྤྱོད་ལས་བྱུང་བའི་བསོད་ནམས་མེད་ཅིང་ནལ་ཕྲུག་རྣམས་ཀྱི་གནས་སུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐམས་ཅད་བགོ་བར་བྱ་སྟེ། རེ་རེས་ཀྱང་སོ་སོར་གཉིས་སམ། གསུམ་མམ། བཞི་ཅི་རན་པ་ཐམས་ཅད་ལ་ལོངས་སྤྱད་པར་
བྱ་སྟེ། ལ་ལར་ནི་སྔ་དྲོ་འདུག་པར་བྱའོ། །ལ་ལར་ནི་ཉི་མའི་གུང་ལའོ། །ལ་ལར་ནི་ཕྱི་དྲོའོ། །ལ་ལར་ནི་ནུབ་མོ་གནས་པར་བྱའོ། །དགེ་སློང་རྣམས་ཀྱིས་ལག་གི་ལས་མ་བྱས་པས་དེ་རྣམས་འདྲུམས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོན་བདག་ལ་སྤྲོ་བ་བསྐྱེད་པར་
བྱའོ། །གལ་ཏེ་གྲུབ་ན་དེ་ལྟ་ན་ལེགས། གལ་ཏེ་མ་གྲུབ་པར་གྱུར་ན་དགེ་འདུན་གྱིས་ཕྱིར་བཅོས་པར་བྱའོ། །གལ་ཏེ་མི་ནུས་པར་གྱུར་ན་ཇི་ཙམ་ནུས་པ་དེ་ཙམ་བཅོས་པར་བྱ་སྟེ། གཞན་ནི་བཏང་སྙོམས་སུ་གཞག་པར་བྱའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱི་བསྟན་པ་རྒྱས་པར་གྱུར་པ་དེའི་ཚེ་དགེ་
སློང་མང་པོ་མཉན་ཡོད་དུ་ལྷགས་པ་དང་། དེ་རྣམས་གནས་ཁང་གིས་ཕོངས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཉིས་དང་གསུམ་གྱིས་བགོ་བར་བྱ་སྟེ། ཆུ་སྣོད་གཞག་པ་དང་། འདག་ཆལ་དང་། སྨན་དང་། སོ་ཤིང་གཞག་པ་དང་། ཕན་ཚུན་གྱི་ཐེམ་སྐས་མ་གཏོགས་པར་
ཆུང་ངུ་ན་འདུག་པའི་ཚད་ཙམ་ཡང་ཐམས་ཅད་ཀྱིས་འདྲ་བར་བགོ་བར་བྱ་སྟེ། ཉེ་འཁོར་ནི་སྤྱིའི་ཡིན་པ་ཉིད་པས་བགོ་བར་མི་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་དགོན་པ་དང་། ཤིང་དྲུང་དང་། ཁང་སྟོང་དང་། རི་སུལ་དང་། བྲག་ཕུག་དང་། རྩྭའི་སྟན་དང་། བླ་གབ་མེད་པ་དང་། དུར་ཁྲོད་དང་། ནགས་
མཐའ་དང་། བས་མཐའི་གནས་མལ་འདི་རྣམས་སུ་བསམ་གཏན་གྱིས་ཤིག །ཕྱིས་ཡིད་ལ་གཅགས་པར་མི་འགྱུར་བར་བག་ཡོད་པར་གྱིས་ཤིག་ཅེས་དགོན་པའི་བསྔགས་པ་མང་དུ་གསུངས་པ་དེའི་ཚེ་དགེ་སློང་ཁ་ཅིག་དགོན་པ་པར་དམ་བཅས་ནས་དགོན་པ་ན་གནས་པ་ལས། དེ་རྣམས་དེ་ན་
ཆོམ་རྐུན་པ་རྣམས་ཀྱིས་གཏོགས་པར་གྱུར་ཏོ། །གཏོགས་ནས་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་རྣམས་སུ་ཆོས་གོས་ཚོལ་བའི་ཕྱིར་བརྩོན་པར་གྱུར་པས་ལུང་མནོད་པ་དང་། བཀླག་པ་དང་། གདོན་པ་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་ཉམས་པར་གྱུར་བའི་སྐབས་དེ་དགེ་སློང་རྣམས་

ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བྱུང་བ་འདི་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དགོན་པ་པ་རྣམས་ཀྱི་ཕྱིར་གནས་གཞག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དགོན་པ་པ་རྣམས་ཀྱི་ཕྱིར་གནས་གཞག་པར་བྱའོ་ཞེས་གསུངས་པ་དང་།
དགེ་སློང་རྣམས་ཀྱིས་མི་གསལ་བ་ཞིག་ཏུ་བཞག་པ་དང་། དགེ་སློང་དགོན་པ་པ་ཞིག་གིས་ལྷུང་བཟེད་དང་ཆོས་གོས་བཞག་ནས་སྒོ་བཅད་དེ་ལྡེ་མིག་བླངས་ནས་སོང་བ་དང་། དགེ་སློང་དགོན་པ་པ་གཞན་དག །ཕོངས་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་གསལ་བར་དགེ་
སློང་དགོན་པ་པ་རྣམས་ཀྱི་གནས་གཞག་པར་བྱའོ། །ཉེ་དགའས་ཁྱིམ་བདག་ཅིག་གཙུག་ལག་ཁང་རྩིག་ཏུ་བཅུག་ནས། དེ་ནི་དེ་ན་མི་གནས་པར་དགེ་སློང་གློ་བུར་བ་གང་ཞིག་འོངས་པ་དེ་ལ་གནས་བྱིན་ནས་རྙེད་པ་ནི་བདག་ཉིད་ཀྱིས་ཁྱེར་རོ། །ཇི་ཙམ་ན་དགེ་སློང་ཆོས་གོས་གསུམ་པ་ཞིག་འོངས་པ་
དང་དེས་གཙུག་ལག་ཁང་སྟོང་བར་མཐོང་ནས་དེས་དྲིས་པ། འདི་སུའི་གཙུག་ལག་ཁང་ཡིན། དགེ་སློང་རྣམས་ཀྱིས་སྨྲས་པ། དགེ་སློང་ཉེ་དགའི་ཡིན་ནོ། །དེ་དེའི་དྲུང་དུ་སོང་ནས་བརྙས་པ་དང་དེས་སྨྲས་པ། གཙུག་ལག་ཁང་འདིར་འདུག་ལ་རྙེད་པ་གང་ཡིན་པ་དེ་ནི་ཁོ་བོའི་ཡིན་ནོ། །དེ་དེར་གནས་
ཏེ་དེས་གཙུག་ལག་ཁང་དེ་ལན་འགའ་ཡང་ཕྱག་དར་མ་བྱས། བའི་ལྕི་བ་གསར་བའི་བྱུག་བས་མ་བྱུགས་སོ། །དེ་ཇི་ཙམ་ཞིག་ན་གཙུག་ལག་ཁང་དེ་ནས་སོང་ངོ་། །དགེ་སློང་གཞན་ཞིག་འོངས་ཏེ་དེས་ཀྱང་ཉེ་དགའ་ལས་བརྙས་ནས་གཙུག་ལག་ཁང་དེར་གནས་པ་དང་། གཙུག་ལག་ཁང་དེ་ཕྱག་
དར་གྱི་ཕུང་པོས་གང་བར་མཐོང་ནས་དེར་ཕྱག་དར་བྱས་ནས་ཕྱག་དར་བོར་ཏེ། ཕྱགས་མ་ཟིན་བཞིན་དུ་ཕྱག་དར་གྱི་ཕུང་པོའི་དྲུང་ན་འགྲེང་བ་དང་། ཇི་ཙམ་ན་དགེ་སློང་གཞན་ཞིག་གིས་དེ་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་ཁྱོད་ཕྱགས་མ་ལག་ན་ཐོགས་བཞིན་དུ་དེ་ཉིད་ན་འགྲེང་ངམ་ཅི། ཕྱགས་མ་དེ་
མི་བཞག་གམ། དེས་སྨྲས་པ། འདི་ན་ལག་པ་སྲུང་བ་འགའ་ཞིག་གནས་པ་ལྟ་སྟེ། དེས་ན་ཕྱགས་མའི་རྗེས་ཀྱང་མེད་དོ། །དེས་སྨྲས་པ། འདི་ན་དགེ་སློང་ཆོས་གོས་གསུམ་པ་ཆེ་གེ་མོ་ཞིག་གནས་གནས་སོ། །ཇི་ཙམ་ན་དེས་དེ་བསོད་སྙོམས་ལ་རྒྱུ་བ་མཐོང་ནས་མ་ནོངས་སོ། །དེས་སྨྲས་པ།

རྙེད་པ་ནི་ཉེ་དགའས་ཁྱེར་ལ་དེའི་གཙུག་ལག་ཁང་ཁོ་བོས་ཕྱག་དར་བྱའམ་ཞེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྙེད་པ་སུ་འཁྱེར་བ་དེས་གཙུག་ལག་ཁང་ཕྱག་དར་བྱའོ། །བཅོམ་ལྡན་འདས་ཀྱིས་སྦྱིན་བདག་ཤི་བ་
རྣམས་ཀྱི་མིང་གིས་ཡོན་བསྔོ་བར་བྱའོ་ཞེས་གསུངས་པ་དང་། དགེ་འདུན་གྱི་གནས་བརྟན་གྱིས་ཤི་བ་རྣམས་ཀྱི་ཕྱིར་ཚིགས་སུ་བཅད་པ་འདོན་པ་ན། ཁྱིམ་བདག་ཅིག་གཙུག་ལག་ཁང་དུ་འོངས་ན། དེས་དེ་ཡོན་བསྔོ་བ་ཐོས་ཏེ་དེའི་དྲུང་དུ་སོང་སྟེ་སྨྲས་པ། འཕགས་པ་གལ་ཏེ་བདག་གིས་ཀྱང་གཙུག་
ལག་ཁང་བརྩིག་ན། བདག་གི་མིང་གིས་ཀྱང་ཡོན་བཤད་པ་མཛད་དམ། དེས་སྨྲས་པ། རྩིགས་ཤིག་དང་། ལེགས་པར་བསྔོའོ། །ཇི་ཙམ་ན་ཁྱིམ་བདག་དེས་གཙུག་ལག་ཁང་ཞིག་རྩིག་ཏུ་བཅུག་ནས་དེས་དེར་ཅི་ཡང་མ་བཞག་གོ། །དེ་སྟོང་པ་ཉིད་དུ་འདུག་པ་ཇི་ཙམ་ན་ཁྱིམ་བདག་དེས་མཐོང་ནས་
དེས་གཙུག་ལག་ཁང་དུ་འོངས་ནས་སྨྲས་པ། འཕགས་པ་བདག་གི་གཙུག་ལག་ཁང་སྟོང་པར་མཆིས་ན་དེ་ན་སུ་ཡང་མི་བཞུགས་སམ། དགེ་འདུན་གྱི་གནས་བརྟན་གྱིས་སྨྲས་པ། བཞིན་བཟངས་མི་སྣུམ་པས་སོ། །ཁྱིམ་བདག་དེས་སྨྲས་པ། འཕགས་པ་ཚྭ་སྒོ་ཅན་དགོན་དུང་ལ་བརྩིགས་པ་ལ་ག་ལ་སྣུམ་
པར་འགྱུར། ཁྱིམ་བདག་དེ་ལ་བསམས་ནས་ཁོ་བོ་སྨྲ་བ་མ་ཡིན་ཏེ། འོན་ཀྱང་དེ་ན་རྙེད་པ་མེད་དོ། །དེས་སྨྲས་པ། འཕགས་པ་ད་ནི་བདག་གི་གཙུག་ལག་ཁང་དུ་སུ་བཞུགས་པ་ལ་རས་ཡུག་ཆེན་པོ་བསྐོན་ནོ། །ཉེ་དགའས་རྙེད་པ་ཐོབ་བོ་སྙམ་ནས་གྲལ་རིམ་གྱིས་བབ་པ་ན་རང་གི་སྐལ་བ་བླངས་ནས་
དེ་ནི་གཞན་ཉིད་ན་གནས་ཏེ། དེ་ནི་སྟོང་པར་འདུག་གོ། །ཇི་ཙམ་ན་བསོད་སྙོམས་པ་མཆོད་རྟེན་ལ་ཕྱག་འཚལ་བ་ཞིག་མཉན་ཡོད་དུ་འོངས་པ་དེས་གཙུག་ལག་ཁང་སྟོང་པ་དེ་མཐོང་ནས། དེས་དགེ་སློང་དག་ལ་དྲིས་པ། གཙུག་ལག་ཁང་འདི་སུའི་ཡིན། དེ་དག་གིས་སྨྲས་པ། དགེ་འདུན་གྱི་གཙུག་
ལག་ཁང་ཡིན་མོད་ཀྱི། དགེ་སློང་ཉེ་དགའི་སྐལ་བར་དབང་ངོ་། །དེ་ཉེ་དགའི་དྲུང་དུ་སོང་ནས་ཁྱོད་ཀྱི་སྐལ་བའི་གཙུག་ལག་ཁང་འདིར་འདུག་གོ། །དེས་སྨྲས་པ། དེ་བཞིན་དུ་བྱོས་ཤིག །དེ་དེ་ན་གནས་པ་ན་བསོད་སྙོམས་པ་དེ་མཁས་པ་སྙོམ་ལས་མི་བྱེད་པ་ཞིག་ཡིན་པས་དེས་དེ་ཉི་མ་

རེ་རེར་བྱུག་པ་དང་། ཕྱག་དར་བྱས་སོ། །ཕྱག་དར་བྱེད་པ་ལ་ནི་ཕན་ཡོན་ལྔ་ཡོད་དེ། འདི་ལྟ་སྟེ། བདག་ཉིད་སེམས་དང་བར་འགྱུར་བ་དང་། གཞན་སེམས་དང་བར་འགྱུར་བ་དང་། ལྷ་རྣམས་ཡིད་དགའ་བར་འགྱུར་བ་དང་། མཛེས་པར་འགྱུར་བའི་དགེ་བའི་
རྩ་བ་སོགས་པ་དང་། ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །གང་དག་གིས་གཙུག་ལག་ཁང་དེ་བྱུག་པ་དང་ཕྱག་དར་བྱས་པ་མཐོང་བ་དེ་དག་གིས་ཁྱིམ་བདག་དེའི་དྲུང་དུ་སོང་སྟེ་སྨྲས་པ་དེས་ཐོས་ནས་མཆོག་ཏུ་དགའ་བ་སྐྱེས་སོ། །ཇི་ཙམ་
དུས་གཞན་ཞིག་ན་རང་ཉིད་དེར་སོང་ན་གཙུག་ལག་ཁང་དེ་དེ་བཞིན་དུ་བྱུག་པ་དང་། ཕྱག་དར་བྱེད་པ་མཐོང་ནས་དེ་དད་པ་སྐྱེས་ཏེ། དེས་བསོད་སྙོམས་པ་ལ་རས་ཡུག་ཆེན་བསྐོན་པ་ཉེ་དགའས་ཐོས་ནས་དེ་རིངས་པ་རིངས་པར་སོང་སྟེ་སྨྲས་པ། བསོད་སྙོམས་པ་གཙུག་ལག་ཁང་འདི་ཁོ་བོའི་སྐལ་
བ་ཡིན་གྱིས། རས་ཡུག་ཆེན་པོ་ཁོ་བོ་ལ་བྱིན་ཅིག །བསོད་སྙོམས་པས་བསམས་པ། ཆགས་པའི་བདག་ཉིད་ཅན་འདི་ལ་གལ་ཏེ་བདག་གིས་མ་བྱིན་ཡང་འོན་ཀྱང་འདིས་མཐུས་ཁྱེར་ནས་བདག་ཀྱང་གཙུག་ལག་ཁང་ནས་བསྐྲད་པར་འགྱུར་རོ་སྙམ་ནས་དེས་དེ་ལ་བྱིན་པའི་སྐབས་དེ་དགེ་
སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བྱུང་བ་འདི་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ལ་དད་པ་སྐྱེས་ནས་དད་པའི་ལྷག་པར་བྱ་བ་བྱས་པ་ནི་དེ་ཁོ་ནའི་ཡིན་ནོ། །དབྱར་གྱི་རྙེད་པ་ནི་ཉེ་དགའི་ཡིན་ནོ། །འཇིག་རྟེན་ནི་ཡོན་ཏན་ལ་དགའ་བ་ཡིན་པས་བདག་ཉིད་དང་བུ་དང་
ཆུང་མ་སྡུག་བསྔལ་བར་གྱུར་ཀྱང་ཡོན་ཏན་དང་ལྡན་པ་ལ་སྦྱིན་པ་སྦྱིན་པར་བྱེད་དེ། བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་དགེ་སློང་དགོན་པ་པ་རྣམས་ཟས་ལ་མགྲོན་དུ་འབོད་པར་བྱེད་དོ། །དགེ་སློང་དགོན་པ་པ་རྣམས་ཟས་ལ་ཁྱིམ་རྣམས་སུ་དོང་བ་དང་མ་བྱིན་པར་ལེན་པ་རྣམས་ཀྱིས་
གཙུག་ལག་ཁང་ནས་བརྐུས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒོ་བཅད་ལ་ལྡེ་མིག་བླངས་ལ་དོང་བར་བྱའོ། །མ་བྱིན་པར་ལེན་པ་རྣམས་ཀྱིས་ཀྱང་ལྡེ་མིག་བྱས་ཏེ་བརྐུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲུང་མའི་དགེ་སློང་བཞག་ལ་དོང་བར་

