Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 003_འདུལ་བ།_ག

Văn bản gốc(Tây Tạng)

Trang 9 / 19 (50.000 ký tự/trang)
དས་ལ་འདི་སྐད་ཅེས་
གསོལ་ཏོ། །བཙུན་པ་བདག་གིས་ཀཽ་ཤཱམྦཱིའི་དགེ་སློང་འཐབ་ཀྲོལ་བགྱིད་པ། མཚང་འདྲུ་བར་བགྱིད་པ། རྩོད་པར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པའི་གཞི་བགྱིད་པ་རྣམས་མཆིའོ་ཞེས་ཐོས་ལགས་ན། བདག་གིས་དེ་རྣམས་ལ་ཇི་ལྟར་བསྒྲུབ་པར་བགྱི། ཁྱིམ་བདག་ཁྱོད་ཀྱིས་
ཀཽ་ཤཱམྦཱིའི་དགེ་སློང་རྣམས་ལ་སྦྱིན་པ་དང་མི་མཐུན་པ་མེད་པས་བསོད་སྙོམས་ནི་སྦྱིན་གྱི། གཏམ་འདྲེ་བར་མི་བྱ། ཕེབས་པར་སྨྲ་བར་མི་བྱ། བལྟ་བར་མི་བྱ། རྣམ་པར་བལྟ་བར་མི་བྱའོ། །དེ་ནས་ཀཽ་ཤཱམྦཱིའི་དགེ་སློང་རྣམས་རིམ་གྱིས་མཉན་ཡོད་དུ་ཕྱིན་ནས། དེར་ལྷུང་བཟེད་དང་ཆོས་གོས་
མཁོས་སུ་ཕབ་སྟེ་རྐང་པ་བཀྲུས་ནས་དྲིས་པ། གནས་མལ་འགེད་པ་སུ་ཡིན། ཕྱག་ཚང་དག་གིས་སྨྲས་པ། འཕགས་པ་ཀུན་དགའ་བོ་ལགས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་གང་ན་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་
དང་ལྡན་པ་ཀུན་དགའ་བོ་བདག་ཅག་ལ་གནས་མལ་བྱིན་ཅིག །ཚེ་དང་ལྡན་པ་ཀུན་དགའ་བོས་དེ་རྣམས་ལ་ལག་བརྡས་གནས་མལ་ཐ་མ་ཞིག་བསྟན་པར་བརྩམས་པ་དང་དེ་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཀུན་དགའ་བོ་བདག་ཅག་རྒན་པ་ཡིན་ན་ཅིའི་ཕྱིར་བདག་ཅག་
ལ་གནས་མལ་ཐ་མ་དག་སྦྱིན། དེས་སྨྲས་པ། ཁྱེད་ཅག་ཀྱང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་ཡིན་པར་ཞེས་བྱ་བ་ནས་དེ་ཡང་ཁྱེད་དབང་བར་མི་འགྱུར་རོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་རྣམས་ཡི་ཆད་ཅིང་སྡུག་བསྔལ་བས་མཚན་མོ་འདའ་བར་བྱེད་དོ། །དེ་ནས་གནས་

ནས་ཕྱུང་བའི་དགེ་སློང་གིས་ནམ་གྱི་ཆ་སྨད་ཀྱི་དུས་སུ་རང་གི་རྒྱུད་ལ་བརྟགས་ན་དེ་འདི་སྙམ་དུ་སེམས་ཏེ། བདག་ཅག་འཐབ་ཀྲོལ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་ནས་འདི་ལྟ་སྟེ་ལྟུང་བ་བྱུང་ངོ་ཞེའམ། ལྟུང་བ་མ་བྱུང་ངོ་ཞེའམ། གནས་ནས་དབྱུང་བ་ཡིན་ནོ་
ཞེའམ་གནས་ནས་དབྱུང་བ་མ་ཡིན་ནོ་ཞེས་བྱ་བ་བདག་ནི་ལྟུང་བ་མ་བྱུང་བ་མ་ཡིན་ཏེ་ལྟུང་བ་བྱུང་བ་ཡིན་ཞིང་། གནས་ནས་མི་དབྱུང་བ་མ་ཡིན་ཏེ་གནས་ནས་དབྱུང་བ་ཡིན་ལ། གནས་ནས་ཕྱུང་བ་གང་ཡིན་པ་ཡང་ཆོས་དང་མཐུན་པའི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་ཕྱུང་གིས། མ་
ལ་བདག་གིས་མཐུན་པའི་སྡུམས་བྱའོ་སྙམ་དུ་བསམས་ནས། ནང་པར་སྔར་ལངས་ཏེ་གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་དགེ་སློང་རྣམས་དང་། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་ཡང་རྗེས་སུ་ཕྱོགས་པ་རྣམས་གང་ན་བ་དེར་སོང་སྟེ། སོན་ནས་གནས་
ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་དགེ་སློང་རྣམས་དང་གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་ཡང་རྗེས་སུ་ཕྱོགས་པ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་འདིར་མདང་སུམ་ནམ་གྱི་ཆ་སྨད་ཀྱི་དུས་སུ་བདག་གིས་རང་གི་རྒྱུད་ལ་བརྟགས་ནས་འདི་སྙམ་དུ་སེམས་ཏེ།
གླེང་གཞི་གང་ལས་འཐབ་ཀྲོལ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་ནས་འདི་ལྟ་སྟེ་ལྟུང་བ་བྱུང་ངོ་ཞེའམ། ལྟུང་བ་མ་བྱུང་ངོ་ཞེའམ། གནས་ནས་དབྱུང་བ་ཡིན་ནོ་ཞེའམ། གནས་ནས་དབྱུང་བ་མ་ཡིན་ནོ་ཞེས་བྱ་བ་བདག་ནི་ལྟུང་བ་མ་བྱུང་བ་མ་ཡིན་
ཏེ་ལྟུང་བ་བྱུང་བ་ཡིན་ཞིང་གནས་ནས་མི་དབྱུང་བ་མ་ཡིན་ཏེ་གནས་ནས་དབྱུང་བ་ཡིན་ལ། གནས་ནས་ཕྱུང་བ་གང་ཡིན་པ་ཡང་ཆོས་དང་མཐུན་པའི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་ཕྱུང་གིས། མ་ལ་བདག་གིས་མཐུན་པར་སྡུམས་བྱའོ་སྙམ་ན་ཁྱེད་ཅག་
ཅི་སྨྲ། དེ་རྣམས་ཀྱིས་སྨྲས་པ། ལེགས་ཀྱིས་དེ་བཞིན་དུ་བགྱིའོ། །དེ་ནས་གནས་ནས་ཕྱུང་བའི་དགེ་སློང་དང་། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་དགེ་སློང་རྣམས་དང་། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་ཡང་རྗེས་སུ་ཕྱོགས་པའི་

དགེ་སློང་རྣམས་གནས་ནས་འབྱིན་པའི་དགེ་སློང་དང་། གནས་ནས་འབྱིན་པའི་རྗེས་སུ་ཕྱོགས་པའི་དགེ་སློང་རྣམས་དང་། གནས་ནས་འབྱིན་པའི་རྗེས་སུ་ཕྱོགས་པའི་ཡང་རྗེས་སུ་ཕྱོགས་པ་རྣམས་གང་ན་བ་དེར་དོང་སྟེ་ཕྱིན་ནས། གནས་ནས་འབྱིན་པའི་དགེ་སློང་
དང་། གནས་ནས་འབྱིན་པའི་རྗེས་སུ་ཕྱོགས་པའི་དགེ་སློང་རྣམས་དང་། གནས་ནས་འབྱིན་པའི་རྗེས་སུ་ཕྱོགས་པའི་ཡང་རྗེས་སུ་ཕྱོགས་པའི་དགེ་སློང་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་འདིར་མདང་སུམ་ནམ་གྱི་ཆ་སྨད་ཀྱི་དུས་སུ་བདག་གིས་རང་གི་རྒྱུད་ལ་བརྟགས་
ན་འདི་སྙམ་དུ་སེམས་ཏེ། གླེང་གཞི་གང་ལས་འཐབ་ཀྲོལ་དང་། མཚང་འདྲུ་བ་བྱུང་ནས་ཞེས་བྱ་བ་ནས། མཐུན་པར་སྡུམས་བྱ་བར་སེམས་ན་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། ཁྱེད་ཅག་ཅི་སྨྲ། དེ་རྣམས་ཀྱིས་སྨྲས་པ། ལེགས་ཀྱིས་དེ་བཞིན་དུ་བྱའོ། །དེ་ནས་གནས་
ནས་ཕྱུང་བའི་དགེ་སློང་དང་། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་དགེ་སློང་རྣམས་དང་། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་ཡང་རྗེས་སུ་ཕྱོགས་པ་རྣམས་དང་། གནས་ནས་འབྱིན་པའི་དགེ་སློང་དང་། གནས་ནས་འབྱིན་པའི་རྗེས་སུ་ཕྱོགས་པའི་དགེ་སློང་རྣམས་དང་། གནས་
ནས་འབྱིན་པའི་རྗེས་སུ་ཕྱོགས་པའི་ཡང་རྗེས་སུ་ཕྱོགས་པ་རྣམས་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་གནས་ནས་ཕྱུང་བའི་དགེ་སློང་གིས་བཅོམ་
ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་འདིར་མདང་སུམ་ནམ་གྱི་ཆ་སྨད་ཀྱི་དུས་སུ་བདག་གིས་རང་གི་རྒྱུད་ལ་བརྟགས་ན་འདི་སྙམ་དུ་སེམས་ཏེ་ཞེས་བྱ་བ་ནས་མཐུན་པར་སྡུམས་བགྱི་བར་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། བདག་གིས་དགེ་སློང་འདི་དག་ཐམས་ཅད་ལ་མཐུན་
པར་བགྱི་བར་སྤྲོ་བར་བགྱིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ལེགས་སོ་ལེགས་སོ། །གང་ཞིག་དགེ་སློང་རྣམས་འཐབ་ཀྲོལ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་བས་གནས་ཤིང་། ཕྱོགས་དང་ཕྱོགས་གཞན་ལ་གནས་པ་

རྣམས་ཀྱི་སྡུམས་བྱེད་པ་དེ་ནི་བསོད་ནམས་མང་པོ་ཚད་མེད་པ་གྲངས་མེད་པ་གཞལ་དུ་མེད་པ་སྐྱེད་པར་འགྱུར་རོ། །གང་འགའ་ཞིག་གིས་སྐྲ་དུམ་བུ་བརྒྱར་གཏུབས་པ་ཐོག་མ་དང་ཐ་མར་སྦྱོར་བར་བྱེད་པ་དེ་བཞིན་དུ། གང་ཞིག་དགེ་སློང་རྣམས་འཐབ་ཀྲོལ་དང་ཞེས་བྱ་བ་ནས་མཐུན་པར་
སྡུམས་བྱེད་པ་དེ་ནི་བསོད་ནམས་མང་པོ་ཚད་མེད་པ་གྲངས་མེད་པ་གཞལ་དུ་མེད་པ་སྐྱེད་པར་འགྱུར་རོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སློང་དག་འོན་ཀྱང་ངས་གནས་ནས་ཕྱུང་བའི་དགེ་སློང་གི་ཀུན་དུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། གནས་ནས་ཕྱུང་བའི་དགེ་སློང་གིས་དགེ་
འདུན་ལ་དབྱུང་བ་གསོལ་བར་བྱའོ། །གསོལ་བ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམས་ལ་གཎྜཱི་བརྡུངས་ནས་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང་རྒན་རིམས་ཇི་ལྟ་བ་བཞིན་དུ་གུས་པ་དང་
བཅས་པས་གདུད་པར་བྱས་ལ། རྒན་རིམས་ཀྱི་མདུན་དུ་ཐལ་མོ་སྦྱར་ཏེ་ཙོག་ཙོག་པོར་འདུག་ལ་འདི་སྐད་ཅེས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་གི་གླེང་གཞི་གང་ལས་འཐབ་ཀྲོལ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་ནས་འདི་ལྟ་སྟེ།
ལྟུང་བ་བྱུང་ངོ་ཞེའམ། ལྟུང་བ་མ་བྱུང་ངོ་ཞེས་བགྱི་བའམ། གནས་ནས་དབྱུང་བ་ལགས་སོ་ཞེའམ། གནས་ནས་དབྱུང་བ་མ་ལགས་སོ་ཞེས་བགྱི་བ་བདག་ནི་ལྟུང་བ་མ་བྱུང་བ་མ་ལགས་ཏེ་ལྟུང་བ་བྱུང་བ་ལགས་ཤིང་། གནས་ནས་མི་དབྱུང་བ་མ་ལགས་ཏེ། གནས་ནས་དབྱུང་
བ་ལགས་ལ་གནས་ནས་ཕྱུང་བ་གང་ལགས་པ་ཡང་ཆོས་དང་མཐུན་པའི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་ཕྱུང་སྟེ། གནས་ནས་ཕྱུང་བའི་དགེ་སློང་བདག་མིང་འདི་ཞེས་བགྱི་བ་དགེ་འདུན་ལས་དབྱུང་བར་གསོལ་ན། དགེ་འདུན་བཙུན་པ་ཐུགས་བརྩེ་བ་ཅན་ཐུགས་བརྩེ་བ་ཉེ་
བར་བཟུང་སྟེ་བདག་དབྱུང་དུ་གསོལ། ཆོས་ཇི་ལྟ་བ་བཞིན་དང་འདུལ་བ་ཇི་ལྟ་བ་བཞིན་ཕྱིར་བགྱིའོ་ཞེས་དེ་སྐད་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ནས་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་

པ་འདིའི་གླེང་གཞི་གང་ལས་འཐབ་ཀྲོལ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་ནས་འདི་ལྟ་སྟེ། ལྟུང་བ་བྱུང་ངོ་ཞེའམ། ལྟུང་བ་མ་བྱུང་ངོ་ཞེའམ། གནས་ནས་དབྱུང་བ་ལགས་སོ་ཞེའམ། གནས་ནས་དབྱུང་བ་མ་ལགས་སོ་ཞེས་བགྱི་བ་འདི་ནི་
ལྟུང་བ་མ་བྱུང་བ་མ་ལགས་ཏེ་ལྟུང་བ་བྱུང་བ་ལགས་ཤིང་། གནས་ནས་མི་དབྱུང་བ་མ་ལགས་ཏེ་གནས་ནས་དབྱུང་བ་ལགས་ལ། གནས་ནས་ཕྱུང་བ་གང་ལགས་པ་ཡང་ཆོས་དང་མཐུན་པའི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་ཕྱུང་སྟེ། གནས་ནས་ཕྱུང་བའི་དགེ་སློང་
མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལས་དབྱུང་བ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འབྱིན་པར་མཛད་དོ། །འདི་ནི་གསོལ་བའོ། །ལས་བྱ་བ་ནི། དགེ་འདུན་
བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་འདིའི་གླེང་གཞི་གང་ལས་འཐབ་ཀྲོལ་བྱུང་བ་ཞེས་བྱ་བ་ནས། དགེ་སློང་གནས་ནས་ཕྱུང་བ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལས་དབྱུང་བ་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འབྱིན་པར་མཛད་ན།
ཚེ་དང་ལྡན་པ་རྣམས་ལས་གང་དག་གནས་ནས་ཕྱུང་བའི་དགེ་སློང་མིང་འདི་ཞེས་བགྱི་བ་འབྱིན་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལས་བརྗོད་པ་གཉིས་དང་གསུམ་གྱི་བར་དུ་བརྗོད་པར་
བྱའོ། །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་གནས་ནས་ཕྱུང་བའི་དགེ་སློང་མིང་འདི་ཞེས་བགྱི་བ་ཕྱུང་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་སློང་དག་ངས་དགེ་སློང་དབྱུང་བའི་ལས་བྱས་པའི་ཀུན་ཏུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། དབྱུང་
བའི་ལས་བྱས་པའི་དགེ་སློང་གིས་དགེ་འདུན་ལས་མཐུན་པ་གསོལ་བ་བྱའོ། །གསོལ་བ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམས་ལ་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང་ཞེས་བྱ་བ་ནས་

