Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 003_འདུལ་བ།_ག
Văn bản gốc(Tây Tạng)
Trang 8 / 19 (50.000 ký tự/trang)
ན་གྱིས་རློབ་པར་བྱེད་ན་ཉེས་པར་བྱིན་གྱིས་བརླབས་པ་ཡིན་ནོ། །དགེ་སློང་གིས་དགེ་སློང་ལ་ཆོས་གོས་དག་སྐུར་བར་བྱེད་པ་ན། གང་ལ་བསྐུར་བ་དེས་སླར་བཟློག་ལ། གང་གིས་བསྐུར་བ་དེ་ལ་ཡིད་ གཅུགས་པས་སྤྱད་ན་ལེགས་པར་སྤྱད་པ་ཡིན་ནོ། །གང་ལ་བསྐུར་བ་དེ་ལ་ཡིད་གཅུགས་པས་སྤྱད་ན་ཉེས་པར་སྤྱད་པ་ཡིན་ནོ། །དགེ་སློང་གིས་དགེ་སློང་ལ་ཆོས་གོས་དག་སྐུར་བ་ན་གང་ལ་བསྐུར་བ་དེ་ནི་ཤི་ལ་གང་ལ་བསྐུར་བ་དེའི་ཤི་བའི་ཡོ་བྱད་དུ་རུང་བར་བྱིན་གྱིས་རློབ་པར་བྱེད་ན་ ལེགས་པར་བྱིན་གྱིས་བརླབས་པ་ཡིན་ནོ། །གང་གིས་བསྐུར་བ་དེའི་ཤི་བའི་ཡོ་བྱད་དུ་བྱིན་གྱིས་རློབ་པར་བྱེད་ན་ཉེས་པར་བྱིན་གྱིས་བརླབས་པ་ཡིན་ནོ། །དགེ་སློང་གིས་དགེ་སློང་ལ་ཆོས་གོས་དག་སྐུར་བར་བྱེད་པ་ན་གང་ལ་བསྐུར་བ་དེས་སླར་བཟློག་ལ་གང་གིས་བསྐུར་བ་དེ་ཡང་ཤི་ནས་གང་ ལ་བསྐུར་བ་དེ་ལ་ཡིད་གཅུགས་པས་སྤྱད་ན་ཉེས་པར་སྤྱད་པ་ཡིན་ནོ། །གང་ལ་བསྐུར་བ་དེའི་ཤི་བའི་ཡོ་བྱད་དུ་རུང་བར་བྱིན་གྱིས་རློབ་པར་བྱེད་ན་ལེགས་པར་བྱིན་གྱིས་བརླབས་པ་ཡིན་ནོ། །དགེ་སློང་གིས་དགེ་སློང་ལ་ཆོས་གོས་དག་སྐུར་བར་བྱེད་པ་ན་གང་ལ་བསྐུར་བ་དེས་སླར་བཟློག་ནས་ དེ་ཤི་ལ། གང་གིས་སྐུར་བར་བྱེད་པ་དེ་ཡང་ཤི་ན། དེ་ཤི་བའི་ཡོ་བྱད་དུ་རུང་བར་བྱིན་གྱིས་རློབ་པར་བྱེད་ན་ཉེས་པར་བྱིན་གྱིས་བརླབས་པ་ཡིན་ནོ། །གང་གིས་བསྐུར་བ་དེའི་ཤི་བའི་ཡོ་བྱད་དུ་རུང་བར་བྱིན་གྱིས་རློབ་པར་བྱེད་ན་ལེགས་པར་བྱིན་གྱིས་བརླབས་པ་ཡིན་ནོ། །གོས་ཀྱི་གཞི་རྫོགས་ སོ།། །།སྲ་བརྐྱང་གི་གཞིའི་སྡོམ་ནི། གནས་བཅས་པ་དང་ཁ་ཅིག་དང་། །རྡོལ་བ་དང་ནི་བླིངས་པ་དང་། །དུས་དང་གང་ཟག་མ་མོའི་གཞི། །ཉི་ཤུ་དག་ཏུ་བྱས་པ་དང་། །དགོས་པ་དག་ནི་བཅུ་གཉིས་ཏེ། །གནས་བཅས་དབྱར་གནས་དམ་བཅས་པ། །སྟོན་པ་ལྟ་བར་ འདོད་པ་ན། །འདམ་རྫབ་ཀྱིས་ནི་ངལ་གྱུར་པ། །དེ་ལ་དེར་ནི་ཆོས་གོས་གནང་། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་དབྱར་བཞུགས་པར་ཞལ་གྱིས་བཞེས་སོ། །དེའི་ཚེ་དགེ་སློང་རབ་ཏུ་མང་པོ་དག་གནས་བཅས་སུ་ དབྱར་གནས་པར་དམ་བཅས་ཏེ་དབྱར་གྱི་ཟླ་བ་གསུམ་པོ་དག་འདས་ནས་ཆོས་གོས་བྱས་པ་དང་ལྡན་ཆོས་གོས་ཟིན་པ་དང་ལྡན་ནས་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། རྩྭ་སྟུག་པོ་དང་རྫབ་ཆེན་པོར་ཚ་བས་ངལ་བར་གྱུར་ཅིང་རྡུལ་གྱིས་ལུས་ཡོག་བཞིན་མཉན་ཡོད་གང་ན་བ་དེར་རྒྱུ་ཞིང་སོང་ སྟེ། རིམ་གྱིས་རྒྱུ་ཞིང་སོང་བ་དང་མཉན་ཡོད་དུ་ཕྱིན་ཏོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་དག་གིས་ཆོས་གོས་དང་ལྷུང་བཟེད་མཁོས་སུ་ཕབ་ནས་རྐང་པ་བཀྲུས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་དོང་ནས་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཆོས་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གློ་བུར་དུ་ལྷགས་པའི་དགེ་སློང་རྣམས་ལ་སོ་སོ་ཡང་དག་པར་དགའ་བར་མཛད་པ་འདིས་སོ་སོ་ཡང་དག་པར་དགའ་བར་མཛད་དེ། དགེ་སློང་དག་ཁྱེད་ད་གཟོད་གནས་ འོངས། གནས་གང་དུ་དབྱར་གནས་གནས། བཙུན་པ་བདག་ཅག་ནི་གནས་བཅས་ནས་ད་གཟོད་མཆིས་ལགས་ཏེ། བདག་ཅག་གནས་བཅས་ན་དབྱར་མཆིས་ལགས་སོ། །དགེ་སློང་དག་ཁྱེད་ཅག་གནས་བཅས་སུ་ཅི་ག་བདེ་བ་ལ་རེག་པར་དབྱར་གནས་སམ། བསོད་སྙོམས་ ཀྱིས་བྲེལ་བར་མ་གྱུར་མོད། བཙུན་པ་མད་པར་གསོལ་ཏེ། བདག་ཅག་གནས་བཅས་སུ་བདེ་བ་ལ་རེག་པར་དབྱར་གནས་ཤིང་བདག་ཅག་བསོད་སྙོམས་ཀྱིས་ཀྱང་བྲེལ་བ་མ་མཆིས་ལགས་སོ། །འོན་ཀྱང་བདག་ཅག་ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ། རྩྭ་སྟུག་པོ་དང་རྫབ་ཆེན་ པོར་ཚ་བས་ངལ་བར་གྱུར་ཅིང་རྡུལ་གྱིས་ལུས་ཡོག་པས་ལྗོངས་རྒྱུ་ཞིང་མཆིས་ཏེ། རིམ་གྱིས་རྒྱུ་ཞིང་མཆི་བ་ན་ཚེགས་ཆེན་པོས་འདིར་མཆིས་པ་ལགས་སོ།། །།འདུལ་བ་གཞི། བམ་པོ་དྲུག་བཅུ་བདུན་པ། བཅོམ་ལྡན་འདས་ཀྱིས་དགོངས་པ། ཀྱེ་མ་ངའི་ཉན་ཐོས་རྣམས་ ལྷུང་བཟེད་དང་ཆོས་གོས་ཐོགས་ཏེ་རྩྭ་སྟུག་པོ་དང་རྫབ་ཆེན་པོར་ཚ་བས་ངལ་བར་གྱུར་ཅིང་། ལུས་རྡུལ་གྱིས་ཡོག་པས་ལྗོངས་རྒྱུ་ཞིང་འགྲོ་བ་ནི་ཉོན་མོངས་ཀྱིས། མ་ལ་ངས་དགེ་སློང་རྣམས་རེག་པར་གནས་པར་བྱ་བའི་ཕྱིར་དང་། སྦྱིན་པ་པོ་རྣམས་ཀྱི་སྦྱིན་པའི་ཆོས་ལོངས་སྤྱད་པར་བྱ་ བའི་ཕྱིར་དགེ་སློང་རྣམས་ལ་སྲ་བརྐྱང་གནང་བར་བྱའོ། །འདི་ལྟར་སྲ་བརྐྱང་བཏིང་ན་ཕན་ཡོན་ལྔ་ཡོད་དེ་ཞག་བཅུ་ལས་ཐལ་ན་མ་ཡིན་པ་དང་། ཟླ་བ་ལས་ཐལ་ན་མ་ཡིན་པ་དང་། ནུབ་མོ་བྲལ་ན་མ་ཡིན་པ་དང་། བླ་གོས་མཐང་གོས་དང་བཅས་པའི་ཆོས་གོས་ཀྱིས་ལྗོངས་རྒྱུར་འགྲོ་ བ་དང་། ཆོས་གོས་རུང་བ་མ་ཡིན་པ་ཇི་ཙམ་འདོད་པ་འཆང་བ་ན་མ་ཡིན་པའོ། །གཞན་ཡང་ཕན་ཡོན་ལྔ་ཡོད་དེ། ཚོགས་ཤིང་ཟན་མ་ཡིན་པ་དང་། ཡང་ཡང་ཟན་མ་ཡིན་པ་དང་། ཁྱིམ་རྣམས་སུ་མགྲོན་དུ་མ་བོས་པར་འགྲོ་ན་མ་ཡིན་པ་དང་། ཇི་ཙམ་འདོད་པའི་ཆོས་གོས་བཙལ་ བ་དང་། སྟོན་ཟླ་འབྲིང་པོ་ནས་དཔྱིད་ཟླ་ར་བའི་བར་གྱི་ནང་དེར་སྲ་བརྐྱང་བཏིང་བ་རྣམས་ཀྱི་རྙེད་པ་ཡིན་ནོ་སྙམ་དུ་དགོངས་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་ངས་རྗེས་སུ་གནང་སྟེ། དགེ་སློང་རྣམས་བདེ་བ་ལ་རེག་པར་གནས་པར་བྱ་བའི་ཕྱིར་དང་། སྦྱིན་ པ་པོ་རྣམས་ཀྱི་སྦྱིན་པའི་ཆོས་ལོངས་སྤྱད་པར་བྱ་བའི་ཕྱིར་དབྱར་གནས་པའི་དགེ་སློང་རྣམས་ཀྱིས་སྲ་བརྐྱང་གདིང་བར་བྱའོ། །འདི་ལྟར་སྲ་བརྐྱང་ལ་ཕན་ཡོན་ལྔ་ཡོད་དེ། ཞག་བཅུ་ཐལ་ན་མ་ཡིན་པ་དང་ཞེས་བྱ་བ་ནས་སྲ་བརྐྱང་བཏིང་བ་རྣམས་ཀྱི་རྙེད་པ་ཡིན་ནོ་ཞེས་བྱ་བའི་བར་གོང་མ་ བཞིན་དུའོ། །བཅོམ་ལྡན་འདས་ཀྱིས་སྲ་བརྐྱང་གདིང་བར་བྱའོ་ཞེས་བཀའ་སྩལ་ན། དགེ་སློང་རྣམས་ཀྱིས་སྲ་བརྐྱང་ཇི་ལྟར་གདིང་བ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབྱར་གནས་པའི་དགེ་འདུན་གྱི་ཆོས་གོས་ཀྱི་རྙེད་པ་ཡོད་པ་གང་ཡིན་པ་དེ་ལས་གདིང་བར་ བྱའོ། །གདིང་བ་ནི་འདི་ལྟར་བྱ་སྟེ། རེ་ཞིག་ཐོག་མར་མཐུན་པའི་གོ་བར་བྱ་སྟེ། ཆོས་གོས་འདི་ནི་དབྱར་གནས་པའི་དགེ་འདུན་གྱི་ཆོས་གོས་ཀྱི་རྙེད་པ་བྱུང་བ་ལགས་ཏེ། གལ་ཏེ་དགེ་འདུན་བཞེད་ན་ཆོས་གོས་འདིས་དགེ་འདུན་གྱི་སྲ་བརྐྱང་གདིང་བར་བགྱིའོ། །དེ་ནས་ཕྱི་དེ་ཉིན་ གནས་མལ་བཤམས་ནས་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང་། དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཆོས་ གོས་འདི་ནི་དབྱར་གནས་པའི་དགེ་འདུན་གྱི་ཆོས་གོས་ཀྱི་རྙེད་པ་བྱུང་བ་ལགས་ཏེ། དགེ་འདུན་གྱི་ཆོས་གོས་འདིས་སྲ་བརྐྱང་བགྱིས་ནས་སྲ་བརྐྱང་གདིང་པར་བཞེད་ན། དེས་ན་སྲ་བརྐྱང་བཏིང་བའི་གནས་ནས་ཆས་པ་ལ་ཆོས་གོས་རྙིང་པ་རྣམས་དང་འབྲལ་བ་ཡང་མི་འབྱུང་ན། གསར་པ་རྣམས་དང་ལྟ་སྨོས་ཀྱང་ཅི་འཚལ་བར་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟར་དགེ་འདུན་གྱིས་ཆོས་གོས་འདི་སྲ་བརྐྱང་དུ་མཛད་དེ། ཆོས་གོས་འདིས་དགེ་འདུན་གྱི་སྲ་བརྐྱང་འདིངས་སོ། །དེས་ན་ སྲ་བརྐྱང་བཏིང་བའི་གནས་ནས་ཆས་པ་ལ་ཆོས་གོས་རྙིང་པ་རྣམས་དང་འབྲལ་བ་ཡང་མི་འབྱུང་ན། གསར་པ་རྣམས་དང་ལྟ་སྨོས་ཀྱང་ཅི་འཚལ། འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཆོས་གོས་འདི་ནི་དབྱར་གནས་ པའི་དགེ་འདུན་གྱི་རྙེད་པ་བྱུང་བ་ལགས་ལ། དགེ་འདུན་ཡང་སྲ་བརྐྱང་བགྱི་བར་བཞེད་དེ། དགེ་འདུན་གྱིས་ཆོས་གོས་འདི་སྲ་བརྐྱང་དུ་མཛད་པས་ཆོས་གོས་འདིས་དགེ་འདུན་གྱི་སྲ་བརྐྱང་འདིངས་སོ། །དེས་ན་སྲ་བརྐྱང་བཏིང་བའི་གནས་ནས་ཆས་པ་ལ་ཆོས་གོས་རྙིང་པ་རྣམས་ དང་འབྲལ་བ་ཡང་མི་འབྱུང་ན། གསར་པ་རྣམས་དང་ལྟ་སྨོས་ཀྱང་ཅི་འཚལ། ཚེ་དང་ལྡན་པ་རྣམས་ལས་གང་དག་ཆོས་གོས་འདི་སྲ་བརྐྱང་དུ་བགྱི་ཞིང་ཆོས་གོས་འདིས་དགེ་འདུན་གྱི་སྲ་བརྐྱང་བཏིང་སྟེ། དེས་ན་སྲ་བརྐྱང་བཏིང་བའི་གནས་ནས་ཆས་པ་ལས་ཆོས་གོས་རྙིང་པ་ རྣམས་དང་འབྲལ་བ་ཡང་མི་འབྱུང་ན། གསར་པ་རྣམས་དང་ལྟ་སྨོས་ཀྱང་ཅི་འཚལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །དགེ་འདུན་གྱིས་ཆོས་གོས་འདི་སྲ་བརྐྱང་དུ་མཛད་ནས་ཆོས་གོས་འདིས་དགེ་འདུན་གྱི་སྲ་བརྐྱང་ འདིངས་ཏེ། དེས་ན་སྲ་བརྐྱང་བཏིང་བའི་གནས་ནས་ཆས་པ་ལ་ཆོས་གོས་རྙིང་པ་རྣམས་དང་འབྲལ་བ་ཡང་མི་འབྱུང་ན། གསར་པ་རྣམས་དང་ལྟ་སྨོས་ཀྱང་ཅི་འཚལ་བར་དགེ་འདུན་གྱིས་བཟོད་ཅིང་གནང་ནས་འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེའི་འོག་ཏུ་སྲ་བརྐྱང་ འདིངས་པའི་དགེ་སློང་བསྐོ་བར་བྱ་སྟེ། ཆོས་ལྔ་དང་ལྡན་པའི་དགེ་སློང་ནི་སྲ་བརྐྱང་འདིངས་པར་མ་བསྐོས་པ་ནི་བསྐོ་བར་མི་བྱ་ཞིང་བསྐོས་བ་ནི་དབྱུང་བར་བྱའོ། །ལྔ་གང་ཞེ་ན། དབྱར་གྱི་མ་ཡིན་པ་དང་། དབྱར་རལ་བ་དང་། དབྱར་ཕྱི་མར་གནས་པར་དམ་བཅས་པ་དང་། དབྱར་ཐ་ དད་པར་གནས་པ་དང་། བསླབ་པ་བྱིན་པའོ། །གཞན་ཡང་ཆོས་ལྔ་དང་ལྡན་ན་བསྐོ་བར་མི་བྱ་སྟེ། སྤོ་བ་པ་དང་། གཞི་ནས་སྤོ་བ་པ་དང་། མགུ་བར་བྱ་བ་སྤྱོད་པ་དང་། གཞི་ནས་མགུ་བར་བྱ་བ་སྤྱོད་པ་དང་། གནས་ནས་ཕྱུང་བའོ། །གཞན་ཡང་ཆོས་ལྔ་དང་ལྡན་ན་བསྐོ་བར་མི་བྱ་ སྟེ། འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དང་། སྲ་བརྐྱང་བཏིང་བ་དང་མ་བཏིང་བ་མི་ཤེས་པའོ། །ཡང་ཆོས་ལྔ་དང་ལྡན་པའི་དགེ་སློང་ནི་སྲ་བརྐྱང་འདིངས་པར་མ་བསྐོས་པ་ནི་བསྐོ་བར་བྱ་ཞིང་བསྐོས་པ་ནི་དབྱུང་ བར་མི་བྱའོ། །ལྔ་གང་ཞེ་ན། འདུན་པས་མི་འགྲོ་བ་དང་། ཞེ་སྡང་གིས་མི་འགྲོ་བ་དང་། གཏི་མུག་གིས་མི་འགྲོ་བ་དང་། འཇིགས་པས་མི་འགྲོ་བ་དང་། སྲ་བརྐྱང་བཏིང་བ་དང་མ་བཏིང་བ་ཤེས་པའོ། །བསྐོ་བ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམས་ཏེ་ཞེས་བྱ་བ་ནས། དགེ་ འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། རེ་ཞིག་ཐོག་མར་སྤྲོ་བར་བྱ་སྟེ། མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་གྱི་སྲ་བརྐྱང་འདིངས་པར་སྤྲོའམ། གལ་ཏེ་སྤྲོ་ན་དེས་སྤྲོའོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་ བར་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། སྲ་བརྐྱང་འདིངས་པའི་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྲ་བརྐྱང་འདིངས་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟར་ དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་སྲ་བརྐྱང་འདིངས་པར་བསྐོས་ཏེ། སྲ་བརྐྱང་འདིངས་པ་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་སྲ་བརྐྱང་འདིངས་པར་འགྱུར་རོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། སྲ་བརྐྱང་ འདིངས་པ་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྲ་བརྐྱང་འདིངས་པར་སྤྲོ་ན། དེའི་སླད་དུ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་སྲ་བརྐྱང་འདིངས་པར་བསྐོས་ཏེ། སྲ་བརྐྱང་འདིངས་པ་མིང་འདི་ཞེས་བགྱི་བས་དགེ་འདུན་གྱི་སྲ་བརྐྱང་འདིངས་པར་འགྱུར་ན། ཚེ་དང་ལྡན་པ་རྣམས་ ལས་གང་དག་མིང་འདི་ཞེས་བགྱི་བ་སྲ་བརྐྱང་འདིངས་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་སྲ་བརྐྱང་འདིངས་པ་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་སྲ་ བརྐྱང་འདིངས་པར་བསྐོས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནས་གསོལ་བས་སྲ་བརྐྱང་འདིངས་པའི་དགེ་སློང་ལ་སྲ་བརྐྱང་སྦྱིན་པར་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་འདུན་གྱིས་ཆོས་གོས་འདི་ནི་སྲ་བརྐྱང་དུ་མཛད་ལགས་ལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་ཡང་སྲ་བརྐྱང་འདིངས་པར་བསྐོས་ལགས་ཏེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟར་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཆོས་གོས་འདི་སྲ་བརྐྱང་གི་སླད་དུ་སྩལ་ཏོ། །འདི་ ནི་གསོལ་བའོ། །ངས་དགེ་སློང་སྲ་བརྐྱང་འདིངས་པའི་ཀུན་ཏུ་སྤྱོད་པའི་ཆོས་དག་བཅའ་བར་བྱ་སྟེ། དགེ་སློང་སྲ་བརྐྱང་འདིངས་པས་སྲ་བརྐྱང་ལ་ཐམས་ཅད་དུ་ཐོག་མར་འགྲོ་བར་བྱ་སྟེ། བཀྲུའོ། །བརྐྱང་ངོ་། །དྲའོ། །དྲུབ་བོ།། །ཁ་བསྒྱུར་རོ། །ཆུང་ངུ་ན་ཁབ་ཀྱིས་སྲུབས་ གཉིས་སམ། གསུམ་ཡང་བཙེམ་པར་བྱའོ། །ལན་གཉིས་སམ་གསུམ་དུ་སེམས་བསྐྱེད་པར་བྱའོ། །དེ་ནས་སྟོན་ཟླ་འབྲིང་པོ་ཟླ་བ་ཡར་གྱི་ངོའི་ཚེས་བཅོ་ལྔ་ལ་གོ་བར་བྱ་སྟེ། ཚེ་དང་ལྡན་པ་དག་སང་ཁོ་བོ་སྲ་བརྐྱང་འདིངས་ཀྱིས་ཁྱེད་ཅག་སོ་སོའི་ཆོས་གོས་སྔགས་ཕྱུང་ཤིག །དེ་ ནས་སྲ་བརྐྱང་འདིངས་པའི་དགེ་སློང་གིས་སྲ་བརྐྱང་དྲི་དང་མེ་ཏོག་གིས་གཏོར་ཞིང་དྲི་ཞིམ་པོའི་བདུག་པས་བདུགས་ནས་གནས་མལ་བཤམས་ཏེ་གཎྜཱི་བརྡུངས་ནས་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང་ རྒན་པའི་མཐར་གཞག་པར་བྱའོ། །དེ་ནས་རྒན་པའི་མཐར་འདུག་ནས་སྲ་བརྐྱང་བླངས་ཏེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་འདུན་གྱིས་ཆོས་གོས་འདི་ནི་སྲ་བརྐྱང་དུ་མཛད་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ཡང་སྲ་བརྐྱང་འདིངས་པར་བསྐོས་ཏེ། སྲ་བརྐྱང་ འདིངས་པ་བདག་མིང་འདི་ཞེས་བགྱི་བས་ཆོས་གོས་འདིས་དགེ་འདུན་གྱི་སྲ་བརྐྱང་འདིངས་པར་འགྱུར་རོ། །གདིང་ངོ་། །བཏིང་ངོ་། །དེ་སྐད་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ནས་བཏིང་ནས་དགེ་འདུན་གྱི་གནས་བརྟན་གྱི་མདུན་དུ་འདུག་སྟེ་འདི་སྐད་ཅེས་གནས་བརྟན་ དགོངས་སུ་གསོལ། ཆོས་གོས་འདི་ནི་དགེ་འདུན་གྱིས་སྲ་བརྐྱང་དུ་མཛད་ལ། བདག་མིང་འདི་ཞེས་བགྱི་བ་ཡང་སྲ་བརྐྱང་འདིངས་པར་བསྐོས་པ་ལགས་ཏེ། བདག་གིས་ཆོས་གོས་འདིས་དགེ་འདུན་གྱི་སྲ་བརྐྱང་བཏིང་ལགས་སོ་ཞེས་བརྗོད་པར་བྱའོ། །དེས་ལེགས་པར་ བཏིང་ངོ་། །ཤིན་ཏུ་བཏིང་སྟེ། འདི་ལ་རྙེད་པ་དང་ཕན་ཡོན་ཡོད་པ་གང་ཡིན་པ་དེ་ནི་བདག་ཅག་གི་ཡིན་ནོ་ཞེས་བརྗོད་པར་བྱ་ཞིང་དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་དགེ་འདུན་གསར་བུའི་བར་དུ་ཐམས་ཅད་ཀྱིས་ལེགས་པར་བཏིང་ངོ་། །ཤིན་ཏུ་བཏིང་སྟེ། འདི་ལ་རྙེད་ པ་དང་ཕན་ཡོན་ཡོད་པ་གང་ཡིན་པ་དེ་ནི་བདག་ཅག་གི་ཡིན་ནོ་ཞེས་བརྗོད་པར་བྱའོ། །སྲ་བརྐྱང་འདིངས་པའི་དགེ་སློང་གིས་སྲ་བརྐྱང་ཐོགས་ཏེ་ཆབ་ཁུང་སར་མ་ཡིན། སྣམས་ཕྱི་སར་མ་ཡིན་ཏེ། ཚང་བང་དུ་འཇུག་པར་མི་བྱའོ། །མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་བར་མི་བྱའོ། ། གལ་ཏེ་སོང་ན་དེར་གནས་པར་མི་བྱའོ། །སྲ་བརྐྱང་འདིངས་པའི་དགེ་སློང་གིས་ཀུན་ཏུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་བཞིན་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དེ་ནས་སྲ་བརྐྱང་འདིངས་པའི་དགེ་སློང་གིས་དཔྱིད་ཟླ་ར་བ་ཡར་གྱི་ངོའི་ཚེས་ བཅོ་ལྔ་ལ་ཡང་གོ་བར་བྱ་སྟེ། ཚེ་དང་ལྡན་པ་དག་སང་ཁོ་བོ་སྲ་བརྐྱང་འབྱིན་གྱིས་ཁྱེད་ཅག་སོ་སོའི་ཆོས་གོས་རྣམས་བྱིན་གྱིས་རློབས་ཤིག །དེ་ལ་རྙེད་པ་བྱུང་བ་གང་ཡིན་པ་དེ་ནི་དགེ་འདུན་གྱིས་བགོ་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་ གྱིས་ཞུས་པ། བཙུན་པ་དུ་ཞིག་གི་སྲ་བརྐྱང་མ་བཏིང་ལགས། ཉེ་བ་འཁོར་ལྔའི་སྟེ། དབྱར་གྱི་མ་ཡིན་པ་དང་། དབྱར་རལ་བ་དང་། དབྱར་ཕྱི་མར་གནས་པར་དམ་བཅས་པ་དང་། དབྱར་ཐ་དད་པར་གནས་པར་དམ་བཅས་པ་དང་། སྲ་བརྐྱང་དེ་འདིངས་པ་ན་མངོན་སུམ་ དུ་མ་གྱུར་པའིའོ། །གཞན་ཡང་འདི་ལྔའི་མ་བཏིང་བ་ཡིན་ཏེ། སྤོ་བ་པ་དང་། སྤོ་བ་སྤྱད་ཟིན་པ་དང་། མགུ་བར་བྱ་བ་སྤྱོད་པ་དང་། མགུ་བར་བྱ་བ་སྤྱད་ཟིན་པ་དང་། བསླབ་པ་བྱིན་པའིའོ། །བཙུན་པ་དུ་ཞིག་གི་རྙེད་པ་མཆིས་ལ་ཕན་ཡོན་མ་མཆིས་ ལགས། ཉེ་བ་འཁོར་ལྔའི་སྟེ། དབྱར་གྱི་མ་ཡིན་པ་དང་། དབྱར་རལ་བ་དང་། དབྱར་ཕྱི་མར་གནས་པར་དམ་བཅས་པ་དང་། དབྱར་ཐ་དད་པར་གནས་པར་དམ་བཅས་པ་དང་། སྲ་བརྐྱང་དེ་འདིངས་པ་ན་མངོན་སུམ་དུ་མ་གྱུར་པའིའོ། །གཞན་ཡང་ལྔ་པོ་འདི་དག་གི་སྟེ། སྤོ་བ་པ་དང་། སྤོ་བ་སྤྱད་ཟིན་པ་དང་། མགུ་བར་བྱ་བ་སྤྱོད་པ་དང་། མགུ་བར་བྱ་བ་སྤྱད་ཟིན་པ་དང་། བསླབ་པ་བྱིན་པའིའོ། །བཙུན་པ་དུ་ཞིག་གི་རྙེད་པ་ཡང་མ་མཆིས་ལ་ཕན་ཡོན་ཡང་མ་མཆིས་ལགས། ཉེ་བ་འཁོར་ལྔའི་སྟེ། མ་མཐོང་བས་གནས་ནས་ཕྱུང་བ་དང་། ཕྱིར་ མི་བྱེད་པས་གནས་ནས་ཕྱུང་བ་དང་། སྡིག་པའི་ལྟ་བར་སོང་བ་མ་བོར་བས་གནས་ནས་ཕྱུང་བ་དང་། དབྱར་ཐ་དད་པར་གནས་པ་དང་། དགེ་འདུན་བྱེ་ན་ཆོས་མ་ཡིན་པའི་ཕྱོགས་པའིའོ། །དགེ་སློང་རབ་ཏུ་མང་པོ་དག་ལྗོངས་རྒྱུ་ཞིང་དོང་བ་ན་ཆོམ་རྐུན་པ་རྣམས་ཀྱིས་བཅོམ་ ནས་དེ་དག་རིམ་གྱིས་མཉན་ཡོད་དུ་ཕྱིན་པ་དང་། དགེ་སློང་རྣམས་ཀྱིས་མཐོང་ནས་ཚེ་དང་ལྡན་པ་དག་འོངས་པ་ལེགས་སོ། །འོངས་པ་ལེགས་སོ། །ཇི་ག་བདེ་བར་སྤྱད་དམ། ཚེ་དང་ལྡན་པ་དག་བདེ་བར་སྤྱད་པ་ནི་ཅི་འདྲ་བ་ཞིག །བདག་ཅག་ནི་ཆོམ་རྐུན་པ་རྣམས་ཀྱིས་ བཅོམ་མོ། །ཚེ་དང་ལྡན་པ་དག་བདག་ཅག་ལ་རྙེད་པ་མང་དུ་བྱུང་སྟེ། གལ་ཏེ་སྲ་བརྐྱང་ཕྱུང་ན་ཁྱེད་ལ་ཆོས་གོས་ཀྱི་བགོ་བཤའ་བྱ་བ་ཞིག་ཅེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ངས་རྗེས་ སུ་གནང་སྟེ། ཆོམ་རྐུན་པ་དག་གིས་བཅོམ་པའི་དགེ་སློང་རྣམས་ཀྱི་ཕྱིར་སྲ་བརྐྱང་དབྱུང་བར་བྱའོ། །དབྱུང་བ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམས་ལ་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་ གྱུར་པ་དང་། དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་འདིར་དགེ་འདུན་མཐུན་པས་འདི་སྲིད་དུ་སྲ་བརྐྱང་བཏིང་བ་ལས། དགེ་སློང་རབ་ཏུ་མང་པོ་ཆོམ་རྐུན་པ་དག་གིས་བཅོམ་ནས་ལྷགས་ན། གལ་ཏེ་དགེ་འདུན་ གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟར་དགེ་འདུན་གྱིས་དགེ་སློང་ཆོམ་རྐུན་གྱིས་བཅོམ་པ་རྣམས་ཀྱི་སླད་དུ་སྲ་བརྐྱང་འབྱིན་པར་མཛད་དོ། །འདི་ནི་གསོལ་བའོ། །ལས་ནི་འདི་ལྟར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་འདིར་དགེ་འདུན་མཐུན་པས་འདི་སྲིད་དུ་སྲ་བརྐྱང་བཏིང་བ་ལས། དགེ་སློང་རབ་ཏུ་མང་པོ་ཆོམ་རྐུན་པ་དག་གིས་བཅོམ་ནས་ལྷགས་ཏེ། དགེ་འདུན་གྱིས་དགེ་སློང་ཆོམ་རྐུན་པ་དག་གིས་བཅོམ་པ་རྣམས་ཀྱི་སླད་དུ་སྲ་བརྐྱང་འབྱིན་པར་མཛད་ན། ཚེ་དང་ལྡན་པ་དག་ལས་ གང་དག་དགེ་སློང་ཆོམ་རྐུན་པ་དག་གིས་བཅོམ་པ་རྣམས་ཀྱི་ཕྱིར་སྲ་བརྐྱང་འབྱིན་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་ཆོམ་རྐུན་པ་དག་གིས་བཅོམ་པ་ རྣམས་ཀྱི་སླད་དུ་སྲ་བརྐྱང་འབྱིན་པར་མཛད་དེ། གང་གི་སླད་དུ་མི་གསུང་པས་དེ་དེ་བཞིན་དུ་འཛིན་ཏོ། །དེ་ནས་རྙེད་པ་བྱུང་བ་གང་ཡིན་པ་དེ་བགོ་བར་བྱ་སྟེ། བགོས་ནས་གང་འདོད་པ་དེས་རང་གི་སྐལ་བ་ལས་ཆོམ་རྐུན་པ་དག་གིས་བཅོམ་པའི་དགེ་སློང་རྣམས་ལ་བགོ་བཤའ་ བྱའོ།། །།སྡོམ་ལ། རྡོལ་བ་དང་ནི་སྲིལ་ཟོས་དང་། །མཐའ་སྐོར་ལྷན་རློ་ལྷན་རིངས་དང་། །གསོ་མའི་སེང་རས་ཟེགས་པ་དང་། །རྙིངས་དང་སྤངས་དང་དེངས་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་ཆོས་གོས་ རྡོལ་བས་སྲ་བརྐྱང་གདིང་དུ་རུང་ལགས་སམ། ཉེ་བ་འཁོར་མི་རུང་ངོ་། །བཙུན་པ་ཆོས་གོས་སྲོག་ཆགས་ཀྱིས་འཚལ་བ་དང་། ཆོས་གོས་ཆག་བཏབ་པ་དང་། ཆོས་གོས་ལྷན་པ་རློ་བོས་བཏབ་པ་དང་། ཆོས་གོས་ལྷན་རིངས་ཅན་དང་། གསོ་མའི་སེང་རས་ཀྱི་ཆོས་ གོས་དང་། ཆོས་གོས་ཟེགས་པ་དང་། ཆོས་གོས་རྙིངས་པ་དང་། ཆོས་གོས་སྤངས་པ་དང་། ཆོས་གོས་དེངས་པས་སྲ་བརྐྱང་གདིང་དུ་རུང་ལགས་སམ། ཉེ་བ་འཁོར་མི་རུང་ངོ་།། །།སྡོམ་ལ། བླིངས་དང་དུས་མ་ཡིན་པ་དང་། །གང་ཟག་གི་ནི་ཆོས་གོས་ གསུམ། །མི་རུང་བ་དང་མ་དྲས་དང་། །ཁྲུ་ལྔར་མ་ཆོག་མི་བྱ་དང་། །བློ་མཐུན་མིན་དང་མི་གདིང་དང་། །མཚམས་ཀྱི་ཕྱི་རོལ་མི་སྐྱེའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་བླིངས་པའི་ཆོས་གོས་ཀྱིས་སྲ་བརྐྱང་གདིང་དུ་ རུང་ལགས་སམ། ཉེ་བ་འཁོར་མི་རུང་ངོ་། །བཙུན་པ་དུས་མ་ལགས་པའི་ཆོས་གོས་དང་། གང་ཟག་གི་སྣམ་སྦྱར་དང་། བླ་གོས་དང་མཐང་གོས་དང་། མི་རུང་བའི་ཆོས་གོས་དང་། མ་དྲས་པ་དང་། ཁྲུ་ལྔར་མ་མཆིས་པ་དང་། བློ་མཐུན་པར་མ་བགྱིས་པའི་ཆོས་གོས་ དང་། སྲ་བརྐྱང་འདིངས་པ་མ་བསྐོས་པ་དང་། མཚམས་ཀྱི་སླད་རོལ་ཏུ་བློ་མཐུན་པར་བགྱིས་པའི་ཆོས་གོས་ཀྱི་སྲ་བརྐྱང་དང་། མཚམས་ཀྱི་སླད་རོལ་ཏུ་བསྐོས་པའི་སྲ་བརྐྱང་འདིངས་པས་སྲ་བརྐྱང་གདིང་དུ་རུང་ལགས་སམ། ཉེ་བ་འཁོར་མི་རུང་ངོ་།། །།སྡོམ་ལ། དུས་ ཀྱི་ནང་ནི་ཟླ་བ་གསུམ། །གསར་པ་དང་ནི་བརྟགས་པ་ཉིད། །ཕོངས་པ་དང་ནི་གསོ་མའི་རས། །གང་ཟག་གི་ནི་ཆོས་གོས་གསུམ། །བཙུན་པ་དུས་ཀྱི་ཆོས་གོས་ཀྱིས་དགེ་འདུན་གྱི་སྲ་བརྐྱང་གདིང་དུ་རུང་ལགས་སམ། ཉེ་བ་འཁོར་རུང་ངོ་། །བཙུན་པ་དགུང་ཟླ་གསུམ་འདས་ནས་དགེ་ འདུན་གྱི་ཆོས་གོས་ཀྱི་རྙེད་པ་གང་ལགས་པ་དེས་སྲ་བརྐྱང་གདིང་དུ་རུང་ལགས་སམ། ཉེ་བ་འཁོར་རུང་ངོ་། །ཆོས་གོས་སར་པ་རུང་ངོ་། །སར་པ་བརྟགས་པ་རུང་ངོ་། །ཕོངས་པའི་ཆོས་གོས་རུང་ངོ་། །གསོ་མའི་སེང་རས་སྣམ་སྦྱར་མི་རུང་ངོ་། །བཙུན་པ་གང་ཟག་གི་སྣམ་སྦྱར་གྱིས་སྲ་བརྐྱང་ གདིང་དུ་རུང་ལགས་སམ། ཉེ་བ་འཁོར་གལ་ཏེ་དགེ་འདུན་ལ་ཕུལ་བར་གྱུར་ན་རུང་ངོ་། །བླ་གོས་དང་མཐང་གོས་ཀྱང་དེ་བཞིན་ནོ།། །།སྡོམ་ལ། གང་ཟག་གི་དང་ཁྱིམ་པའི་དང་། །ཁྲུ་ལྔ་པ་དང་ཁྲུ་ལྔའི་ལྷག །བློ་མཐུན་བྱས་པའི་གདིང་བ་དང་། །མཚམས་ཀྱི་ནང་ཉིད་སྐྱེ་བའོ། །བཙུན་པ་གང་ ཟག་གི་ཆོས་གོས་ཀྱིས་སྲ་བརྐྱང་གདིང་དུ་རུང་ལགས་སམ། མི་རུང་ངོ་། །གལ་ཏེ་དགེ་འདུན་ལ་ཕུལ་བར་གྱུར་ནའོ། །ཁྱིམ་པའི་གོས་ཀྱིས་མི་རུང་ངོ་། །གལ་ཏེ་དགེ་འདུན་ལ་ཕུལ་བར་གྱུར་ན་རུང་ངོ་། །ཁྲུ་ལྔ་པས་རུང་ངོ་། །ཁྲུ་ལྔ་ལས་ལྷག་པ་རུང་ངོ་། །བློ་མཐུན་པར་བྱས་པའི་སྲ་ བརྐྱང་གི་ཆོས་གོས་དང་། སྲ་བརྐྱང་འདིངས་པས་རུང་ངོ་། །མཚམས་ཀྱི་ནང་དུ་བློ་མཐུན་པར་བྱས་པའི་སྲ་བརྐྱང་གི་ཆོས་གོས་ཀྱིས་རུང་ངོ་། །མཚམས་ཀྱི་ནང་དུ་སྲ་བརྐྱང་འདིངས་པ་བསྐོས་པས་རུང་ངོ་། །མ་མོ་བརྒྱད་ཀྱི་གཞིས་སྲ་བརྐྱང་ཕྱུང་བར་གྱུར་ཏེ། བརྒྱད་གང་ཞེ་ན། སོང་ བ་དང་། རྫོགས་པ་དང་། ངེས་པ་དང་། ཉམས་པ་དང་། ཐོས་པ་དང་། མཚམས་འདས་པ་དང་། རེ་ཐག་ཆད་པ་དང་། བརྒྱད་པ་ནི་སྲ་བརྐྱང་ཕྱུང་བ་ཉིད་དེ། སོང་བའི་མཐའ་ཅན་གྱིས་སྲ་བརྐྱང་ཕྱུང་བ་དང་། རྫོགས་པའི་མཐའ་ཅན་དང་། ངེས་པའི་མཐའ་ཅན་དང་། ཉམས་པའི་མཐའ་ཅན་དང་། ཐོས་པའི་མཐའ་ཅན་དང་། མཚམས་འདས་པ་དང་། རེ་ཐག་ཆད་པ་དང་། བརྒྱད་པ་ནི་སྲ་བརྐྱང་ཕྱུང་ཟིན་པ་ཉིད་ཡིན་ནོ། །སོང་བའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་གང་ཞེ་ན། འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ ཆོས་གོས་མ་ཟིན་པར་ཆོས་གོས་དང་ལྷུང་བཟེད་བླངས་ཏེ། ཕྱིར་མི་འོང་བར་མཚམས་ཀྱི་ཕྱི་རོལ་དུ་སོང་བ་དེའི་ནི་སོང་བའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །རྫོགས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་གང་ཞེ་ན། འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་ བྱས་ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་ཕྱིར་འོང་ཞིང་ཆོས་གོས་བྱའོ་སྙམ་པ་ལས་དེ་འདི་སྙམ་དུ་སེམས་ཏེ། བདག་སླར་མི་འོང་སྟེ་འོན་ཀྱང་ཆོས་གོས་བྱའོ་སྙམ་པ་དེའི་ནི་རྫོགས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །ངེས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་ བ་གང་ཞེ་ན། འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ་སྙམ་པ་ལས་དེ་འདི་སྙམ་དུ་སེམས་ཏེ། སླར་མི་འོང་ཞིང་ཆོས་གོས་ཀྱང་མི་བྱའོ་སྙམ་པ་དེའི་ནི་ངེས་པའི་ མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །ཉམས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་གང་ཞེ་ན། འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ་སྙམ་པ་ལས་དེ་འདི་སྙམ་དུ་ སེམས་ཏེ་སླར་ཡང་མི་འོང་ལ་ཆོས་གོས་ཀྱང་མི་བྱའོ་སྙམ་ནས། དེས་དེ་རྩོམ་ཞིང་བརྩམས་པ་དང་། ཉམས་པ་དེའི་ནི་ཉམས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །ཐོས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་གང་ཞེ་ན། འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་ བྱས་ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་སླར་འོངས་ཏེ་ཆོས་གོས་བྱའོ་སྙམ་པ་ལས། དགེ་འདུན་མཐུན་པས་སྲ་བརྐྱང་ཕྱུང་ལ་དེས་དགེ་འདུན་མཐུན་པས་སྲ་བརྐྱང་ཕྱུང་ངོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ལེགས་པར་ཕྱུང་ངོ་། །ཤིན་ཏུ་ཕྱུང་ངོ་ཞེས་རྗེས་སུ་ཡི་རང་བ་བྱས་ པ་དེའི་ནི་ཐོས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །མཚམས་འདས་པ་པའི་སྲ་བརྐྱང་ཕྱུང་བ་གང་ཞེ་ན། འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་ཕྱིར་འོང་ངམ་མི་འོང་སྙམ་པ་ལས། མཚམས་ཀྱི་ཕྱི་རོལ་ཏུ་སོང་བ་ དེའི་ནི་མཚམས་འདས་པ་པའི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །རེ་ཐག་ཆད་པ་པའི་སྲ་བརྐྱང་ཕྱུང་བ་གང་ཞེ་ན། འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ་སྙམ་པ་ལས། དེའི་ཆོས་ གོས་རེ་བ་གང་ཡིན་པ་དེ་ཐམས་ཅད་དུ་ཆད་པ་དེའི་ནི་རེ་ཐག་ཆད་པ་པའི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །བརྒྱད་པ་སྲ་བརྐྱང་ཕྱུང་བ་ཉིད་གང་ཞེ་ན། འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་དུ་སོང་བ་ལས་དེ་ཡང་སླར་འོངས་ཤིང་སྲ་ བརྐྱང་ཕྱུང་བ་ཉམས་སུ་མྱོང་བ་དེའི་ནི་བརྒྱད་པ་སྲ་བརྐྱང་ཕྱུང་བ་ཉིད་ཡིན་ནོ།། །།སྡོམ་ལ། མ་བྱས་པ་ནི་ཉི་ཤུ་དང་། །བརྩམས་པ་དག་ནི་ཉི་ཤུ་དང་། །རེ་བ་ཡོད་པ་ཉི་ཤུ་དང་། །རེ་བ་མེད་པ་ཉི་ཤུ་ཡིན། །འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་ པར་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ་སྙམ་པ་ལས་དེ་འདི་སྙམ་དུ་སེམས་ཏེ། སླར་མི་འོང་མོད་ཀྱི་འོན་ཀྱང་ཆོས་གོས་བྱའོ་སྙམ་པ་དེའི་ནི་རྫོགས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ་སྙམ་པ་ལས་དེ་འདི་སྙམ་དུ་སེམས་ཏེ། སླར་མི་འོང་ཞིང་ཆོས་གོས་ཀྱང་མི་བྱའོ་སྙམ་པ་དེའི་ནི་ངེས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་ མ་བྱས་ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ་སྙམ་པ་ལས་དེས་དེ་རྩོམ་ཞིང་དེའི་བརྩམས་པ་ཉམས་པ་དེའི་ནི་ཉམས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་ མ་ཟིན་པར་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ་སྙམ་པ་ལས་དགེ་འདུན་མཐུན་པས་སྲ་བརྐྱང་ཕྱུང་ལ། དེས་དགེ་འདུན་མཐུན་པས་སྲ་བརྐྱང་ཕྱུང་ངོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ལེགས་པར་ཕྱུང་ངོ་། །ཤིན་ཏུ་ཕྱུང་ངོ་ཞེས་རྗེས་སུ་ཡི་རང་བ་བྱས་པ་དེའི་ནི་ཐོས་ པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ་སྙམ་པ་ལས། དེ་དེར་སོང་ནས་འདི་སྙམ་དུ་སེམས་ཏེ། སླར་མི་འོང་ཞིང་འོན་ཀྱང་ ཆོས་གོས་ནི་བྱའོ་སྙམ་པ་དེའི་ནི་རྫོགས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ་སྙམ་པ་ལས་དེ་དེར་སོང་ནས་དེ་འདི་སྙམ་ དུ་སེམས་ཏེ། སླར་མི་འོང་ཞིང་ཆོས་གོས་ཀྱང་མི་བྱའོ་སྙམ་པ་དེའི་ནི་ངེས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ་སྙམ་ པ་ལས། དེ་དེར་སོང་ནས་རྩོམ་ཞིང་དེའི་བརྩམས་པ་ཉམས་པ་དེའི་ནི་ཉམས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་སླར་འོང་ཞིང་ཆོས་ གོས་བྱའོ་སྙམ་པ་ལས། དགེ་འདུན་མཐུན་པས་སྲ་བརྐྱང་ཕྱུང་ལ་དེས་དགེ་འདུན་མཐུན་པས་སྲ་བརྐྱང་ཕྱུང་ངོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ལེགས་པར་ཕྱུང་ངོ་། །ཤིན་ཏུ་ཕྱུང་ངོ་ཞེས་རྗེས་སུ་ཡི་རང་བ་བྱས་པ་དེའི་ནི་ཐོས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ་དགེ་སློང་ སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ་ཞེས་སེམས་ལ་བཞག་པ་ལས་དེ་འདི་སྙམ་དུ་སེམས་ཏེ། སླར་མི་འོང་ཞིང་འོན་ཀྱང་ཆོས་གོས་བྱའོ་སྙམ་པ་དེའི་ནི་རྫོགས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ ཡིན་ནོ། །འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ་ཞེས་སེམས་ལ་བཞག་པ་ལས། དེ་དེར་སོང་ནས་འདི་སྙམ་དུ་སེམས་ཏེ། སླར་མི་འོང་ཞིང་ཆོས་གོས་ཀྱང་མི་བྱའོ་ སྙམ་པ་དེའི་ནི་ངེས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ་ཞེས་སེམས་ལ་བཞག་པ་ལས་དེས་དེ་རྩོམ་ཞིང་དེའི་བརྩམས་པ་ ཉམས་པ་དེའི་ནི་ཉམས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ་ཞེས་སེམས་ལ་བཞག་པ་ལས། དགེ་འདུན་མཐུན་པས་ སྲ་བརྐྱང་ཕྱུང་ལ་དེས་དགེ་འདུན་མཐུན་པས་སྲ་བརྐྱང་ཕྱུང་ངོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ལེགས་པར་ཕྱུང་ངོ་། །ཤིན་ཏུ་ཕྱུང་ངོ་ཞེས་རྗེས་སུ་ཡི་རང་བར་བྱས་པ་དེའི་ནི་ཐོས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་ གོས་མ་བྱས་ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ་ཞེས་སེམས་ལ་བཞག་པ་ལས། དེ་དེར་སོང་ནས་འདི་སྙམ་དུ་སེམས་ཏེ། སླར་མི་འོང་སྟེ་འོན་ཀྱང་ཆོས་གོས་བྱའོ་སྙམ་པ་དེའི་ནི་རྫོགས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ་ཞེས་སེམས་ལ་བཞག་པ་ལས། དེ་དེར་སོང་ནས་འདི་སྙམ་དུ་སེམས་ཏེ། སླར་མི་འོང་ཞིང་ཆོས་གོས་ཀྱང་མི་བྱའོ་སྙམ་པ་དེའི་ནི་ངེས་པའི་མཐའ་ཅན་ གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ་ཞེས་སེམས་ལ་བཞག་པ་ལས། དེ་དེར་སོང་ནས་རྩོམ་ཞིང་དེའི་བརྩམས་པ་ཉམས་པ་དེའི་ནི་ཉམས་པའི་ མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ་ཞེས་སེམས་ལ་བཞག་པ་ལས། དགེ་འདུན་མཐུན་པས་སྲ་བརྐྱང་ཕྱུང་ལ་དེས་དགེ་ འདུན་མཐུན་པས་སྲ་བརྐྱང་ཕྱུང་ངོ་། །ཞེས་ཐོས་སོ། །ཐོས་ནས་ཀྱང་ལེགས་པར་ཕྱུང་ངོ་། །ཤིན་ཏུ་ཕྱུང་ངོ་ཞེས་རྗེས་སུ་ཡི་རང་བ་བྱས་པ་དེའི་ནི་ཐོས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་ གོས་མ་ཟིན་པར་ཅི་སླར་འོང་ངམ་འོན་ཏེ་སླར་མི་འོང་ཞེས་སེམས་ལ་ཐེ་ཚོམ་ཟ་བཞིན་མཚམས་ཀྱི་ཕྱི་རོལ་དུ་སོང་བ་ལས། དེ་འདི་སྙམ་དུ་སེམས་ཏེ། སླར་མི་འོང་སྟེ་འོན་ཀྱང་ཆོས་གོས་ནི་བྱའོ། །སྙམ་པ་དེའི་ནི་རྫོགས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ། དགེ་ སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་ཅི་སླར་འོང་ངམ་འོན་ཏེ་སླར་མི་འོང་ཞེས་སེམས་ལ་ཐེ་ཚོམ་ཟ་བཞིན་མཚམས་ཀྱི་ཕྱི་རོལ་དུ་སོང་བ་ལས། དེ་འདི་སྙམ་དུ་སེམས་ཏེ། སླར་མི་འོང་ཞིང་ཆོས་གོས་ཀྱང་མི་བྱའོ་སྙམ་པ་དེའི་ནི་ངེས་པའི་ མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ། དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་ཅི་སླར་འོང་ངམ་འོན་ཏེ་སླར་མི་འོང་ཞེས་སེམས་ལ་ཐེ་ཚོམ་ཟ་བཞིན་མཚམས་ཀྱི་ཕྱི་རོལ་དུ་སོང་བ་ལས། དེས་དེ་རྩོམ་ཞིང་དེའི་ བརྩམས་པ་ཉམས་པ་དེའི་ནི་ཉམས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་ཅི་སླར་འོང་ངམ་འོན་ཏེ་སླར་མི་འོང་ཞེས་སེམས་ལ་ཐེ་ཚོམ་ཟ་བཞིན་མཚམས་ཀྱི་ཕྱི་རོལ་དུ་སོང་བ་ལས། དགེ་ འདུན་མཐུན་པས་སྲ་བརྐྱང་ཕྱུང་ལ་དེས་དགེ་འདུན་མཐུན་པས་སྲ་བརྐྱང་ཕྱུང་ངོ་། །ཞེས་ཐོས་སོ། །ཐོས་ནས་ཀྱང་ལེགས་པར་ཕྱུང་ངོ་། །ཤིན་ཏུ་ཕྱུང་ངོ་ཞེས་རྗེས་སུ་ཡི་རང་བ་བྱས་པ་དེའི་ནི་ཐོས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་ཞེས་བྱ་བ་ཐམས་ཅད་བརྗོད་པར་བྱའོ། །འོན་ཀྱང་སྔ་མའི་ཉི་ཤུ་ལ་ནི་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་ཞེས་བྱའོ། །འདིར་ནི་ཆོས་གོས་མ་ཟིན་པ་ཞེས་བྱ་བ་བོར་ཏེ། ཆོས་གོས་བརྩམས་པ་ཞེས་བྱ་བ་ བཅུག་སྟེ་རྣམ་པ་འདིས་ཉི་ཤུ་པ་གཞན་བྱའོ། །འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ་སྙམ་པའི་རེ་བ་ཡོད་པ་ལས་དེ་འདི་སྙམ་དུ་སེམས་ཏེ་སླར་མི་འོང་སྟེ་འོན་ཀྱང་ཆོས་གོས་ནི་ བྱའོ་སྙམ་པ་དེའི་ནི་རྫོགས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ཏེ། རེ་བ་ཡོད་པ་ཞེས་བྱ་བའི་ཁྱད་པར་འདིས་སྔ་མ་བཞིན་དུ་ཉི་ཤུ་པ་གཞན་བྱའོ། །འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་སླར་འོང་ཞིང་ཆོས་གོས་བྱའོ་སྙམ་པའི་རེ་ བ་མེད་པར་མཚམས་ཀྱི་ཕྱི་རོལ་དུ་སོང་བ་ལས་དེ་འདི་སྙམ་དུ་སེམས་ཏེ། སླར་མི་འོང་ཞིང་འོན་ཀྱང་ཆོས་གོས་ནི་བྱའོ། །སྙམ་པ་དེའི་ནི་རྫོགས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ཏེ། རེ་བ་མེད་པ་ཞེས་བྱ་བའི་ཁྱད་པར་འདིས་སྔ་མ་བཞིན་དུ་ཉི་ཤུ་པ་གཞན་བྱའོ།། །།སྡོམ་ལ། བྱ་བ་དག་ནི་བཅུ་གཉིས་དང་། །བཙལ་བ་དང་ནི་དེ་བཞིན་གཞན། །ཡུལ་ལ་ལྔར་ནི་བྱ་བ་སྟེ། །གནས་ལ་ཡང་ནི་ལྔ་ཡིན་ནོ། །འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་བྱ་བ་ཞིག་ལ་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་སླར་འོང་ཞིང་ཆོས་ གོས་བྱའོ་སྙམ་པ་ལས་དེ་འདི་སྙམ་དུ་སེམས་ཏེ། སླར་མི་འོང་སྟེ་འོན་ཀྱང་ཆོས་གོས་ནི་བྱའོ་སྙམ་པ་དེའི་ནི་རྫོགས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་བྱ་བ་ཞིག་ལ་མཚམས་ཀྱི་ཕྱི་རོལ་ དུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ་སྙམ་པ་ལས་དེ་འདི་སྙམ་དུ་སེམས་ཏེ། སླར་མི་འོང་ཞིང་ཆོས་གོས་ཀྱང་མི་བྱའོ་སྙམ་པ་དེའི་ནི་ངེས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་བྱ་བ་ ཞིག་ལ་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ་སྙམ་པ་ལས། དེས་དེ་རྩོམ་ཞིང་དེ་བརྩམས་པ་ལས་ཉམས་པ་དེའི་ནི་ཉམས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་ བྱ་བ་ཞིག་ལ་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ་སྙམ་པ་ལས་དགེ་འདུན་མཐུན་པས་སྲ་བརྐྱང་ཕྱུང་ལ་དེས་དགེ་འདུན་མཐུན་པས་སྲ་བརྐྱང་ཕྱུང་ངོ་ཞེས་ཐོས་སོ། །ཐོས་ནས་ཀྱང་ལེགས་པར་ཕྱུང་ངོ་། །ཤིན་ཏུ་ཕྱུང་ངོ་ཞེས་རྗེས་སུ་ཡི་རང་བ་བྱས་པ་དེའི་ནི་ ཐོས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་བྱ་བ་ཞིག་ལ་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ་སྙམ་པ་ལས། དེ་དེར་སོང་ནས་འདི་སྙམ་དུ་སེམས་ཏེ། སླར་མི་འོང་སྟེ་ འོན་ཀྱང་ཆོས་གོས་ནི་བྱའོ་སྙམ་པ་དེའི་ནི་རྫོགས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །དེར་སོང་ནས་ཞེས་བྱ་བའི་ཁྱད་པར་འདིས་རྫོགས་པའི་མཐའ་ཅན་གསུངས་པ་ཇི་ལྟ་བ་བཞིན་དུ་ངེས་པའི་མཐའ་ཅན་དང་། ཉམས་པའི་མཐའ་ཅན་དང་། ཐོས་པའི་མཐའ་ཅན་ཡང་དེ་བཞིན་ ནོ། །འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་བྱ་བ་ཞིག་གི་ཆེད་ལ་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་ཅི་སླར་འོང་ངམ་འོན་ཏེ་སླར་མི་འོང་ཞེས་སེམས་ལ་ཐེ་ཚོམ་ཟ་བ་ལས། དེ་འདི་སྙམ་དུ་སེམས་ཏེ་སླར་མི་འོང་སྟེ་འོན་ ཀྱང་ཆོས་གོས་བྱའོ་སྙམ་པ་དེའི་ནི་རྫོགས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །སེམས་ལ་ཐེ་ཚོམ་ཟ་བས་རྫོགས་པའི་མཐའ་ཅན་གསུངས་པ་ཇི་ལྟ་བར་ངེས་པའི་མཐའ་ཅན་དང་། ཉམས་པའི་མཐའ་ཅན་དང་། ཐོས་པའི་མཐའ་ཅན་ཡང་དེ་བཞིན་ནོ། །འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་ བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་བཙལ་བ་ཞིག་ལ་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་སླར་འོང་ཞིང་ཆོས་གོས་བྱའོ་སྙམ་པ་ལས་དེ་འདི་སྙམ་དུ་སེམས་ཏེ། སླར་མི་འོང་སྟེ་འོན་ཀྱང་ཆོས་གོས་ནི་བྱའོ་སྙམ་པ་དེའི་ནི་རྫོགས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། ། བཙལ་བ་ཞེས་བྱ་བའི་ཁྱད་པར་འདིས་སྔ་མ་བཞིན་དུ་བཅུ་གཉིས་པ་གཞན་ནོ། །འདི་ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་སླར་མི་འོང་བར་ཡུལ་ལྟར་མཚམས་ཀྱི་ཕྱི་རོལ་དུ་སོང་བ་དེའི་ནི་སོང་བའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ནོ། །འདི་ ལྟ་སྟེ་དགེ་སློང་སྲ་བརྐྱང་བཏིང་བའི་གནས་ནས་ཆོས་གོས་མ་བྱས་ཆོས་གོས་མ་ཟིན་པར་ཡུལ་ལྟར་མཚམས་ཀྱི་ཕྱི་རོལ་དུ་སོང་ནས་ཅི་སླར་འོང་ངམ་འོན་ཏེ་སླར་མི་འོང་ཞེས་སེམས་ལ་ཐེ་ཚོམ་ཟ་བ་ལས་དེ་འདི་སྙམ་དུ་སེམས་ཏེ་སླར་མི་འོང་སྟེ་འོན་ཀྱང་ཆོས་གོས་ནི་བྱའོ། །སྙམ་པ་དེའི་ནི་ རྫོགས་པའི་མཐའ་ཅན་གྱི་སྲ་བརྐྱང་ཕྱུང་བ་ཡིན་ཏེ། ངེས་པའི་མཐའ་ཅན་དང་། ཉམས་པའི་མཐའ་ཅན་དང་། ཐོས་པའི་མཐའ་ཅན་ཡང་དེ་བཞིན་ནོ། །ཡུལ་ལྟ་བའི་ལྔ་ཇི་ལྟ་བར་གནས་ལྟ་བའི་ལྔ་ཡང་དེ་བཞིན་ནོ། །སྲ་བརྐྱང་གི་གཞི་རྫོགས་སོ།། །།འདུལ་བ་གཞི། བམ་ པོ་དྲུག་བཅུ་བརྒྱད་པ། ཀཽ་ཤཱམྦཱིའི་གཞིའི་སྡོམ་ནི། ཀཽ་ཤཱམྦཱིར་ནི་འཐབ་ཀྲོལ་གྱི། །དགེ་སློང་རྩོད་པ་སྣ་ཚོགས་དང་། །ཁྲེའུ་དང་རྩོད་པར་བྱེད་པ་དང་། །རིང་པོ་ལེན་གྱི་སྤྱོད་པ་དང་། །ངན་སྤོང་ལན་ཚྭ་ཁང་པ་དང་། །སྲུང་དང་ཚལ་སྟུག་གླང་ཆེན་དང་། །མ་འགགས་པས་ནི་ངེས་བྱས་དང་། །མཉན་ ཡོད་དུ་ནི་ཞི་བར་བྱས། །སངས་རྒྱས་བཅོམ་ལྡན་འདས་ཀཽ་ཤཱམྦཱིའི་དབྱངས་ལྡན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཀཽ་ཤཱམྦཱིའི་དགེ་སློང་གདུག་པ་རྣམ་པར་གནོན་པ། མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ་ཞིག་ཡོད་དེ། དེའི་གྲོགས་བྱེད་པའི་དགེ་སློང་མང་པོ་ཡང་གདུག་པ་རྣམ་པར་ གནོན་པ། མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ་ཡིན་ནོ། །ཡངས་པ་ཅན་ན་ཡངས་པ་ཅན་གྱི་དགེ་སློང་གདུག་པ་རྣམ་པར་གནོན་པ། མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ་ཞིག་ཡོད་དེ། དེའི་གྲོགས་བྱེད་པའི་དགེ་སློང་མང་པོ་ཡང་གདུག་པ་རྣམ་པར་གནོན་པ། མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ་ཡིན་ནོ། །དེ་ནས་ཡངས་པ་ཅན་གྱི་དགེ་སློང་དུས་གཞན་ཞིག་ན་ལྗོངས་རྒྱུ་ཞིང་སོང་བ་དང་ཀཽ་ཤཱམྦཱིར་ཕྱིན་ཏེ། དེ་ལམ་གྱིས་དུབ་པ་ངལ་བསོས་ནས་ཀཽ་ཤཱམྦཱིའི་དགེ་སློང་གི་དྲུང་དུ་སོང་སྟེ་ཕྱིན་པ་དང་། ཕན་ཚུན་སོ་སོ་ཡང་དག་པར་དགའ་ བར་བྱས་ནས་མདོ་སྡེ་དང་། འདུལ་བ་དང་། ཆོས་མངོན་པ་རྣམས་གཏན་ལ་དབབ་པར་བརྩམས་ཏེ། དེ་ནས་གཅིག་གིས་སྨྲས་པ། མདོ་སྡེ་འདི་ནི་འདི་སྐད་དུ་གདོན་པར་བྱ་སྟེ། མདོ་སྡེ་འདིའི་དོན་ནི་འདི་ཡིན་ནོ། །ཅིག་ཤོས་ཀྱིས་སྨྲས་པ། མདོ་སྡེ་འདི་ནི་དེ་སྐད་དུ་གདོན་པར་མི་བྱ་སྟེ། མདོ་སྡེ་འདིའི་དོན་ནི་འདི་མ་ཡིན་ནོ། །ཁོ་བོའི་ནི་རིགས་སོ། །ཁྱོད་ཀྱི་ནི་མི་རིགས་སོ། །ཁོ་བོའི་ནི་འབྲེལ་བ་ཡིན་ནོ། །ཁྱོད་ཀྱི་ནི་འབྲེལ་བ་མ་ཡིན་ནོ་ཞེས་དེ་གཉིས་ཕན་ཚུན་དུ་མ་མཐུན་པར་གྱུར་ནས་ཀཽ་ཤཱམྦཱིའི་དགེ་སློང་གིས་ཡངས་པ་ཅན་གྱི་དགེ་སློང་ལ་ཀླན་ཀ་བཙལ་བ་ལྷུར་ལེན་ཅིང་འདུག་ གོ། །དགེ་འདུན་གྱིས་ཀྱང་འདི་ལྟ་བུའི་ཁྲིམས་སུ་བཅའ་བ་བྱས་ཏེ། གང་གིས་ཁྲུས་ཀྱི་བུམ་པ་ཆུ་འགྲིབས་པ་དང་། ཉུང་བ་དང་། ཆུ་མེད་པར་མཐོང་བ་དེས་ཆུས་བཀང་སྟེ་གནས་ཇི་ལྟ་བ་བཞིན་དུ་གཞག་པར་བྱ་བའམ། དགེ་སྐོས་ལ་ཁྲུས་ཀྱི་བུམ་པ་སྟོང་པར་འདུག་གོ་ཞེས་ བསྒོ་བར་བྱའོ། །གལ་ཏེ་བདག་ཉིད་ཀྱིས་མ་བཀང་ངམ་དགེ་སྐོས་ལ་མ་བསྒོས་པར་གྱུར་ན་དེ་ནི་མ་གུས་པ་ཡིན་ཏེ། མ་གུས་པའི་ཕྱིར་དེ་བདག་ཅག་གིས་ལྟུང་བྱེད་ཀྱི་ལྟུང་བ་འཆགས་སུ་གཞུག་གོ་ཞེས་བྱས་སོ། །ཇི་ཙམ་ན་ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་ དགེ་སློང་གི་དགེ་འདུན་ཁྱིམ་དུ་གདུགས་ཚོད་ལ་སྤྱན་དྲངས་སོ། །དེ་ན་དགེ་སློང་ཁ་ཅིག་ནི་ཟས་ལ་དོང་ངོ་། །ཁ་ཅིག་ནི་འགྲོ་བར་ཆས་སོ། །ཡངས་པ་ཅན་གྱི་དགེ་སློང་ཁྲུས་ཀྱི་བུམ་པ་བླངས་ནས་སྣམ་ཕྱི་སར་ཞུགས་པ་དང་། དེའི་ལྷན་ཅིག་གནས་པས་རིངས་རིངས་ལྟར་འོངས་ ནས་སྒྲ་ཕྱུང་བ། མཁན་པོ་དགེ་སློང་ཁ་ཅིག་ནི་ཟས་ལ་དོང་ལགས་སོ། །ཁ་ཅིག་ནི་འདོང་བར་ཆས་ཀྱིས་ཚུར་སྤྱོན་བཞུད་དོ། །དེ་དེ་དང་ལྷན་ཅིག་ཁྲུས་ཀྱི་བུམ་པ་གནས་གཅིག་ཏུ་བཞག་སྟེ་ཆས་སོ། །ཀཽ་ཤཱམྦཱིའི་དགེ་སློང་དེ་ཡང་ཕྱོགས་དེ་ཉིད་དུ་ཕྱིན་པ་དང་། དེ་ནས་ཡངས་པ་ཅན་གྱི་དགེ་སློང་ དེས་ཁྲུས་ཀྱི་བུམ་པ་བླངས་ཏེ་གཙུག་ལག་ཁང་དུ་འཇུག་པར་བསམས་པ་དང་ལྷན་ཅིག་གནས་པས་སྨྲས་པ། མཁན་པོ་གར་བཞུད། དེས་སྨྲས་པ། བུ་ཁོ་བོ་ལ་ཀཽ་ཤཱམྦཱིའི་དགེ་སློང་འདི་ཀླན་ཀ་ཚོལ་བས་ཁྲུས་ཀྱི་བུམ་པ་འགེངས་སུ་འགྲོའོ། །ཅི་འདི་ཐམས་ཅད་ཀྱི་ཐམས་ཅད་དུ་སྟོང་ངམ། ཐམས་ ཅད་ཀྱི་ཐམས་ཅད་དུ་སྟོང་པ་མ་ཡིན་མོད་ཀྱི། འོན་ཀྱང་ཆུ་འདིས་ཆུའི་བྱ་བ་བྱེད་མི་ནུས་སོ། །མཁན་པོ་ཐམས་ཅད་ཀྱི་ཐམས་ཅད་དུ་སྟོང་པར་མ་གྱུར་པས་འཚལ་ཏེ། བདག་ཅག་ནི་མཁན་པོའི་ཕྱོགས་དང་། དཔུང་དང་། གྲོགས་བགྱིད་པ་ལགས་ཀྱིས་ཚུར་སྤྱོན་བཞུད་དོ། །དེས་དེ་ཉིད་དུ་ བཞག་ནས་དེ་དང་ལྷན་ཅིག་ཏུ་དོང་ངོ་། །ཀཽ་ཤཱམྦཱིའི་དགེ་སློང་གིས་མཐོང་ནས་ཁྲུས་ཀྱི་བུམ་པ་དེ་ལ་མནམས་སོ། །དེ་ནས་མི་བཟོད་པ་སྐྱེས་ཏེ་མཇལ་ཏོ་ཞེས་བྱས་ནས་ཁྲུས་ཀྱི་བུམ་པ་བཀང་སྟེ་ཆུའི་བྱ་བ་བྱས་ནས་སོང་ངོ་། །དེ་ནས་ཟན་ཟོས་ནས་དགེ་སློང་གི་དགེ་འདུན་གཙུག་ལག་ཁང་དུ་ལྷགས་པ་ དང་། དགེ་སློང་རྣམས་ལ་བསྒྲགས་པ། ཚེ་དང་ལྡན་པ་དག་ཡངས་པ་ཅན་གྱི་དགེ་སློང་དེས་དགེ་འདུན་གྱི་ནང་ཁྲིམས་དྲལ་ཏོ། །དེ་ནས་རྒན་རིམས་ཇི་ལྟ་བ་བཞིན་དུ་གདུད་པ་བྱས་ནས་རིམ་གྱིས་དེའི་དྲུང་དུ་སོན་པ་དང་། སྨྲས་པ། ཚེ་དང་ལྡན་པ་སྐབས་ཕྱེ་ཤིག །ལྟུང་བ་རིགས་ལྔ་ལ་སྐབས་ ཕྱེའོ། །ཁྱོད་ལ་དེ་རིང་ལྟུང་བ་བྱུང་གིས་ལྟུང་བ་ཡང་སླར་ཆོས་བཞིན་དུ་གྱིས་ཤིག །ལྟུང་བ་མ་མཐོང་ངོ་། །དགེ་འདུན་གྱིས་ཁྲིམས་སུ་བཅའ་བ་གང་གིས་ཁྲུས་ཀྱི་བུམ་པ་ཆུ་འགྲིབས་པ་དང་། ཆུ་ཉུང་བ་དང་། ཆུ་མེད་པ་མཐོང་ན་བདག་ཉིད་ཀྱིས་ཆུས་བཀང་སྟེ། གནས་ཇི་ལྟ་བ་བཞིན་དུ་གཞག་ པར་བྱ་བའམ། དགེ་སྐོས་ལ་ཚེ་དང་ལྡན་པ་ཁྲུས་ཀྱི་བུམ་པ་སྟོང་པར་འདུག་གོ་ཞེས་བསྒོ་བར་བྱའོ། །བདག་ཉིད་ཀྱིས་ཀྱང་མ་བཀང་ལ་དགེ་སྐོས་ལ་ཡང་མ་བསྒོ་ན་དེ་ནི་མ་གུས་པ་ཡིན་ཏེ། མ་གུས་པའི་ཕྱིར་དེ་བདག་ཅག་གིས་ལྟུང་བྱེད་ཀྱི་ལྟུང་བ་འཆགས་སུ་གཞུག་གོ་ཞེས་བཅས་པ་མ་ ཡིན་ནམ། དེས་སྨྲས་པ། དེ་ཧ་ཅང་སྟོང་པ་མ་ཡིན་ནོ། །སྟོང་པར་མ་གྱུར་ཀྱང་རུང་སྟེ། ཆུ་དེས་ཆུའི་བྱ་བ་བྱེད་མི་ནུས་སོ། །དེས་ཅང་མི་སྨྲ་བར་འདུག་གོ། །ཀཽ་ཤཱམྦཱིའི་དགེ་སློང་ནི་ཀཽ་ཤཱམྦཱི་ན་གཉུག་མ་པ་དང་འཁོར་མང་པོ་ཡིན་པས་དེས་དེ་ལ་ནན་གྱིས་གནས་ནས་དབྱུང་བའི་ལས་བྱས་པ་དང་། ཡངས་པ་ཅན་གྱི་དགེ་སློང་རྣམས་འཁྲུགས་པར་གྱུར་ནས། དེ་ན་ཀཽ་ཤཱམྦཱིའི་དགེ་སློང་རྣམས་དང་འཐབ་ཀྲོལ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་བར་གྱུར་ཏེ། འདི་ལྟ་སྟེ་ལྟུང་བ་བྱུང་ངོ་ཞེའམ། ལྟུང་བ་མ་བྱུང་ངོ་ཞེའམ། གནས་ནས་ཕྱུང་བ་ཡིན་ནོ་ཞེའམ། གནས་ནས་ཕྱུང་བ་མ་ཡིན་ནོ་ ཞེས། གང་ཡང་ལྟུང་བ་བྱུང་བ་དང་། ལྟུང་བ་མེད་པ་དང་། གནས་ནས་དབྱུང་བ་དང་། གནས་ནས་དབྱུང་བ་མ་ཡིན་པ་ལ་གནས་ནས་ཕྱུང་བ་གང་ཡིན་པ་དེ་ནི་ཆོས་མ་ཡིན་པ་ལས་འཁྲུགས་པ་གཞག་པར་འོས་པས་ཕྱུང་ངོ་ཞེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་ དང་། དེ་ནས་བཅོམ་ལྡན་འདས་ཀྱིས་གནས་ནས་ཕྱུང་བའི་དགེ་སློང་དང་། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་དགེ་སློང་རྣམས་དང་། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་ཡང་རྗེས་སུ་ཕྱོགས་པ་རྣམས་ཕོ་ཉས་བཀུག་སྟེ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་ཁྱེད་འཐབ་ཀྲོལ་ དང་མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་ནས། འདི་ལྟ་སྟེ་ལྟུང་བ་བྱུང་ངོ་ཞེའམ་ཞེས་བྱ་བ་ནས་འཁྲུགས་པ་གཞག་པར་འོས་པས་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ་བདེན་ནམ། བཙུན་པ་མད་ལགས་སོ། །དགེ་སློང་དག་འཐབ་ཀྲོལ་མ་བྱེད་ཅིག །མཚང་མ་འདྲུ་ཞིག ། མ་རྩོད་ཅིག །མ་འགྱེད་ཅིག །གཞན་ཡང་ངས་གནས་ནས་ཕྱུང་བའི་དགེ་སློང་གི་ཀུན་དུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། དགེ་སློང་གནས་ནས་ཕྱུང་བས་འདི་སྙམ་དུ་སེམས་བསྐྱེད་པར་བྱའོ། །གནས་ནས་འབྱིན་པའི་དགེ་སློང་འདི་ནི་གདུག་པ་རྣམ་པར་གནོན་པ། མདོ་སྡེ་ འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ་ཡིན་ལ། དེའི་གྲོགས་བྱེད་པའི་དགེ་སློང་མང་པོ་ཡང་གདུག་པ་ཕ་རོལ་གནོན་པ། མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ་ཡིན་ཏེ། གལ་ཏེ་བདག་གིས་ལྟུང་བ་ཆོས་བཞིན་དུ་སླར་མ་བྱས་ན་དེས་ན་དགེ་འདུན་འཐབ་ཀྲོལ་ དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་བས་གནས་པར་འགྱུར་གྱིས། མ་ལ་བདག་གིས་ལྟུང་བ་ཕྱིར་ཆོས་བཞིན་བྱའོ། །གནས་ནས་ཕྱུང་བའི་དགེ་སློང་གིས་ཀུན་ཏུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་བཞིན་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་ རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནས་ནས་ཕྱུང་བའི་དགེ་སློང་དང་། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་དགེ་སློང་རྣམས་དང་། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་ཡང་རྗེས་སུ་ཕྱོགས་པ་རྣམས་གཟེངས་བསྟོད་ནས་གནས་ནས་འབྱིན་པའི་དགེ་སློང་དང་། གནས་ནས་འབྱིན་ པའི་རྗེས་སུ་ཕྱོགས་པའི་དགེ་སློང་རྣམས་དང་། གནས་ནས་འབྱིན་པའི་རྗེས་སུ་ཕྱོགས་པའི་ཡང་རྗེས་སུ་ཕྱོགས་པའི་དགེ་སློང་རྣམས་ཕོ་ཉས་བཀུག་སྟེ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་ཁྱེད་འཐབ་ཀྲོལ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་ནས། འདི་ལྟ་སྟེ་ལྟུང་བ་བྱུང་ངོ་ཞེའམ་ཞེས་བྱ་བ་ནས་འཁྲུགས་པ་གཞག་པར་འོས་པས་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ་བདེན་ནམ་བཙུན་པ་མད་ལགས་སོ། །དགེ་སློང་དག་འཐབ་ཀྲོལ་མ་བྱེད་ཅིག །མཚང་མ་འདྲུ་ཞིག །མ་རྩོད་ཅིག །མ་འགྱེད་ཅིག །གཞན་ཡང་ངས་གནས་ ནས་འབྱིན་པའི་དགེ་སློང་གི་ཀུན་དུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། དགེ་སློང་གནས་ནས་འབྱིན་པ་འདི་སྙམ་དུ་སེམས་བསྐྱེད་པར་བྱའོ། །གནས་ནས་ཕྱུང་བའི་དགེ་སློང་འདི་ནི་གདུག་པ་རྣམ་པར་གནོན་པ། མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ་ཡིན་ལ་འདིའི་ གྲོགས་བྱེད་པའི་དགེ་སློང་མང་པོ་ཡང་གདུག་པ་རྣམ་པར་གནོན་པ། མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ་ཡིན་ཏེ། གལ་ཏེ་བདག་གིས་དེ་ལ་མི་འདོད་པ་གླེངས་སམ། དྲན་པར་བྱས་ན་དེས་ན་དགེ་འདུན་འཐབ་ཀྲོལ་དང་། རྩོད་པ་དང་། མཚང་འདྲུ་བ་ དང་། འགྱེད་པ་བྱུང་བས་གནས་པར་འགྱུར་གྱིས། མ་ལ་བདག་གིས་འདི་ལ་མི་འདོད་པ་གླེང་བར་མི་བྱ་དྲན་པར་མི་བྱའོ། །གནས་ནས་འབྱིན་པའི་དགེ་སློང་གིས་ཀུན་དུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་བཞིན་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ན། འོན་ཀྱང་དགེ་སློང་དེ་རྣམས་འཐབ་ཀྲོལ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་བས་གནས་ཤིང་། ད་དུང་གསོ་སྦྱོང་ལ་ཡང་གསོ་སྦྱོང་མ་ཡིན་པར་བྱེད་པའི་སྐབས་དེ། དགེ་སློང་རྣམས་ཀྱིས་ བཅོམ་ལྡན་འདས་ལ་གསོལ་བ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་གནས་ནས་ཕྱུང་བའི་དགེ་སློང་དང་། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་དགེ་སློང་རྣམས་དང་། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་ཡང་རྗེས་སུ་ཕྱོགས་པ་རྣམས་ཕོ་ཉས་བཀུག་སྟེ་འདི་སྐད་ཅེས་ བཀའ་སྩལ་ཏོ། །དགེ་སློང་དག་ཁྱེད་ལ་ངས་དེ་སྐད་ཅེས་བཀའ་སྩལ་ཀྱང་འཐབ་ཀྲོལ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་བས་གནས་ཤིང་། ད་དུང་གསོ་སྦྱོང་ལ་ཡང་གསོ་སྦྱོང་མ་ཡིན་པར་བྱེད་པ་བདེན་ནམ། བཙུན་པ་མད་ལགས་སོ། །དགེ་སློང་ དག་འཐབ་ཀྲོལ་མ་བྱེད་ཅིག །མཚང་མ་འདྲུ་ཞིག །མ་རྩོད་ཅིག །མ་འགྱེད་ཅིག །དགེ་སློང་དག་ཁྱེད་ཅག་འཐབ་ཀྲོལ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་འབྱུང་ཞིང་གནས་ནས་ལས་སུ་བྱ་བ་གང་དག་ཡིན་པ་གསོ་སྦྱོང་དང་། དགག་དབྱེ་དང་། གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་བྱས་པ་རྣམས་མ་བྱས་པ་དང་འཁྲུགས་པར་འགྱུར་ཞིང་། དགེ་སློང་དག་ཁྱེད་དང་དགེ་སློང་དེ་རྣམས་སུ་དེ་རྣམས་དང་ཁྱེད་དུ་ཐ་དད་དུ་གནས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་གཉིས་ པོ་འདི་དག་ནི་ཐ་དད་པར་གནས་པ་ཡིན་ཏེ། གང་ཞིག་བདག་ཉིད་ཀྱིས་བདག་ཉིད་ཐ་དད་པའི་གནས་སུ་བཞག་པ་དང་། གང་ཞིག་དགེ་འདུན་གྱིས་ཆོས་ཀྱིས་བཞག་པའོ། །བདག་ཉིད་ཀྱིས་བདག་ཉིད་ཐ་དད་པའི་གནས་སུ་བཞག་པ་གང་ཞེ་ན། འདི་ལྟ་སྟེ་དགེ་སློང་དགེ་ སློང་རྣམས་འཐབ་ཀྲོལ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་ཞིང་ཕྱོགས་དང་ཕྱོགས་གཞན་དུ་གནས་པ་ན་ཆེད་དུ་བསམས་ཏེ་ཆོས་ཀྱི་ཕྱོགས་ནས་ཆོས་མ་ཡིན་པའི་ཕྱོགས་སུ་འགྲོ་བ་སྟེ། དེ་ལྟ་བུ་ནི་བདག་ཉིད་ཀྱིས་བདག་ཉིད་ཐ་དད་པའི་གནས་ སུ་བཞག་པ་ཡིན་ནོ། །དགེ་འདུན་གྱིས་ཆོས་ཀྱིས་བཞག་པ་གང་ཞེ་ན། འདི་ལྟ་སྟེ་དགེ་འདུན་གྱིས་མ་མཐོང་བས་གནས་ནས་ཕྱུང་བ་དང་། ཕྱིར་མི་བྱེད་པ་དང་། སྡིག་པ་ཅན་གྱི་ལྟ་བར་སོང་བ་མི་འདོར་བ་གནས་ནས་ཕྱུང་བ་སྟེ། འདི་ནི་དགེ་འདུན་གྱིས་ཆོས་ཀྱིས་ཡིན་ ནོ། །དགེ་སློང་དག་གཉིས་པོ་འདི་དག་ནི་མཐུན་པར་གནས་པ་ཡིན་ཏེ། གཉིས་གང་ཞེ་ན། གང་ཞིག་བདག་ཉིད་ཀྱིས་བདག་ཉིད་མཐུན་པའི་གནས་སུ་བཞག་པ་དང་། གང་ཞིག་དགེ་འདུན་གྱིས་ཆོས་ཀྱིས་བཞག་པའོ། །བདག་ཉིད་ཀྱིས་བདག་ཉིད་མཐུན་པའི་གནས་ སུ་བཞག་པ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་དགེ་སློང་རྣམས་འཐབ་ཀྲོལ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་ཞིང་ཕྱོགས་དང་ཕྱོགས་གཞན་དུ་གནས་པ་ན་ཆེད་དུ་བསམས་ཏེ། ཆོས་མ་ཡིན་པའི་ཕྱོགས་ནས་ཆོས་ཀྱི་ཕྱོགས་སུ་འགྲོ་བ་སྟེ། འདི་ ནི་བདག་ཉིད་ཀྱིས་བདག་ཉིད་མཐུན་པའི་གནས་སུ་བཞག་པ་ཡིན་ནོ། །དགེ་འདུན་གྱིས་ཆོས་ཀྱིས་བཞག་པ་གང་ཞེ་ན། འདི་ལྟ་སྟེ་དགེ་འདུན་གྱིས་མ་མཐོང་བས་གནས་ནས་ཕྱུང་བ་འབྱིན་པ་དང་། ཕྱིར་མི་བྱེད་པ་དང་། སྡིག་པ་ཅན་གྱི་ལྟ་བར་སོང་བ་མི་འདོར་བ་གནས་ ནས་ཕྱུང་བ་འབྱིན་པ་ནི་དགེ་འདུན་གྱིས་ཆོས་ཀྱིས་བཞག་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནས་ནས་ཕྱུང་བའི་དགེ་སློང་དང་། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་དགེ་སློང་རྣམས་དང་། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་ཡང་རྗེས་སུ་ཕྱོགས་པ་རྣམས་ གཟེངས་བསྟོད་ནས། གནས་ནས་འབྱིན་པའི་དགེ་སློང་དང་། གནས་ནས་འབྱིན་པའི་རྗེས་སུ་ཕྱོགས་པའི་དགེ་སློང་རྣམས་དང་། གནས་ནས་འབྱིན་པའི་རྗེས་སུ་ཕྱོགས་པའི་ཡང་རྗེས་སུ་ཕྱོགས་པ་རྣམས་ཕོ་ཉས་བཀུག་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་དག་ ངས་དེ་སྐད་ཅེས་བཀའ་སྩལ་ན། འོན་ཀྱང་ཁྱེད་འཐབ་ཀྲོལ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་བས་གནས་ཤིང་། ད་དུང་གསོ་སྦྱོང་ལ་ཡང་གསོ་སྦྱོང་མ་ཡིན་པར་བྱེད་པ་བདེན་ནམ། བཙུན་པ་མད་ལགས་སོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་དེ་སྐད་ ཅེས་གསུངས་ཀྱང་དགེ་སློང་དེ་རྣམས་འཐབ་ཀྲོལ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་བས་གནས་སོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་ཁྱིམ་དུ་གདུགས་ཚོད་ལ་སྤྱན་དྲངས་པ་ལས་ དགེ་སློང་གི་དགེ་འདུན་ནི་དོང་ངོ་། །བཅོམ་ལྡན་འདས་ནི་རྫས་ཀྱིས་བསྒྲུབས་པ་ན་བཞུགས་ཏེ་བསོད་སྙོམས་ཀྱི་སྐུ་སྐལ་ནོད་པར་མཛད་དོ། །བཅོམ་ལྡན་འདས་རྣམས་ནི་རྒྱུ་ལྔས་རྫས་ཀྱིས་བསྒྲུབས་པ་ན་བཞུགས་ཤིང་བསོད་སྙོམས་ཀྱི་སྐུ་སྐལ་ནོད་པར་མཛད་པ་ཡིན་ཞེས་བྱ་བ་ནས། སྐབས་འདིར་ནི་བཅོམ་ལྡན་འདས་ཉན་ཐོས་རྣམས་འདུལ་བ་ལ་བསླབ་པའི་གཞི་བཅའ་བར་བཞེད་ནས་རྫས་ཀྱིས་བསྒྲུབས་པ་ན་བཞུགས་ཤིང་བསོད་སྙོམས་ཀྱི་སྐུ་སྐལ་ལ་ནོད་པར་མཛད་དོ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །དེ་ན་རྒོལ་བ་དང་ཕྱིར་རྒོལ་བའི་དགེ་སློང་རྣམས་ཟས་ཀྱི་ཕྱིར་ ཁྱིམ་གྱི་ནང་དུ་ཞུགས་པ་དང་འཐབ་ཀྲོལ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་བས་གནས་པར་གྱུར་ཏེ། འདི་ལྟ་སྟེ་ལྟུང་བ་བྱུང་ངོ་ཞེའམ་ལྟུང་བ་མ་བྱུང་ངོ་ཞེས་བྱ་བ་ནས་གཞག་པར་འོས་པའོ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དེ་ནི་ཕན་ཚུན་རྡེག་པ་ལ་ཞུགས་ སོ། །དེ་ནས་དགེ་སློང་བསོད་སྙོམས་ནོད་པས་བསོད་སྙོམས་ཁྱེར་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་བསོད་སྙོམས་མཐའ་གཅིག་ཏུ་བཞག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་སྤྱན་སྔར་འདུག་གོ། །ཆོས་ཉིད་ཀྱིས་སངས་རྒྱས་ བཅོམ་ལྡན་འདས་རྣམས་ནི་བསོད་སྙོམས་ནོད་པའི་དགེ་སློང་ལ་སོ་སོ་ཡང་དག་པར་དགའ་བར་མཛད་པ་འདིས་སོ་སོ་ཡང་དག་པར་དགའ་བར་མཛད་དེ། དགེ་སློང་ཅིག་དགེ་སློང་གི་དགེ་འདུན་ལ་བསོད་པའི་ཁ་ཟས་ཀྱིས་ཚིམ་པར་བྱས་སམ་ཞེས་གསུང་པ་ཡིན་པས། བཅོམ་ལྡན་འདས་ ཀྱིས་བསོད་སྙོམས་ནོད་པའི་དགེ་སློང་ལ་སོ་སོ་ཡང་དག་པར་དགའ་བར་མཛད་པ་འདིས་སོ་སོ་ཡང་དག་པར་དགའ་བར་མཛད་དེ། དགེ་སློང་ཇི་ག་དགེ་སློང་གི་དགེ་འདུན་ལ་ཁ་ཟས་བསོད་པས་ཚིམ་པར་བྱས་སམ། བཙུན་པ་མད་པར་དགེ་སློང་གི་དགེ་འདུན་ལ་ཞལ་ཟས་བསོད་པས་ ཚིམ་པར་བགྱིས་ན། འོན་ཀྱང་རྒོལ་བ་དང་ཕྱིར་རྒོལ་བའི་དགེ་སློང་རྣམས་སྡུམ་པའི་ནང་དུ་འཐབ་ཀྲོལ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་ནས་འདི་ལྟ་སྟེ། ལྟུང་བ་བྱུང་ངོ་ཞེའམ་ཞེས་བྱ་བ་ནས་གཞག་པར་འོས་པ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །ད་ནི་ཕན་ཚུན་དུ་རྡེག་ པ་ལ་ཞུགས་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞལ་ཟས་ཀྱི་བྱ་བ་མཛད་ནས་གཙུག་ལག་ཁང་གི་ཕྱི་རོལ་དུ་ཞབས་གཉིས་བཀྲུས་ཏེ་ནང་དུ་ཡང་དག་འཇོག་གི་ཕྱིར་གཙུག་ལག་ཁང་དུ་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་དགོངས་ཀ་ནང་དུ་ཡང་དག་འཇོག་ལས་བཞེངས་ནས་ དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཁ་ཟས་ལ་ཁྱིམ་དུ་ཞུགས་པ་ན། འཐབ་ཀྲོལ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་བར་ གྱུར་ནས་འདི་ལྟ་སྟེ་ལྟུང་བ་བྱུང་ངོ་ཞེའམ་ཞེས་བྱ་བ་ནས་ད་ནི་ཕན་ཚུན་དུ་རྡེག་པ་ལ་ཞུགས་སོ། །ཞེས་བྱ་བའི་བར་དུ་བདེན་ནམ། བཙུན་པ་མད་ལགས་སོ། །དགེ་སློང་དག་འཐབ་ཀྲོལ་མ་བྱེད་ཅིག །མཚང་མ་འདྲུ་ཞིག །མ་རྩོད་ཅིག །མ་འགྱེད་ཅིག །གཞན་ཡང་ངས་རྒོལ་བ་དང་ཕྱིར་ རྒོལ་བའི་དགེ་སློང་རྣམས་ཁང་པའི་ནང་དུ་འཇུག་པའི་ཀུན་དུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། རྒོལ་བ་དང་ཕྱིར་རྒོལ་བའི་དགེ་སློང་རྣམས་ཀྱིས་ཁང་པའི་ནང་དུ་ཞུགས་ནས་གང་དུ་ལུས་ཀྱི་ཀུན་དུ་སྤྱོད་པ་རུང་བ་མ་ཡིན་པ་དེ་ལྟ་བུའི་སྐབས་མི་འབྱུང་བར་བསྟན་པར་ཆད་ཡོད་པར་འདུག་པར་ བྱའོ། །རྒོལ་བ་དང་ཕྱིར་རྒོལ་བའི་དགེ་སློང་རྣམས་ཀྱིས་ཁང་པའི་ནང་དུ་ཞུགས་ནས་ཀུན་དུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་བཞིན་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ན། འོན་ཀྱང་དགེ་ སློང་རྣམས་འཐབ་ཀྲོལ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་བས་གནས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འཐབ་ཀྲོལ་མ་བྱེད་ཅིག ། མཚང་མ་འདྲུ་ཞིག །མ་རྩོད་ཅིག །མ་འགྱེད་ཅིག །དགེ་སློང་དག་ཁྱེད་ཅག་འཐབ་ཀྲོལ་དང་། མཚང་འདྲུ་བ་དང་། རྩོད་པ་དང་། འགྱེད་པ་བྱུང་བས་གནས་ན་རྩོད་པ་བྱུང་ཞིང་བྱུང་བ་སྟོན་པའི་བསྟན་པ་ཆོས་འདུལ་བས་དུལ་བར་བྱ་བ་དང་། ཞི་བར་བྱ་བ་དང་། ཉེ་བར་ཞི་བར་བྱ་བའི་ གནས་འདི་མེད་དོ། །དགེ་སློང་དག་ཁྱེད་ཅག་འཐབ་ཀྲོལ་མེད་པ་དང་། མཚང་འདྲུ་བ་མེད་པ་དང་། རྩོད་པ་མེད་པ་དང་། འགྱེད་པ་མེད་པར་གྱུར་ཅིང་གནས་ན་རྩོད་པ་བྱུང་ཞིང་བྱུང་བ་སྟོན་པའི་བསྟན་པ་ཆོས་འདུལ་བས་དུལ་བར་བྱ་བ་དང་། ཞི་བར་བྱ་བ་དང་། ཉེ་བར་ཞི་བར་བྱ་བའི་ གནས་འདི་ཡོད་དོ། །དགེ་སློང་དག་སྔོན་བྱུང་བ་ཡུལ་ཀ་ཤིའི་རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་དང་། ཡུལ་ཀོ་ས་ལའི་རྒྱལ་པོ་རིང་པོ་ལེན་གཉིས་ཕན་ཚུན་དུ་རྩོད་པར་གྱུར་ཏེ། རྒྱས་པར་ནི་ལུང་བར་མའི་ཏིང་ངེ་འཛིན་དང་ལྡན་པའི་ལེའུ་ལས་རིང་པོ་ལེན་གྱི་མདོ་འབྱུང་བ་བཞིན་ནོ། །དེ་རྣམས་ ཀྱིས་འདི་སྐད་ཅེས་སྨྲས་ཏེ། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས། །ཚངས་བྱིན་རྒ་བ་སྡུག་བསྔལ་ཏེ། །ནོར་རྣམས་ཡོངས་སུ་གཏུགས་པ་དང་། །གཉེན་རྣམས་ཀྱང་ནི་མ་མཐོང་དང་། །ཡུལ་གཞན་ཤི་བ་སྡུག་བསྔལ་ལོ། །ཞེས་བཀའ་སྩལ་པ་ཞིག་ཀྱང་མཆིས་སོ། །དེ་ནས་བཅོམ་ ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཚིག་མི་མཐུན་ལ་ཕྱོགས་ཉམས་ཡང་། །འདི་གཙོ་མིན་ཞེས་སེམས་བྱེད་པ། །དགེ་འདུན་དབྱེ་བར་འགྱུར་ན་གོ། །མཐུ་ཆུང་ཅུང་ཟད་ཅིས་མི་བསམ། །སྲོག་ཆགས་རུས་པ་གཅོག་པ་དང་། །རྟ་དང་བ་ལང་ནོར་ཕྲོགས་ དང་། །ཡུལ་འཁོར་ཕུང་བར་བྱས་རྣམས་ཀྱང་། །འདུམ་པར་འགྱུར་བ་ཉིད་ཡོད་ན། །ཆོས་འདི་རྣམ་པར་ཤེས་གྱུར་པ། །ཁྱེད་ཅག་ཅི་ཡི་ཕྱིར་མི་འགྱུར། །སྤྱོད་ཡུལ་སྟོན་པར་བྱེད་པའི་གསུང་། །ཆགས་ལས་ཟློག་པ་ལྷུར་ལེན་པ། །བརྟགས་ནས་མཁས་པར་སྣང་ བ་ནི། །གང་ལ་རྩོད་པ་དེས་མི་ཤེས། །གཞན་ཡང་བདག་ཅག་འདི་ལ་ནི། །བརྩོན་ཞེས་བྱ་བར་མི་ཤེས་ཀྱི། །གང་དག་གིས་ནི་འདི་ཤེས་པ། །དེ་ལ་གཟུ་བོ་མི་དགོས་སོ། །བདག་སྤྱོས་བདག་ལ་ཁ་བྱས་དང་། །བདག་རྒྱལ་བདག་ནི་ཕམ་གྱུར་པ། །དེ་ལ་གང་དག་ཁོན་ འཛིན་པ། །དེ་དག་ཤ་ཁོན་ཞི་མི་འགྱུར། །བདག་སྤྱོས་བདག་ལ་ཁ་བྱས་དང་། །བདག་རྒྱལ་བདག་ནི་ཕམ་གྱུར་པ། །དེ་ལ་གང་དག་ཁོན་མི་འཛིན། །དེ་དག་ཤ་ཁོན་རབ་ཞིར་འགྱུར། །འཁོན་དུ་འཛིན་པས་ཤ་ཁོན་དག །འདིར་ནི་གཞར་ཡང་ཞི་མི་འགྱུར། །བཟོད་པས་ཤ་ཁོན་ ཞི་འགྱུར་བ། །འདི་ནི་གཡུང་དྲུང་ཆོས་ཡིན་ནོ། །འཁོན་དུ་འཛིན་པས་ཤ་ཁོན་ནམ་ཡང་ཞི་མི་འགྱུར། །འཁོན་དུ་འཛིན་མེད་རྣམས་ཀྱིས་ཤ་ཁོན་ཞི་བར་འགྱུར། །འཁོན་ལ་ཆགས་པ་ལུས་ཅན་རྣམས་ལ་ཕན་མི་འགྱུར། །དེ་ལྟ་བས་ན་མཁས་པ་ཁོན་དུ་འཛིན་མི་བྱེད། །གལ་ཏེ་ གྲོགས་པོ་འགྲུས་སྐྱོང་ལྷན་ཅིག་སྤྱོད་པ་དང་། །ལེགས་པར་གནས་པ་བརྟན་པ་རྙེད་པར་གྱུར་ན་ནི། །ཟག་པར་འགྱུར་བ་ཐམས་ཅད་ཟིལ་གྱིས་མནན་བྱས་ནས། །དེ་དང་ཡིད་དགའ་དྲན་དང་ལྡན་བཞིན་སྤྱད་པར་བྱ། །གལ་ཏེ་གྲོགས་པོ་འགྲུས་སྐྱོང་ལྷན་ཅིག་སྤྱོད་པ་དང་། །ལེགས་ པར་གནས་པ་བརྟན་པ་རྙེད་པར་མ་གྱུར་ན། །རྒྱལ་པོས་ཡུལ་འཁོར་རྒྱ་ཆེན་སྤངས་པར་གྱུར་པ་བཞིན། །གཅིག་པུ་འདུག་པར་བྱ་ཞིང་སྡིག་པ་རྣམས་མི་བྱ། །གལ་ཏེ་བཙལ་ཏེ་བདག་འདྲ་བའམ། །ལྷག་པར་རྙེད་པར་མ་གྱུར་ན། །བྱིས་པ་སྟོངས་མོར་འགྱུར་མེད་པས། །གཅིག་ པུར་སྤྱད་པ་བརྟན་པར་སྤྱད། །གཅིག་པུར་སྤྱོད་པ་ལེགས་འགྱུར་གྱི། །བྱིས་པ་བསྟངས་པ་ལེགས་མིན་པས། །མ་ཏང་དགོན་པའི་གླང་ཆེན་ལྟར། །སེམས་ལས་བསྙུངས་ཏེ་གཅིག་པུས་སྤྱད། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཀཽ་ཤཱམྦཱིའི་དགེ་སློང་གིས་བཅོམ་ལྡན་འདས་ལ་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནི་ཆོས་ཀྱི་རྗེ་ལགས། བདེ་བར་གཤེགས་པ་ནི་ཆོས་ཀྱི་རྗེ་ལགས་ན། འདི་རྣམས་བདག་ཅག་ལ་ཚིག་ངན་པ་དང་མི་སྙན་པ་མཆི་ན། བདག་ཅག་གིས་དེ་རྣམས་ལ་ཅིའི་སླད་དུ་བཟོད་པར་བགྱི་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ རྣམས་ཀྱི་སྤྱོད་ཚུལ་དང་། ལོག་པར་སྒྲུབ་པ་དེས་ཐུགས་མི་དགྱེས་ཤིང་ཐུགས་ལ་མ་བབ་པས་དེ་ཉིད་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལས་གཤེགས་ཏེ། མཉན་ཡོད་གང་ན་བ་དེར་རྒྱུ་ཞིང་གཤེགས་སོ། །རིམ་གྱིས་རྒྱུ་ཞིང་གཤེགས་པ་དང་མཉན་ཡོད་དུ་བྱོན་ནས་མཉན་ཡོད་ཀྱི་རྒྱལ་བུ་རྒྱལ་ བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་དེར་གཤེགས་པ་དང་། ཀཽ་ཤཱམྦཱིའི་དགེ་སློང་རྣམས་དང་། ཡངས་པ་ཅན་གྱི་དགེ་སློང་རྣམས་འདི་ལྟ་བུའི་སྤྱོད་ལམ་དུ་གྱུར་ཏེ། སྔ་དྲོ་ནི་ཟས་ཀྱི་ཕྱིར་བསོད་སྙོམས་ལ་འཇུག །ཟས་ཀྱི་འོག་ཏུ་ནི་སྒོ་བཅད་ནས་ འཐབ་མོ་འགྱེད་པར་གྱུར་ཏོ། །དེ་རྣམས་ཚུལ་དང་སྤྱོད་པ་དང་ལོག་པར་སྒྲུབ་པ་དེས་ལོ་བཅུ་གཉིས་འདས་སོ། །ཀཽ་ཤཱམྦཱིའི་བྲམ་ཟེ་དང་ཁྱིམ་བདག་རྣམས་འདུན་ཁང་དུ་འདུས་ནས་ཕན་ཚུན་གྲོས་བྱ་བར་བརྩམས་པ། ཤེས་ལྡན་དག་བདག་ཅག་ནི་བཅོམ་ལྡན་འདས་ལ་ན་བཟའ་ཆོས་གོས་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་དཔྱད་ཀྱི་རྐྱེན་སྨན་དང་། ཡོ་བྱད་རྣམས་དབུལ་བར་ཤིན་ཏུ་དད་ན། འོན་ཀྱང་བཅོམ་ལྡན་འདས་ཀྱིས་སྤྱོད་ཡུལ་འདི་ལོ་བཅུ་གཉིས་ཀྱི་བར་དུ་སྤངས་ཏེ་ད་དུང་ཡང་མ་བྱོན་ནོ། །ཁ་ཅིག་གིས་སྨྲས་པ། ཤེས་ལྡན་དག་བཅོམ་ལྡན་འདས་འདིར་ གཤེགས་པར་ག་ལ་འགྱུར། འདི་ན་ད་ལྟར་ཀཽ་ཤཱམྦཱིའི་དགེ་སློང་རྣམས་ཀྱི་ཚུལ་དང་། སྤྱོད་པ་དང་། ལོག་པར་སྒྲུབ་པ་འདི་ལྟ་བུར་བྱེད་དེ། སྔ་དྲོ་ཟས་ཀྱི་ཕྱིར་བསོད་སྙོམས་ལ་ཞུགས་ལ་ཟས་ཀྱི་འོག་ཏུ་སྒོ་བཅད་ནས་འཐབ་མོ་འགྱེད་དོ། །ཁ་ཅིག་གིས་སྨྲས་པ། ཤེས་ལྡན་དག་དེ་རྣམས་ལ་ ཉེས་པ་ཡོད་པ་མ་ཡིན་གྱི། འོན་ཀྱང་བདག་ཅག་གིས་ལན་ཏེ་བདག་ཅག་གིས་དེ་རྣམས་ལ་བསོད་སྙོམས་བྱིན་པའམ་ཚིག་སྨྲས་པས་སོ། །ཚུར་བདག་ཅག་གིས་ཁྲིམས་ཤིག་བཅས་ལ་བཞག་སྟེ། སུས་ཀྱང་དེ་རྣམས་ལ་བསོད་སྙོམས་མི་སྦྱིན་ཞིང་ཚིག་ཀྱང་མི་སྨྲའོ་ཞེས་དེ་རྣམས་ཀྱིས་ ཁྲིམས་སུ་བཅས་ནས་བཞག་གོ། །དེ་ནས་ཕྱི་དེ་ཉིན་ཀཽ་ཤཱམྦཱིའི་དགེ་སློང་རྣམས་བསོད་སྙོམས་ལ་ཞུགས་པ་དང་། སུས་ཀྱང་མ་སྨྲས་ལ་བསོད་སྙོམས་ཀྱང་མ་བྱིན་ཏེ། དེ་རྣམས་ཇི་ལྟར་ལྷུང་བཟེད་བཀྲུས་པ་ཉིད་ཀྱིས་བསོད་སྙོམས་ལ་ཞུགས་པ་དེ་ལྟར་བཀྲུས་པ་ཉིད་ཀྱིས་སྒོར་བྱུང་སྟེ་བསོད་ སྙོམས་གཅིག་ཀྱང་མ་རྙེད་དོ། །དེ་ནས་དེ་རྣམས་འདུས་ནས་ཀཽ་ཤཱམྦཱིའི་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་སྨྲས་པ། ཤེས་ལྡན་དག་རེ་ཞིག་ནོར་ཟད་པར་གྱུར་པས་བསོད་སྙོམས་མི་སྟེར་བ་ནི་རིགས་ན། བདག་ཅག་གིས་ནི་ཉེས་པ་ཅི་བྱས་ན་ཚིག་ཀྱང་མི་སྟེར། དེ་རྣམས་ཀྱིས་ སྨྲས་པ། གང་དག་གིས་ཚུལ་དང་སྤྱོད་པ་དང་ལོག་པར་སྒྲུབ་པས་སྟོན་པ་ཐུགས་མི་དགྱེས་ཤིང་ཐུགས་ལ་མ་བབ་ནས། སྟེང་གི་ནམ་མཁའ་ལས་གཤེགས་ཏེ། ལོ་བཅུ་གཉིས་འདས་ནས་ད་དུང་ཡང་སླར་མ་གཤེགས་པར་ཁྱེད་ཅག་ཀྱང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་ཡིན་པར་བདག་ཉིད་ ཁས་འཆེའམ། དེ་རྣམས་ཅང་མི་སྨྲ་བར་འཁོད་ནས། དེ་རྣམས་ཀྱི་དྲུང་ནས་དོང་སྟེ་སྨྲས་པ། ཚེ་དང་ལྡན་པ་དག་དེ་རྣམས་ཀྱིས་བདག་ཅག་བརྒྱད་པ་ནི་ཐོག་ཏུ་བབ་སྟེ། གང་ཞིག་ས་ལ་འགྱེལ་བ་དེ་ཉིད་ལས་བརྟེན་ཏེ་ལྡང་བས་མ་དོར་ན་མཉན་ཡོད་དུ་དོང་ལ། བཅོམ་ལྡན་ འདས་དང་དགེ་སློང་གི་དགེ་འདུན་ལ་བཟོད་པ་གསོལ་ལོ། །དེ་ནས་ཀཽ་ཤཱམྦཱིའི་དགེ་སློང་རྣམས་དེ་ཉིད་ཀྱི་ནུབ་མོ་འདས་ནས་ལྷུང་བཟེད་དང་ཆོས་གོས་ཁྱེར་ཏེ། ཀཽ་ཤཱམྦཱིར་མ་ཞུགས་པར་མཉན་ཡོད་གང་ན་བ་དེར་རྒྱུ་ཞིང་དོང་ངོ་། །ཚེ་དང་ལྡན་པ་ཀུན་དགའ་བོས་ཀཽ་ཤཱམྦཱིའི་དགེ་ སློང་འཐབ་ཀྲོལ་བྱེད་པ། མཚང་འདྲུ་བར་བྱེད་པ། རྩོད་པར་བྱེད་པ། འགྱེད་པར་བྱེད་པ། རྩོད་པའི་གཞི་བྱེད་པ་རྣམས་འོང་ངོ་ཞེས་ཐོས་ནས་གང་དག་གིས་བཅོམ་ལྡན་འདས་ཐུགས་ཕྱུང་བར་བགྱིས་ཏེ། འདིར་གཤེགས་པ་དེ་དག་ངོ་ཚ་མེད་པས་ཐོ་བཙམ་པའི་ཕྱིར་བདག་ ཅག་ལ་གླེང་བར་འགྱུར་གྱིས། མ་ལ་བདག་ཅག་གིས་བཅོམ་ལྡན་འདས་ལ་གསོལ་ལོ་སྙམ་དུ་བསམས་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་ གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གིས་ཀཽ་ཤཱམྦཱིའི་དགེ་སློང་འཐབ་ཀྲོལ་བགྱིད་པ། མཚང་འདྲུ་བར་བགྱིད་པ། རྩོད་པར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པའི་གཞི་བགྱིད་པ་རྣམས་འདིར་ མཆིའོ་ཞེས་ཐོས་ལགས་ཏེ། གང་དག་གིས་བཅོམ་ལྡན་འདས་ཀྱི་ཐུགས་ཕྱུང་བར་བགྱིས་ཏེ། འདིར་བྱོན་པ་དེ་དག་ངོ་ཚ་མ་མཆིས་པས་ཐོ་བཙམ་པ་ཉིད་དུ་བདག་ཅག་ལ་གླེང་བར་བགྱིད། དྲན་པར་བགྱིད་ན། དེ་རྣམས་ལ་བདག་ཅག་གིས་ཇི་ལྟར་བསྒྲུབ་པར་བགྱི། ཀུན་དགའ་ བོ་དེ་དག་ལ་དགེ་སློང་རྣམས་ཀྱིས་ལག་བརྡས་གནས་མལ་ཐ་མ་ཞིག་བསྟན་པ་མ་གཏོགས་པར་གཏམ་འདྲེ་བར་མི་བྱ། ཕེབས་པར་སྨྲ་བར་མི་བྱ། བལྟ་བར་མི་བྱ། རྣམ་པར་བལྟ་བར་མི་བྱའོ། །གལ་ཏེ་བདག་ཅག་ནི་རྒན་ན། ཅིའི་ཕྱིར་ན་གནས་མལ་གྱི་ཐ་མ་སྦྱིན་ཞེས་སྨྲ་ ན། གང་དག་གི་ཚུལ་དང་སྤྱོད་པ་དང་། ལོག་པར་སྒྲུབ་པས་སྟོན་པ་ཐུགས་མི་དགྱེས་ཤིང་ཐུགས་ལ་མ་བབ་ནས་འདིར་གཤེགས་པ་ཁྱེད་ཅག་ཀྱང་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་ཡིན་པར་བདག་ཉིད་ཁས་འཆེའམ། སྟོན་པ་ཐུགས་རྗེ་ཅན་དེས་འདི་གནང་བ་ཉིད་ཀྱང་ཁྱེད་དབང་བར་མི་ འགྱུར་རོ་ཞེས་སྨྲོས་ཤིག །སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་ཀཽ་ཤཱམྦཱིའི་དགེ་སློང་འཐབ་ཀྲོལ་བྱེད་པ། མཚང་འདྲུ་བར་བྱེད་པ། རྩོད་པར་བྱེད་པ། འགྱེད་པར་བྱེད་པ། རྩོད་པའི་གཞི་བྱེད་པ་རྣམས་འོང་ངོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། སོང་ལ་དེ་རྣམས་ ལ་བདག་གིས་ཇི་ལྟར་བསྒྲུབ་པར་བྱ་བཅོམ་ལྡན་འདས་ལ་ཞུའོ་སྙམ་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་སྐྱེ་ དགུའི་བདག་མོ་ཆེན་མོ་གཽ་ཏ་མཱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་གིས་ཀཽ་ཤཱམྦཱིའི་དགེ་སློང་འཐབ་ཀྲོལ་བགྱིད་པ། མཚང་འདྲུ་བར་བགྱིད་པ། རྩོད་པར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པའི་གཞི་བགྱིད་པ་རྣམས་མཆིའོ་ཞེས་ཐོས་ལགས་ན། བདག་གིས་ དེ་རྣམས་ལ་ཇི་ལྟར་བསྒྲུབ་པར་བགྱི། གཽ་ཏ་མཱི་ཁྱོད་ཀྱིས་ཀཽ་ཤཱམྦཱིའི་དགེ་སློང་རྣམས་ལ་འཁོར་གྱི་གཙོ་བོ་ཡིན་པས་མཐོང་མ་ཐག་ཏུ་སྟན་དོར་བ་མ་གཏོགས་པར་གཏམ་འདྲེ་བར་མི་བྱ། ཕེབས་པར་སྨྲ་བར་མི་བྱ། བལྟ་བར་མི་བྱ། རྣམ་པར་བལྟ་བར་མི་བྱའོ། །ཁྱིམ་བདག་མགོན་མེད་ཟས་ སྦྱིན་གྱིས་ཀཽ་ཤཱམྦཱིའི་དགེ་སློང་འཐབ་ཀྲོལ་བྱེད་པ། མཚང་འདྲུ་བར་བྱེད་པ། རྩོད་པར་བྱེད་པ། འགྱེད་པར་བྱེད་པ། རྩོད་པའི་གཞི་བྱེད་པ་རྣམས་འོང་ངོ་ཞེས་ཐོས་སོ། །ཐོས་ནས་ཀྱང་འདི་སྙམ་དུ་སེམས་ཏེ། སོང་ལ་དེ་རྣམས་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བྱ་བཅོམ་ལྡན་ འདས་ལ་ཞུའོ་སྙམ་དུ་བསམས་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འ