བྱ་སྟེ། དེ་ལ་བསོད་སྙོམས་ཀྱིས་བྲེལ་བ་མེད་པར་བྱའོ། །མ་བྱིན་པར་ལེན་པ་རྣམས་ཀྱིས་དགེ་སློང་གཞན་ཁྲིད་དེ་འོངས་ནས། དེས་སྒོ་ཕྱེ་ཞེས་སྨྲས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིམས་དང་བཅས་སམ། རིམས་མེད་ཅེས་བརྡ་བྱའོ། །གལ་ཏེ་རིམས་
དང་བཅས་སོ་ཞེས་ཟེར་ན་མི་དབྱེའོ། །འོན་ཏེ་རིམས་མེད་ཅེས་སྨྲ་ན་དབྱེ་བར་བྱའོ། །གཞན་ཡང་དགེ་སློང་དགོན་པ་པས་ལོ་མ་ལྟར་མཉེན་པ་གཞག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དགོན་པ་པས་ལོ་མ་ལྟར་མཉེན་པ་གཞག་པར་བྱའོ་ཞེས་གསུངས་པ་དང་། དགེ་སློང་རྣམས་
ཀྱིས་ལོ་མ་ལྟར་མཉེན་པ་ཅི་འདྲ་བ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ལོ་མ་ལྟར་མཉེན་བ་ནི་ཁྱི་ཡིན་ཏེ། དེ་ལ་ལྷུང་བཟེད་ཀྱི་ལྷག་མ་སྦྱིན་པར་བྱའོ། །དགེ་སློང་དགོན་པ་པ་རྣམས་ཀྱིས་ཁྱི་བཅངས་པ་ལས་མཆོད་རྟེན་གྱི་འཁོར་ས་དང་། གཙུག་ལག་
ཁང་སྡེར་མོས་བྲུད་ཅིང་བཤང་བ་དང་གཅི་བས་མ་རུང་བར་བྱས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ངས་དགེ་སློང་ཁྱི་སྲེལ་བའི་ཀུན་དུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། དགེ་སློང་ཁྱི་སྲེལ་བས་ནང་པར་སྔར་ལངས་ལ་མཆོད་རྟེན་གྱི་འཁོར་ས་དང་། གཙུག་ལག་ཁང་
བྱུལ་བར་བྱ་སྟེ། སྡེར་མོས་བྲུད་པ་གང་ཡིན་པ་དེ་སྙོམས་པར་བྱའོ། །བཤང་བ་དང་གཅིས་པ་ཡང་ཕྱག་པར་བྱའོ། །དགེ་སློང་ཁྱི་སྲེལ་བས་ཀུན་དུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་བཞིན་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེའི་ཚེ་ཚེ་དང་ལྡན་པ་
ཉེ་དགའ་གཙུག་ལག་ཁང་ཞིག་གི་དགེ་འདུན་གྱི་གནས་བརྟན་དུ་གྱུར་པ་དང་། ཇི་ཙམ་ན་དེར་དགེ་འདུན་གྱི་གནས་བརྟན་གཞན་ཞིག་འོངས་ནས་ཉེ་དགའས་བསམས་པ། བདག་གཙུག་ལག་ཁང་འདིའི་དགེ་འདུན་གྱི་གནས་བརྟན་བྱེད་བྱེད་པ་ལས་གནས་བརྟན་གཉིས་པར་བྱ་བའམ།
བདག་གཙུག་ལག་ཁང་གཞན་དུ་འགྲོའོ་སྙམ་པ་ལས། གཙུག་ལག་ཁང་དེ་ནས་བྱུང་སྟེ། དེ་གཙུག་ལག་ཁང་གཞན་ཞིག་ཏུ་སོང་བ་དང་། དགེ་འདུན་དེའི་གནས་བརྟན་གཉིས་པའི་རྙེད་པ་གང་ཡིན་པ་དེ་དེའི་དགེ་འདུན་གྱི་གནས་བརྟན་གྱི་ཡིན་ནས་དེས་བསམས་པ། བདག་

གི་རྙེད་པ་འདི་ན་ཡང་དེར་ཟད་ལ་བདག་གི་རྙེད་པ་དེ་ན་ཡང་དེར་ཟད་ན་སྤོགས་མེད་པར་དགེ་འདུན་གྱི་གནས་བརྟན་གྱིས་ཅི་ཞིག་བྱ་ཞེས་དེ་སླར་རིངས་པ་རིངས་པས་གཙུག་ལག་ཁང་དེ་ཉིད་དུ་སོང་བ་དང་། གནས་མལ་ཕྱེད་བསྐོས་ཙམ་ན་གཙུག་ལག་ཁང་དུ་ཕྱིན་ནས་དེས་སྨྲས་པ། རྒན་
རིམས་ཇི་ལྟ་བ་བཞིན་དུ་གཙུག་ལག་ཁང་སྐོས་ཤིག །དགེ་སློང་རྣམས་ཀྱིས་འདས་ཟིན་ཏོ་ཞེས་ཏེ་མ་བསྐོས་པ་དང་ཉེ་དགའས་སྨྲས་པ། ཚེ་དང་ལྡན་པ་དག་སྟོན་པ་བཞུགས་བཞིན་དུ་བསྟན་པ་ནུབ་པར་བྱེད་དམ་ཅི། རྒན་རིམས་ཇི་ལྟ་བ་བཞིན་དུ་གཙུག་ལག་ཁང་སྐོས་ཤིག་ཅེས་པའི་སྐབས་
དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཞིག་དགེ་འདུན་གྱིའམ་མཆོད་རྟེན་གྱི་བྱ་བ་ལ་སོང་བ་ཞིག་ཡིན་ན་དེའི་གནས་མལ་རྒན་རིམས་ཇི་ལྟ་བ་བཞིན་དུ་བསྐོ་བར་བྱའོ། །གཞན་གྱི་ནི་གར་བབ་པ་བཞིན་དུའོ། །ཉེ་དགའ་ལྷག་
པར་ཆགས་པས་གཙུག་ལག་ཁང་གཉིས་ཀྱི་རྙེད་པ་ཐོབ་པར་འགྱུར་རོ་སྙམ་ནས། གཙུག་ལག་ཁང་གཉིས་སུ་དབྱར་གནས་པར་དམ་བཅས་ཏེ། དེས་དབྱར་འདས་ནས་རྙེད་པ་མནོས་པ་དང་། གཅིག་ནས་ཀྱང་མ་ཐོབ་ཅིག་ཤོས་ནས་ཀྱང་མ་ཐོབ་ནས། གནས་མལ་འགྱེད་པའི་དགེ་སློང་རྣམས་ལ་ཁ་
ཟེར་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེས་དབྱར་གནས་པར་ཁས་བླངས་པས་དེ་ལ་རྙེད་པ་བྱིན་ཅིག །དགེ་སློང་རྣམས་ཀྱིས་གཙུག་ལག་ཁང་གཉིས་ཀ་ནས་ཀྱང་བྱིན་པ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
གཙུག་ལག་ཁང་གཉིས་ཀ་ནས་སྦྱིན་པར་མི་བྱའོ། །གཅིག་ནས་བྱིན་པ་དང་དགེ་སློང་གཞན་རྣམས་སྨོད་པར་བྱེད། གཞོགས་འཕྱས་བྱེད། ཁ་ཟེར་བར་བྱེད་དེ་གཙུག་ལག་ཁང་གཉིས་ཀར་དབྱར་གནས་ན་ཅིའི་ཕྱིར་གཅིག་ནས་སྦྱིན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཙུག་ལག་ཁང་
གཉིས་ཀ་ནས་ཕྱེད་ཕྱེད་སྦྱིན་པར་བྱ་སྟེ། དགེ་སློང་གིས་གཙུག་ལག་ཁང་གཉིས་སུ་གནས་པར་དམ་མི་བཅའོ། །དམ་འཆའ་བར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཁྱིམ་བདག་ཅིག་གིས་གཙུག་ལག་ཁང་གཉིས་རྩིག་ཏུ་བཅུག་སྟེ། གཅིག་ནི་དགོན་པ་པ་རྣམས་ཀྱི་ཡིན་ནོ། །ཅིག་ཤོས་ནི་གྲོང་མཐའ་

པ་རྣམས་ཀྱི་ཡིན་ནོ། །ཁྱིམ་བདག་དེའི་ཀུན་དུ་སྤྱོད་པ་ནི་དབྱར་གནས་པའི་དགེ་སློང་གི་དགེ་འདུན་གྱི་དགེ་སློང་རེ་རེ་ལ་རས་ཡུག་ཆེན་རེ་རེ་བསྐོན་པ་ཡིན་པས་དེ་རས་ཡུག་ཆེན་རྣམས་ཁྱེར་ཏེ་དགོན་པ་པ་རྣམས་ཀྱི་གཙུག་ལག་ཁང་དུ་སོང་བ་དང་། ཉེ་དགའས་དགོན་པ་པ་རྣམས་ཀྱི་གཙུག་ལག་ཁང་དུ་རྙེད་
པ་འབུལ་ལོ་ཞེས་ཐོས་ནས་དེས་དགའ་བོ་ལ་སྤྲིང་བ། གལ་ཏེ་འདི་རྙེད་པ་འབུལ་ན་སྐལ་བ་ནོས་ཤིག་ཅེས་སྨྲས་ནས། དེ་རིངས་པ་རིངས་པར་དགོན་པ་པ་རྣམས་ཀྱི་གཙུག་ལག་ཁང་དུ་སོང་བ་དང་། ཁྱིམ་བདག་དེས་མཐོང་ནས་དེས་བསམས་པ། འོ་ནི་གོམ་སྟངས་དང་སྦྱར་ན་དགོན་པ་པའི་གཙུག་ལག་
ཁང་དེར་སོང་གིས། ད་ཇི་ལྟར་བྱས་ན་རུང་སྙམ་པ་ལས་རེ་ཞིག་གྲོང་མཐའ་བའི་གཙུག་ལག་ཁང་དུ་ཕུལ་ལ་ཕྱིས་འདིར་དབུལ་ལོ་སྙམ་ནས། དེ་ཕྱིར་ལོག་ནས་རས་ཡུག་པོ་ཆེ་བྲིམ་པར་བརྩམས་པ་ན། དགའ་བོས་ལག་པ་བཟེད་པ་དང་ཁྱིམ་བདག་དེས་རས་ཡུག་པོ་ཆེ་ཞིག་བྱིན་ནོ། །ཡང་བཟེད་
པ་དང་ཁྱིམ་བདག་གིས་སྨྲས་པ། འཕགས་པ་ཁྱོད་ལ་རས་ཡུག་པོ་ཆེ་ཕུལ་ལགས་ན་ཅི་ཡང་བཞེད་དམ། དེས་སྨྲས་པ། ཁྱིམ་བདག་ཁྱོད་ཀྱི་གཙུག་ལག་ཁང་དུ་ཉེ་དགའས་དབྱར་གནས་པས་དེའི་སྐལ་བ་ནོད་དོ། །ཁྱིམ་བདག་གིས་སྨྲས་པ། འཕགས་པ་བཅོམ་ལྡན་འདས་ཀྱིས་རང་གི་ལག་
ནས་སྦྱིན་པ་ལ་བསྔགས་པ་མཛད་པས་རང་གི་ལག་ཁོ་ན་ནས་འབུལ་ལོ། །དེ་སྐྱེངས་ནས་ཅང་མི་སྨྲ་བར་འདུག་གོ། །ཉེ་དགའས་བསམས་པ། ཁྱིམ་བདག་དེ་རིང་ཞིག་ཐོགས་ན་གྲོང་གི་མཐར་མ་སོང་གྲང་སྙམ་དུ་བསམས་ནས། གྲོང་མཐའ་པའི་གཙུག་ལག་ཁང་དུ་སོང་ནས་དགའ་བོ་ལ་དྲིས་པ། ཚེ་དང་ལྡན་པ་
བདག་གི་རས་ཡུག་པོ་ཆེ་རྣམས་མནོས་སམ། དེས་ཇི་ལྟར་གྱུར་པ་སྨྲས་སོ། །ཁྱིམ་བདག་གིས་ལམ་གཞན་ནས་དགོན་པ་པའི་གཙུག་ལག་ཁང་དུ་སོང་སྟེ་རས་ཡུག་པོ་ཆེ་བྲིམས་ནས་སོང་ངོ་། །ཉེ་དགའས་ཡང་སླར་དགོན་པ་པའི་གཙུག་ལག་ཁང་དུ་བརྒྱུགས་ན་ཇི་ཙམ་རས་ཡུག་པོ་ཆེ་རྣམས་བྲིམས་
ཟིན་པ་དང་། དེ་གཙུག་ལག་ཁང་གཉིས་ཀྱི་རྙེད་པ་ལ་ལྷག་པར་ཆགས་པ་ལས་རྙེད་པ་ལས་ཉམས་ནས་མྱ་ངན་བྱེད་ཅིང་ཡི་མུག་ནས་སྨྲེ་སྔགས་འདོན་ཏོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཉེ་དགའ་ལྷག་