ཐུགས་བརྩེ་བ་ཅན་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དེ་སྐད་ལན་གཉིས་ལན་གསུམ་དུ་བཟླས་སོ། །དེ་ནས་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་འདིའི་གླེང་གཞི་གང་ལས་འཐབ་ཀྲོལ་དང་། མཚང་འདྲུ་བ་
དང་། རྩོད་པ་དང་། འགྱེད་པ་བྱུང་ནས་འདི་ལྟ་སྟེ། ལྟུང་པ་བྱུང་ངོ་ཞེའམ། ལྟུང་བ་མ་བྱུང་ངོ་ཞེའམ། གནས་ནས་དབྱུང་བ་ལགས་སོ་ཞེའམ། གནས་ནས་དབྱུང་བ་མ་ལགས་སོ་ཞེས་བགྱི་བ་འདི་ནི་ལྟུང་བ་མ་བྱུང་བ་མ་ལགས་ཏེ་ལྟུང་བ་བྱུང་བ་ལགས་ཤིང་། གནས་ནས་མི་
དབྱུང་བ་མ་ལགས་ཏེ་གནས་ནས་དབྱུང་བ་ལགས་ལ། གནས་ནས་ཕྱུང་བ་གང་ལགས་པ་དེ་ཡང་ཆོས་དང་མཐུན་པའི་ལས་མི་འཁྲུགས་པ་གཞག་པར་མི་འོས་པས་ཕྱུང་སྟེ། གནས་ནས་ཕྱུང་བའི་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལས་དབྱུང་བ་གསོལ་ནས་དགེ་འདུན་གྱིས་འདི་དབྱུང་
བའི་ཕྲིན་ལས་མཛད་ལགས་ཏེ་དབྱུང་བའི་ཕྲིན་ལས་མཛད་ལགས་པའི་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་ལས་མཐུན་པ་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དབྱུང་བའི་ཕྲིན་ལས་མཛད་ལགས་པའི་དགེ་
སློང་མིང་འདི་ཞེས་བགྱི་བ་ལ་མཐུན་པ་སྩོལ་བར་མཛད་དོ། །འདི་ནི་གསོལ་བའོ། །ལས་བྱ་བ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་འདིའི་གླེང་གཞི་གང་ལས་འཐབ་ཀྲོལ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་ནས་འདི་ལྟ་སྟེ། ལྟུང་བ་
བྱུང་ངོ་ཞེའམ་ཞེས་བྱ་བ་ནས། དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དབྱུང་བའི་ཕྲིན་ལས་མཛད་ལགས་པའི་དགེ་སློང་མིང་འདི་ཞེས་བགྱི་བ་ལ་མཐུན་པ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་འདུན་
གྱིས་དབྱུང་བའི་ལས་བྱས་ཟིན་པ་གང་ཡིན་པ་དེ་ལ་དགེ་འདུན་གྱིས་མཐུན་པ་སྦྱིན་པར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ། །ངས་དགེ་འདུན་གྱིས་མཐུན་པ་བྱིན་པའི་དགེ་སློང་གི་ཀུན་ཏུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། དགེ་འདུན་གྱིས་མཐུན་པ་བྱིན་པའི་དགེ་སློང་གིས་གསོ་སྦྱོང་

གསོལ་བ་བྱའོ། །གསོལ་བ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམས་ལ་ཞེས་བྱ་བ་ནས་དགེ་འདུན་གྱིས་མཐུན་པ་སྩལ་བ་བདག་མིང་འདི་ཞེས་བགྱི་བ་དགེ་འདུན་ལས་མཐུན་པའི་གསོ་སྦྱོང་གསོལ་ན། དགེ་འདུན་བཙུན་པ་ཐུགས་བརྩེ་བ་ཅན་ཐུགས་བརྩེ་བ་ཉེ་བར་
བཟུང་སྟེ་མཐུན་པ་སྩལ་བའི་དགེ་སློང་བདག་མིང་འདི་ཞེས་བགྱི་བ་ལ་མཐུན་པའི་གསོ་སྦྱོང་སྩལ་དུ་གསོལ། དེ་སྐད་ལན་གཉིས་ལན་གསུམ་དུ་བཟླས་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་ནས་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་
དུ་གསོལ། ཚེ་དང་ལྡན་པ་འདིའི་གླེང་གཞི་གང་ལས་འཐབ་ཀྲོལ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་ནས་འདི་ལྟ་སྟེ། ལྟུང་བ་བྱུང་ངོ་ཞེའམ་ཞེས་བྱ་བ་ནས་དགེ་འདུན་གྱིས་མཐུན་པ་སྩལ་པ་མིང་འདི་ཞེས་བགྱི་བ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དགེ་འདུན་
ལས་མཐུན་པའི་གསོ་སྦྱོང་གསོལ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་མཐུན་པ་སྩལ་བའི་དགེ་སློང་མིང་འདི་ཞེས་བགྱི་བ་ལ་དགེ་འདུན་གྱིས་མཐུན་པའི་གསོ་སྦྱོང་སྩོལ་བར་མཛད་དོ། །འདི་ནི་གསོལ་བའོ། །ལས་
བྱ་བ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཚེ་དང་ལྡན་པ་འདིའི་གླེང་གཞི་གང་ལས་འཐབ་ཀྲོལ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་ནས་འདི་ལྟ་སྟེ། ལྟུང་བ་བྱུང་ངོ་ཞེའམ། ལྟུང་བ་མ་བྱུང་ངོ་ཞེའམ་ཞེས་བྱ་བ་ནས། མཐུན་པ་སྩལ་བ་མིང་འདི་ཞེས་
བགྱི་བ་འདི་དགེ་འདུན་ལས་མཐུན་པའི་གསོ་སྦྱོང་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་མཐུན་པ་སྩལ་བའི་དགེ་སློང་མིང་འདི་ཞེས་བགྱི་བ་ལ་མཐུན་པའི་གསོ་སྦྱོང་སྩོལ་བར་མཛད་ན། ཚེ་དང་ལྡན་པ་དག་ལས་གང་དག་མཐུན་པ་སྩལ་བའི་དགེ་སློང་མིང་འདི་ཞེས་བགྱི་བ་ལ་མཐུན་པའི་
གསོ་སྦྱོང་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལས་བརྗོད་པ་གཉིས་དང་གསུམ་གྱི་བར་དུ་བརྗོད་པར་བྱའོ། །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་མཐུན་བ་སྩལ་

བའི་དགེ་སློང་མིང་འདི་ཞེས་བགྱི་བ་ལ་མཐུན་པའི་གསོ་སྦྱོང་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་འདུན་གྱིས་མཐུན་པ་བྱིན་པའི་དགེ་སློང་གང་ལ་མཐུན་པའི་གསོ་སྦྱོང་བྱིན་པ་དེ་དང་། དགེ་འདུན་ལྷན་ཅིག་གཅིག་ཏུ་འདུག་ལ་གསོ་སྦྱོང་དང་། དགག་དབྱེ་དང་
གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་བྱས་ཏེ། དེ་ལ་འགྱོད་པར་མི་བྱའོ། །མི་མཐུན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་གིས་བཀྲ་ཤིས་ཀྱི་གསོ་སྦྱོང་དང་། མཐུན་པའི་གསོ་སྦྱོང་དང་། མི་བདེ་བ་ལ་གསོ་སྦྱོང་བྱ་བ་མ་གཏོགས་པར་
གསོ་སྦྱོང་མ་ཡིན་པར་གསོ་སྦྱོང་མི་བྱའོ། །བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཀཽ་ཤཱམྦཱིའི་གཞི་རྫོགས་སོ།། །།འདུལ་བ་གཞི། བམ་པོ་དྲུག་བཅུ་དགུ་པ། ལས་ཀྱི་གཞིའི་སྡོམ་ནི། ཀ་ཤིའི་གནས་པའི་གྲོང་ཁྱེར་ན། །སྡེ་འཇོམས་ཀྱིས་ནི་དངོས་པོ་དང་། །ཙམ་པར་
སངས་རྒྱས་བཅོམ་ལྡན་འདས། །ལས་མ་ཡིན་དང་སླར་ལོག་པའོ། །ཡུལ་ཀ་ཤིའི་གནས་པ་ཞེས་བྱ་བའི་གྲོང་ཁྱེར་ན་དགེ་སློང་སྡེ་འཇོམས་ཞེས་བྱ་བ་གནས་ཏེ། དེ་ལ་བརྟེན་ནས་གནས་པའི་གྲོང་ཁྱེར་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་སངས་རྒྱས་དང་། ཆོས་དང་། དགེ་འདུན་
ལ་བྱ་བ་བྱེད་དེ། །དགེ་སློང་གློ་བུར་བ་གང་དག་གནས་པའི་གྲོང་ཁྱེར་དུ་ལྷགས་ན་དེ་རྣམས་དེས་ངལ་སོར་བཅུག་སྟེ། ཡོ་བྱད་ཐམས་ཅད་ཀྱིས་བསྟབས་ནས་ལམ་གྱིས་དུབ་པ་ངལ་སོས་པ་དང་དགེ་སློང་རྣམས་ལ་བསོད་སྙོམས་སྦྱོར་བའི་ཁྱིམ་གང་ཡིན་པ་དེ་རྣམས་སུ་ཟས་ལ་གཏོང་བར་
བྱེད་དོ། །ཇི་ཙམ་ན་རྒན་ཞུགས་ཤིག་གནས་པའི་གྲོང་ཁྱེར་དུ་དབྱར་གནས་ནས་དབྱར་གྱི་ཟླ་བ་གསུམ་པོ་དག་འདས་པ་དང་ཆོས་གོས་བྱས་པ་དང་ལྡན། ཆོས་གོས་ཟིན་པ་དང་ལྡན་ནས་དེ་ལྷུང་བཟེད་དང་ཆོས་གོས་ཁྱེར་ཏེ་མཉན་ཡོད་གང་ན་བ་དེར་རྒྱུ་ཞིང་དོང་སྟེ། རིམ་གྱིས་རྒྱུ་ཞིང་དོང་བ་དང་
མཉན་ཡོད་དུ་ཕྱིན་ཏོ། །དྲུག་སྡེ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་ནི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་དྲུག་སྡེ་གང་ཡང་རུང་བས་སྟོང་པར་མི་འཇོག་པ་ཡིན་པས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ན་ཉེ་དགའ་འདུག་པ་དེས་རྒྱང་རིང་པོ་ཁོན་ནས་མགོ་སྤྲ་བའི་མེ་ཏོག་ལྟར་སྐྱ་བ་སྨིན་མ་འཕྱང་བ་ཞིག་མཐོང་ནས་

དེས་བསམས་པ། འདི་ནི་དགེ་སློང་གནས་བརྟན་ཞིག་ཡིན་ཏེ་འོང་གིས་བསུར་འགྲོའོ་ཞེས་དེས་བསུ་ནས་གནས་བརྟན་བྱོན་པ་ལེགས་སོ། །བྱོན་པ་ལེགས་སོ། །དེས་སྨྲས་པ། སློབ་དཔོན་ཕྱག་འཚལ་ལོ། །དེས་བསམས་པ། ཀྱེ་མ་འདི་ནི་རྒན་ཞུགས་ཤིག་ཡིན་ཏེ། སློབ་དཔོན་
ཡང་མི་ཤེས་མཁན་པོ་ཡང་མི་ཤེས་སོ་སྙམ་ནས་རྒན་ཞུགས་ཇི་སྲིད་ཅིག་ནས་འོངས། གནས་པའི་གྲོང་ཁྱེར་ནས་སོ། །ཅི་དེ་ན་གཙུག་ལག་ཁང་ཡོད་དམ། གཙུག་ལག་ཁང་ཡོད་དོ། །དེ་ཅི་གཙུག་ལག་ཁང་ཡིན་ནམ་འོན་ཏེ་ཕོངས་པ་ཞིག་ཡིན། གཙུག་ལག་ཁང་ནི་ཇི་ལྟ་བུ། ཕོངས་
པ་ནི་ཇི་ལྟ་བུ། གང་ན་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པ་དེ་ནི་གཙུག་ལག་ཁང་ཡིན་ནོ། །གང་ན་ཡོ་བྱད་མེད་པ་དེ་ནི་ཕོངས་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་དེ་ནི་གཙུག་ལག་ཁང་ཡིན་ཏེ། དེ་ན་དགེ་སློང་སྡེ་འཇོམས་ཞེས་བྱ་བ་ཞིག་གནས་སོ། །དེ་ལ་བརྟེན་ནས་གནས་པའི་གྲོང་ཁྱེར་གྱི་
བྲམ་ཟེ་དང་ཁྱིམ་བདག་རྣམས་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་བྱ་བ་བྱེད་དེ། དགེ་སློང་གློ་བུར་བ་གང་དག་དེར་ལྷགས་པ་དེ་རྣམས་དེས་ངལ་སོར་བཅུག་སྟེ། ཡོ་བྱད་ཐམས་ཅད་ཀྱིས་བསྟབས་ནས་ལམ་གྱིས་དུབ་པ་ངལ་སོས་པ་དང་དགེ་སློང་རྣམས་ལ་བསོད་སྙོམས་སྦྱོར་བའི་
ཁྱིམ་གང་ཡིན་པ་དེ་རྣམས་སུ་ཟས་ལ་གཏོང་བར་བྱེད་དོ། །དྲུག་སྡེ་རྣམས་ཀྱི་ཀུན་ཏུ་སྤྱོད་པ་ནི་ཉིན་པར་ཅུང་ཟད་ཅི་ཐོས་པ་དེ་དག་དགོངས་ཀ་འདུས་ནས་ཕན་ཚུན་དུ་སྨྲ་བར་བྱེད་པ་ཡིན་པས་དགའ་བོ་ཉེ་དགའ་བདག་ཅག་གིས་ཇི་སྲིད་དུ་སྡུག་བསྔལ་ཕོག་སྙ་བྱ། ཁྱེད་ལས་འགའ་ཞིག་གིས་གདན་
རྒྱ་ཆེ་བ་སྣང་བ་ཡོད་པ་ལྟ་ཅུང་ཟད་ཅི་ཐོས། ཉེ་དགའས་སྨྲས་པ། ཡུལ་ཀ་ཤིའི་གནས་པའི་གྲོང་ཁྱེར་ན་དགེ་སློང་སྡེ་འཇོམས་ཞེས་བྱ་བ་གནས་ཏེ། དེ་ལ་བརྟེན་ནས་གནས་པའི་གྲོང་ཁྱེར་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཞེས་བྱ་བ་ནས། ཟས་ལ་གཏོང་བར་བྱེད་དོ་ཞེས་བྱ་བའི་བར་གོང་མ་
བཞིན་དུའོ། །གལ་ཏེ་འདོད་ན་དེར་འདོང་ངོ་ཞེས་དེ་རྣམས་ལྷུང་བཟེད་དང་ཆོས་གོས་བླངས་ནས་གནས་པའི་གྲོང་ཁྱེར་གང་ན་བ་དེར་རྒྱུ་ཞིང་དོང་སྟེ། རིམ་གྱིས་རྒྱུ་ཞིང་དོང་བ་ལས་གནས་པའི་གྲོང་ཁྱེར་དུ་ཕྱིན་པ་དང་། དེ་རྣམས་རྒྱང་རིང་པོ་ཁོ་ན་ནས་སྡེ་འཇོམས་ཀྱིས་མཐོང་ནས་དེས་བསམས་

པ། གནས་ངན་ལེན་ཀུན་ཏུ་སྤྱོད་པ་འདི་དག་འོང་གིས་ངལ་སོར་བཅུག་སྟེ། མཁོ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྟབ་པར་བྱའི་ཁྱིམ་རྣམས་སུ་ཟས་ལ་ནི་གཏང་བར་མི་བྱའོ་སྙམ་ནས། དེས་དེ་རྣམས་ངལ་སོར་བཅུག་ནས་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་ཀྱི་ཁྱིམ་རྣམས་སུ་ཟས་ལ་ནི་མ་བཏང་
ངོ་། །དེ་རྣམས་ལས་ཁ་ཅིག་གིས་སྨྲས་པ། དགའ་བོ་ཉེ་དགའ་བདག་ཅག་ལ་རྒན་ཞུགས་འདིས་ཡོ་བྱད་ཐམས་ཅད་ཀྱིས་ནི་བསྟབས་ཀྱིས། ཁྱིམ་རྣམས་སུ་ཟས་ལ་ནི་མ་བཏང་ངོ་། །གཞན་དག་གིས་སྨྲས་པ། རེ་ཞིག་གཅིག་གྲུབ་ཟིན་པས་ཁྱིམ་རྣམས་སུ་ཡང་གཏོང་བར་བྱེད་
གྲང་། ཇི་ཙམ་ན་དགེ་སློང་གསར་བུ་ཞིག་འོངས་པ་དང་དེས་དེ་ངལ་སོར་བཅུག་སྟེ། ཡོ་བྱད་ཐམས་ཅད་ཀྱིས་བསྟབས་ནས་ལམ་གྱིས་དུབ་པ་ངལ་སོས་པ་དང་ཁྱིམ་རྣམས་སུ་ཟས་ལ་བཏང་ངོ་། །དྲུག་སྡེ་རྣམས་ཁྲོས་ནས་སྨྲས་པ། དགའ་བོ་ཉེ་དགའ་རྒན་ཞུགས་འདིའི་འདུན་པ་དང་ཞེ་སྡང་
ཅི་འདྲ་བ་ལྟོས། རེ་ཞིག་གལ་ཏེ་སྔར་འོངས་པ་ཞིག་ཡིན་ན་ཡང་བདག་ཅག་ཡིན་ལ། ཡང་ན་རྒན་པ་ཡིན་ན་ཡང་བདག་ཅག་ཡིན་ལ། འོན་ཏེ་མང་དུ་ཐོས་པ་ཞིག་ཡིན་ན་ཡང་བདག་ཅག་ཡིན་ན། དགེ་སློང་འདི་ནི་འོངས་ནས་རིང་པོ་མ་ལོན་པར་གསར་བུ་ཤེས་པ་དང་མི་ལྡན་པ་ཡིན་ན། འདིས་
དེ་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་ནས་ཁྱིམ་རྣམས་སུ་ཟས་ལ་བཏང་ལ་བདག་ཅག་ལ་ནི་མ་ཡིན་ནོ་ཞེས་དེ་རྣམས་ཀྱིས་དེ་ལ་སྤྱོས་པ། རྒན་ཞུགས་ཁྱོད་ཀྱི་འདུན་པ་དང་ཞེ་སྡང་ནི་དེ་འདྲའོ། །རེ་ཞིག་གལ་ཏེ་སྔར་འོངས་པ་ཞིག་ཡིན་ན་ཡང་བདག་ཅག་ཡིན་ལ་ཞེས་བྱ་བ་ནས་ཁྱོད་ཀྱིས་
དེ་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་ནས་ཁྱིམ་རྣམས་སུ་ཟས་ལ་བཏང་ལ། ཁོ་བོ་ཅག་ལ་ནི་མ་ཡིན་ནོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །གནས་བརྟན་དག་ཅུང་ཟད་ཉམས་པར་མ་གྱུར་ཏམ། དྲུག་སྡེ་རྣམས་ཀྱིས་མི་བཟོད་པ་སྐྱེས་ནས་སྨྲས་པ། ཅང་མི་སྨྲ་བར་འདུག་པར་
བྱ་བ་གང་ཡིན་པ་དེས་སླར་སྨྲའམ་ཞེས་དེ་རྣམས་ཀྱིས་དེ་ཐག་བཅུག་ནས་ཅང་མི་སྨྲ་བར་འདུག་གོ། །དེ་རྣམས་ཀྱིས་དེ་ལ་གླེང་བ་མ་བྱས། དྲན་བར་མ་བྱས་ཤིང་ཁས་བླངས་པ་མེད་པར་ནན་གྱིས་གཞི་མེད་པའི་གནས་ནས་དབྱུང་བའི་ལས་བྱས་སོ། །དེས་བསམས་པ། བྲམ་ཟེ་དང་

ཁྱིམ་བདག་རྣམས་དད་པར་བྱ་བ་ནི་དཀའ་ལ། མ་དད་པར་འགྱུར་བ་ནི་བླ་ལ། གལ་ཏེ་འདུག་ན་གནས་པའི་གྲོང་ཁྱེར་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་དད་པ་མ་ཡིན་པ་སྐྱེ་བར་འགྱུར་བས་བདག་ནི་རྣམ་པ་ཐམས་ཅད་དུ་འགྲོ་བར་བྱའོ་སྙམ་ནས། དེས་ལྷུང་བཟེད་དང་ཆོས་གོས་ཁྱེར་ཏེ་
མཉན་ཡོད་གང་ན་བ་དེར་རྒྱུ་ཞིང་སོང་སྟེ། རིམ་གྱིས་རྒྱུ་ཞིང་སོང་བ་ལས་མཉན་ཡོད་དུ་ཕྱིན་པ་དང་དེ་དགེ་སློང་རྣམས་ཀྱིས་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་སྡེ་འཇོམས་འོངས་པ་ལེགས་སོ་འོངས་པ་ལེགས་སོ། །ཁྱོད་ངོ་མཐོང་བ་ནི་བདག་ཅག་དགའ་ན་འོངས་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་
ཁྱོད་ལ་བརྟེན་ནས་གནས་པའི་གྲོང་ཁྱེར་གྱི་བྲམ་ཟེ་དང་ཁྱིམ་བདག་རྣམས་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་བྱ་བ་བྱེད་ལ། དགེ་སློང་གློ་བུར་བ་གང་དག་ལྷགས་པ་དེ་རྣམས་ཀྱང་གནས་པའི་གྲོང་ཁྱེར་དུ་རྟེན་ཏོ། །དེ་ནི་བདེན་ན་བདག་ལ་དྲུག་སྡེ་རྣམས་ཀྱིས་གླེང་བ་མ་བྱས། དྲན་
པར་མ་བྱས་ཤིང་ཁས་བླངས་པ་མེད་པར་ནན་གྱིས་གཞི་མེད་པའི་གནས་ནས་དབྱུང་བའི་ལས་བྱས་སོ། །ཅིའི་ཕྱིར་དེས་ཇི་ལྟར་གྱུར་པ་རྣམས་སྨྲས་པ་དང་དེ་རྣམས་སྨོད་པར་བྱེད། གཞོགས་འཕྱས་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་
པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་དེང་ཕྱིན་ཆད་དགེ་སློང་གིས་གླེང་བ་མ་བྱས། །དྲན་པར་མ་བྱས་ཤིང་ཁས་བླངས་པ་མེད་པར་ནན་གྱིས་གཞི་མེད་པའི་གནས་ནས་དབྱུང་བའི་ལས་མི་བྱའོ། །བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་
བཅོམ་ལྡན་འདས་ཙམ་པའི་དྲང་སྲོང་གར་གའི་རྫིང་གི་འགྲམ་ན་བཞུགས་སོ། །དེའི་ཚེ་དགེ་སློང་དྲུག་སྡེ་རྣམས་ཆོས་མ་ཡིན་པའི་ལས་འདི་ལྟ་བུ་དག་བྱེད་དེ། འདི་ལྟ་སྟེ་ཆོས་མ་ཡིན་པས་མི་མཐུན་པར་བྱེད་པ་དང་། ཆོས་མ་ཡིན་པས་མཐུན་པར་བྱེད་པ་དང་། ཆོས་ཀྱིས་མི་མཐུན་
པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་རྣམས་ཀྱིས་ཆོས་མ་ཡིན་པའི་ལས་འདི་ལྟ་བུ་བྱེད་པ་འདི་ལྟ་སྟེ། ཆོས་མ་ཡིན་པས་མཐུན་པ་དང་། ཆོས་མ་ཡིན་པས་མི་མཐུན་པ་

དང་། ཆོས་ཀྱིས་མི་མཐུན་པ་མི་བྱའོ། །བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ།། །།སྡོམ་ལ། གཅིག་གིས་གཅིག་མིན་གཉིས་མིན་ཏེ། །མང་པོ་རྣམས་ཀྱི་བྱ་བ་མིན། །ཚོགས་ཀྱིས་ཚོགས་ཀྱི་ལས་མིན་ཏེ། །དགེ་འདུན་ལྔ་ནི་ལས་ལ་དབང་། །སངས་རྒྱས་བཅོམ་ལྡན་འདས་ཙམ་
པའི་དྲང་སྲོང་གར་གའི་རྫིང་འགྲམ་ན་བཞུགས་སོ། །དེའི་ཚེ་དགེ་སློང་དྲུག་སྡེ་རྣམས་ཆོས་མ་ཡིན་པའི་ལས་འདི་ལྟ་བུ་དག་བྱེད་དེ། འདི་ལྟ་སྟེ། གཅིག་གིས་གཅིག་གི་དང་། གཅིག་གིས་གཉིས་ཀྱི་དང་། གཅིག་གིས་མང་པོའི་དང་། གཉིས་ཀྱིས་གཉིས་ཀྱི་དང་། གཉིས་ཀྱིས་
གཅིག་གི་དང་། གཉིས་ཀྱིས་མང་པོའི་དང་། མང་པོས་གཅིག་གི་དང་། མང་པོས་གཉིས་ཀྱི་དང་། ཚོགས་ཀྱིས་ཚོགས་ཀྱི་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གཅིག་གིས་གཅིག་གི་ལས་མི་
བྱ་སྟེ། གཅིག་གིས་གཉིས་ཀྱི་མ་ཡིན། གཅིག་གིས་མང་པོའི་མ་ཡིན། གཉིས་ཀྱིས་གཉིས་ཀྱི་མ་ཡིན། གཉིས་ཀྱིས་གཅིག་གི་མ་ཡིན། གཉིས་ཀྱིས་མང་པོའི་མ་ཡིན། མང་པོས་མང་པོའི་མ་ཡིན། མང་པོས་གཅིག་གི་མ་ཡིན། མང་པོས་གཉིས་ཀྱི་མ་ཡིན་ཏེ། ཚོགས་ཀྱིས་
ཚོགས་ཀྱི་མི་བྱའོ། །བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་དག་འོན་ཀྱང་ལས་ལ་དབང་བའི་དགེ་འདུན་ལྔ་ཡོད་དེ། ལྔ་གང་ཞེ་ན། དགེ་སློང་བཞིའི་དགེ་འདུན་དང་། དགེ་སློང་ལྔའི་དགེ་འདུན་དང་། དགེ་སློང་བཅུའི་དགེ་འདུན་དང་། དགེ་སློང་ཉི་ཤུའི་དགེ་འདུན་དང་། ལྷག་པའི་
དགེ་འདུན་ནོ། །གང་ན་དགེ་སློང་བཞི་གནས་པ་དེ་ན་དགེ་འདུན་གྱིས་ཆོས་ཀྱི་ལས་བྱ་བ་ཐམས་ཅད་རུང་སྟེ། ལྔའི་དགག་དབྱེ་དང་། བཅུའི་བསྙེན་པར་རྫོགས་པ་དང་། ཉི་ཤུའི་དབྱུང་བ་ནི་མ་གཏོགས་སོ། །གང་ན་དགེ་སློང་ལྔ་གནས་པ་དེ་ན་དགེ་འདུན་གྱིས་ལས་བྱ་བ་ཐམས་ཅད་རུང་སྟེ།
བཅུའི་བསྙེན་པར་རྫོགས་པ་དང་། ཉི་ཤུའི་དབྱུང་བ་ནི་མ་གཏོགས་སོ། །གང་ན་དགེ་སློང་བཅུ་གནས་པ་དེ་ན་དགེ་འདུན་གྱི་ལས་བྱ་བ་ཐམས་ཅད་རུང་སྟེ། ཉི་ཤུའི་དབྱུང་བ་ནི་མ་གཏོགས་སོ། །གང་ན་དགེ་སློང་ཉི་ཤུའམ་ལྷག་པར་གནས་པ་དེ་ན་དགེ་འདུན་གྱིས་ཆོས་ཀྱི་ལས་བྱ་བ་ཐམས་ཅད་རུང་

ངོ་།། །།སྡོམ་ལ། བཞི་ཡི་ཚོགས་ཀྱི་བྱ་བ་ལ། །གང་ཟག་སོ་སོས་བྱེད་པ་དང་། །སྤོ་བ་དག་དང་བཞི་ཡིས་ནི། །ལས་བཞི་རྣམ་གཉིས་དྲན་པར་བྱ། །བཞིའི་ཚོགས་ཀྱི་བྱ་བ་དགེ་སློང་སོ་སོ་ནས་བྱེད་ན། དེ་ནི་ཆོས་མ་ཡིན་པའི་ལས་དང་འདུལ་བ་མ་ཡིན་པའི་ལས་ཡིན་
ནོ། །དེ་ནི་དེ་ལྟ་བུར་མི་བྱ་སྟེ། དེས་ནི་དགེ་འདུན་ཡང་འགལ་ཚབས་ཅན་དུ་འགྱུར་རོ། །བཞིའི་ཚོགས་ཀྱིས་བྱ་བ་བཞི་པ་ཁྱིམ་པ་དང་བྱེད་ན། དེ་ནི་ཆོས་མ་ཡིན་པའི་ལས་དང་འདུལ་བ་མ་ཡིན་པའི་ལས་ཡིན་ནོ། །དེ་ནི་དེ་ལྟ་བུར་མི་བྱ་སྟེ། དེས་ནི་དགེ་འདུན་ཡང་འགལ་ཚབས་ཅན་དུ་
འགྱུར་རོ། །དེ་བཞིན་དུ་བཞི་པ་དགེ་ཚུལ་དང་། ཟ་མ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་དང་། མ་གསོད་པ་དང་། ཕ་གསོད་པ་དང་། དགྲ་བཅོམ་པ་གསོད་པ་དང་། དགེ་འདུན་གྱི་དབྱེན་བྱེད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། མུ་
སྟེགས་ཅན་དང་། མུ་སྟེགས་ཅན་ཞུགས་པ་དང་། རྐུ་ཐབས་སུ་གནས་པ་དང་། ཐ་དད་དུ་གནས་པ་དང་། གནས་པར་མི་བྱ་བ་དང་། སྤོ་བ་དང་ལས་བྱེད་ན་དེ་ནི་ཆོས་མ་ཡིན་པའི་ལས་དང་འདུལ་བ་མ་ཡིན་པའི་ལས་ཡིན་ནོ། །དེ་ནི་དེ་ལྟ་བུར་མི་བྱ་སྟེ། དེས་ནི་དགེ་འདུན་ཡང་འགལ་ཚབས་
ཅན་དུ་འགྱུར་རོ། །བཞིའི་ཚོགས་ཀྱིས་བྱ་བ་བཞི་ཚང་བས་ཆོས་ཀྱི་ལས་བྱེད་ན། དེ་ནི་ཆོས་ཀྱི་ལས་དང་འདུལ་བའི་ལས་ཡིན་ནོ། །དེ་ནི་དེ་ལྟ་བུར་བྱ་སྟེ། དེས་ནི་དགེ་འདུན་ཡང་འགལ་ཚབས་ཅན་དུ་མི་འགྱུར་རོ། །བཞིའི་ཚོགས་ཀྱིས་བྱ་བའི་ལས་བཞི་པ་ཁྱིམ་པ་མ་ཡིན། དགེ་ཚུལ་མ་
ཡིན་ཞེས་བྱ་བ་ནས་བཞི་པ་གནས་པར་མི་བྱ་བ་མ་ཡིན་པ་དང་། སྤོ་བ་མ་ཡིན་པས་བྱེད་ན་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དེ་ནི་ཆོས་ཀྱི་ལས་དང་འདུལ་བའི་ལས་ཡིན་ནོ། །དེ་ནི་དེ་ལྟ་བུར་བྱ་སྟེ། དེས་ནི་དགེ་འདུན་ཡང་འགལ་ཚབས་ཅན་དུ་མི་འགྱུར་རོ། །ལྔའི་ཚོགས་ཀྱིས་བྱ་བ་
ལྔར་མ་ཚང་བས་ལས་བྱེད་ན་དེ་ནི་ཆོས་མ་ཡིན་པའི་ལས་དང་འདུལ་བ་མ་ཡིན་པའི་ལས་ཡིན་ནོ། །དེ་ནི་དེ་ལྟ་བུར་མི་བྱ་སྟེ། དེས་ནི་དགེ་འདུན་ཡང་འགལ་ཚབས་ཅན་དུ་འགྱུར་རོ། །ལྔའི་ཚོགས་ཀྱིས་བྱ་བའི་ལས་ལྔ་པ་ཁྱིམ་པ་དང་ཞེས་བྱ་བ་ནས་ལྔ་པ་སྤོ་བས་བྱེད་ན་ཞེས་བྱ་བའི་བར་གོང་མ་