པར་ཆགས་པས་རས་ཡུག་པོ་ཆེ་ལས་ཉམས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འབའ་ཞིག་ཏུ་མ་ཟད་ཀྱི་ཇི་ལྟར་འདིས་འདས་པའི་དུས་ན་ཡང་ལྷག་པར་ཆགས་པས་ཟས་ཆད་པར་བྱས་པ་དེ་ཉོན་ཅིག །དགེ་
སློང་དག་སྔོན་བྱུང་བ་འབབ་ཆུའི་ངོས་གཉིས་ན་གཙུག་ལག་ཁང་གཉིས་ཤིག་ཡོད་དེ། །གཅིག་ན་ནི་དགེ་འདུན་གྱི་རྙེད་པའོ། །ཅིག་ཤོས་ན་ནི་བསོད་སྙོམས་པ་རྣམས་ཀྱིའོ། །ཇི་ཙམ་ན་ཁྱི་གཎྜཱིའི་སྒྲ་ཤེས་པ་ཞིག་ཡོད་དེ། དེ་གཎྜཱིའི་སྒྲ་ཐོས་ནས་དགེ་འདུན་གྱི་རྙེད་པ་ཡོད་པའི་
གཙུག་ལག་ཁང་དུ་སོང་ན། དེ་ལ་དགེ་སློང་ཁ་ཅིག་གིས་ལྷུང་བཟེད་ཀྱི་ལྷག་མ་བྱིན་པ་དང་དེས་དེ་ཟོས་ནས་བསོད་སྙོམས་པ་རྣམས་ཀྱི་གཙུག་ལག་ཁང་དུ་སོང་སྟེ། དེ་ཡང་ལྷུང་བཟེད་ཀྱི་ལྷག་མ་ཟོས་ན་དགའ་མགུར་འགྲོའོ། །ཇི་ཙམ་དུས་གཞན་ཞིག་ན་བསོད་སྙོམས་པ་རྣམས་
ལ་གློ་བུར་གྱི་རྙེད་པ་ཞིག་བྱུང་ནས་དེ་རྣམས་ཀྱིས་སྔར་གཎྜཱིའི་བརྡུངས་པ་དང་། ཁྱི་དེས་གཎྜཱིའི་སྒྲ་ཐོས་ནས་ཆུ་རྒལ་བར་བརྩམས་ཏེ་དེ་དབུས་སུ་ཕྱིན་པ་དང་། དགེ་འདུན་གྱི་རྙེད་པ་ཅན་གྱི་གཙུག་ལག་ཁང་གི་གཎྜཱིའི་ཡང་བརྡུངས་ནས་དེ་སྤྲོ་བ་མེད་ནས་སླར་ལོག་པར་བརྩམས་པ་ལས་དེ་ཆུའི་
རྒྱུན་གྱིས་རིང་དུ་ཁྱེར་ནས་གཉིས་ཀ་ལས་ཉམས་པར་གྱུར་ཏོ། །དགེ་སློང་དག་འདི་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ཁྱི་གཎྜཱིའི་སྒྲ་ཤེས་པ་གང་ཡིན་པ་དེ་ནི་ཉེ་དགའ་འདི་ཉིད་ཡིན་ཏེ། དེ་ན་ཡང་འདི་ལྷག་པར་ཆགས་པས་གཉིས་ཀ་ལས་ཉམས་པར་གྱུར་ཏོ། །ད་ལྟར་ཡང་ལྷག་
པར་ཆགས་པས་གཉིས་ཀ་ལས་ཉམས་པར་གྱུར་ཏོ། །དགེ་སློང་དག་དེ་ལྟ་བས་ན་དགེ་སློང་གིས་ལྷག་པར་ཆགས་པར་མི་བྱའོ། །བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ།། །།སྡོམ་ལ། འཐབ་དང་ནད་པ་རྫོགས་པ་དང་། །ནུབ་མོའི་དུས་དང་ཀ་ཤི་དང་། །ཤིང་དང་
གསིང་མ་འདུག་གནས་དང་། །ཆ་རྣམས་དང་ནི་བསྒོ་བའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། འདི་ལྟར་དགེ་སློང་རྣམས་ཀྱིས་དགེ་སློང་འཐབ་ཀྲོལ་བགྱིད་པ། མཚང་འདྲུ་བར་བགྱིད་པ། རྩོད་པར་བགྱིད་པ། འགྱེད་པར་

བགྱིད་པ། རྩོད་པའི་གཞི་བགྱིད་པ་རྣམས་མཆི་ཞིང་། དེ་དག་ངོ་ཚ་མ་མཆིས་པས་ཐོ་བཙམ་པའི་སླད་དུ་བདག་ཅག་ལ་གླེང་བར་བགྱིད་དྲན་པར་བགྱིད་དོ་ཞེས་ཐོས་ན། དེ་རྣམས་ཀྱིས་དེ་དག་ལ་ཇི་ལྟར་བསྒྲུབ་པར་བགྱི། ཉེ་བ་འཁོར་དགེ་སློང་གཉུག་མར་གནས་པ་རྣམས་ཀྱིས་
དགེ་སློང་འཐབ་ཀྲོལ་བྱེད་པ་རྣམས་འོང་ངོ་ཞེས་ཐོས་ན། གནས་མལ་བསྐོ་བ་གསུམ་དང་། གནས་མལ་གཟུང་བ་དྲུག་བྱའོ། །གནས་མལ་བསྐོ་བ་གསུམ་གང་ཞེ་ན། དགུན་གྱི་དང་། དཔྱིད་ཀྱི་དང་། དབྱར་གྱིའོ། །གནས་མལ་གཟུང་བ་དྲུག་གང་ཞེ་ན། གཙུག་
ལག་ཁང་ཐམས་ཅད་དང་། གཙུག་ལག་ཁང་གི་ཉེ་འཁོར་ཐམས་ཅད་དང་། ཁང་ཕྲན་ཐམས་ཅད་དང་། ཁང་ཕྲན་གྱི་ཉེ་འཁོར་ཐམས་ཅད་དང་། ཀུན་དགའི་ར་བ་ཐམས་ཅད་དང་། ཀུན་དགའི་ར་བའི་ཉེ་འཁོར་ཐམས་ཅད་བསྐོ་བར་བྱའོ། །གལ་ཏེ་གཙུག་ལག་ཁང་
སྐོས་ཤིག་ཅེས་ཟེར་ན་འདི་བསྐོས་ཟིན་ནོ་ཞེས་བརྗོད་པར་བྱ་ཞིང་། གཙུག་ལག་ཁང་གི་ཉེ་འཁོར་སྐོས་ཤིག་ཞེ་ན། འདི་ཡང་བསྐོས་ཟིན་ནོ། །ཁང་ཕྲན་སྐོས་ཤིག་ཅེ་ན། འདི་ཡང་བསྐོས་ཟིན་ནོ། །ཁང་ཕྲན་གྱི་ཉེ་འཁོར་སྐོས་ཤིག་ཅེ་ན། འདི་ཡང་བསྐོས་ཟིན་ནོ། །
ཀུན་དགའི་ར་བ་སྐོས་ཤིག་ཅེ་ན། འདི་ཡང་བསྐོས་ཟིན་ནོ། །ཀུན་དགའི་ར་བའི་ཉེ་འཁོར་སྐོས་ཤིག་ཅེ་ན། འདི་ཡང་བསྐོས་ཟིན་ནོ་ཞེས་བརྗོད་པར་བྱའོ། །དེ་རྣམས་གནས་མེད་དེ་མི་གནས་ན་གང་ལ་ཉེས་པ་སྐྱེད་པར་འགྱུར། དེ་ནས་སྡོ་བ་རྣམས་མེད། ཕྱིར་རྒོལ་བ་
རྣམས་མེད། མི་མཛའ་བ་རྣམས་མེད་ནས་དེའི་འོག་ཏུ་རྒན་རིམས་ཇི་ལྟ་བ་བཞིན་དུ་གནས་མལ་བསྐོ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་རྒན་རིམས་ཇི་ལྟ་བ་བཞིན་དུ་གནས་མལ་བསྐོ་བར་བྱའོ་ཞེས་གསུངས་པ་དང་། ཇི་ཙམ་ན་དགེ་སློང་ནད་པ་གཅིག་ཅིག་ཡོད་པ་དེ་བས་ཆེས་
རྒན་པའི་དགེ་སློང་ཞིག་འོངས་ནས་རྒན་རིམས་ཇི་ལྟ་བ་བཞིན་དུ་དེའི་གནས་ཁང་བསྐོས་ཏེ། དེ་ནི་ཐམས་ཅད་པས་གཞོན་པས་དེའི་གནས་ཁང་གཞན་ནི་མ་ཐོབ་བོ། །དགེ་སློང་དེས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་གནས་ཁང་འདི་ཁོ་བོའི་ཡིན་པར་བསྐོས་ཀྱིས་བྱུང་ཤིག །དེས་

སྨྲས་པ། བདག་བྲོ་འཚལ་བས་ནམ་སོས་པ་ནའོ། །དགེ་སློང་དེ་གཏུམ་པོ་ཞིག་པས་དེས་ཕྱུང་ནས་གང་དགར་བཞག་གོ། །ཇི་ཙམ་ན་བྲམ་ཟེ་དང་ཁྱིམ་བདག་གཙུག་ལག་ཁང་ལྟ་བར་འདོད་པ་ལྷགས་པ་དེ་རྣམས་ཀྱིས་དགེ་སློང་དེ་མཐོང་ནས་དེ་རྣམས་
ཀྱིས་སྨྲས་པ། འཕགས་པ་དག་ཅི་དགེ་སློང་འདི་གུམ་ལགས་སམ། བཞིན་བཟངས་དག་འདི་ཤི་བ་ནི་མ་ཡིན་ནོ། །འོ་ན་ཅིའི་ཕྱིར་འདིར་བཞག །འདི་བས་ཆེས་རྒན་པའི་དགེ་སློང་ཞིག་འོངས་ནས། འདིའི་གནས་ཁང་དེ་དེའི་ཡིན་པར་བསྐོས་པ་དང་དེས་འདི་ཕྱུང་
ནས་འདིར་བཞག་གོ། །འཕགས་པ་བདག་ཅག་ཁྱིམ་པ་ལགས་ཀྱང་ནད་པ་རྗེས་སུ་བསྲུང་བའི་ཕྱིར་ཁྱིམ་ནས་མི་འབྱིན་ན་ཁྱེད་ཅག་རབ་ཏུ་བྱུང་ལ་སྟོན་པ་ཡང་ཐུགས་རྗེ་ཅན་ཡིན་ན། དེ་ཇི་ལྟར་ནད་པ་ཕྱིར་འབྱིན་པར་བྱེད་ཅེས་དེ་རྣམས་སྨོད་པར་བྱེད། གཞོགས་འཕྱས་
བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བྱུང་བ་འདི་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་དགེ་སློང་ནད་པ་ལ་གཞི་སྤང་བ་སྦྱིན་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་ནད་པ་ལ་
གཞི་སྤང་བ་སྦྱིན་པར་བྱའོ་ཞེས་གསུངས་པ་དང་། ཚེ་དང་ལྡན་པ་ཉེ་དགའས་མཇལ་ཏོ་ཞེས་བྱས་ནས་ཅང་མི་སྨྲ་བར་འདུག་གོ། །ཇི་ཙམ་ན་ཞག་དྲུག་གམ་བདུན་ན་གནས་མལ་འགྱེད་པར་གྱུར་པ་ན་རྐང་པ་རྨ་བྱུང་བ་ལྟར་བྱས་ཏེ་གོས་ཀྱིས་དཀྲིས་ནས་འདུག་པ་དང་། གནས་ཁང་
འགྱེད་པའི་དགེ་སློང་རྣམས་ཀྱིས་ནད་པ་ཡིན་ནོ་སྙམ་ནས། དེའི་གནས་མལ་བསྐོས་སོ། །དེ་གནས་མལ་བསྐོས་ཟིན་ནས་རྨའི་གཡོགས་མ་བོར་ཏེ་འདུག་གོ། །ནད་པ་ལྟ་བའི་དགེ་སློང་རྣམས་ཀྱིས་དེ་ལ་དྲིས་པ། ཅི་གནས་བརྟན་ཞབས་བསྙུང་བ་སོས་སམ། དེས་
སྨྲས་པ། བཅོམ་ལྡན་འདས་ཀྱིས་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ་ཞེས་བཀའ་མ་སྩལ་ཏམ། ཅི་ཁོ་བོའི་ནད་རྟག་པར་འགྱུར་རམ། དེ་རྣམས་ཀྱིས་སྨྲས་པ། གནས་བརྟན་མྱུར་དུ་སོས་པར་གྱུར་པ་ན་བར་སྒྱུ་ནི་མ་བཏབ་གྲང་། དེས་སྨྲས་པ། ཁོ་བོ་གནས་ཁང་སྒོ་དྲུང་དུ་

གཞག་པར་འདོད་དམ་ཅི། དགེ་སློང་དོན་ཉུང་བ་རྣམས་སྨོད་པར་བྱེད། གཞོགས་འཕྱས་བྱེད། ཁ་ཟེར་བར་བྱེད་དེ། དེ་ལྟར་དགེ་སློང་དག་མིན་བཞིན་དུ་གནས་ཁང་སྤང་བ་རང་གིར་བྱེད་པ་ཅིའི་ཐ་ཚིག་ཅེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་
དང་། བྱུང་བ་འདི་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་སྒྱུ་འདེབས་པའི་ནད་པ་ལ་གཞི་སྤང་བ་སྦྱིན་པར་མི་བྱ་ཞིང་དེས་རང་གིར་ཡང་མི་བྱའོ། །རང་གིར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ།། །།ལྔ་ཚན་རྣམས་ཀྱི་བསྡུས་པའི་སྡོམ་ནི།
མདུན་དུ་བདར་དང་རང་ཁྲིམས་དང་། །མ་ཆགས་པ་དང་དེ་བཞིན་དུ། །སྣང་བ་སྐྱེས་དང་བྱུང་བ་དང་། །བར་དུ་གཅོད་དང་དེ་བཞིན་དུ། །ཕྱི་མར་བྱས་པ་ལྟུང་བ་སྟེ། །བསྡུས་པའི་སྡོམ་དུ་བསྡུས་པ་ཡིན།། །།བར་སྡོམ་ནི། མདུན་དུ་བྱ་དང་གཞན་དང་ཡང་། །ནང་དང་
གཞན་རྣམས་དག་དང་ནི། །སེམས་ཅན་མང་པོ་ཕན་བྱ་བ། །ལྔ་ཚན་དག་ནི་དང་པོ་ཡིན། །བཅོམ་ལྡན་འདས་ཀྱིས་ལྷ་དང་མི་རྣམས་ལ་མདོ་སྡེ་དང་མ་མོ་བཞག་གོ། །ཀླུ་རྣམས་ལ་ནི་མདོ་སྡེའོ། །འདུལ་བ་ནི་ཟབ་པ་ཟབ་པར་སྣང་བ། མཐོང་བར་དཀའ་བ། ཁོང་དུ་ཆུད་
པར་དཀའ་བ། དགོངས་པ་མང་བ། འཇིག་རྟེན་གྱི་སྤྱོད་པ་དང་མཐུན་པ་ཡིན་ན། དགེ་སློང་རྣམས་ཀྱིས་འདུལ་བ་ཟབ་པ་ཉིད་དང་། དགོངས་པ་མང་བ་ཉིད་དང་། འཇིག་རྟེན་གྱི་སྤྱོད་པ་དང་མཐུན་པ་ཉིད་ཡིན་པས་འདོན་པར་མི་སྤྲོའོ། །འདི་ནི་ཆོས་ཉིད་ཡིན་ཏེ། སངས་རྒྱས་
བཅོམ་ལྡན་འདས་རྣམས་ནི་བསྟན་པའི་ཡན་ལག་གང་ཞིག་ཡོངས་སུ་ཉམས་པ་དེའི་བསྔགས་པ་ལྷག་པར་བརྗོད་པར་མཛད་པ་ཡིན་པས། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངའི་འདུལ་བ་འཛིན་པའི་གང་ཟག་ལ་ཕན་ཡོན་ལྔ་
ཡོད་དེ། ལྔ་གང་ཞེ་ན། འཁོར་བཞིས་མདུན་དུ་བདར་བ་ཡིན། གདམས་ངག་དང་རྗེས་སུ་བསྟན་པ་གཞན་ལ་རག་མ་ལས་པ་ཡིན། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ནང་གི་མཛོད་བསྲུང་བ་ཡིན། དགེ་