བཞིན་དུ་སྟེ། ད་ནི་ཆོས་མ་ཡིན་པའི་ལས་དང་། འདུལ་བ་མ་ཡིན་པའི་ལས་ཡིན་ནོ། །དེ་ནི་དེ་ལྟ་བུར་མི་བྱ་སྟེ། དེས་ནི་དགེ་འདུན་ཡང་འགལ་ཚབས་ཅན་དུ་འགྱུར་རོ། །ལྔའི་ཚོགས་ཀྱིས་བྱ་བའི་ལས་ལྔར་ཚང་བར་བྱེད་ན་དེ་ནི་ཆོས་ཀྱི་ལས་དང་། འདུལ་བའི་ལས་ནི་ཡིན་ནོ། །དེ་ནི་དེ་
ལྟ་བུར་བྱ་སྟེ། དེས་ན་དགེ་འདུན་ཡང་འགལ་ཚབས་ཅན་དུ་མི་འགྱུར་རོ། །ལྔའི་ཚོགས་ཀྱིས་བྱ་བའི་ལས་ལྔ་པ་ཁྱིམ་པ་མ་ཡིན་པ་དང་། དགེ་ཚུལ་མ་ཡིན་པ་དང་ཞེས་བྱ་བ་ནས། ལྔ་པ་སྤོ་བ་མ་ཡིན་པས་བྱེད་ན་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། ཆོས་ཀྱིས་བྱེད་ན་དེ་ནི་ཆོས་ཀྱི་ལས་
དང་འདུལ་བའི་ལས་ཡིན་ནོ། །དེ་ནི་དེ་ལྟ་བུར་བྱ་སྟེ། དེས་ན་དགེ་འདུན་ཡང་འགལ་ཚབས་ཅན་དུ་མི་འགྱུར་རོ། །བཅུའི་ཚོགས་ཀྱིས་བྱ་བའི་ལས་བཅུར་མ་ཚང་བས་བྱེད་ན་དེ་ནི་ཆོས་མ་ཡིན་པའི་ལས་དང་འདུལ་བ་མ་ཡིན་པའི་ལས་ཡིན་ཏེ། དེ་ནི་དེ་ལྟ་བུར་མི་བྱ་སྟེ། དེས་ནི་དགེ་འདུན་
ཡང་འགལ་ཚབས་ཅན་དུ་འགྱུར་རོ། །བཅུའི་ཚོགས་ཀྱིས་བྱ་བའི་ལས་བཅུ་པ་ཁྱིམ་པ་དང་ཞེས་བྱ་བ་ནས། བཅུ་པ་སྤོ་བས་བྱེད་ན་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དེ་ནི་ཆོས་མ་ཡིན་པའི་ལས་དང་འདུལ་བ་མ་ཡིན་པའི་ལས་ཡིན་ནོ། །དེ་ནི་དེ་ལྟ་བུར་མི་བྱ་སྟེ། དེས་ནི་དགེ་འདུན་ཡང་
འགལ་ཚབས་ཅན་དུ་འགྱུར་རོ། །བཅུའི་ཚོགས་ཀྱིས་བྱ་བའི་ལས་ཚོགས་བཅུར་ཚང་བས་ལས་བྱེད་ན་དེ་ནི་ཆོས་ཀྱི་ལས་དང་འདུལ་བའི་ལས་ཡིན་ནོ། །དེ་ནི་དེ་ལྟ་བུར་བྱ་སྟེ། དེས་ན་དགེ་འདུན་ཡང་འགལ་ཚབས་ཅན་དུ་མི་འགྱུར་རོ། །བཅུའི་ཚོགས་ཀྱིས་བྱ་བའི་ལས་བཅུ་པ་ཁྱིམ་པ་མ་ཡིན་པ་
དང་ཞེས་བྱ་བ་ནས་བཅུ་པ་སྤོ་བ་མ་ཡིན་པས་ཆོས་ཀྱི་ལས་བྱེད་ན་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དེ་ནི་ཆོས་ཀྱི་ལས་དང་འདུལ་བའི་ལས་ཡིན་ནོ། །དེ་ནི་དེ་ལྟར་བྱ་སྟེ། དེས་ན་དགེ་འདུན་ཡང་འགལ་ཚབས་ཅན་དུ་མི་འགྱུར་རོ། །ཉི་ཤུའི་ཚོགས་ཀྱིས་བྱ་བའི་ལས་ཉི་ཤུར་མ་ཚང་བས་བྱེད་ན་
དེ་ནི་ཆོས་མ་ཡིན་པ་དང་། འདུལ་བ་མ་ཡིན་པའི་ལས་ཡིན་ནོ། །དེ་ནི་དེ་ལྟ་བུར་མི་བྱ་སྟེ། དེས་ནི་དགེ་འདུན་ཡང་འགལ་ཚབས་ཅན་དུ་འགྱུར་རོ། །ཉི་ཤུའི་ཚོགས་ཀྱིས་བྱ་བའི་ལས་ཉི་ཤུ་པ་ཁྱིམ་པ་དང་དགེ་ཚུལ་དང་ཞེས་བྱ་བ་ནས། །ཉི་ཤུ་པ་སྤོ་བས་བྱེད་ན་ཞེས་བྱ་བའི་བར་གོང་མ་བཞིན་

དུ་སྟེ། དེ་ནི་ཆོས་མ་ཡིན་པའི་ལས་དང་འདུལ་བ་མ་ཡིན་པའི་ལས་ཡིན་ནོ། །དེ་ནི་དེ་ལྟ་བུར་མི་བྱ་སྟེ། དེས་ནི་དགེ་འདུན་ཡང་འགལ་ཚབས་ཅན་དུ་འགྱུར་རོ། །ཉི་ཤུའི་ཚོགས་ཀྱིས་བྱ་བ་ཉི་ཤུར་ཚང་བས་ཚོགས་ཀྱི་ལས་བྱེད་ན། དེ་ནི་ཆོས་ཀྱི་ལས་དང་འདུལ་བའི་ལས་ཡིན་
ནོ། །དེ་ནི་དེ་ལྟ་བུར་བྱ་སྟེ། །དེས་ན་དགེ་འདུན་ཡང་འགལ་ཚབས་ཅན་དུ་མི་འགྱུར་རོ། །ཉི་ཤུའི་ཚོགས་ཀྱིས་བྱ་བའི་ལས་ཉི་ཤུ་པ་ཁྱིམ་པ་མ་ཡིན་པ་དང་དགེ་ཚུལ་མ་ཡིན་པ་དང་ཞེས་བྱ་བ་ནས། ཉི་ཤུ་པ་སྤོ་བ་མ་ཡིན་པས་ཆོས་ཀྱི་ལས་བྱེད་ན་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དེ་ནི་
ཆོས་ཀྱི་ལས་དང་འདུལ་བའི་ལས་ཡིན་ནོ། །དེ་ནི་དེ་ལྟ་བུར་བྱ་སྟེ། དེས་ན་དགེ་འདུན་ཡང་འགལ་ཚབས་ཅན་དུ་མི་འགྱུར་རོ།། །།སྡོམ་ལ། ཆོས་དང་ཆོས་མིན་ལས་གང་དང་། །གསོལ་བ་གང་ཡིན་དེས་བྱས་དང་། །མངོན་སུམ་དང་ནི་ཁས་བླངས་དང་། །འཁོར་ལོ་ལྟ་བུར་བསྒྲེ་བས་འབྲེལ། །
ཆོས་མ་ཡིན་པའི་ལས་དང་ཆོས་ཀྱི་ལས་ཏེ། ཆོས་མ་ཡིན་པའི་ལས་གང་ཞེ་ན། མི་འོས་པ་ལ་བསླང་བ་ལ་མ་ཐུག་པར་སློང་ཞིང་བསླང་བར་བྱ་བ་ལ་ཇི་ལྟར་རྗེས་སུ་བསྒྲགས་པ་ཡིན་པ་དེ་བཞིན་དུ་མི་སློང་བ་ནི་ཆོས་མ་ཡིན་པའི་ལས་སོ། །འོས་པ་ལ་བསླང་བ་ལ་ཐུག་པའི་ཚེ་སློང་ཞིང་བསླང་
བར་བྱ་བ་ལ་ཇི་ལྟར་བསྒྲགས་པ་ཡིན་པ་དེ་བཞིན་དུ་སློང་བ་ནི་ཆོས་ཀྱི་ལས་སོ། །མི་འོས་པ་བསླང་བ་ལ་མ་ཐུག་པར་སློང་ཞིང་བསླང་བར་བྱ་བ་ལ་ཇི་ལྟར་བསྒྲགས་པ་ཡིན་པ་དེ་བཞིན་དུ་མི་སློང་བ་ནི་ཆོས་མ་ཡིན་པའི་ལས་སོ། །འོས་པ་ལ་བསླང་བ་ལ་ཐུག་པའི་ཚེ་སློང་ཞིང་བསླང་བར་
བྱ་བ་ལ་ཇི་ལྟར་རྗེས་སུ་བསྒྲགས་པ་ཡིན་པ་དེ་བཞིན་དུ་བསླང་བ་ནི་ཆོས་ཀྱི་ལས་སོ། །གསོལ་བ་མ་བྱས་པར་བྱེད་པ་ནི་ཆོས་མ་ཡིན་པའི་ལས་སོ། །གསོལ་བ་བྱས་ནས་བྱེད་པ་ནི་ཆོས་ཀྱི་ལས་སོ། །གསོལ་བ་དང་གཉིས་ཀྱི་ལས་ལ་གསོལ་བ་མ་བྱས་པར་ལན་གཅིག་རྗེས་སུ་སྒྲོགས་པར་
བྱེད་པ་ནི་ཆོས་མ་ཡིན་པའི་ལས་སོ། །གསོལ་བ་དང་གཉིས་ཀྱི་ལས་ལ་གསོལ་བ་བྱས་ནས་ལན་གཅིག་རྗེས་སུ་སྒྲོགས་པར་བྱེད་པ་ནི་ཆོས་ཀྱི་ལས་སོ། །གསོལ་བ་དང་བཞིའི་ལས་ལ་གསོལ་བ་མ་བྱས་པར་ལན་གསུམ་དུ་རྗེས་སུ་སྒྲོགས་པར་བྱེད་པ་ནི་ཆོས་མ་ཡིན་པའི་ལས་སོ། །གསོལ་

བ་དང་བཞིའི་ལས་ལ་གསོལ་བ་བྱས་ནས་ལན་གསུམ་དུ་རྗེས་སུ་སྒྲོགས་པར་བྱེད་པ་ནི་ཆོས་ཀྱི་ལས་སོ། །ལས་གཞན་གྱིས་གསོལ་བ་བྱས་ལ་གཞན་གྱིས་རྫོགས་པར་བྱེད་པ་ནི་ཆོས་མ་ཡིན་པའི་ལས་སོ། །ལས་དེ་ཉིད་ཀྱིས་གསོལ་བ་བྱས་ནས་རྫོགས་པར་བྱེད་པ་ནི་ཆོས་ཀྱི་ལས་སོ། །མངོན་
སུམ་དུ་བྱ་བའི་ལས་མངོན་སུམ་པ་མ་ཡིན་པ་ལ་བྱེད་པ་ནི་ཆོས་མ་ཡིན་པའི་ལས་སོ། །མངོན་སུམ་དུ་བྱ་བའི་ལས་མངོན་སུམ་པ་ལ་བྱེད་པ་ནི་ཆོས་ཀྱི་ལས་སོ། །ཁས་བླང་བར་བྱ་བའི་ལས་ཁས་མི་ལེན་པར་བྱེད་པ་ནི་ཆོས་མ་ཡིན་པའི་ལས་སོ། །ཁས་བླང་བར་བྱ་བའི་ལས་ཁས་ལེན་
པར་བྱེད་པ་ནི་ཆོས་ཀྱི་ལས་སོ། །མངོན་སུམ་གྱིས་འདུལ་བར་འོས་པ་ལ་དྲན་པས་འདུལ་བ་སྦྱིན་པ་ནི་ཆོས་མ་ཡིན་པའི་ལས་སོ། །མ་མྱོས་པས་འདུལ་བ་དང་། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་དང་། གང་ཚུལ་ཤིང་མང་པོ་བྲིམ་པ་དང་། ཁས་བླང་བར་འོས་པ་དང་། རྩྭ་བཀྲམ་པ་ལྟ་བུ་
དང་། བསྡིགས་པ་དང་། སྨད་པ་དང་། བསྐྲད་པ་དང་། སྤང་བ་དང་། མ་མཐོང་བས་གནས་ནས་དབྱུང་བ་དང་། ཕྱིར་མི་བྱེད་པས་གནས་ནས་དབྱུང་བ་དང་། སྡིག་པའི་ལྟ་བར་སོང་བ་མ་སྤངས་པས་གནས་ནས་དབྱུང་པའི་ལས་དང་། སྤོ་བ་དང་། གཞི་ནས་སྤོ་བ་དང་། ཡང་གཞི་ནས་བསླང་
སྟེ་སྤོ་བ་དང་། མགུ་བར་བྱ་བ་དང་། གཞི་ནས་མགུ་བར་བྱ་བ་དང་། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་དང་འབྱིན་པར་བྱེད་པ་ནི་ཆོས་མ་ཡིན་པའི་ལས་སོ། །མངོན་སུམ་གྱིས་འདུལ་བར་འོས་པ་ལ་མངོན་སུམ་གྱིས་འདུལ་བ་ཉིད་སྦྱིན་གྱི་དྲན་པས་འདུལ་བ་མ་ཡིན་པ་དང་ཞེས་བྱ་བ་ནས།
འབྱིན་པར་བྱེད་པ་མ་ཡིན་པ་ཞེས་བྱ་བའི་བར་དུ་ཆོས་ཀྱི་ལས་སོ། །དྲན་པས་འདུལ་བར་འོས་པ་ལ་མ་མྱོས་པས་འདུལ་བ་སྦྱིན་པ་ནི་ཆོས་མ་ཡིན་པའི་ལས་སོ། །དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་དང་ཞེས་བྱ་བ་ནས་འབྱིན་པར་བྱེད་པ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། མངོན་སུམ་གྱིས་
འདུལ་བ་སྦྱིན་པ་ནི་ཆོས་མ་ཡིན་པའི་ལས་སོ། །དྲན་པས་འདུལ་བར་འོས་པ་ལ་དྲན་པས་འདུལ་བ་ཉིད་སྦྱིན་གྱི་མ་མྱོས་པས་འདུལ་བ་མ་ཡིན། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་མ་ཡིན་ཞེས་བྱ་བ་ནས། མངོན་སུམ་གྱིས་འདུལ་བ་མ་ཡིན་པ་ཞེས་བྱ་བའི་བར་ནི་ཆོས་ཀྱི་ལས་སོ། །མ་མྱོས་པས་