སྦྱོང་དང་བྲམ་ཟེ་གཞན་རྣམས་ཀྱི་སྤྱི་བོ་ན་འདུག་པ་ཡིན། དམ་པའི་ཆོས་གནས་པར་བྱ་བའི་ཕྱིར་དང་། བསླབ་པའི་ཆེད་ཀྱི་ཕྱིར་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བར་ཞུགས་པ་ཡིན་ནོ།། །།བར་སྡོམ་ནི། བདག་ཉིད་ཁྲིམས་
ལྡན་མངོན་པར་བསུ། །འགྱོད་པ་དང་ནི་བག་ཚ་མེད། །ཆོས་དང་མཐུན་པས་བྱེད་པ་སྟེ། །ལྔ་ཚན་གཉིས་པ་ཡིན་པར་བཤད། །གཞན་ཡང་འདུལ་བ་འཛིན་པའི་གང་ཟག་ལ་ཕན་ཡོན་ལྔ་ཡོད་དེ། ལྔ་གང་ཞེ་ན། འདིའི་རང་གི་ཚུལ་ཁྲིམས་ཀྱི་ཕུང་པོས་ལེགས་
པར་བསྲུང་ཞིང་ལེགས་པར་སྦས་པ་ཡིན། འཁོར་བཞིས་མངོན་སུམ་དུ་བསུ་བར་བྱ་བ་ཡིན། གང་ཟག་འགྱོད་པ་སྐྱེས་པ་རྣམས་ཀྱི་སྟོན་པར་གྱུར་པ་ཡིན། དགེ་འདུན་གྱི་ནང་ན་བག་ཚ་བ་མེད་པས་གནས་པ་ཡིན། ཆོས་དང་མཐུན་པས་ཕྱིར་རྒོལ་བ་ཚར་གཅོད་པ་
ཡིན་ནོ།། །།བར་སྡོམ་ནི། མ་འདྲེས་དོན་དང་ངེས་པ་དང་། །བསླབ་པ་ཡི་ནི་གཞི་དག་དང་། །སྣང་བ་དག་ནི་གཉིས་པོ་ཉིད། །ལྔ་ཚན་དག་ནི་གསུམ་པ་ཡིན། །གཞན་ཡང་གང་ཟག་འདུལ་བ་འཛིན་པ་ལ་ཕན་ཡོན་ལྔ་ཡོད་དེ། ལྔ་གང་ཞེ་ན། དོན་མ་འདྲེས་པར་སེལ་བ་
ཡིན། དོན་རྣམ་པར་གཏན་ལ་དབབ་པར་བྱ་བ་ལ་ཤིན་ཏུ་ངེས་པ་ཡིན། དེའི་བསླབ་པའི་གཞི་རྣམས་ལེགས་པར་བཟུང་བ་ཡིན། སེམས་ཀྱི་སྣང་བ་སྐྱེས་པས་མང་དུ་གནས་པ་ཡིན། སྐྱེ་བོ་ཕྱི་མ་རྣམས་ཀྱི་སྣང་བ་བྱེད་པ་ཡིན་ནོ།། །།སྡོམ་ནི། སྣང་བ་གསལ་བ་འོད་དང་ནི།
སེམས་ལས་ཆུང་དང་མི་སྟོང་པའོ། །གཞན་ཡང་གང་ཟག་འདུལ་བ་འཛིན་པ་ལ་ཕན་ཡོན་ལྔ་ཡོད་དེ། ལྔ་གང་ཞེ་ན། ཕྱོགས་གང་ན་གང་ཟག་འདུལ་བ་འཛིན་པ་གནས་པའི་ཕྱོགས་དེ་ངས་སྣང་བ་སྐྱེས་པ་དང་། གསལ་བ་སྐྱེས་པ་དང་། འོད་སྐྱེས་པར་མཐོང་། ཕྱོགས་
དེར་ང་ཐུགས་ཁྲལ་ཆུང་ངུར་གནས། ཕྱོགས་དེ་ངས་བསྟོད་པ་མ་ཡིན་པར་མཐོང་ངོ་།། །།སྡོམ་ནི། བྱུང་དང་དེ་ནས་བཅས་པ་དང་། །རྗེས་སུ་བཅས་དང་དེ་བཞིན་དུ། །བཀག་དང་རྗེས་སུ་གནང་བ་ནི། །ལྔ་ཚན་ལྔ་པར་བྱས་པའོ། །གཞན་ཡང་གང་ཟག་འདུལ་བ་འཛིན་

པ་ལ་ཕན་ཡོན་ལྔ་ཡོད་དེ། ལྔ་གང་ཞེ་ན། བྱུང་བ་ཤེས། བཅས་པ་ཤེས། རྗེས་སུ་བཅས་པ་ཤེས། བཀག་པ་ཤེས། རྗེས་སུ་གནང་བ་ཤེས་པ་ཡིན་ནོ།། །།སྡོམ་ནི། བར་ཆད་བར་ཆད་མ་ཡིན་དང་། །གདམས་ངག་དང་ནི་རྗེས་བསྟན་དང་། །སློབ་མའི་མཐུ་ནི་
ཡོད་པ་སྟེ། ལྔ་ཚན་དྲུག་པ་དག་ཏུ་བཤད། གཞན་ཡང་གང་ཟག་འདུལ་བ་འཛིན་པ་ལ་ཕན་ཡོན་ལྔ་ཡོད་དེ། ལྔ་གང་ཞེ་ན། བར་དུ་གཅོད་པ་རྣམས་ཤེས། བར་དུ་གཅོད་པ་མ་ཡིན་པ་རྣམས་ཤེས། འདོམས་པར་བྱེད། རྗེས་སུ་སྟོན་པར་བྱེད། ལྷན་ཅིག་གནས་པ་དང་ཉེ་གནས་
རྣམས་གནས་འཆར་འཇུག་ནུས་སོ།། །།སྡོམ་ནི། ལྟུང་བ་དང་ནི་ལྟུང་བ་མིན། །ལྕི་དང་ཡང་དང་དེ་བཞིན་དུ། །སོ་སོར་ཐར་པ་རྒྱས་པར་ཡང་། །གདོན་པ་དག་ནི་ལྔ་ཚན་ཡིན། །གཞན་ཡང་གང་ཟག་འདུལ་བ་འཛིན་པ་ལ་ཕན་ཡོན་ལྔ་ཡོད་དེ། ལྔ་གང་ཞེ་ན། ལྟུང་བ་བྱུང་བ་ཤེས། ལྟུང་
བ་མ་བྱུང་བ་ཤེས། ལྕི་བ་ཤེས། ཡང་བ་ཤེས་ཤིང་། དེ་སོ་སོར་ཐར་པའི་མདོ་གདོན་པ་ལ་རྒྱས་པར་ཞུགས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་འདུལ་བའི་བསྔགས་པ་གསུངས་པ་དང་། དགེ་སློང་གནས་བརྟན་གནས་བརྟན་རྣམས་སྤྲོ་བ་དང་བཅས་པས་འདུལ་བ་གདོན་པར་བརྩམས་
སོ། །དེའི་ཚེ་ཚེ་དང་ལྡན་པ་ཉེ་བ་འཁོར་འདུལ་བའི་གླེང་གཞི་དང་བྱུང་བ་ལ་མཁས་པ་རྣམས་ཀྱི་མཆོག་ཏུ་གྱུར་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་འདུལ་བ་ཀུན་ཆུབ་པར་བྱེད་པར་འགྱུར་རོ་སྙམ་སྟེ། གུས་པས་བསྟན་པར་བརྩམས་པས་དེ་ལུས་སྐྱ་བོ་བསེང་བསེང་
པོར་གྱུར་ཞིང་རིང་པ་དང་། ཉམ་ཆུང་བ་དང་། ན་བས་ཉམ་དམས་པར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། མཁྱེན་བཞིན་དུ་རྨེད་ཀྱི་མི་མཁྱེན་པར་མི་རྨེད། དུས་སུ་རྨེད་ཀྱི་དུས་ལས་ཡོལ་བར་མི་རྨེད།
དོན་དང་ལྡན་པ་རྨེད་ཀྱི་དོན་དང་མི་ལྡན་པར་མི་རྨེད་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དོན་དང་ལྡན་པ་མ་ཡིན་པ་རྨེད་པ་ལ་ཆུ་ལོན་གྱིས་ཟློག་པར་མཛད་པ་ཡིན་ནོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་དོན་དང་ལྡན་པ་རྨེད་པ་ལ་དུས་མཁྱེན་པས་སངས་རྒྱས་

བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཅིའི་ཕྱིར་དགེ་སློང་ཉེ་བ་འཁོར་ལུས་སྐྱ་བོ་བསེང་བསེང་པོར་གྱུར་ཞིང་རིད་པ་དང་། ཉམ་ཆུང་བ་དང་། ན་བས་ཉམ་དམས་པར་གྱུར། དེས་གསོལ་པ། བཅོམ་ལྡན་
འདས་ཀྱིས་འདུལ་བའི་བསྔགས་པ་གསུངས་པ་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་དེ་ཐོས་ནས་སྤྲོ་བ་དང་བཅས་པས་འདུལ་བ་གདོན་པར་བརྩམས་པ་དང་། ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་དགེ་སློང་གནས་བརྟན་གནས་བརྟན་རྣམས་འདུལ་བ་ཀུན་ཆུབ་པར་བགྱིད་
པར་འགྱུར་རོ་ཞེས་གུས་པས་བསྟན་པར་བརྩམས་ཏེ། དེས་ན་དེ་ལུས་སྐྱ་བོ་བསེང་བསེང་པོར་གྱུར་ཞིང་རིད་པ་དང་། ཉམ་ཆུང་བ་དང་། བྲོ་འཚལ་བས་ཉམ་དམས་པར་གྱུར་ལགས་སོ། །བྱུང་བ་འདི་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ངས་
ལུང་འབོགས་པའི་དགེ་སློང་གི་ཀུན་དུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། ལུང་འབོགས་པའི་དགེ་སློང་གིས་སྤྱོད་ལམ་རྣམ་བཞིར་ལུང་དབོག་པར་བྱ་སྟེ། འཆག་པ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་ནའོ། །ལུང་ནོད་པའི་དགེ་སློང་གི་སྤྱོད་ལམ་རྣམ་པ་གསུམ་
གྱིས་ལུང་ནོད་པར་བྱ་སྟེ། གལ་ཏེ་ལུང་འབོགས་པའི་དགེ་སློང་འཆག་སར་ལུང་ནོད་པའི་དགེ་སློང་འོངས་ལ་གསར་བུ་ཞིག་ཡིན་ན་དེས་ཕྱག་བྱས་ལ། ཁམས་སྙོམས་སམ་ཞེས་དྲིས་ནས་ལུས་བཏུད་དེ་སེམས་དྲང་པོས་གུས་པ་དང་བཅས་པས་གོམ་པ་བསྲི་ཞིང་ལུང་མནོད་པར་བྱའོ། །
ཇི་སྟེ་ཆེས་རྒན་པ་ཞིག་ཡིན་ན་དེས་ཁམས་སྙོམས་སམ་ཞེས་དྲིས་ནས་ལུས་བཏུད་དེ་སེམས་དྲང་པོར་གུས་པ་དང་བཅས་པས། གོམ་པ་བསྲི་ཞིང་ལུང་མནོད་པར་བྱའོ། །ཇི་སྟེ་འགྲེང་བ་ན་འོངས་པ་ལ་གསར་བུ་ཞིག་ཡིན་ན་དེས་ཕྱག་བྱས་ལ་ཁམས་སྙོམས་སམ་ཞེས་དྲིས་ནས་སྟན་ཆེས་དམའ་བ་ལ་
ཙོག་ཙོག་པོར་འདུག་ལ་སེམས་དྲང་པོས་གུས་པ་དང་བཅས་པས་ལུང་མནོད་པར་བྱའོ། །ཇི་སྟེ་རྒན་པ་ཞིག་ཡིན་ན་དེས་ཁམས་སྙོམས་སམ་ཞེས་དྲིས་ལ་ལུས་བཏུད་ནས་སེམས་དྲང་པོས་གུས་པ་དང་བཅས་པས་ལུང་མནོད་པར་བྱའོ། །འགྲེང་བ་ལ་ཇི་ལྟ་བ་བཞིན་དུ་འདུག་པ་དང་། ཉལ་

བ་ལ་ཡང་སྦྱར་བར་བྱའོ། །ལུང་འབོགས་པའི་དགེ་སློང་གིས་ཤིན་ཏུ་གོམས་པ་དང་། ལེགས་པར་བྱང་བ་དང་། ཐེ་ཚོམ་མེད་པར་བྱས་ནས་ལུང་དབོག་པར་བྱའོ། །ལུང་ནོད་པས་ཀྱང་ཤིན་ཏུ་བྱང་བ་དང་། ཤིན་ཏུ་ཟིན་པ་དང་། ཐེ་ཚོམ་མེད་པར་བྱས་ནས་ལུང་
མནོད་པར་བྱའོ། །ལུང་འབོགས་པའི་དགེ་སློང་དང་། ལུང་ནོད་པའི་དགེ་སློང་གིས་ཀུན་དུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་བཞིན་ཡང་དག་པར་བླངས་ཏེ། འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དྲུག་སྡེའི་དགེ་སློང་རྣམས་ལྗོངས་རྒྱུ་ཞིང་དོང་བ་ན། གཙུག་ལག་
ཁང་ཞིག་ཏུ་ནུབ་མོ་ཕྱིན་ནས་དེ་རྣམས་འགྲོགས་བཤེས་ཇི་ལྟ་བ་བཞིན་དུ་དགེ་སློང་རྣམས་ཀྱིས་ངལ་སོར་བཅུག་པ་དང་། དེ་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་འདུག་སྟེ་ཅི་བྱེད་གནས་མལ་སྐོ་བ་བོས་ཤིག །དེ་དག་གིས་སྨྲས་པ་ཅི་དགོས། གནས་མལ་བསྐོར་གཞུག་
མོད། དེ་རྣམས་ཀྱིས་སྨྲས་པ། གནས་མལ་ཡོད་ཀྱིས་བདེ་བར་ཉོལ་ཅིག་དང་། ནམ་ནངས་ནས་བསྐོའོ། །དེ་རྣམས་ཀྱིས་ཀུན་ནས་དཀྲིས་པས་སྨྲས་པ། ཅི་ཁྱེད་ཅག་སྟོན་པ་བཞུགས་བཞིན་དུ་བསྟན་པ་ནུབ་པར་བྱེད་དམ། གལ་ཏེ་ཁྱེད་ལ་འགྱེད་པ་ཡོད་ན་རྒན་རིམས་ཇི་ལྟ་
བ་བཞིན་དུ་གནས་མལ་སྐོས་ཤིག །དེ་རྣམས་ཁ་སྟོབས་ཅན་ཡིན་པས་གནས་མལ་སྐོ་བ་བྲེད་ནས་གནས་མལ་བསྐོས་པ་དང་། དྲུག་སྡེ་དེ་རྣམས་ཀྱིས་རྒན་རིམས་བཞིན་དུ་གནས་མལ་མནོས་ཏེ་ཉལ་ལོ། །ཇི་ཙམ་གཞོན་རིམས་ཀྱིས་བར་དུ་སྐོ་བ་དེའི་བར་དུ་ནམ་ནངས་སོ། །
དྲུག་སྡེ་རྣམས་མྱུར་བ་མྱུར་བར་ལངས་ཏེ་སྨྲས་པ། ཚེ་དང་ལྡན་པ་དག་གནས་མལ་སྡུས་ཤིག་འདོང་ངོ་། །དགེ་སློང་དེ་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་ཁྱེད་ཀྱི་ནུབ་གཅིག་གི་ཕྱིར་དགེ་སློང་གི་དགེ་འདུན་མཐའ་དག་ནུབ་མོ་ཐོ་བཙམ་མམ། ཀྱེ་མའོ་ཁྱེད་ཅག་འདི་ཉིད་དུ་འདུག་ཤིག །
དེ་རྣམས་ཀྱིས་སྨྲས་པ། དགའ་བོ་ཉེ་དགའ་མཉན་ཡོད་དུ་དོང་ངོ་། །འདི་དག་ནི་རླུང་ནད་ཅན་ཡིན་ནོ་ཞེས་བྱས་ནས་དོང་བའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བྱུང་བ་འདི་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་

ནུབ་མོ་གནས་མལ་བསྐོ་བར་མི་བྱའོ། །གལ་ཏེ་ནུབ་མོ་ལྷགས་ན་འགྲོགས་བཤེས་ཅི་ལྟ་བ་བཞིན་དུ་སོ་སོར་ངལ་སོར་གཞུག་པར་བྱའོ། །ཡུལ་ཞིག་ནས་དགེ་སློང་མཆོད་རྟེན་ལ་ཕྱག་བྱེད་པ་ཞིག་མཉན་ཡོད་དུ་འོངས་ན་དེ་དེའི་སྤྱོད་ཡུལ་ལ་མི་མཁས་པས་ནང་པར་སྔར་
ལངས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ། བཅོམ་ལྡན་འདས་དང་དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱི་རྐང་པ་གཉིས་ལ་ཕྱག་བྱས་ནས་མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་སོ། །དེ་བསོད་སྙོམས་སྤྱོད་པ་ན་དྲོ་བབ་ཏུ་ཉེ་ནས་དེ་ཉིད་དུ་ར་བ་ཞིག་གི་དྲུང་དུ་འདུག་ནས་ཟས་ཀྱི་བྱ་བ་
བྱེད་པར་བརྩམས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་ཡང་མཆོད་རྟེན་ལ་ཕྱག་འཚལ་ཞིང་ལམ་དེ་ནས་སོང་བ་ལས་དེས་དེ་མཐོང་ནས་སྨྲས་པ། འཕགས་པ་ཀུན་ནས་མཛེས་པའི་བསྟན་པ་ལ་རབ་ཏུ་བྱུང་བ་ཡིན་ན་མི་རིགས་པ་མཛད་དམ་ཅི། དེས་སྨྲས་པ། ཚེ་དང་ལྡན་པ་
དྲོ་ལ་བབ་ཏུ་ཉེ་བ་མ་མཐོང་ངམ། འདི་ལ་མི་རིགས་པ་ཅི་ཞིག་ཡོད། དེས་སྨྲས་པ། ཁྱོད་ཅིའི་སླད་དུ་བདག་གི་ཁྱིམ་དུ་མི་བྱོན། ཁྱོད་ཀྱི་མིང་ཅི། མགོན་མེད་ཟས་སྦྱིན་ནོ། །ཁོ་བོས་མདོ་སྡེ་དེ་དང་དེ་རྣམས་ལས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཞེས་ཐོས་པ་ཞིག་ཡོད་ཀྱི།
ཁྱོད་ཀྱང་མི་ཤེས་ལ། ཁྱིམ་ཡང་མི་ཤེས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བསམས་པ། དགེ་སློང་འདི་ནི་ལམ་རིང་པོ་ནས་འོངས་ན་རྒྱུས་མི་ཤེས་པ་ཞིག་ཡིན་ཏེ། གདོན་མི་ཟ་བར་བདག་ཀྱང་མི་ཤེས་ལ། བདག་གི་ཁྱིམ་ཡང་མི་ཤེས་ཀྱིས། འདི་ལྟ་བུ་ལ་ཇི་
ལྟར་བྱས་ན་རུང་བ་བཅོམ་ལྡན་འདས་ལ་ཞུས་ལ། གང་ཡང་མཉན་ཡོད་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་བར་གྱི་བར་དུ་བསྟི་གནས་བརྩིག་པར་བྱའོ་སྙམ་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་
གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སློང་གློ་བུར་བ་སྤྱོད་ཡུལ་མ་འཚལ་བ་ཞིག་བསོད་སྙོམས་སྤྱོད་པ་ན་དྲོ་ཡོལ་དུ་ཉེ་ནས་ར་བ་ཞིག་གི་དྲུང་དུ་གཡར་ཟས་ཀྱི་བགྱི་བ་

བགྱིད་དེ། མ་དད་པ་རྣམས་ཡན་ལག་འདིས་འཕགས་པ་རྣམས་ལ་སྨོད་པར་འགྱུར་རོ། །གལ་ཏེ་བཅོམ་ལྡན་འདས་ཀྱིས་གནང་ན་བདག་གིས་གང་ཡང་མཉན་ཡོད་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་བར་གྱི་བར་དུ་བསྟི་གནས་བརྩིག་པར་བགྱི་སྟེ། གང་ཞིག་གང་དུ་དྲོལ་བབ་
པ་དེ་དེར་བསོད་སྙོམས་ལོངས་སྤྱོད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་དེ་ལྟ་བས་ན་རྗེས་སུ་གནང་གིས་རྩིགས་ཤིག །དེས་གང་ཡང་མཉན་ཡོད་ནས་རྒྱལ་བྱེད་ཀྱི་ཚལ་གྱི་བར་གྱི་བར་དུ་བསྟི་གནས་དག་བརྩིགས་ནས་དགེ་སློང་གང་ཞིག་
གང་དུ་དྲོ་བབ་པ་དེ་དེར་ཟས་ཀྱི་བྱ་བ་བྱེད་དོ། །དགེ་སློང་གཞན་དག་ཆུས་ཕོངས་པར་གྱུར་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དེར་ཁྲོན་པ་བརྐོས་ནས་ཚ་བ་གསུམ་དང་འབྲས་བུ་གསུམ་གྱིས་ཤིང་རྟ་བཀང་སྟེ་བཏབ་པས་ཆུ་དེ་རོ་ཕུན་སུམ་ཚོགས་པར་གྱུར་ཏོ་ཞེས་འཇིག་རྟེན་ཐམས་ཅད་
དུ་གྲགས་པ་སྐྱེ་བོའི་ཚོགས་ཀྱིས་ཐོས་ནས་ལྷགས་པ། དགེ་སློང་རྣམས་ཀྱིས་བགགས་པ་དང་། མཉན་ཡོད་ན་གནས་པ་རྣམས་ཀྱིས་སྨྲས་པ། འཕགས་པ་ཁྱེད་ཅག་ལ་བདག་ཅག་གིས་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བགྱིས་ན། ཆབ་འཇིག་རྟེན་ཐམས་ཅད་ཀྱི་
ཐུན་མོང་ཁྱེད་འགོག་པར་མཛད་དམ་ཞེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བགག་པར་མི་བྱའོ། །བུད་མེད་དགེ་སློང་རྣམས་ལ་ཆུ་སློང་བ་ན་དགེ་སློང་རྣམས་ཀྱིས་མ་བྱིན་ནས་བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་པར་བྱའོ། །བཅོམ་ལྡན་འདས་ཀྱིས་བུད་མེད་ནི་ཀུན་ནས་ཞགས་པ་སྟེ། བདུད་ཀྱི་འཆིང་བ་ཡིན་ནོ་ཞེས་གསུངས་པས་དགེ་སློང་རྣམས་བུད་མེད་ལ་ཆུ་སྦྱིན་པར་བྱེད་པ་ན་ཆགས་པར་གྱུར་ཏོ། །ཇི་ཙམ་ན་བུད་མེད་བྱད་བཞིན་དང་
ལང་ཚོས་རྒྱགས་པ་ཞིག་དགེ་སློང་གཞོན་ནུ་ཞིག་ལ་ཤིན་ཏུ་ཆགས་པས་དེ་ལ་ཆུ་བླངས་པ་དང་། དེ་ཡང་དེ་ལ་ཆགས་པས་བཅིངས་པའི་སེམས་ཀྱིས་སླར་ལོག་ཀྱང་རྒྱུན་མ་བཅད་པར་བླུགས་ཏེ། དེ་ཡང་དེ་ལ་རྟོག་བཞིན་འཐུངས་པ་ལ་ཆུ་དེ་གློར་སོང་ནས་ཤིའོ། །དོན་ཉུང་

བའི་དགེ་སློང་རྣམས་སྨོད་པར་བྱེད། གཞོགས་འཕྱས་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བྱུང་བ་འདི་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུད་མེད་གང་ཞིག་ཆགས་པས་བཅིངས་
པའི་སེམས་ཀྱིས་དགེ་སློང་ལ་ཆུ་སློང་བ་དེ་ལ་རང་གིས་སྦྱིན་པར་མི་བྱའོ། །བུད་མེད་ལ་ཆུ་རྒྱུན་མ་ཆད་པར་སྦྱིན་པར་མི་བྱ་ཞིང་སྙིམ་པ་ཁོང་ལ་འཐུང་ཤིག་ཅེས་བསྒོ་ལ། སྐབས་སྐབས་སུ་བཅད་ཅིང་བླུགས་པར་བྱའོ། །གཞན་དུ་ན་འགལ་ཚབས་ཅན་དུ་འགྱུར་རོ།། །།
འདུལ་བ་གཞི། བམ་པོ་བདུན་བཅུ་བདུན་པ། དེའི་ཚེ་གང་དག་བསོད་སྙོམས་ཀྱི་ཐོག་མ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་དབུལ་བ་དེ་རྣམས་ཀྱིས་དེ་ཉིད་དུ་དབུལ་བར་བརྩམས་པ་དྲུག་སྡེ་རྣམས་ཀྱིས་ཐོས་ནས་དེ་རྣམས་བསྟི་གནས་སུ་དོང་སྟེ་འདུག་ནས་བསོད་སྙོམས་ཀྱི་ཐོག་མ་ཁྱེར་ཏེ་
འོང་བ་གང་ཡིན་པ་དེ་ལ་སྨྲས་ཏེ། གལ་ཏེ་འོ་ཐུག་ཡིན་ན་ནི་ལྷུང་བཟེད་བཟེད་པར་བྱེད་དེ། ཅི་སྟེ་ཆུ་ཐུག་ཡིན་ན་ནི་རྫུ་འཕྲུལ་ཆེན་པོའི་དགེ་འདུན་དང་། མཐུ་ཆེན་པོའི་དགེ་འདུན་ལ་ཕུལ་ཅིག་ཅེས་སྨྲའོ། །དེ་བཞིན་དུ་ཧྭགས་ཀྱི་བཅའ་བ་ལ་སོགས་པ་ལ་སྦྱར་བར་བྱ་སྟེ། དོན་ཉུང་བའི་
དགེ་སློང་རྣམས་སྨོད་པར་བྱེད། གཞོགས་འཕྱས་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བྱུང་བ་འདི་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་གཞན་གྱི་རྙེད་པ་ལ་ཁ་བརྔམ་མི་བྱའོ། །ཁ་བརྔམ་བྱེད་ན་འགལ་
ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གཞན་གྱི་རྙེད་པ་ལ་ཁ་བརྔམ་མི་བྱའོ་ཞེས་གསུངས་པ་དང་། དགེ་སློང་ཁ་ཅིག་དགོས་པ་ཞིག་ལ་གཙུག་ལག་ཁང་གཞན་དུ་དོང་སྟེ། དེ་རྣམས་དེར་ཕྱིན་པ་ན་དྲོ་ལ་བབ་ཀྱང་འགྱོད་པས་ལོངས་མ་སྤྱད་པའི་སྐབས་དེ་དགེ་སློང་རྣམས་
ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བྱུང་བ་འདི་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆེད་དུ་བསམས་ཏེ་འགྲོ་བར་མི་བྱའོ། །མ་བསམས་པར་འོང་བ་ལས་གལ་ཏེ་དྲོ་ལ་བབ་པར་གྱུར་ན་ལོངས་སྤྱད་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །ཕོངས་པ་དང་བཅས་

པའི་དུས་བྱུང་བ་ན་དགེ་སློང་དག་གཙུག་ལག་ཁང་གཞན་དུ་དོང་བ་ལས་དེ་ན་དགེ་སློང་དེ་རྣམས་ལོངས་སྤྱོད་པ་མཐོང་ནས་ཡང་བཟའ་བར་འདོད་པ་ལས་འགྱོད་པས་ལོངས་མ་སྤྱད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བྱུང་བ་འདི་ལ་བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། གཙུག་ལག་ཁང་སྔ་མར་དེ་རྣམས་ལ་དེ་ཡང་གལ་ཏེ་ཚད་མེད་པ་ཞིག་ཏུ་འབྲིམ་ན་བླང་བར་བྱའོ། །ཇི་སྟེ་དགེ་སློང་ཚད་ཡོད་པར་བྱས་པ་ཞིག་ཡིན་ན་བླང་བར་མི་བྱའོ། །ལེན་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ནས་བཅོམ་ལྡན་
འདས་ཡུལ་ཀ་ཤིའི་ལྗོངས་རྒྱུ་ཞིང་གཤེགས་པ་ན་རི་ནག་པོ་ལ་གཤེགས་སོ། །དེའི་ཚེ་རི་ནག་པོ་ལ་དགེ་སློང་འགྲོ་མགྱོགས་དང་། ནབ་སོ་གཉིས་གནས་ཏེ། དེ་གཉིས་ཀྱིས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་ཡུལ་ཀ་ཤི་ནས་ལྗོངས་རྒྱུ་ཞིང་གཤེགས་ཤིང་འདིར་གཤེགས་
པར་འགྱུར་རོ་ཞེས་ཐོས་སོ། །ཐོས་ནས་ཀྱང་བསམས་པ། སྟོན་པའི་སྤྱན་སྔར་དགེ་སློང་ངོ་ཚ་མེད་པ། འཛེམ་པ་མེད་པ་རྣམས་ཀྱིས་བདག་ཅག་ལ་གླེང་བར་བྱེད། དྲན་པར་བྱེད་པར་འགྱུར་གྱིས། མ་ལ་བདག་ཅག་གིས་བཅོམ་ལྡན་འདས་ཀྱི་ཕྱིར་གཙུག་ལག་ཁང་ཆེན་པོ་
གཅིག་མ་གཏོགས་པ་དགེ་སློང་རྣམས་ལས་བརྩམས་ཏེ། གནས་མལ་བསྐོ་བ་གསུམ་དང་། གནས་མལ་གཟུང་བ་ཡང་དྲུག་བྱའོ། །གནས་མལ་བསྐོ་བ་གསུམ་གང་ཞེ་ན། དགུན་གྱི་དང་། དཔྱིད་ཀྱི་དང་། དབྱར་གྱིའོ། །གནས་མལ་གཟུང་བ་དྲུག་གང་
ཞེ་ན། གཙུག་ལག་ཁང་ཐམས་ཅད་དང་། གཙུག་ལག་ཁང་གི་ཉེ་འཁོར་ཐམས་ཅད་དང་། ཁང་ཕྲན་ཐམས་ཅད་དང་། ཁང་ཕྲན་གྱི་ཉེ་འཁོར་ཐམས་ཅད་དང་། ཀུན་དགའ་ར་བ་ཐམས་ཅད་དང་། ཀུན་དགའ་ར་བའི་ཉེ་འཁོར་ཐམས་ཅད་བསྐོ་བར་བྱའོ། །གལ་ཏེ་
གཙུག་ལག་ཁང་སྐོས་ཤིག་ཅེས་སྨྲས་པ་དང་འདི་བསྐོས་ཟིན་ནོ་ཞེས་བརྗོད་པར་བྱ་ཞིང་ཁང་ཕྲན་སྐོས་ཤིག་ཅེ་ན། འདི་ཡང་བསྐོས་ཟིན་ནོ། །གཙུག་ལག་ཁང་གི་ཉེ་འཁོར་སྐོས་ཤིག་ཅེ་ན། འདི་ཡང་བསྐོས་ཟིན་ནོ། །ཁང་ཕྲན་གྱི་ཉེ་འཁོར་སྐོས་ཤིག་ཅེ་ན། འདི་

ཡང་བསྐོས་ཟིན་ནོ། །ཀུན་དགའ་ར་བ་སྐོས་ཤིག་ཅེ་ན། འདི་ཡང་བསྐོས་ཟིན་ནོ། །ཀུན་དགའ་ར་བའི་ཉེ་འཁོར་སྐོས་ཤིག་ཅེ་ན། འདི་ཡང་བསྐོས་ཟིན་ནོ་ཞེས་བརྗོད་པར་བྱ་སྟེ། དེ་རྣམས་གནས་མེད་དེ་མི་གནས་ན་ངོ་ཚ་མེད་པ། འཛེམ་པ་མེད་པས་
བདག་ཅག་ལ་གླེང་བར་མི་འགྱུར་རོ་སྙམ་ནས། དེ་གཉིས་ཀྱིས་གནས་མལ་བསྐོ་བ་གསུམ་དང་། གནས་མལ་གཟུང་བ་དྲུག་བྱས་སོ། །ཇི་ཙམ་ན་བཅོམ་ལྡན་འདས་རི་ནག་པོ་ལ་གཤེགས་པ་ན་དེ་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་གཙུག་ལག་ཁང་ནི་སྔ་ནས་བསྡོགས་ཟིན་ཏོ། །དགེ་སློང་
རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་གནས་མལ་དང་གཙུག་ལག་ཁང་སྐོས་ཤིག །དེ་གཉིས་ཀྱིས་སྨྲས་པ། གཙུག་ལག་ཁང་སྔར་བསྐོས་ཟིན་ནོ། །ཁང་ཕྲན་སྐོས་ཤིག །དེ་ཡང་བསྐོས་ཟིན་ནོ། །གཙུག་ལག་ཁང་གི་ཉེ་འཁོར་སྐོས་ཤིག །དེ་ཡང་བསྐོས་ཟིན་ནོ། །ཁང་
ཕྲན་གྱི་ཉེ་འཁོར་སྐོས་ཤིག །དེ་ཡང་བསྐོས་ཟིན་ནོ། །ཀུན་དགའ་ར་བ་སྐོས་ཤིག །དེ་ཡང་བསྐོས་ཟིན་ནོ། །ཀུན་དགའ་ར་བའི་ཉེ་འཁོར་སྐོས་ཤིག །དེ་ཡང་བསྐོས་ཟིན་ནོ། །གང་གི་ཕྱིར་དེ་གཉིས་ཀྱིས་གནས་ཐམས་ཅད་མ་བསྐོས་པ་དང་དེ་ནས་ཀུན་དགའ་ར་བའི་ནང་དུ་སྒྲ་མཐོན་
པོ་དང་སྒྲ་ཆེན་པོ་བྱུང་ངོ་། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། མཁྱེན་བཞིན་དུ་རྨེད་ཀྱི་མི་མཁྱེན་པར་མི་རྨེད། དུས་སུ་རྨེད་ཀྱི་དུས་ལས་ཡོལ་བར་མི་རྨེད། དོན་དང་ལྡན་པར་རྨེད་ཀྱི་དོན་དང་མི་ལྡན་པར་མི་རྨེད་པས། སངས་
རྒྱས་བཅོམ་ལྡན་འདས་རྣམས་དོན་དང་ལྡན་པ་མ་ཡིན་པ་རྨེད་པ་ལ་ཆུ་ལོན་གྱིས་ཟློག་པར་མཛད་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་དོན་དང་ལྡན་པ་རྨེད་པ་དེ་ལ་དུས་མཁྱེན་པ་ཡིན་པས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་རྨས་
པ། ཀུན་དགའ་བོ་ཀུན་དགའ་ར་བའི་ནང་ན་སྐྱེ་བོའི་ཚོགས་ཆེན་པོའི་སྒྲ་མཐོན་པོ་དང་སྒྲ་ཆེན་པོར་གྲག་པ་འདི་ཅི་ཞིག་ཡིན། དེས་གསོལ་པ། དགེ་སློང་འགྲོ་མགྱོགས་དང་ནབ་སོ་གཉིས་ཀྱིས་གནས་མལ་བསྐོ་བ་གསུམ་དང་གནས་མལ་གཟུང་བ་དྲུག་བགྱིས་ནས་དགེ་

སློང་རྣམས་ཀྱིས་གནས་མལ་མ་ཐོབ་པར་གྱུར་ཏེ། དེས་ན་ཀུན་དགའ་ར་བའི་ནང་ན་སྐྱེ་བོའི་ཚོགས་ཆེན་པོའི་སྒྲ་མཐོན་པོ་དང་སྒྲ་ཆེན་པོ་འདི་གྲག་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ངས་འཐབ་ཀྲོལ་བྱེད་པའི་དགེ་སློང་རྣམས་ལ་དགོངས་
ནས་གནས་མལ་བསྐོ་བ་གསུམ་དང་། གནས་མལ་གཟུང་བ་དྲུག་མཛད་ཀྱིས་རང་བཞིན་དུ་གནས་པ་ལ་ནི་མ་ཡིན་པས། དེ་ལྟ་བས་ན་དགེ་སློང་རྣམས་ཀྱིས་རང་བཞིན་དུ་གནས་པའི་དགེ་སློང་རྣམས་ལས་བརྩམས་ཏེ་གནས་མལ་བསྐོ་བ་གསུམ་དང་། གནས་
མལ་གཟུང་བ་དྲུག་མི་བྱའོ། །བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་ཡུལ་ཀོ་ས་ལའི་ལྗོངས་རྒྱུ་ཞིང་གཤེགས་པ་ན་གྲོང་མེད་པའི་དགོན་པ་ཞིག་ཏུ་ནུབ་མོ་དགོངས་བཏབ་བོ། །དྲུག་སྡེ་རྣམས་ཀྱིས་
བཅོམ་ལྡན་འདས་ཀྱི་ཕྱིར་ཤིང་བཟང་པོ་ཞིག་བཞག་ནས་ཤིང་བཟང་པོ་གཞན་ནི་རང་རང་གིས་བཟུང་ངོ་། །དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས་ནི་ཤིང་ཁོང་སྟོང་དག་ཐོབ་བོ། །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཐོས་ནས་དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་ཏེ་
བསུ་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས་དགེ་སློང་གནས་བརྟན་གནས་བརྟན་རྣམས་ལ་བརྟགས་ན། ཇི་ཙམ་ན་དྲུག་སྡེ་རྣམས་ནི་ཤིང་བཟང་པོ་དག་གི་དྲུང་ན་གནས་ལ། གནས་བརྟན་གནས་བརྟན་རྣམས་ཀྱི་ནི་ཤིང་ཁོང་སྟོང་རྣམས་མཐོང་ནས།
དེས་མཇལ་ཏོ་ཞེས་བྱས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་
གསོལ་ཏོ། །བཙུན་པ་བདག་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་གཙོ་བོ་ལགས་ཏེ། ཡུལ་མཐའ་དག་ནས་འབྱུང་བའི་རིན་པོ་ཆེ་རྣམས་ལས་ཐམས་ཅད་ཀྱི་མཆོག་གི་དངོས་པོ་གང་ལགས་པ་དེ་ནི་བདག་གི་ལགས་ན། ལྷག་མ་རྣམས་ལས་ཇི་ལྟར་འཚལ་བ་བཞིན་

དུ་མཆིས་འབྲང་དང་། གཞོན་ནུ་དང་། བློན་པོ་དང་། ཁྲོམ་གྱི་རུ་པ་རྣམས་ཀྱི་ལགས་སོ། །བཅོམ་ལྡན་འདས་ཀྱང་བླ་ན་མ་མཆིས་པའི་ཆོས་ཀྱི་རྒྱལ་པོ་ལགས། འཕགས་པ་ཀཽཎྜི་ནྱ་དང་། ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་དང་། འོད་སྲུང་དང་།
ཀུན་དགའ་བོ་དང་། ནམ་གྲུ་ལ་སོགས་པ་ཉན་ཐོས་ཆེན་པོ་རྣམས་ནི་ཞུགས་ཤིང་ཁོང་སྟོང་རྣམས་ཀྱི་དྲུང་ན་མཆིས་ལ། དྲུག་སྡེ་རྣམས་ཀྱི་ནི་ཞུགས་ཤིང་བཟང་ཆེས་ལགས་ཀྱིས། ཀྱེ་མའོ་བཅོམ་ལྡན་འདས་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་ཞུགས་ཤིང་ལ་ཡང་རྒན་རིམས་ཇི་ལྟ་བ་
བཞིན་གྱི་བཅའ་བ་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་
མགོ་བོས་ཕྱག་བྱས་ཏེ་སྟན་ལས་ལངས་ནས་སོང་ངོ་། །བྱུང་བ་འདི་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ཤིང་རྣམས་དང་། སྒང་བུ་དང་། གསིང་མ་རྣམས་ཀྱང་རྒན་རིམས་ཇི་ལྟ་བ་བཞིན་དུ་བསྐོ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ཤིང་
དང་། སྒང་བུ་དང་། གསིང་མ་རྣམས་ཀྱང་རྒན་རིམས་ཇི་ལྟ་བ་བཞིན་བསྐོ་བར་བྱའོ་ཞེས་གསུངས་པ་དང་། དགེ་སློང་རྣམས་རང་ཉིད་སྐོ་བར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་ཁང་སྐོ་བའི་དགེ་སློང་བསྐོ་བར་བྱའོ། །དགེ་སློང་རྣམས་ཀྱིས་ཕལ་པ་ལས་
བསྐོས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ལྔ་དང་ལྡན་པའི་དགེ་སློང་གཙུག་ལག་ཁང་འགེད་པར་མ་བསྐོས་པ་ནི་བསྐོ་བར་མི་བྱའོ། །བསྐོས་པ་ནི་དབྱུང་བར་བྱའོ། །ལྔ་གང་ཞེ་ན། འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་
བ་དང་། འཇིགས་པས་འགྲོ་བ་དང་། གཙུག་ལག་ཁང་བསྐོས་པ་དང་མ་བསྐོས་པ་མི་ཤེས་པ་སྟེ། ཆོས་འདི་ལྔ་དང་ལྡན་པ་ནི་གཙུག་ལག་ཁང་སྐོ་བར་མ་བསྐོས་པ་ནི་བསྐོ་བར་མི་བྱའོ། །བསྐོས་པ་ནི་དབྱུང་བར་བྱའོ། །ཡང་ཆོས་ལྔ་དང་ལྡན་པ་ནི་གཙུག་ལག་ཁང་སྐོ་བར་མ་བསྐོས་པ་ནི་བསྐོ་

བར་བྱའོ། །བསྐོས་པ་ནི་དབྱུང་བར་མི་བྱའོ། །ལྔ་གང་ཞེ་ན། འདུན་པས་མི་འགྲོ་བ་དང་། ཞེ་སྡང་གིས་མི་འགྲོ་བ་དང་། གཏི་མུག་གིས་མི་འགྲོ་བ་དང་། འཇིགས་པས་མི་འགྲོ་བ་དང་། གཙུག་ལག་ཁང་བསྐོས་པ་དང་མ་བསྐོས་པ་ཤེས་པ་སྟེ། ཆོས་འདི་ལྔ་དང་ལྡན་པ་
ནི་གཙུག་ལག་ཁང་སྐོ་བར་མ་བསྐོས་པ་ནི་བསྐོ་བར་བྱའོ། །བསྐོས་པ་ནི་དབྱུང་བར་མི་བྱའོ། །བསྐོ་བ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམས་ལ་གཎྜཱི་བརྡུངས་ལ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་
དང་རེ་ཞིག་ཐོག་མར་སྤྲོ་བར་བྱ་སྟེ། མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་གྱི་གཙུག་ལག་ཁང་སྐོ་བར་སྤྲོའམ། དེ་གལ་ཏེ་སྤྲོ་བར་གྱུར་ན་དེས་སྤྲོའོ་ཞེས་བརྗོད་པར་བྱའོ། །དེ་ནས་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ།
གཙུག་ལག་ཁང་སྐོ་བ་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་གཙུག་ལག་ཁང་སྐོ་བར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟར་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་གཙུག་ལག་ཁང་སྐོ་བར་བསྐོ་བ་མཛད་
དོ། །འདི་ནི་གསོལ་བའོ། །ལས་བྱ་བ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གཙུག་ལག་ཁང་བསྐོ་བ་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱིས་གཙུག་ལག་ཁང་སྐོ་བར་སྤྲོ་ནས་འདི་ལྟར་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་གཙུག་ལག་ཁང་
སྐོ་བར་བསྐོས་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་གཙུག་ལག་ཁང་སྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་
འདི་གཙུག་ལག་ཁང་སྐོ་བར་བསྐོས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །གཙུག་ལག་ཁང་འགེད་པ་ཇི་ལྟ་བ་བཞིན་དུ་ཟས་ལ་བསྐོ་བ་དང་། ཐུག་པ་འབྲིམ་པ་དང་། བག་ཆོས་འབྲིམ་པ་དང་། ཕྲན་ཚེགས་འབྲིམ་པ་དང་། སྣོད་སྤྱད་འདྲུབ་པ་དང་།

གོས་སྦེད་པ་དང་། གོས་འགེད་པ་དང་། དབྱར་གྱི་རས་ཆེན་སྦེད་པ་དང་། དབྱར་གྱི་རས་ཆེན་འགེད་པ་དང་། མངག་གཞུག་པ་དང་། མཛེས་འཆོས་པ་ཡང་དེ་བཞིན་ཏེ། ཆོས་ལྔ་དང་ལྡན་པའི་དགེ་སློང་མ་བསྐོས་པ་ནི་བསྐོ་བར་མི་བྱའོ། །བསྐོས་པ་
ནི་དབྱུང་བར་བྱའོ། །ལྔ་གང་ཞེ་ན། འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དང་། མཛེས་པ་དང་མི་མཛེས་པ་མི་ཤེས་པ་སྟེ། ཆོས་འདི་ལྔ་དང་ལྡན་པའི་དགེ་སློང་མཛེས་འཆོས་པར་མ་བསྐོས་པ་ནི་བསྐོ་བར་
མི་བྱའོ། །བསྐོས་པ་ནི་དབྱུང་བར་བྱའོ། །ཡང་ཆོས་ལྔ་དང་ལྡན་པའི་དགེ་སློང་མཛེས་འཆོས་པར་མ་བསྐོས་པ་ནི་བསྐོ་བར་བྱའོ། །བསྐོས་པ་ནི་དབྱུང་བར་མི་བྱའོ། །ལྔ་གང་ཞེ་ན། འདུན་པས་མི་འགྲོ་བ་དང་། ཞེ་སྡང་གིས་མི་འགྲོ་བ་དང་། གཏི་མུག་གིས་མི་འགྲོ་བ་
དང་། འཇིགས་པས་མི་འགྲོ་བ་དང་། མཛེས་པ་དང་མི་མཛེས་པ་ཤེས་པ་སྟེ། ཆོས་འདི་ལྔ་དང་ལྡན་པའི་དགེ་སློང་མཛེས་འཆོས་པ་མ་བསྐོས་པ་ནི་བསྐོ་བར་བྱའོ། །བསྐོས་པ་ནི་དབྱུང་བར་མི་བྱའོ། །གཙུག་ལག་ཁང་དང་ཟས་འགེད་དང་། །ཐུག་པ་འབྲིམ་དང་བག་ཆོས་དང་། །
ཕྲན་ཚེགས་སྣོད་སྤྱད་སྦེད་པ་དང་། །ཆོས་གོས་གཉིས་དང་དེ་བཞིན་དུ། །དབྱར་གྱི་རས་ཆེན་སྦེད་པ་དང་། །འགེད་པ་དང་ནི་མངག་གཞུག་དང་། །དེ་བཞིན་དུ་ནི་མཛེས་འཆོས་ཏེ། །གང་ཟག་བཅུ་གཉིས་ཡིན་པར་བཤད། །གནས་མལ་གྱི་གཞི་རྫོགས་སོ།། །།རྩོད་པ་ཞི་
བར་བྱེད་པའི་གཞིའི་སྡོམ་ལ། འཐབ་དང་འགྱེད་པའི་རྩོད་པ་དང་། །རྩ་བ་གང་དང་དགེ་བ་གང་། །འགྱེད་པ་ཡིན་ལ་རྩོད་མིན་དང་། །འགྱེད་པ་དུས་ནི་ཞི་བ་དང་། །འགྱེད་པ་མངོན་སུམ་ཞི་བ་དང་། །ཚུལ་ཤིང་དག་ནི་བླང་བ་ཡིས། །གདམས་ངག་མེད་པ་མངོན་སུམ་དང་། །དྲན་དང་
མ་མྱོས་འདུལ་འོས་དང་། །དེ་ཡི་ངོ་བོ་ཚོལ་གཞུག་དང་། །རྩྭ་བཀྲམ་ལྟ་བུར་འོས་པ་ཡིས། །དགེ་འདུན་དག་ནི་མཐུན་པ་ཡིས། །དེ་བཞིན་བྱ་བའི་རྩོད་པ་ནི། །ཉེ་བར་ཞི་བར་བྱའོ་ཞེས། །དྲང་སྲོང་ཆེན་པོས་རབ་ཏུ་གསུངས། །སངས་རྒྱས་བཅོམ་ལྡན་འདས་ཡུལ་སེར་སྐྱའི་གཞི་ནྱ་

གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཤཱཀྱ་རྣམས་བདེན་པ་ལ་བཀོད་པ་དེའི་ཚེ་དེ་རྣམས་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དུས་གསུམ་དུ་འདོང་བར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་རྣམས་ལ་ཡང་དང་ཡང་དུ་ཆོས་འཆད་པར་མཛད་དོ། །རྒྱལ་པོ་ཟས་
གཙང་གི་ཀུན་དུ་སྤྱོད་པ་ནི་ཤཱཀྱའི་ཚོགས་ཀྱིས་བསྐོར་ནས་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དུས་གསུམ་དུ་འགྲོ་བར་བྱེད་དོ། །ཇི་ཙམ་ན་དུས་གཞན་ཞིག་ན་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ནས་སྦྲང་མའི་སྦྲང་རྩི་དངས་མ་ལྟ་བུའི་ཆོས་བཤད་པ་ན་འཁོར་བརྒྱ་ཕྲག་དུ་
མ་དབང་པོ་རྣམས་མི་གཡོ་བས་བཅོམ་ལྡན་འདས་ལས་སྙན་པ་སྙན་པའི་ཆོས་ཉན་པར་བྱེད་དོ། །རྒྱལ་པོ་ཟས་གཙང་ཡང་ཆོས་མཉན་པའི་ཕྱིར་རྒྱལ་པོའི་འབྱོར་པ་ཆེན་པོ་དང་། རྒྱལ་པོའི་མཐུ་ཆེན་པོས་ཤཱཀྱའི་ཚོགས་ཀྱིས་བསྐོར་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ། དེས་ཆོས་
མཉན་ནས་སོང་ངོ་། །དེ་ནས་ཤཱཀྱ་མིང་ཆེན་གྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་ཆོས་མཉན་ཏེ་དད་པ་སྐྱེས་ནས་རང་གི་ཁྱིམ་དུ་སོང་སྟེ་སྨྲས་པ། ཀྱེ་མའོ་སངས་རྒྱས། ཀྱེ་མའོ་ཆོས། ཀྱེ་མའོ་དགེ་འདུན། སངས་རྒྱས་བྱུང་བ་ནི་བདག་འབྲས་བུ་དང་བཅས་པ་
ཡིན་ནོ། །མིང་ཆེན་གྱི་ཆུང་མ་དམ་པས་སྨྲས་པ། རྗེའི་སྲས་དེ་ཅི་ལགས། དེས་སྨྲས་པ། དེང་བཅོམ་ལྡན་འདས་ཀྱིས་འཁོར་བརྒྱ་ཕྲག་དུ་མའི་མདུན་དུ་འདི་འདྲ་བའི་ཆོས་བཤད་པ་མཛད་དེ། དེ་ཐོས་པས་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མས་ཁྱད་པར་ཆེན་པོ་རྟོགས་
སོ། །དེས་སྨྲས་པ། རྗེའི་སྲས་སངས་རྒྱས་བྱུང་བ་ནི་བདག་འབྲས་བུ་དང་བཅས་པ་ཡིན་ནོ་ཞེས་གསུངས་པ་གང་ལགས་པ་དེ་མད་དེ། སངས་རྒྱས་བྱུང་བ་ནི་ཁྱེད་ཅག་ཁོ་ན་ལ་འབྲས་བུ་དང་བཅས་པ་ལགས་ཀྱི་བདག་ཅག་ལ་ནི་མ་ལགས་སོ། །ཅིའི་ཕྱིར་འདི་ལྟར་བཅོམ་ལྡན་འདས་འཇིག་
རྟེན་དུ་བྱུང་བ་ནི་སྐྱེས་པ་རྣམས་ཀྱི་ཕྱིར་ལགས་ཀྱི་བུད་མེད་རྣམས་ཀྱི་ཕྱིར་ནི་མ་ལགས་སོ། །དེས་སྨྲས་པ། བཟང་མོ་དེ་སྐད་མ་སྨྲ་ཤིག །བཅོམ་ལྡན་འདས་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། ཐུགས་བརྩེ་བ་ཡིན་གྱིས་སོང་ཤིག་དང་། ཁྱོད་ཀྱིས་ཀྱང་བཅོམ་ལྡན་

འདས་ཀྱི་སྤྱན་སྔ་ནས་ཆོས་ཐོས་པར་འགྱུར་རོ། །དེས་སྨྲས་པ། ལྷ་ཤཱཀྱའི་ཚོགས་ཀྱིས་བསྐོར་ནས་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་དུས་གསུམ་དུ་བཞུད་ལ། ལྷའི་མདུན་དུ་མངོན་སུམ་དུ་བདག་གིས་ཆོས་མཉན་པ་གཡར་ཚ་ལགས་སོ། །འདི་ལྟར་གལ་ཏེ་
ལྷ་སྔ་དྲོ་བཞུད་ན་བདག་གིས་ཀྱང་སླད་དྲོ་བཅོམ་ལྡན་འདས་ལས་ཆོས་མཉན་པར་བགྱིའོ། །ཤཱཀྱ་མིང་ཆེན་གྱིས་བསམས་པ། ལྷ་ལ་གསོལ་གྱིས་འགྲོའོ་སྙམ་པ་ལས་ཡང་བསམས་པ། རང་གི་ཆུང་མའི་ཆེད་ལ་ལྷ་ལ་གསོལ་བ་བྱེད་མི་ཕོད་ཀྱིས། ལྷ་ནི་སྐྱེ་དགུའི་བདག་
མོ་ཆེན་མོ་ལ་བཀུར་སྟི་མང་དུ་བྱེད་དེ། དེའི་ཚིག་ཉན་པར་འགྱུར་བས་དེ་ལ་དོན་འདི་རིག་པར་བྱའོ་སྙམ་ནས། དེ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་གང་ན་བ་དེར་སོང་སྟེ་ཕྱིན་ནས། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ལ་དོན་དེ་སྨྲས་པ་དང་། དེས་སྨྲས་པ། བཀའ་བཞིན་
འཚལ། ལྷ་ལ་གསོལ་བར་བགྱིའོ། །དེ་ནས་ཤཱཀྱ་མིང་ཆེན་ཁྱིམ་དུ་སོང་ནས་ཤཱཀྱ་རྣམས་ཀྱི་ཆུང་མ་རྣམས་ལ་སྨྲས་པ་དང་། དེ་ནས་ཤཱཀྱ་རྣམས་ཀྱི་ཆུང་མ་དང་། གཞན་དག་གི་ཆུང་མ་རྣམས་སྐྱེ་དགུའི་བདག་མོ་ཆེན་མོ་གང་ན་བ་དེར་སོང་སྟེ་ཕྱིན་ནས། སྐྱེ་དགུའི་བདག་
མོ་ཆེན་མོ་གཽ་ཏ་མཱི་ལ་འདི་སྐད་ཅེས་སྨྲས་སོ། །གཽ་ཏ་མཱི་མཁྱེན་པར་མཛོད་ཅིག་བདག་ཅག་གིས་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་མདུན་དུ་སྙན་པ་སྙན་པའི་ཆོས་སྦྲང་མའི་སྦྲང་རྩི་དངས་མ་ལྟ་བུ་བཤད་པ་ན་འཁོར་བརྒྱ་ཕྲག་དུ་མའི་དབང་པོ་རྣམས་མི་གཡོ་བས་བཅོམ་
ལྡན་འདས་ལས་སྙན་པ་སྙན་པའི་ཆོས་ཉན་ཏོ་ཞེས་ཐོས་ནས་བདག་ཅག་ཀྱང་བཅོམ་ལྡན་འདས་ལས་ཆོས་དེ་ཐོས་པར་འཚལ་གྱིས་བདག་ཅག་གི་ཕྱིར་ལྷ་ལ་ཅི་ནས་ཀྱང་ལྷ་ནི་སྔ་དྲོ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཞུད་ལ། བདག་ཅག་ཀྱང་སླད་དྲོ་མཆི་བར་གསོལ་ཅིག །དེས་
སྨྲས་པ། ཕུ་ནུ་མོ་དག་ཁྱེད་ཀྱིས་སེམས་བསྐྱེད་པ་ལེགས་ཏེ། རྒྱལ་པོ་ཟས་གཙང་ལ་བརྟག་གིས་སྐད་ཅིག་སྡོད་ཅིག །དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་རྒྱལ་པོ་ཟས་གཙང་གང་ན་བ་དེར་སོང་སྟེ་ཕྱིན་ནས། རྒྱལ་པོ་ཟས་གཙང་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་མཁྱེན་པར་

མཛོད་ཅིག །བདག་གིས་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བཞུགས་ནས་སྙན་པ་སྙན་པའི་ཆོས་སྦྲང་མའི་སྦྲང་རྩི་དངས་མ་ལྟ་བུ་བཤད་པ་ན་འཁོར་བརྒྱ་ཕྲག་དུ་མ་དབང་པོ་རྣམས་མི་གཡོ་བས་བཅོམ་ལྡན་འདས་ལས་སྙན་པ་སྙན་པའི་ཆོས་ཉན་ཏོ་ཞེས་ཐོས་སོ། །ཤཱཀྱའི་
མཆིས་འབྲང་རྣམས་ཀྱིས་ཀྱང་དེ་སྐད་ཐོས་ནས་དེ་རྣམས་ཆོས་ཉན་པར་འཚལ་ན་ལྷ་ནི་སྔ་དྲོ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གཤེགས་པའི་རིགས་སོ། །བདག་གིས་ཀྱང་ཤཱཀྱའི་མཆིས་འབྲང་རྣམས་དེད་དེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སླད་དྲོ་མཆི་བར་བགྱིའོ། །དེ་ཅིའི་ཕྱིར་ཞེ་ན། སྔ་
དྲོ་ནི་དེ་རྣམས་བསྡུམ་པའི་བགྱི་བ་དག་བགྱིད་པས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆི་བའི་སྐབས་མ་མཆིས་སོ། །རྒྱལ་པོ་ཟས་གཙང་མའི་ཀུན་དུ་སྤྱོད་པ་ནི་གང་གི་ཚེ་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་ཚིག་སྨྲས་པ་དེའི་ཚེ། ལུས་ཀྱི་བ་སྤུ་ཟིང་ཞེས་བྱེད་ནས་ལངས་ཏེ།
རེ་ཞིག་སྐྱེ་དགུའི་བདག་མོ་ཆེན་མོའི་ཚིག་གི་ལན་མ་བྱིན་པ་དེའི་བར་དུ་མི་འདུག་པ་ཡིན་པས་དེས་མགོ་བོས་བཏུད་དེ་སྨྲས་པ། གཽ་ཏ་མཱི་བཀའ་བཞིན་འཚལ། དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ཤཱཀྱའི་ཆུང་མ་ལྔ་བརྒྱས་ཡོངས་སུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་མཉན་
པའི་ཕྱིར་ནྱ་གྲོ་དྷའི་ཀུན་དགའ་ར་བར་སོང་ངོ་། །ཇི་ཙམ་ན་ཤཱཀྱ་མིང་ཆེན་གྱི་ཆུང་མ་ཡང་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་དེ་དང་ལྷན་ཅིག་སོང་སྟེ། གཟུགས་དང་ལང་ཚོ་དང་ལྡན་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པས་འདོད་ཆགས་དང་མ་བྲལ་བ་དག་ཆགས་པ་སྐྱེ་བར་ཞུགས་པ་དེ་ཚེ་
དང་ལྡན་པ་ཀུན་དགའ་བོས་མཐོང་ནས་སྨྲས་པ། སྲིང་མོ་རེ་ཞིག་ཁྱོད་ཀྱི་རང་བཞིན་གྱི་གཟུགས་ཉིད་ཀྱང་བཟང་མོ་བལྟ་ན་སྡུག་པ་མཛེས་པ་ཡིན་ན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་རྒྱན་གྱིས་བརྒྱན་པ་འདིར་འོངས་པ་གང་ཡིན་པ་དེ་ནི་མ་ལེགས་པ་ཞིག་བྱས་
ཏེ། བདག་ཉིད་ཆེན་པོ་འདི་དག་ནི་ཐམས་ཅད་འདོད་ཆགས་དང་བྲལ་བ་ཁོ་ན་ཡང་མ་ཡིན་ནོ་ཞེས་དེ་ལ་དེ་སྐད་སྨྲས་པ་དང་། ངོ་ཚ་བ་སྙིང་ལ་ཕོག་པས་སྤྱི་བོ་སྨད་ནས་མཐའ་གཅིག་ཏུ་སོང་སྟེ། རྒྱན་རྣམས་བཀྲོལ་ནས་སེམས་ཁོང་དུ་ཆུད་ཅིང་འདུག་པ་ལས། དེའི་མངག་གཞུག་མ་བུ་མོ་