འདུལ་བར་འོས་པ་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་སྦྱིན་པ་ནི་ཆོས་མ་ཡིན་པའི་ལས་སོ། །དེ་བཞིན་དུ་གང་ཚུལ་ཤིང་མང་པོ་སྦྱིན་པ་ཞེས་བྱ་བ་ནས། མངོན་སུམ་གྱིས་འདུལ་བ་དང་དྲན་པས་འདུལ་བའི་བར་སྦྱིན་པ་ནི་ཆོས་མ་ཡིན་པའི་ལས་སོ། །མ་མྱོས་པས་འདུལ་བར་འོས་པ་ལ་མ་
མྱོས་པས་འདུལ་བ་ཉིད་སྦྱིན་གྱི་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་མ་ཡིན་ཞེས་བྱ་བ་ནས། དྲན་པས་འདུལ་བ་མ་ཡིན་ཞེས་བྱ་བའི་བར་ཆོས་ཀྱི་ལས་སོ། །དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་ལ་གང་ཚུལ་ཤིང་མང་པོ་སྦྱིན་པ་ནི་ཆོས་མ་ཡིན་པའི་ལས་སོ། །བསྡིགས་པ་ཞེས་བྱ་བ་ནས་མ་མྱོས་
པས་འདུལ་བ་སྦྱིན་པ་ནི་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། ཆོས་མ་ཡིན་པའི་ལས་སོ། །དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་ལ་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་ཉིད་སྦྱིན་གྱི་གང་ཚུལ་ཤིང་མང་པོ་སྦྱིན་པ་མ་ཡིན་ཞེས་བྱ་བ་ནས། མ་མྱོས་པས་འདུལ་བ་མ་ཡིན་པ་ཞེས་བྱ་བའི་བར་ནི་
ཆོས་ཀྱི་ལས་སོ། །གང་ཚུལ་ཤིང་མང་པོ་སྦྱིན་པར་འོས་པ་ལ་བསྡིགས་པའི་ལས་བྱེད་པ་ནི་ཆོས་མ་ཡིན་པའི་ལས་སོ། །སྨད་པ་ཞེས་བྱ་བ་ནས་དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་ནི་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། ཆོས་མ་ཡིན་པའི་ལས་སོ། །གང་ཚུལ་ཤིང་མང་པོ་སྦྱིན་པར་འོས་པ་
ལ་གང་ཚུལ་ཤིང་མང་པོ་ཉིད་སྦྱིན་གྱི་བསྡིགས་པ་མ་ཡིན་ཞེས་བྱ་བ་ནས། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་མ་ཡིན་ཞེས་བྱ་བའི་བར་ནི་ཆོས་ཀྱི་ལས་སོ། །བསྡིགས་པར་འོས་པའི་ལས་ལ་སྨད་པའི་ལས་བྱེད་པ་དང་སྤང་བའི་ལས་སོང་ཞེས་བྱ་བ་ནས། གང་ཚུལ་ཤིང་མང་པོ་སྦྱིན་པར་བྱེད་པ་ནི་
ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། ཆོས་མ་ཡིན་པའི་ལས་སོ། །བསྡིགས་པར་འོས་པའི་ལས་ལ་བསྡིགས་པ་ཉིད་ཀྱི་ལས་བྱེད་ཀྱི་ལྷག་མ་གཞན་མ་ཡིན་པ་སྟེ། བསྒྲེ་བ་འདིས་འཁོར་ལོ་བཞིན་དུ་བསྒྲེ་བ་ནི་ཆོས་ཀྱི་ལས་སོ། །སྨད་པར་འོས་པའི་ལས་ལ་སྤང་བའི་ལས་བྱེད་པ་ནི་ཆོས་མ་
ཡིན་པའི་ལས་སོ་ཞེས་བྱ་བ་གོང་མ་བཞིན་ནོ། །སྨད་པར་འོས་པའི་ལས་ལ་སྨད་པའི་ལས་ཉིད་བྱེད་པ་ནི་ཆོས་ཀྱི་ལས་ཏེ་གོང་མ་བཞིན་ནོ། །བསྐྲད་པར་འོས་པའི་ལས་ལ་སྤང་བའི་ལས་བྱེད་པ་ནི་ཆོས་མ་ཡིན་པའི་ལས་ཏེ་གོང་མ་བཞིན་ནོ། །བསྐྲད་པར་འོས་པའི་ལས་ལ་བསྐྲད་པའི་ལས་ཉིད་

བྱེད་པ་ནི་ཆོས་ཀྱི་ལས་ཏེ་གོང་མ་བཞིན་ནོ། །སྤང་བར་འོས་པའི་ལས་ལ་མ་མཐོང་བས་གནས་ནས་དབྱུང་བའི་ལས་བྱེད་པ་ནི་ཆོས་མ་ཡིན་པའི་ལས་ཏེ་གོང་མ་བཞིན་ནོ། །སྤང་བར་འོས་པའི་ལས་ལ་སྤང་བ་ཉིད་ཀྱི་ལས་བྱེད་པ་ནི་ཆོས་ཀྱི་ལས་ཏེ་གོང་མ་བཞིན་ནོ། །མ་མཐོང་བས་གནས་ནས་དབྱུང་
བར་འོས་པའི་ལས་ལ་ཕྱིར་མི་བྱེད་པས་གནས་ནས་དབྱུང་བའི་ལས་བྱེད་པ་ནི་ཆོས་མ་ཡིན་པའི་ལས་ཏེ་གོང་མ་བཞིན་ནོ། །མ་མཐོང་བས་གནས་ནས་དབྱུང་བར་འོས་པའི་ལས་ལ་མ་མཐོང་བས་གནས་ནས་དབྱུང་བ་ཉིད་ཀྱི་ལས་བྱེད་པ་ནི་ཆོས་ཀྱི་ལས་ཏེ་གོང་མ་བཞིན་ནོ། །ཕྱིར་མི་བྱེད་པས་གནས་
ནས་དབྱུང་བར་འོས་པའི་ལས་ལ་སྡིག་པ་ཅན་གྱི་ལྟ་བར་སོང་བ་མ་སྤངས་པས་གནས་ནས་དབྱུང་བའི་ལས་བྱེད་པ་ནི་ཆོས་མ་ཡིན་པའི་ལས་ཏེ་གོང་མ་བཞིན་ནོ། །ཕྱིར་མི་བྱེད་པས་གནས་ནས་དབྱུང་བར་འོས་པའི་ལས་ལ་ཕྱིར་མི་བྱེད་པས་གནས་ནས་དབྱུང་བ་ཉིད་ཀྱི་ལས་བྱེད་པ་ནི་ཆོས་ཀྱི་ལས་ཏེ་
གོང་མ་བཞིན་ནོ། །སྡིག་པའི་ལྟ་བར་སོང་བ་མ་སྤངས་པས་གནས་ནས་དབྱུང་བར་འོས་པའི་ལས་ལ་སྤོ་བ་སྦྱིན་པ་ནི་ཆོས་མ་ཡིན་པའི་ལས་ཏེ་གོང་མ་བཞིན་ནོ། །སྡིག་པའི་ལྟ་བར་སོང་བ་མ་སྤངས་པས་གནས་ནས་དབྱུང་བར་འོས་པའི་ལས་ལ་སྡིག་པའི་ལྟ་བར་སོང་བ་མ་སྤངས་པས་གནས་
ནས་དབྱུང་བ་ཉིད་ཀྱི་ལས་བྱེད་པ་ནི་ཆོས་ཀྱི་ལས་ཏེ་གོང་མ་བཞིན་ནོ། །སྤོ་བར་འོས་པའི་ལས་ལ་གཞི་ནས་སྤོ་བ་སྦྱིན་པ་ནི་ཆོས་མ་ཡིན་པའི་ལས་ཏེ་གོང་མ་བཞིན་ནོ། །སྤོ་བར་འོས་པའི་ལས་ལ་སྤོ་བ་ཉིད་སྦྱིན་པ་ནི་ཆོས་ཀྱི་ལས་ཏེ་གོང་མ་བཞིན་ནོ། །གཞི་ནས་སྤོ་བར་འོས་པའི་ལས་ལ་
གཞི་ནས་བསླང་སྟེ་སྤོ་བ་སྦྱིན་པ་ནི་ཆོས་མ་ཡིན་པའི་ལས་ཏེ་གོང་མ་བཞིན་ནོ། །གཞི་ནས་སྤོ་བར་འོས་པའི་ལས་ལ་གཞི་ནས་སྤོ་བ་ཉིད་སྦྱིན་པ་ནི་ཆོས་ཀྱི་ལས་ཏེ་གོང་མ་བཞིན་ནོ། །སྤོ་བ་མ་སྤྱད་པ་ལ་མགུ་བར་བྱ་བ་སྦྱིན་པ་ནི་ཆོས་མ་ཡིན་པའི་ལས་ཏེ་གོང་མ་བཞིན་ནོ། །སྤོ་བ་སྤྱད་པ་ལ་
མགུ་བར་བྱ་བ་སྦྱིན་པ་ནི་ཆོས་ཀྱི་ལས་ཏེ་གོང་མ་བཞིན་ནོ། །མགུ་བར་བྱ་བ་མ་སྤྱད་པ་ལ་འབྱིན་པ་ནི་ཆོས་མ་ཡིན་པའི་ལས་ཏེ་གོང་མ་བཞིན་ནོ། །མགུ་བར་བྱ་བ་སྤྱད་པ་ལ་འབྱིན་པ་ནི་ཆོས་ཀྱི་ལས་ཏེ་གོང་མ་བཞིན་ནོ། །དབྱུང་བར་འོས་པ་ལ་མངོན་སུམ་གྱིས་འདུལ་བ་སྦྱིན་པ་ནི་ཞེས་བྱ་བ་ནས་

མགུ་བར་བྱ་བ་དང་མི་འབྱིན་པ་ཞེས་བྱ་བའི་བར་ནི་ཆོས་མ་ཡིན་པའི་ལས་ཏེ་གོང་མ་བཞིན་ནོ། །དབྱུང་བར་འོས་པ་ལ་དབྱུང་བ་ཉིད་བྱེད་ཀྱི་མངོན་སུམ་གྱིས་འདུལ་བ་སྦྱིན་པ་མ་ཡིན་ཞེས་བྱ་བ་ནས། མགུ་བར་བྱ་བ་མ་ཡིན་ཞེས་བྱ་བའི་བར་ནི་ཆོས་ཀྱི་ལས་ཏེ་གོང་མ་བཞིན་ནོ། །
དེ་བཞིན་དུ་རེ་རེས་མགོ་བཟུང་ནས་འཁོར་ལོ་བཞིན་དུ་བསྒྲེ་བ་རྒྱས་པར་ཁོང་དུ་ཆུད་པར་བྱའོ།། །།སྡོམ་ལ། མི་མཐུན་མཐུན་དང་འོས་པ་དང་། །ཆོས་དང་ཆོས་མིན་གནས་ནས་འབྱིན། །བསླང་བ་ཉིད་དེ་འདི་དག་ནི། །ལས་ཀྱི་གཞིར་ནི་བསྡུས་པ་ཡིན། །མི་མཐུན་པའི་ལས་དང་མཐུན་པའི་
ལས་སོ། །མི་མཐུན་པའི་ལས་གང་ཞེ་ན། མཚམས་ན་གནས་པའི་དགེ་སློང་བྱ་བར་འོས་པ་ཇི་སྙེད་པ་ཐམས་ཅད་མ་འདུས་ཤིང་མངོན་སུམ་དུ་མ་གྱུར་པ་དང་། འདུན་པ་བླང་བར་འོས་པ་རྣམས་ལས་འདུན་པ་མ་བླངས་པར་གྱུར་པ་དང་། དགེ་སློང་རྣམས་འདུས་ཤིང་མངོན་སུམ་དུ་གྱུར་ཀྱང་མི་
བཏུབ་ཅིང་ཕྱིར་འདོང་བ་གང་དག་གི་གཤེ་བ་འོས་པ་རྣམས་མི་བཏུབ་ཅིང་ཕྱིར་དོང་བ་ལས་དག་བྱེད་ན་འདི་ནི་མི་མཐུན་པའི་ལས་ཞེས་བྱའོ། །མཐུན་པའི་ལས་གང་ཞེ་ན། མཚམས་ན་གནས་པའི་དགེ་སློང་བྱ་བར་འོས་པ་ཇི་སྙེད་པ་ཐམས་ཅད་འདུས་ཤིང་མངོན་སུམ་དུ་གྱུར་པ་དང་། འདུན་
པ་བླང་བར་འོས་པ་རྣམས་ལས་འདུན་པ་བླང་བར་གྱུར་པ་དང་། དགེ་སློང་རྣམས་འདུས་ཤིང་མངོན་སུམ་དུ་གྱུར་ཀྱང་མི་བཏུབ་ཅིང་ཕྱིར་འདོང་བ་གང་དག་གཤེ་བ་འོས་པ་རྣམས་བཏུབ་ཅིང་མི་གཤེ་བ་ལས་དག་བྱེད་པ་འདི་ནི་མཐུན་པའི་ལས་ཞེས་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་
དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་དུ་ཞིག་གི་གཤེ་བ་མི་འོས་པ་ལགས། ཉེ་བ་འཁོར་བཅུ་སྟེ། ངོ་ཚ་མེད་པ་དང་། ཀླན་ཀ་ཚོལ་བ་དང་། བུས་པ་དང་། བླུན་པོ་དང་། མི་གསལ་བ་དང་། མི་མཁས་པ་དང་། མཚམས་ཀྱི་ཕྱི་རོལ་ན་གནས་པ་དང་། བར་སྣང་ལ་གནས་
པ་དང་། སྤྱོད་ལམ་ལས་ལྡང་བ་དང་། ཚིག་མ་བསྡམས་པའིའོ། །བཙུན་པ་དུ་ཞིག་གི་གཤེ་བ་འོས་པ་ལགས། ཉེ་བ་འཁོར་བཞི་སྟེ་རང་བཞིན་དུ་གནས་པ་དང་། མཚམས་ཀྱི་ནང་ན་གནས་པ་དང་། སྤྱོད་ལམ་ལས་མ་ལངས་པ་དང་། ཚིག་བསྡམས་པའི་འོ། །སངས་རྒྱས་

བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་གནས་ནས་དབྱུང་བའི་ལས་དུ་ཞིག་མཆིས་ལགས། ཉེ་བ་འཁོར་བཞི་སྟེ། མི་མཐུན་པ་དག་གིས་ཆོས་མ་ཡིན་པས་གནས་ནས་འབྱིན་པ་དང་། མཐུན་པ་དག་གིས་ཆོས་མ་ཡིན་པས་དང་། མི་མཐུན་པ་དག་
གིས་ཆོས་ཀྱིས་དང་། མཐུན་པ་དག་གིས་ཆོས་ཀྱིས་འབྱིན་པའོ། །དེ་ལ་གནས་ནས་འབྱིན་པའི་ལས་ནི་གཅིག་ཡིན་ཏེ། འདི་ལྟ་སྟེ། མཐུན་པ་དག་གིས་ཆོས་ཀྱིས་གནས་ནས་འབྱིན་པའོ། །བཙུན་པ་བསླང་བའི་ལས་དུ་མཆིས་ལགས་ཉེ་བ་འཁོར་བཞི་སྟེ། མི་མཐུན་པ་དག་གིས་
ཆོས་མ་ཡིན་པས་སློང་བ་དང་། མཐུན་པ་དག་གིས་ཆོས་མ་ཡིན་པས་དང་། མི་མཐུན་པ་དག་གིས་ཆོས་ཀྱིས་དང་། མཐུན་པ་དག་གིས་ཆོས་ཀྱིས་སློང་བའོ། །དེ་ལ་སློང་བའི་ལས་ནི་གཅིག་ཡིན་ཏེ། འདི་ལྟ་སྟེ། མཐུན་པ་དག་གིས་ཆོས་ཀྱིས་སློང་བར་བྱེད་པའོ། །ལས་ཀྱི་
གཞི་རྫོགས་སོ།། །།ཕྱིར་བཅོས་པའི་གཞིའི་སྡོམ་ནི། །དམར་སེར་ཅན་གྱི་གཞི་དང་ནི། །དེ་བཞིན་གང་ཟག་དག་དང་ནི། །དེ་ནས་སྤོ་བ་བྱ་བ་དང་། །གསོ་སྦྱོང་གཞག་པར་བྱ་བ་དང་། །གནས་མལ་དང་ནི་རྩོད་པ་དང་། །དགེ་འདུན་འབྱེད་པ་ཕྱི་མ་ཡིན། །དམར་སེར་ཅན་གྱི་གཞིའི་
སྡོམ་ནི། དམར་སེར་ཅན་དག་བསྡིགས་པ་དང་། ལེགས་ལྡན་སྨད་པར་བྱ་བ་དང་། །འགྲོ་མགྱོགས་དང་ནི་ནབ་སོ་གཉིས། །བསྐྲད་དང་ཆུ་སྟོད་ཕྱིར་འགྱེད་དང་། །འདུན་པ་ཡི་ནི་མ་མཐོང་དང་། །དེ་བཞིན་སླར་ནི་མི་འཆོས་དང་། །འཆི་ལྟས་སྡིག་པའི་ལྟ་བ་ཅན། །འཆར་ཀ་དང་ནི་
ལས་ལྔའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་ཡོད་ན་དགེ་སློང་དམར་སེར་ཅན་འཐབ་ཀྲོལ་བྱེད་པ་མཚང་འདྲུ་བར་བྱེད་པ། རྩོད་པར་བྱེད་པ། འགྱེད་པར་བྱེད་པ། རྩོད་པའི་གཞི་བྱེད་པ་
རྣམས་གནས་ཏེ། དེ་རྣམས་དགེ་འདུན་ལ་ཡང་དང་ཡང་དུ་རྩོད་པའི་གཞི་སྐྱེད་པས་དེས་ན་དགེ་འདུན་འཐབ་ཀྲོལ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་ཞིང་གནས་སོ། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དམར་སེར་ཅན་གྱི་དགེ་སློང་འཐབ་ཀྲོལ་བྱེད་པ། མཚང་འདྲུ་བར་བྱེད་པ། རྩོད་པར་བྱེད་པ། འགྱེད་པར་བྱེད་པ། རྩོད་པའི་གཞི་བྱེད་པ་རྣམས་དང་། གཞན་ཡང་དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་བསྡིགས་པའི་ལས་བྱོས་ཤིག །
རྒྱུ་ལྔས་བསྡིགས་པའི་ལས་བྱས་ན་དེ་ནི་ཆོས་མ་ཡིན་པའི་ལས་དང་། འདུལ་བ་མ་ཡིན་པའི་ལས་ཡིན་ཏེ། དེས་ནི་དགེ་འདུན་ཡང་འགལ་ཚབས་ཅན་དུ་འགྱུར་རོ། །ལྔ་གང་གིས་ཞེ་ན། གླེང་བ་མ་བྱས་པ་དང་། དྲན་པར་མ་བྱས་པ་དང་། གཞི་མེད་པ་དང་། ཁས་མ་བླངས་པ་དང་།
མངོན་སུམ་དུ་མ་གྱུར་པར་བྱེད་པའོ། །ཡང་རྒྱུ་ལྔས་བསྡིགས་པའི་ལས་བྱས་ན་དེ་ནི་ཆོས་ཀྱི་ལས་དང་འདུལ་བའི་ལས་ཡིན་ཏེ། དེས་ན་དགེ་འདུན་ཡང་འགལ་ཚབས་ཅན་དུ་མི་འགྱུར་རོ། །ལྔ་གང་གིས་ཞེ་ན། གླེང་བ་བྱས་པ་དང་། དྲན་པར་བྱས་པ་དང་། གཞི་དང་བཅས་པ་དང་།
ཁས་བླངས་པ་དང་། མངོན་སུམ་དུ་གྱུར་པར་བྱེད་པའོ། །འདི་ལྟར་ཡང་བྱ་སྟེ། གནས་མལ་བཤམས་ལ་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང་། དགེ་སློང་གཅིག་གིས་གསོལ་
བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། །དགེ་སློང་དམར་སེར་ཅན་འདི་དག་ནི་འཐབ་ཀྲོལ་བགྱིད་པ། མཚང་འདྲུ་བར་བགྱིད་པ། རྩོད་པར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པའི་གཞི་བགྱིད་པ་དག་ལགས་ཏེ། འདི་དག་གིས་དགེ་འདུན་ལ་ཡང་དང་
ཡང་དུ་རྩོད་པའི་གཞི་སྐྱེད་པར་བགྱིད་དེ། དེས་ན་དགེ་འདུན་འཐབ་ཀྲོལ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་ཞིང་གནས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་དམར་སེར་ཅན་འཐབ་
ཀྲོལ་བགྱིད་པ། མཚང་འདྲུ་བར་བགྱིད་པ། རྩོད་པར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པའི་གཞི་བགྱིད་པ་རྣམས་ལ་བསྡིགས་པའི་ཕྲིན་ལས་མཛད་དོ། །འདི་ནི་གསོལ་བའོ། །དེ་ནས་ལས་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་དམར་སེར་ཅན་འདི་

དག་ནི་འཐབ་ཀྲོལ་བགྱིད་པ། མཚང་འདྲུ་བར་བགྱིད་པ། རྩོད་པར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པའི་གཞི་བགྱིད་པ་ལགས་ཏེ། འདི་དག་གིས་དགེ་འདུན་ལ་ཡང་དང་ཡང་དུ་རྩོད་པའི་གཞི་སྐྱེད་པར་བགྱིད་དེ་དེས་ན་དགེ་འདུན་འཐབ་ཀྲོལ་དང་། མཚང་འདྲུ་བ་དང་། རྩོད་
པ་དང་། འགྱེད་པ་བྱུང་ཞིང་གནས་པས། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་དམར་སེར་ཅན་འཐབ་ཀྲོལ་བགྱིད་པ། མཚང་འདྲུ་བར་བགྱིད་པ། རྩོད་པར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པའི་གཞི་བགྱིད་པ་རྣམས་ལ་བསྡིགས་པའི་ཕྲིན་ལས་མཛད་ན། ཚེ་དང་ལྡན་པ་གང་
དག་དགེ་སློང་དམར་སེར་ཅན་རྣམས་ལ་ཞེས་བྱ་བ་ནས། བསྡིགས་པའི་ཕྲིན་ལས་མཛད་པར་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་བརྗོད་པ་དང་པོ་ཡིན་ཏེ། དེ་བཞིན་དུ་ལས་
བརྗོད་པ་གཉིས་པ་དང་། གསུམ་པའི་བར་དུ་བརྗོད་པར་བྱའོ། །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་དམར་སེར་ཅན་ཞེས་བྱ་བ་ནས་བསྡིགས་པའི་ཕྲིན་ལས་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བའི་བར་གོང་
མ་བཞིན་ནོ། །དགེ་སློང་དག་ངས་བསྔགས་པའི་ལས་བྱས་པའི་དགེ་སློང་གི་ཀུན་ཏུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། བསྡིགས་པའི་ལས་བྱས་པའི་དགེ་སློང་གིས་རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱ། གནས་མི་སྦྱིན་དགེ་ཚུལ་གཞག་པར་མི་བྱ། དགེ་སློང་
མ་རྣམས་ལ་གདམས་པར་མི་བྱ། དགེ་སློང་མ་རྣམས་ཀྱི་གདམས་ངག་དབོག་པར་བསྐོ་བར་མི་བྱ། སྔར་བསྐོས་ན་ཡང་དགེ་སློང་མ་རྣམས་ལ་གདམས་པར་མི་བྱའོ། །དགེ་སློང་ལ་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པས་
གླེང་བ་དང་། དྲན་པར་མི་བྱ། གདམས་ངག་སྦྱིན་པར་མི་བྱ་སྟེ། གསོ་སྦྱོང་མ་ཡིན། དགག་དབྱེ་མ་ཡིན། གསོལ་བ་དང་གཉིས་པ་མ་ཡིན། གསོལ་བ་དང་བཞིའི་ལས་མ་ཡིན་ནོ། །བསྡིགས་པའི་ལས་བྱས་པའི་དགེ་སློང་གིས་ཀུན་ཏུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་བཞིན་

ཡང་དག་པར་བླངས་ནས་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ལྟར་བསྡིགས་པའི་ལས་བྱས་པ་དེ་རྣམས་སྐྲ་གྱེན་དུ་འགྲེང་བ་ལྟ་བུ་དང་སྐྲ་ཞིག་པ་ལྟ་བུ་དགེ་འདུན་ལ་སྤུ་ས་ལ་ལྟུང་བ་ལྟ་བུར་བྱེད། འབྱུང་བར་བསྐྱོད་མཚུངས་པར་ཉེ་བར་སྟོན་
ལ་མཚམས་ཀྱི་ནང་དུ་འདུག་ནས་བསླང་བ་གསོལ་ཏེ། འཐབ་ཀྲོལ་བྱེད་པ་ཉིད་སྤོང་ངོ་ཞེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་དམར་སེར་ཅན་འཐབ་ཀྲོལ་བྱེད་པ་
བསྡིགས་པའི་ལས་བྱས་པ་རྣམས་དང་གཞན་ཡང་དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་བསླང་བར་གྱིས་ཤིག །བསྡིགས་པའི་ལས་བྱས་པ་ཆོས་ལྔ་དང་ལྡན་པ་ནི་བསླང་བར་མི་བྱའོ། །ལྔ་གང་ཞེ་ན། སྐྲ་གྱེན་དུ་འགྲེང་བ་ལྟ་བུ་དང་། སྐྲ་ཞིག་པ་ལྟ་བུ་དང་། དགེ་འདུན་ལ་སྤུ་
ས་ལ་ལྟུང་བ་ལྟ་བུར་མི་བྱེད་པ་དང་། འབྱུང་བར་མི་བསྐྱོད་པ་དང་། མཚུངས་པར་ཉེ་བར་མི་སྟོན་པ་དང་། མཚམས་ཀྱི་ནང་དུ་འདུག་སྟེ་བསླང་བ་མི་གསོལ་བ་དང་། འཐབ་ཀྲོལ་བྱེད་པ་དེ་མི་སྤོང་བ་སྟེ། ཆོས་འདི་ལྔ་དང་ལྡན་པ་ནི་ཞེས་བྱ་བ་གོང་མ་བཞིན་དུའོ། །གཞན་ཡང་
བསྡིགས་པའི་ལས་བྱས་པ་ཆོས་ལྔ་དང་ལྡན་པ་ནི་བསླང་བར་མི་བྱ་སྟེ། ལྔ་གང་ཞེ་ན། ཕོ་བྲང་འཁོར་དུ་རྟོན་པ་དང་། བསྐོས་པ་འདུས་པའི་སར་རྟོན་པ་དང་། མུ་སྟེགས་ཅན་ལ་རྟོན་པ་དང་། གང་ཟག་ལ་རྟོན་པ་དང་། དགེ་འདུན་ལ་མི་རྟོན་པ་སྟེ། ཆོས་འདི་ལྔ་དང་ལྡན་པ་ནི་ཞེས་
བྱ་བ་གོང་མ་བཞིན་ནོ། །གཞན་ཡང་བསྡིགས་པའི་ལས་བྱས་པ་ཆོས་ལྔ་དང་ལྡན་པ་ནི་བསླང་བར་མི་བྱ་སྟེ། ལྔ་གང་ཞེ་ན། ཁྱིམ་པའི་རྟགས་འཆང་བ་དང་། མུ་སྟེགས་ཅན་གྱི་རྟགས་འཆང་བ་དང་། མུ་སྟེགས་ཅན་ལ་སྟེན་ཅིང་བསྙེན་ལ་བསྙེན་བཀུར་བྱེད་པ་དང་། སྤྱོད་པར་
བྱ་བ་མ་ཡིན་པ་སྤྱོད་པ་དང་། དགེ་སློང་གི་བསླབ་པ་ལ་མི་སློབ་པ་སྟེ། ཆོས་འདི་ལྔ་ཞེས་བྱ་བ་གོང་མ་བཞིན་དུའོ། །གཞན་ཡང་བསྡིགས་པའི་ལས་བྱས་པ་ཆོས་ལྔ་དང་ལྡན་པ་ནི་བསླང་བར་མི་བྱ་སྟེ། ལྔ་གང་ཞེ་ན། དགེ་སློང་རྣམས་ལ་གཤེ་བར་བྱེད་པ་དང་། ཁྲོ་བར་བྱེད་པ་