བསྐྱེད་མ་ཞེས་བྱ་བ་དང་། དེ་ལྷན་ཅིག་ཆོས་མཉན་པའི་ཕྱིར་འོངས་པས་དེས་དེ་ལ་བོས་ཏེ་སྨྲས་པ། བསྐྱེད་མ་སོང་ལ་རྒྱན་འདི་དག་ཁྱིམ་དུ་ཞོག་ལ་ཤོག་ཤིག །དེ་རིངས་པར་སོང་ནས་དེས་ཁྱིམ་དུ་བཞག་སྟེ་སླར་འོངས་སོ། །དེ་ནས་
སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱི་འཁོར་ལྔ་བརྒྱ་དང་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་བཤད་པ་མཛད་དོ། །ཆོས་བཤད་པ་དེ་མཛད་པ་དེའི་ཚེ་ཇི་
ཙམ་ན་ཤཱཀྱའི་བུ་མོ་ཞིག་མགུལ་པ་ན་མུ་ཏིག་གི་དོ་ཤལ་བཏགས་པ་ལ་མྱུར་བ་མྱུར་བར་ལྟ་ཞིང་ལག་པས་ནོམ་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མི་རྟག་པ་དང་ལྡན་པའི་ཆོས་བཤད་པར་བརྩམས་སོ། །འོན་ཀྱང་དེ་ཆོས་ལ་མི་གཏོད་ཀྱི་
མུ་ཏིག་གི་དོ་ཤལ་ཁོ་ན་ལ་རྟོག་པར་བྱེད་དོ། །མིང་ཆེན་གྱི་ཆུང་མ་དམ་པས་ཤཱཀྱའི་བུ་མོ་མགུལ་པ་ན་མུ་ཏིག་གི་དོ་ཤལ་བཏགས་པ་ལ་མྱུར་བ་མྱུར་བར་རྟོག་པར་བྱེད་པ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། ཉོན་མོངས་འདི་འདུ་བྱེད་རྣམས་འདི་ལྟར་
མི་རྟག་པར་བཤད་ན་མུ་ཏིག་གི་དོ་ཤལ་འདི་ལ་ལྷག་པར་ཆགས་ཏེ་མྱུར་བ་མྱུར་བར་བརྟག་ཏུ་ཅི་ཡོད། གལ་ཏེ་བདག་གི་མུ་ཏིག་གི་ཕྲེང་བ་མཐོང་ན་འདིའི་རྒྱགས་པ་ཐམས་ཅད་དང་བྲལ་བར་འགྱུར་རོ་སྙམ་དུ་བསམས་ནས་མངག་གཞུག་མའི་བུ་མོ་བསྐྱེད་མ་ལ་སྨྲས་པ། བསྐྱེད་མ་སོང་
ལ་ཁོ་མོའི་མུ་ཏིག་གི་དོ་ཤལ་མྱུར་དུ་ཁྱེར་ཏེ་ཤོག་ཤིག །དེ་ཆོས་ཉན་པ་དེ་ལ་སེམས་བསྡུས་པས་དེ་འདི་སྙམ་དུ་སེམས་ཏེ། ཀྱི་ཧུད་འདི་འདྲ་བའི་ཆོས་འཆད་ན་བདག་ཇོ་མོས་མངགས་པས་ཆོས་ཀྱི་བར་ཆད་བྱུང་བར་གྱུར་ཏེ། མདོར་ན་བྲན་གྱི་རང་བཞིན་དུ་གྱུར་པ་ནི་རེ་སྡུག་སྙམ་
དུ་བསམས་ནས་སྡུག་བསྔལ་དང་ཡིད་མི་བདེ་བས་གདུངས་པས་ཚིགས་སུ་བཅད་པས་སྨྲས་པ། གང་ཡང་སྡིག་པས་དེ་རིང་རྒྱལ་ཞལ་བལྟ་བ་དང་། །བདེ་གཤེགས་ཞལ་ནས་དྲི་མེད་ཆོས་མཉན་མི་འཐོབ་པ། །བྲན་དངོས་གཞན་དབང་སྡུག་བསྔལ་མང་པོ་ཐ་ཆད་དེ། །

བདག་གི་འཚོ་བ་སྔོན་བྱས་ལས་ཀྱིས་ཐོབ་པ་ངན། །དེ་ནས་བཅོམ་ལྡན་འདས་འདི་སྙམ་དུ་དགོངས་ཏེ། བུ་མོ་བསྐྱེད་མ་འདི་ནི་སྔོན་གྱི་སངས་རྒྱས་རྣམས་ལ་ལྷག་པར་བྱ་བ་བྱས་པ་ཡིན་མོད་ཀྱི། ཚེ་ཆུང་ཞིག་ཡོད་པས་འདི་འཁོར་བའི་བཙོན་ར་ནས་དབྱུང་བར་བྱའོ་
སྙམ་དུ་དགོངས་ནས། རྫུ་འཕྲུལ་གྱིས་གྲོ་ག་ལ། དགེ་མ་སྐྱེ་བ་བྱུང་ན་ནི། །འཇིག་པ་ཡིན་པར་བསམས་ནས་སུ། །ངས་གསུངས་པ་ཡི་དགེ་བ་ལ། །བརྩོན་འགྲུས་བསྐྱེད་ནས་མཉན་པར་བྱ། །ཞེས་བྲིས་ནས་བྱིན་ནོ། །དེ་ནས་བུ་མོ་བསྐྱེད་མ་དགའ་བ་དང་། མགུ་
བ་དང་། རངས་པ་དང་། ཡིད་བདེ་བ་སྐྱེས་ནས་ཚིགས་སུ་བཅད་པ་སྨྲས་བཞིན་སངས་རྒྱས་ལ་དམིགས་པའི་སེམས་ཁོ་ནས་སོང་བ་དང་། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་
བ་ཉིད། །ཅེས་བྱ་བ་ཡིན་པས་ཚེ་ཆུང་ཞིག་ཡོད་པའི་ལས་ཚོགས་པ་རྙེད་པ་དེ་བ་དྲུས་མ་ཞིག་གིས་བསད་དོ། །དེ་སངས་རྒྱས་ལ་སེམས་མངོན་པར་དད་པར་བྱས་ཏེ་ཤི་བས་སིང་ག་ལའི་གླིང་དུ་སིང་ག་ལའི་རྒྱལ་པོའི་བཙུན་མོ་དམ་པའི་མངལ་དུ་སྐྱེས་པར་གྱུར་ཏེ། གང་གི་ཉི་
མ་ལ་ཉིང་མཚམས་སྦྱར་བ་དེ་ཁོ་ནའི་ཉིན་པར་མུ་ཏིག་གི་ཆར་བ་བབ་བོ། །རྒྱལ་པོས་ལྟས་མཁན་རྣམས་བཀུག་སྟེ་སྨྲས་པ་དང་། དེ་རྣམས་ཀྱིས་སྨྲས་པ། ལྷ་འདི་ནི་སེམས་ཅན་ཞིག་བཙུན་མོའི་ལྷུམས་སུ་ཞུགས་པ་དེའི་མཐུ་ལགས་སོ། །ཇི་ཙམ་ན་མངལ་གྱི་སྨིན་པར་བྱ་
བའི་ཕྱིར་དེ་སྒྲ་ཡིད་དུ་མི་འོང་བ་ཅུང་ཟད་ཀྱང་མི་གྲག་ཅིང་གྲང་བ་ན་གྲང་བའི་ཡོ་བྱད་དང་། དྲོ་བ་ན་དྲོ་བའི་ཡོ་བྱད་དང་། སྨན་པས་བསྟན་པའི་ཁ་ཟས་ཧ་ཅང་ཁ་བ་མ་ཡིན་པ་དང་། ཧ་ཅང་སྐྱུར་བ་མ་ཡིན་པ་དང་། ཧ་ཅང་ལན་ཚྭ་ཅན་མ་ཡིན་པ་དང་། ཧ་ཅང་མངར་བ་མ་ཡིན་
པ་དང་། ཧ་ཅང་རྩུབ་པ་མ་ཡིན་པ་དང་། ཧ་ཅང་བསྐ་བ་མ་ཡིན་པ་དང་། ཁ་བ་དང་། སྐྱུར་བ་དང་། ལན་ཚྭ་དང་། མངར་བ་དང་། རྩུབ་པ་དང་། བསྐ་བ་རྣམས་སྤངས་པའི་ཁ་ཟས་ཀྱིས་བསྙེན་བཀུར་བྱེད་ཅིང་དོ་ཤལ་དང་སེ་མོ་དོས་ལུས་བརྒྱན་ནས་ལྷའི་བུ་མོ་དགའ་

ཚལ་ན་རྒྱུ་བ་བཞིན་དུ་ཁྲི་ནས་ཁྲི་དང་། ཁྲིའུ་ནས་ཁྲིའུར་འགྲོ་ཞིང་འོག་གི་ས་ལ་འབབས་པར་མི་བྱེད་དོ། །དེ་ཟླ་བ་བརྒྱད་དམ་དགུ་འདས་ནས་བུ་མོ་གཟུགས་བཟང་བ་མཛེས་པ་བལྟ་ན་སྡུག་པ་ཞིག་བཙས་ཏེ། གང་གི་ཉི་མ་ལ་བཙས་པ་དེ་ཉིད་ཀྱི་ཉིན་པར་ཡང་
མུ་ཏིག་གི་ཆར་བབ་ནས་རྒྱལ་པོས་བསམས་པ། འདི་ལྟར་བུ་མོའི་མཐུས་མུ་ཏིག་གི་ཆར་འབབ་པ་ནི་དེ་ཉིད་ཀྱི་མུ་ཏིག་ཏུ་འགྱུར་རོ་ཞེས་དེས་དེ་ཉིད་ལ་བྱིན་ནོ། །དེ་ནས་ཉི་མ་བདུན་གསུམ་ཉི་ཤུ་རྩ་གཅིག་ཏུ་དེའི་བཙས་སྟོན་རྒྱ་ཆེར་བྱས་ནས་བུ་མོའི་མིང་ཅིར་
གདགས་ཞེས་མིང་འདོགས་པར་བྱེད་དོ། །བློན་པོ་རྣམས་ཀྱིས་སྨྲས་པ། གང་གི་ཕྱིར་འདིའི་མཐུས་མུ་ཏིག་གི་ཆར་བབ་པས་དེ་བས་ན་བུ་མོ་འདིའི་མིང་མུ་ཏིག་ཅན་ཞེས་གདགས་སོ་ཞེས་དེའི་མིང་མུ་ཏིག་ཅན་ཞེས་བྱ་བར་བཏགས་ཏེ། །བུ་མོ་མུ་ཏིག་ཅན་མ་མ་
བརྒྱད་ལ་གཏད་དེ། པང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེན་གྲོགས་ཀྱི་མ་མ་གཉིས་ཏེ། དེ་མ་མ་བརྒྱད་པོ་དག་གིས་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་སྙིང་
པོ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད་སྐྱེད་པར་བྱེད་ཅིང་རྫིང་ན་གནས་པའི་པད་མ་བཞིན་མྱུར་དུ་སྐྱེད་པར་བྱེད་དོ། །དེ་གང་གི་ཚེ་ཆེན་མོར་གྱུར་པ་དེའི་ཚེ་རང་གི་རིགས་དང་མཐུན་པའི་སྤྱོད་པ་དང་། གནས་པས་རྒྱལ་པོ་ནང་མི་དང་བཅས་
པས་ལྷག་པར་བཀུར་སྟི་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན་མཉན་ཡོད་ཀྱི་ཚོང་པ་རྣམས་ཀྱིས་ནོར་བསྒྲུབ་པའི་ཕྱིར་རྒྱ་མཚོའི་གྲུ་བོ་ཆེ་བསྒྲུབས་ཏེ། རྒྱ་མཚོ་ཆེན་པོར་ཞུགས་པ་དང་དེ་རྣམས་གྲུ་བོ་ཆེ་ཕན་ཕུན་མེད་པར་རླུང་གི་ཤུགས་ཀྱིས་སིང་ག་ལའི་གླིང་དུ་ཕྱིན་ཏོ། །དེ་
ནས་སྣོད་རྣམས་མཁོས་སུ་ཕབ་སྟེ། རྒྱལ་པོའི་ཕོ་བྲང་དང་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་འབྲང་བཏབ་བོ། །དེ་རྣམས་ཀྱིས་མཚན་མོའི་ཐུན་ཐ་མ་ལ་ཆེད་དུ་བརྗོད་པ་དང་། ཕ་རོལ་འགྲོ་བྱེད་དང་། བདེན་པ་མཐོང་བ་དང་། གནས་བརྟན་གྱི་ཚིགས་སུ་བཅད་

པ་དང་། གནས་བརྟན་མའི་ཚིགས་སུ་བཅད་པ་དང་། རི་གནས་ཀྱི་ཚིགས་སུ་བཅད་པ་དང་། ཐུབ་པའི་ཚིགས་སུ་བཅད་པ་དང་། དོན་གྱི་ཚོམས་ཀྱི་མདོ་སྡེ་རྣམས་རྒྱས་པར་འདོན་པ་ལ་ཞུགས་པ་མུ་ཏིག་ཅན་ཁྱིམ་གྱི་ནང་ན་འདུག་པས་སྐར་ཁུང་
ནས་ཐོས་ནས། དེ་ནས་དེས་རྒྱལ་པོ་ལ་སྨྲས་པ། ལྷ་ཡུལ་དབུས་ཀྱི་ཚོང་པ་རྣམས་མཆིས་ནས་མཆིད་སྙན་པར་ལེན་ཏོ། །རྒྱལ་པོས་བློན་པོ་དག་ལ་བསྒོ་བ། ཤེས་ལྡན་དག་གླུ་མཁན་རྣམས་ཁུག་ཤིག །དེ་རྣམས་བཀུག་པ་དང་མུ་ཏིག་ཅན་གྱིས་སྨྲས་
པ། ཤེས་ལྡན་དག་ཡུལ་དབུས་ཀྱི་རོལ་མོ་ཅི་འདྲ་བ་ཁོ་མོས་མཉན་གྱིས་ལོང་ཤིག །དེ་རྣམས་ཀྱིས་སྨྲས་པ། ལྷ་མོ་བདག་ཅག་ནི་རོལ་མོ་མཁན་མ་ལགས་ཏེ། བདག་ཅག་ནི་མཉན་ཡོད་ཀྱི་ཚོང་པ་རླུང་གི་ཤུགས་ཀྱིས་འདིར་མཆིས་པ་ལགས་
ཏེ། བདག་ཅག་གིས་མཚན་མོའི་ཐུན་ཐ་མ་ལ་སངས་རྒྱས་ཀྱི་གསུང་བཏོན་ཏོ། །མུ་ཏིག་ཅན་གྱིས་སངས་རྒྱས་ཞེས་བྱ་བའི་སྒྲ་སྔོན་མ་ཐོས་པ་དེ་ཐོས་ནས་སྙིང་དགའ་བས་བ་སྤུ་ཐམས་ཅད་ཟིང་ཞེས་བྱེད་དེ། དེ་ངོ་མཚར་སྐྱེས་ནས་དྲིས་པ། སངས་
རྒྱས་ཞེས་བྱ་བ་འདི་ཅི་ཡིན། དེ་རྣམས་ཀྱིས་སངས་རྒྱས་ཀྱི་ཆེ་བའི་བདག་ཉིད་རྒྱས་པར་སྨྲ་བར་བརྩམས་ཏེ། ལྷ་མོ་ཤཱཀྱ་རྣམས་ཀྱི་གཞོན་ནུ་གངས་རིའི་ངོས་དང་ཉེ་བ། ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ་དྲང་སྲོང་སེར་སྐྱའི་བསྟི་གནས་དང་ཧ་ཅང་ཡང་མི་རིང་བ་ཞིག་
ཏུ་བྱུང་སྟེ། དེ་བྲམ་ཟེ་མཚན་མཁན་རྣམས་དང་། ལྟས་མཁན་རྣམས་ཀྱིས་གལ་ཏེ་ཁྱིམ་པ་ཁྱིམ་ན་གནས་པར་གྱུར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྣམ་པར་རྒྱལ་བ། ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ། རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཏེ། དེའི་
རིན་པོ་ཆེ་སྣ་བདུན་འདི་ལྟ་བུ་དག་འབྱུང་བར་འགྱུར་བ་འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་བློན་པོ་རིན་པོ་ཆེའོ། །དེ་ལ་

བུ་དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་སྟོང་ཡང་ཚང་བར་འགྱུར་ཞིང་། དེ་རྒྱ་མཚོ་ལ་ཐུག་པའི་ས་ཆེན་པོ་མ་ལུས་པ་གནོད་པར་སྡོ་བ་མེད་ཅིང་འཚེ་བ་མེད་པ་འདི་ཉིད་ཆད་པ་མེད་
ཅིང་མཚོན་གྱིས་བདའ་བ་མེད་ལ། ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་པར་འགྱུར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བ