དང་། ཁ་ཟེར་བར་བྱེད་པ་དང་། དགེ་འདུན་གྱི་རྙེད་པ་མེད་པར་བྱེད་པ་དང་། གནས་མེད་པར་བརྩོན་པར་བྱེད་པ་སྟེ། ཆོས་འདི་ལྔ་དང་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཡང་བསྡིགས་པའི་ལས་བྱས་པ་ཆོས་ལྔ་དང་ལྡན་པ་ནི་བསླང་བར་བྱ་སྟེ། ལྔ་གང་ཞེ་ན། སྐྲ་གྱེན་དུ་
འགྲེང་བ་ལྟ་བུ་དང་། སྐྲ་ཞིག་པ་ལྟ་བུ་དང་། དགེ་འདུན་ལ་སྤུ་ས་ལ་ལྟུང་བ་ལྟ་བུར་བྱེད་པ་དང་། འབྱུང་བར་བསྐྱོད་པ་དང་། མཚུངས་པར་ཉེ་བར་སྟོན་པ་དང་། མཚམས་ཀྱི་ནང་དུ་འདུག་སྟེ་བསླང་བ་གསོལ་བ་དང་། འཐབ་ཀྲོལ་བྱེད་པ་ཉིད་སྤོང་བ་སྟེ་ཆོས་འདི་ལྔ་དང་ཞེས་བྱ་བ་
གོང་མ་བཞིན་དུའོ། །གཞན་ཡང་བསྡིགས་པའི་ལས་བྱས་པ་ཆོས་ལྔ་དང་ལྡན་པ་ནི་བསླང་བར་བྱ་སྟེ། ལྔ་གང་ཞེ་ན། ཕོ་བྲང་འཁོར་དུ་མི་རྟོན་པ་དང་། བསྐོས་པ་འདུས་པའི་སར་མི་རྟོན་པ་དང་། མུ་སྟེགས་ཅན་ལ་མི་རྟོན་པ་དང་། གང་ཟག་ལ་མི་རྟོན་པ་དང་། དགེ་འདུན་
ལ་རྟོན་པ་སྟེ། ཆོས་འདི་ལྔ་དང་ལྡན་པ་ནི་ཞེས་བྱ་བ་གོང་མ་བཞིན་དུའོ། །གཞན་ཡང་བསྡིགས་པའི་ལས་བྱས་པ་ཆོས་ལྔ་དང་ལྡན་པ་ནི་བསླང་བར་བྱ་སྟེ། ལྔ་གང་ཞེ་ན། ཁྱིམ་པའི་རྟགས་མི་འཆང་བ་དང་། མུ་སྟེགས་ཅན་གྱི་རྟགས་མི་འཆང་བ་དང་། མུ་སྟེགས་ཅན་
ལ་མི་སྟེན་ཅིང་མི་བསྙེན་ལ་བསྙེན་བཀུར་མི་བྱེད་པ་དང་། སྤྱད་པར་བྱ་བ་སྤྱོད་པ་དང་། དགེ་སློང་གི་བསླབ་པ་ལ་སློབ་པ་སྟེ། ཆོས་འདི་ལྔ་དང་ཞེས་བྱ་བ་གོང་མ་བཞིན་དུའོ། །གཞན་ཡང་བསྡིགས་པའི་ལས་བྱས་པ་ཆོས་ལྔ་དང་ལྡན་པ་ནི་བསླང་བར་བྱ་སྟེ། ལྔ་གང་ཞེ་ན། དགེ་
སློང་རྣམས་ལ་མི་གཤེ་བ་དང་། མི་ཁྲོ་བ་དང་། ཁ་མི་ཟེར་བ་དང་། དགེ་འདུན་གྱི་རྙེད་པའི་ཕྱིར་དང་། གནས་ཀྱི་ཕྱིར་བརྩོན་པ་སྟེ། ཆོས་འདི་ལྔ་དང་ཞེས་བྱ་བ་གོང་མ་བཞིན་དུའོ། །བསླང་བ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམས་ལ་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་
གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང་། དགེ་སློང་དམར་སེར་ཅན་རྣམས་ཀྱིས་རྒན་རིམས་ཇི་ལྟ་བ་བཞིན་དུ་གདུད་པ་བྱས་ལ། རྒན་རིམས་ཀྱི་མདུན་དུ་ཙོག་ཙོག་པོར་འདུག་སྟེ་ཐལ་མོ་སྦྱར་བ་བཏུད་ནས་ཚིག་

འདི་སྐད་ཅེས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་ཅག་དགེ་སློང་དམར་སེར་ཅན་འཐབ་ཀྲོལ་བགྱིད་པ། མཚང་འདྲུ་བར་བགྱིད་པ། རྩོད་པར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པའི་གཞི་བགྱིད་པ་ལགས་པས། བདག་ཅག་གིས་
དགེ་འདུན་ལ་ཡང་དང་ཡང་དུ་རྩོད་པའི་གཞི་བསྐྱེད་དེ། དེས་ན་དགེ་འདུན་འཐབ་ཀྲོལ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་ཞིང་གནས་པས། དགེ་འདུན་གྱིས་བདག་ཅག་དགེ་སློང་དམར་སེར་ཅན་འཐབ་ཀྲོལ་བགྱིད་པ། མཚང་འདྲུ་བར་བགྱིད་པ། རྩོད་པར་
བགྱིད་པ། འགྱེད་པར་བགྱིད་པ། རྩོད་པའི་གཞི་བགྱིད་པ་རྣམས་ལ་བསྡིགས་པའི་ཕྲིན་ལས་མཛད་ལགས་ཏེ། བདག་ཅག་བསྡིགས་པའི་ཕྲིན་ལས་མཛད་ལགས་པ་རྣམས་སྐྲ་གྱེན་དུ་འགྲེང་བ་ལྟ་བུ་དང་། སྐྲ་ཞིག་པ་ལྟ་བུར་དགེ་འདུན་ལ་སྤུ་ས་ལ་ལྟུང་བར་ལྟ་བུར་བགྱིད།
འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན། མཚམས་ཀྱི་ནང་དུ་མཆིས་ནས་བསླང་བ་གསོལ་ཏེ། འཐབ་ཀྲོལ་བགྱིད་པ་ཉིད་ཀྱང་སྤོང་ན་དགེ་འདུན་བཙུན་པ་ཐུགས་བརྩེ་བ་ཅན་ཐུགས་བརྩེ་བ་ཉེ་བར་བཟུང་ནས། བདག་ཅག་དགེ་སློང་དམར་སེར་ཅན་འཐབ་ཀྲོལ་བགྱིད་པ། མཚང་
འདྲུ་བར་བགྱིད་པ། རྩོད་པར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པའི་གཞི་བགྱིད་པ་བསྡིགས་པའི་ཕྲིན་ལས་མཛད་པ་ལགས་པ་བསླང་བར་གསོལ། དེ་སྐད་ལན་གཉིས་ལན་གསུམ་དུ་བཟླས་སོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་
འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་དམར་སེར་ཅན་འདི་དག་ནི་འཐབ་ཀྲོལ་བགྱིད་པ་ནས་རྩོད་པའི་གཞི་བགྱིད་པའི་བར་དུ་སྟེ། དེ་དག་གིས་དགེ་འདུན་ལ་ཡང་དང་ཡང་དུ་རྩོད་པའི་གཞི་སྐྱེད་དེ། དེས་ན་དགེ་འདུན་འཐབ་ཀྲོལ་དང་། མཚང་འདྲུ་བ་དང་། རྩོད་པ་
དང་། འགྱེད་པ་བྱུང་ཞིང་གནས་པས། དགེ་འདུན་གྱིས་འཐབ་ཀྲོལ་བགྱིད་པ་འདི་རྣམས་ལ་བསྡིགས་པའི་ཕྲིན་ལས་མཛད་ལགས་ཏེ། བསྡིགས་པའི་ཕྲིན་ལས་མཛད་ལགས་པ་འདི་རྣམས་སྐྲ་གྱེན་དུ་འགྲེང་བ་ལྟ་བུ་དང་། སྐྲ་ཞིག་པ་ལྟ་བུར་དགེ་འདུན་ལ་སྤུ་ས་ལ་ལྟུང་བ་

ལྟ་བུར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན། མཚམས་ཀྱི་ནང་དུ་མཆིས་ནས་བསླང་བ་གསོལ་ཏེ། འཐབ་ཀྲོལ་བགྱིད་པ་ཉིད་ཀྱང་སྤོང་ངོ་ཞེས་མཆི་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་
འདུན་གྱིས་དགེ་སློང་དམར་སེར་ཅན་རྣམས་བསླང་བར་མཛད་དོ། །འདི་ནི་གསོལ་བའོ། །ལས་བྱ་བ་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་དམར་སེར་ཅན་འདི་དག་ནི་འཐབ་ཀྲོལ་བགྱིད་པ་ཞེས་བྱ་བ་ནས་རྩོད་པའི་གཞི་བགྱིད་པའི་བར་དུ་སྟེ། དེ་དག་
གིས་དགེ་འདུན་ལ་རྩོད་པའི་གཞི་སྐྱེད་དེ། དེས་ན་དགེ་འདུན་འཐབ་ཀྲོལ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་ཞིང་གནས་པས། དགེ་འདུན་གྱིས་འཐབ་ཀྲོལ་བགྱིད་པ་འདི་རྣམས་ལ་བསྡིགས་པའི་ཕྲིན་ལས་མཛད་ལགས་ཏེ། བསྡིགས་པའི་ཕྲིན་ལས་
མཛད་ལགས་པ་འདི་རྣམས་སྐྲ་གྱེན་དུ་འགྲེང་བ་ལྟ་བུ་དང་། སྐྲ་ཞིག་པ་ལྟ་བུར་དགེ་འདུན་ལ་སྤུ་ས་ལ་ལྟུང་བ་ལྟ་བུར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན། མཚམས་ཀྱི་ནང་དུ་མཆིས་ནས་བསླང་བ་གསོལ་ཏེ། འཐབ་ཀྲོལ་བགྱིད་པ་ཉིད་ཀྱང་སྤོང་ངོ་
ཞེས་མཆི་ནས། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་དམར་སེར་ཅན་འཐབ་ཀྲོལ་བགྱིད་པ་བསྡིགས་པའི་ཕྲིན་ལས་མཛད་ལགས་པ་རྣམས་བསླང་བར་མཛད་ན་ཚེ་དང་ལྡན་པ་གང་དག་དགེ་སློང་དམར་སེར་ཅན་འཐབ་ཀྲོལ་བགྱིད་པ་བསྡིགས་པའི་ཕྲིན་ལས་མཛད་ལགས་པ་
རྣམས་བསླང་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལས་བརྗོད་པ་གཉིས་དང་གསུམ་གྱི་བར་དུ་བརྗོད་པར་བྱའོ། །དགེ་འདུན་གྱི་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་
སློང་དམར་སེར་ཅན་འཐབ་ཀྲོལ་བགྱིད་པ་བསྡིགས་པའི་ཕྲིན་ལས་མཛད་ལགས་པ་རྣམས་བསླང་བར་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། །།འདུལ་བ་གཞི། བམ་པོ་བདུན་བཅུ་པ། སངས་རྒྱས་བཅོམ་ལྡན་འདས་

རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་དགེ་སློང་ལེགས་ལྡན་ཡང་དང་ཡང་དུ་ལྟུང་བ་འབྱིན་པ་ཞིག་སྟེ། དགེ་འདུན་ལྷག་མའི་ལྟུང་བ་འབྱིན་པས་དེ་ལ་དགེ་སློང་རྣམས་ཀྱིས་སྤོ་བ་དང་། གཞི་ནས་སྤོ་བ་དང་། མགུ་
བར་བྱ་བ་སྦྱིན་པ་དང་། འབྱིན་པས་བྱ་བ་མང་ཞིང་བྱེད་པ་མང་པོར་གྱུར་པས་ལུང་ནོད་པ་དང་། ཀློག་པ་དང་། འདོན་པ་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ཞི་གནས་སུ་བྱ་བ་ཤོར་བར་གྱུར་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་
གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་ལེགས་ལྡན་ཡང་དང་ཡང་དུ་ལྟུང་བ་འབྱིན་པ་དང་། གཞན་ཡང་དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་སྨད་པའི་ལས་བྱོས་ཤིག །རྒྱུ་ལྔས་སྨད་པའི་ལས་བྱས་ན་དེ་ནི་ཆོས་མ་ཡིན་པའི་
ལས་དང་འདུལ་བ་མ་ཡིན་པའི་ལས་ཡིན་ཏེ། དེས་ན་དགེ་འདུན་ཡང་འགལ་ཚབས་ཅན་དུ་འགྱུར་རོ། །ལྔ་གང་གིས་ཞེ་ན། གླེང་བ་མ་བྱས་པ་དང་། དྲན་པར་མ་བྱས་པ་དང་། གཞི་མེད་པ་དང་། ཁས་མ་བླངས་པ་དང་། མངོན་སུམ་དུ་མ་གྱུར་པར་བྱེད་པའོ། །ཡང་རྒྱུ་ལྔས་
སྨད་པའི་ལས་བྱས་ན་དེ་ནི་ཆོས་ཀྱི་ལས་དང་འདུལ་བའི་ལས་ཡིན་ཏེ། དེས་ན་དགེ་འདུན་ཡང་འགལ་ཚབས་ཅན་དུ་མི་འགྱུར་རོ། །ལྔ་གང་གིས་ཞེ་ན། གླེང་བ་བྱས་པ་དང་། དྲན་པར་བྱས་པ་དང་། གཞི་དང་བཅས་པ་དང་། ཁས་བླངས་པ་དང་། མངོན་སུམ་དུ་གྱུར་པའིའོ། །
འདི་ལྟར་ཡང་བྱ་སྟེ། གནས་མལ་བཤམས་ལ་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང་། དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་
དུ་གསོལ། དགེ་སློང་ལེགས་ལྡན་འདི་ལྟུང་བ་ཡང་དང་ཡང་དུ་བགྱིད་དེ། ཡང་དང་ཡང་དུ་དགེ་འདུན་ལྷག་མའི་ལྟུང་བ་འབྱིན་པས་དགེ་སློང་རྣམས་འདི་ལ་སྤོ་བ་དང་། གཞི་ནས་སྤོ་བ་དང་། མགུ་བ་སྩོལ་བ་དང་། འབྱིན་པ་མཛད་པས་བགྱི་བ་མང་ཞིང་བགྱིད་པ་མངས་པས་ལུང་ནོད་པ་དང་

ཀློག་པ་དང་། འདོན་པ་དང་། རྣལ་འབྱོར་དང་། ཡིད་ལ་བགྱི་བ་དང་། ནང་དུ་སེམས་ཞི་གནས་སུ་བགྱི་བ་ཤོར་བར་གྱུར་ལགས་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་ལེགས་ལྡན་ཡང་དང་
ཡང་དུ་ལྟུང་བ་འབྱིན་པ་ལ་སྨད་པའི་ཕྲིན་ལས་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ལེགས་ལྡན་འདི་ཡང་དང་ཡང་དུ་ལྟུང་བ་བགྱིད་དེ། ཡང་དང་ཡང་དུ་དགེ་འདུན་ལྷག་མའི་ལྟུང་བ་འབྱིན་ནས་དགེ་
སློང་རྣམས་འདི་ལ་སྤོ་བ་དང་། གཞི་ནས་སྤོ་བ་དང་། མགུ་བར་བགྱི་བ་སྩལ་བ་དང་། འབྱིན་པར་མཛད་པས་བགྱི་བ་མང་ཞིང་བགྱིད་པ་མངས་པས་ལུང་ནོད་པ་དང་། ཀློག་པ་དང་། འདོན་པ་དང་། རྣལ་འབྱོར་དང་། ཡིད་ལ་བགྱི་བ་དང་། ནང་དུ་སེམས་ཞི་གནས་སུ་བགྱི་
བ་ཤོར་ནས། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་ལེགས་ལྡན་ཡང་དང་ཡང་དུ་ལྟུང་བ་བགྱིད་པ་ལ་སྨད་པའི་ཕྲིན་ལས་མཛད་ན་ཚེ་དང་ལྡན་པ་གང་དག་དགེ་སློང་ལེགས་ལྡན་ཡང་དང་ཡང་དུ་ལྟུང་བ་འབྱིན་པ་ལ་སྨད་པའི་ཕྲིན་ལས་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །
གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་བརྗོད་པ་དང་པོ་ཡིན་ཏེ། དེ་བཞིན་དུ་ལས་བརྗོད་པ་གཉིས་པ་དང་། གསུམ་གྱི་བར་དུ་བརྗོད་པར་བྱའོ། །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་ལེགས་ལྡན་ཡང་དང་ཡང་དུ་ལྟུང་བ་འབྱིན་པ་ལ་
སྨད་པའི་ཕྲིན་ལས་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དགེ་སློང་དག་ངས་དགེ་སློང་སྨད་པའི་ལས་བྱས་པའི་ཀུན་ཏུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། དགེ་སློང་སྨད་པའི་ལས་བྱས་པས་རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱ།
གནས་སྦྱིན་པར་མི་བྱ། དགེ་ཚུལ་གཞག་པར་མི་བྱ། ཞེས་བྱ་བའི་བར་གོང་མ་བཞིན་དུ་བསྡིགས་པའི་ལས་བྱས་པ་ལ་གསུངས་པ་དེ་བཞིན་དུ་བརྗོད་པར་བྱའོ། །སྨད་པའི་ལས་བྱས་པའི་དགེ་སློང་གིས་ཀུན་ཏུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་བཞིན་ཡང་དག་པར་བླངས་ཏེ་འཇུག་པར་མི་

བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ལྟར་སྨད་པའི་ལས་བྱས་པ་དེ་སྐྲ་གྱེན་དུ་འགྲེང་བ་ལྟ་བུ་དང་། སྐྲ་ཞིག་པ་ལྟ་བུ་དང་། དགེ་འདུན་ལ་སྤུ་ས་ལ་ལྟུང་བ་ལྟ་བུར་བྱེད་ཅེས་བྱ་བ་ནས། མཚམས་ཀྱི་ནང་དུ་འདུག་ནས་བསླང་བར་གསོལ་ཏེ། ཡང་དང་ཡང་དུ་ལྟུང་བ་བྱེད་པ་
ཉིད་ཀྱང་སྤོང་ངོ་ཞེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་དགེ་སློང་ལེགས་ལྡན་སྨད་པའི་ལས་བྱས་པ་དང་། གཞན་ཡང་དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་བསླང་བའི་ལས་
བྱོས་ཤིག །སྨད་པའི་ལས་བྱས་པ་ཆོས་ལྔ་དང་ལྡན་པ་བསླང་བར་བྱ་སྟེ། ལྔ་གང་ཞེ་ན། སྐྲ་གྱེན་དུ་འགྲེང་བ་ལྟ་བུ་དང་། སྐྲ་ཞིག་པ་ལྟ་བུར་དགེ་འདུན་ལ་སྤུ་ས་ལ་ལྟུང་བ་ལྟ་བུར་བྱེད་པ་དང་། འབྱུང་བར་བསྐྱོད་པ་དང་། མཚུངས་པར་ཉེ་བར་སྟོན་པ་དང་། མཚམས་ཀྱི་ནང་དུ་
འདུག་ནས་བསླང་བ་གསོལ་པ་དང་། ཡང་དང་ཡང་དུ་ལྟུང་བ་འབྱིན་པ་ཡང་སྤོང་བའོ། །བསླང་བ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམས་ལ་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་
དང་། དགེ་སློང་ལེགས་ལྡན་གྱིས་རྒན་རིམས་ཀྱི་མདུན་དུ་ཙོག་ཙོག་པོར་འདུག་ལ་ཐལ་མོ་སྦྱར་བ་བཏུད་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་ལེགས་ལྡན་ཡང་དང་ཡང་དུ་ལྟུང་བ་བགྱིད་དེ། ཡང་དང་ཡང་དུ་དགེ་འདུན་ལྷག་
མའི་ལྟུང་བ་འབྱིན་པས། དེའི་སླད་དུ་བདག་ལ་དགེ་སློང་རྣམས་ཀྱིས་སྤོ་བ་དང་། གཞི་ནས་སྤོ་བ་དང་། མགུ་བར་བགྱི་བར་སྩོལ་བ་དང་། འབྱིན་པས་བགྱི་བ་མང་ཞིང་བགྱིད་པ་མངས་པས་ལུང་ནོད་པ་དང་། ཀློག་པ་དང་། འདོན་པ་དང་། རྣལ་འབྱོར་དང་། ཡིད་ལ་བགྱི་བ་དང་། ནང་དུ་སེམས་
ཞི་གནས་སུ་བགྱི་བ་ཤོར་ནས་དགེ་འདུན་གྱིས་བདག་ལ་སྨད་པའི་ཕྲིན་ལས་མཛད་ལགས་ཏེ། སྨད་པའི་ཕྲིན་ལས་མཛད་ལགས་པ་བདག་སྐྲ་གྱེན་དུ་འགྲེང་བ་ལྟ་བུ་དང་། སྐྲ་ཞིག་པ་ལྟ་བུར་དགེ་འདུན་ལ་སྤུ་ས་ལ་ལྟུང་བ་ལྟ་བུར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན།

མཚམས་ཀྱི་ནང་དུ་མཆིས་ནས་བསླང་བ་གསོལ་ཏེ། ཡང་དང་ཡང་དུ་ལྟུང་བ་འབྱིན་པ་ཡང་སྤོང་བར་བགྱིད་ན། དགེ་འདུན་བཙུན་པ་ཐུགས་བརྩེ་བ་ཅན་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་དགེ་སློང་ལེགས་ལྡན་ཡང་དང་ཡང་དུ་ལྟུང་བ་འབྱིན་པ་སྨད་པའི་ཕྲིན་ལས་མཛད་ལགས་
པ་བསླང་བར་གསོལ། དེ་སྐད་ཅེས་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ལེགས་ལྡན་འདི་ཡང་དང་ཡང་དུ་ལྟུང་བ་འབྱིན་ཏེ་ཞེས་བྱ་བ་ནས་
ནང་དུ་སེམས་ཞི་གནས་སུ་བགྱི་བར་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དགེ་འདུན་གྱིས་འདི་ཡང་དང་ཡང་དུ་ལྟུང་བ་བགྱིད་པས་སྨད་པའི་ཕྲིན་ལས་མཛད་དེ། སྨད་པའི་ཕྲིན་ལས་མཛད་ལགས་པ་འདི་སྐྲ་གྱེན་དུ་འགྲེང་བ་ལྟ་བུ་དང་། སྐྲ་ཞིག་པ་ལྟ་བུར་དགེ་འདུན་ལ་སྤུ་ས་ལ་
ལྟུང་བ་ལྟ་བུར་བགྱིད་ཅེས་བྱ་བ་ནས། ཡང་དང་ཡང་དུ་ལྟུང་བ་འབྱིན་པ་ཉིད་ཀྱང་སྤོང་ངོ་ཞེས་མཆིས་ན་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་ལེགས་ལྡན་ཡང་
དང་ཡང་དུ་ལྟུང་བ་འབྱིན་པ་སྨད་པའི་ཕྲིན་ལས་མཛད་ལགས་པ་སློང་བར་མཛད་དོ། །འདི་ནི་གསོལ་བའོ། །ལས་བྱ་བ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་ལེགས་ལྡན་ཡང་དང་ཡང་དུ་ལྟུང་བ་འབྱིན་པ་སྨད་པའི་ཕྲིན་ལས་མཛད་ལགས་པ་འདི་སྐྲ་གྱེན་དུ་འགྲེང་
བ་ལྟ་བུ་དང་། སྐྲ་ཞིག་པ་ལྟ་བུར་དགེ་འདུན་ལ་སྤུ་ས་ལ་ལྟུང་བ་ལྟ་བུར་བགྱིད། འབྱུང་བར་བསྐྱོད། མཚུངས་པར་ཉེ་བར་སྟོན། མཚམས་ཀྱི་ནང་དུ་མཆིས་ནས་བསླང་བ་གསོལ་ཏེ། ཡང་དང་ཡང་དུ་ལྟུང་བ་བགྱིད་པ་ཉིད་ཀྱང་སྤོང་ངོ་ཞེས་མཆི་ནས་དེའི་སླད་དུ་དགེ་འདུན་གྱིས་དགེ་
སློང་ལེགས་ལྡན་ཡང་དང་ཡང་དུ་ལྟུང་བ་བགྱིད་པ་སྨད་པའི་ཕྲིན་ལས་མཛད་ལགས་པ་སློང་བར་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་ལེགས་ལྡན་ཡང་དང་ཡང་དུ་ལྟུང་བ་བགྱིད་པ་སྨད་པའི་ཕྲིན་ལས་མཛད་ལགས་པ་བསླང་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །

གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལས་བརྗོད་པ་གཉིས་དང་གསུམ་གྱི་བར་དུ་བརྗོད་པར་བྱའོ། །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་ལེགས་ལྡན་ཡང་དང་ཡང་དུ་ལྟུང་བ་བགྱིད་པ་སྨད་
པའི་ཕྲིན་ལས་མཛད་ལགས་པ་བསླང་སྟེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་རི་ནག་པོ་ལ་དགེ་སློང་འགྲོ་མགྱོགས་དང་
ནབ་སོ་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་གནས་སོ། །དེ་གཉིས་དགེ་སྦྱོང་གི་ལས་མ་ཡིན་པ་འདི་ལྟ་བུ་དག་བྱེད་ཅིང་བྱེད་དུ་འཇུག་སྟེ། འདི་ལྟ་སྟེ་བུད་མེད་དང་ལྷན་ཅིག་ཁ་དཔྱ་ཟེར། རྩེ་བར་བྱེད། ཟེ་སློང་བར་བྱེད། མིག་ཟུར་གྱིས་ལྟ་བར་བྱེད། འཕྱར་བར་བྱེད།
ལུས་ཀྱིས་སྙོགས་པར་བྱེད། སྟན་གཅིག་ལ་ཡང་ལྷན་ཅིག་འདུག་པར་བྱེད། སྣོད་གཅིག་ཏུ་ལོངས་སྤྱོད་པར་བྱེད། ཕོར་བུ་གཅིག་ཏུ་ཆང་རྣམ་པ་སྣ་ཚོགས་འཐུང་བར་བྱེད། མེ་ཏོག་འཐོག་པར་བྱེད། འཐོག་ཏུ་འཇུག །མེ་ཏོག་ཕྲེང་རྒྱུད་པར་བྱེད། རྒྱུད་དུ་འཇུག །མེ་ཏོག་
གི་ཐུམ་བུའི་རྣ་རྒྱན་བྱེད། བྱེད་དུ་འཇུག །གར་བྱེད། གར་བྱེད་དུ་འཇུག །གླུ་ལེན་པར་བྱེད། གླུ་ལེན་དུ་འཇུག །རོལ་མོའི་ཆ་བྱད་འབུད་པར་བྱེད། འབུད་དུ་འཇུག །གར་མཁས་པ་དང་། གླུ་སྙན་པ་དང་། རོལ་མོའི་ཆ་བྱད་འབུད་པ་མཁས་པ་ལ་གླ་སྦྱིན་པར་བྱེད། གོས་
རྣམས་བརྫེས་ནས་རྒྱུག་པར་བྱེད། མཆོང་བར་བྱེད། རྒལ་བར་བྱེད། རྐང་པ་གཅིག་བསྐུམས་ཏེ་སྐོར་བར་ཡང་བྱེད། ལག་འགྲོས་ཀྱིས་ཀྱང་སྐོར་བར་བྱེད། ཉ་ཚར་གྱིས་ཀྱང་སྐོར་བར་བྱེད། ཆུ་བགགས་ཤིང་གཏོང་བར་བྱེད། ཆུ་ལ་སྦལ་པའི་སྐད་འབྱིན། ཆུ་ལ་རྔའི་སྒྲ་
ཡང་འབྱིན། གླང་པོ་ཆེའི་སྐད་ཀྱང་འབྱིན། རྟའི་སྐད་ཀྱང་འབྱིན། ཁྱུ་མཆོག་འགྱིང་བའི་སྐད་ཀྱང་འབྱིན། ཁས་རྫ་རྔའི་སྐད་ཀྱང་འབྱིན། ཁས་དུང་དང་། ཁས་རྔ་དང་། རྨ་བྱའི་སྐད་ཀྱང་འབྱིན། ཁུ་བྱུག་གི་སྐད་ཀྱང་འབྱིན། གླང་པོ་ཆེའི་འཐབ་མོ་ཡང་བྱེད། རྟའི་འཐབ་མོ་དང་། ཁྱུ་

མཆོག་གི་འཐབ་མོ་དང་། མ་ཧེའི་འཐབ་མོ་དང་། རའི་འཐབ་མོ་དང་། ལུག་གི་འཐབ་མོ་དང་། བུད་མེད་ཀྱི་འཐབ་མོ་དང་། སྐྱེས་པའི་འཐབ་མོ་དང་། གཞོན་ནུའི་འཐབ་མོ་དང་། གཞོན་ནུ་མའི་འཐབ་མོ་དང་། བྱ་གག་གི་འཐབ་མོ་དང་། སྲེག་པའི་འཐབ་མོ་དང་། བྱི་ཁྲའི་འཐབ་
མོ་ཡང་བྱེད་ཅིང་བྱེད་དུ་འཇུག་སྟེ། དེ་རྣམས་དང་གཞན་ཡང་དགེ་སྦྱོང་གི་ལས་མ་ཡིན་པ་བྱེད་ཅིང་བྱེད་དུ་འཇུག་གོ། །དེ་གཉིས་ཀྱི་ཚུལ་དང་། སྤྱོད་པ་དང་། ལོག་པར་སྒྲུབ་པ་དེས་རི་ནག་པོ་ལ་དགེ་སློང་མ་འོངས་པ་རྣམས་མི་འོང་ཞིང་འོངས་པ་རྣམས་ཀྱང་མི་འདོད་པས་རི་ནག་པོའི་
གནས་འདོར་བར་བྱེད་དོ། །རི་ནག་པོ་ན་གནས་པའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱང་ཡིད་མ་རངས་ཤིང་མ་མགུ་བས་འོངས་ནས་རིང་དུ་ལོན་པ་གཉུག་མར་གནས་པ་རྣམས་ལ་ཡང་བཀའ་འཁོར་དུ་བསོད་སྙོམས་སྦྱིན་པར་བྱ་བར་མི་སེམས་ན་གློ་བུར་བ་རྣམས་ལ་ལྟ་སྨོས་ཀྱང་ཅི་
འཚལ། ཇི་ཙམ་དུས་གཞན་ཞིག་ན་ཚེ་དང་ལྡན་པ་ཀུན་དགའ་བོ་ཡུལ་ཀ་ཤི་ནས་ལྗོངས་རྒྱུ་ཞིང་སོང་བ་དང་རི་ནག་པོར་ཕྱིན་ནས་རི་ནག་པོའི་ཚལ་ན་འདུག་གོ། །ཚེ་དང་ལྡན་པ་ཀུན་དགའ་བོ་སྔ་དྲོ་ཤམ་ཐབས་བགོས་ཆོས་གོས་དང་ལྷུང་བཟེད་ཐོགས་ནས་རི་ནག་པོར་བསོད་སྙོམས་
ཀྱི་ཕྱིར་ཞུགས་པ་ལས། དེ་ཇི་ལྟར་ལྷུང་བཟེད་བཀྲུས་པས་རི་ནག་པོར་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་ལྷུང་བཟེད་བཀྲུས་པ་དེ་བཞིན་དུ་སླར་ལོག་སྟེ་སྦྱིན་པ་ཡང་མ་རྙེད། ཚིག་ཀྱང་མ་སྟེར་ཏེ་ཆུང་ངུ་ན་བསོད་སྙོམས་གཅིག་ཀྱང་མ་རྙེད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་
འདི་སྙམ་དུ་སེམས་ཏེ། རི་ནག་པོ་འདི་སྔོན་ཡང་འབྱོར་ཅིང་རྒྱས་པ། ལོ་ལེགས་པ། སྐྱེ་བོ་དང་མི་མང་པོས་གང་བར་གྱུར་ཅིང་བསོད་སྙོམས་པ་དང་སློང་མོ་བས་རྙེད་བླ་བར་གྱུར་ལ། ད་དུང་ཡང་རི་ནག་པོ་འདི་འབྱོར་ཅིང་རྒྱས་པ། བདེ་བ་དང་ལོ་ལེགས་པ་དང་། སྐྱེ་བོ་དང་མི་
མང་པོས་གང་བར་གྱུར་ན། འོན་ཀྱང་བདག་ནི་ཇི་ལྟར་ལྷུང་