Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 003_འདུལ་བ།_ག

Văn bản gốc(Tây Tạng)

Trang 4 / 19 (50.000 ký tự/trang)
ྱལ་སྲིད་ལས་ཕྱུང་ནས་རང་ཉིད་ཅོད་པན་བཅིངས་ཏེ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བགྱིད་པར་འགྱུར་རོ། །རྒྱལ་པོ་རྣམས་ཁྭ་ལྟར་ཁུམ་འཕྲིག་ཟ་བ་ཡིན་པས་དེས་བསམས་པ། འདི་རྣམས་ཀྱིས་ཇི་སྐད་སྨྲས་པ་དེ་བཞིན་དུ་གདོན་མི་ཟའོ་སྙམ་ནས་དེ་དེ་ལ་
ཀླན་ཀ་ཚོལ་བར་གྱུར་ཏོ། །འཇིག་རྟེན་ན་མཛའ་བ་དང་། མི་མཛའ་བ་དང་། བར་མ་ཡོད་པས་ཇི་ཙམ་ན་གཞན་དག་གིས་དུམ་བུ་ལ་སྨྲས་པ། ཁྱོད་ལ་རྒྱལ་པོ་ཀླན་ཀ་ཚོལ་ཞིང་འདུག་གིས་ཐབས་ལེགས་པར་སོམས་ཤིག །དེ་རྟོག་པ་སྐྱེས་ཤིང་དེ་དཔྱོད་པ་ལ་ཞུགས་པ་གང་དུ་འགྲོ།
གལ་ཏེ་མཉན་ཡོད་དུ་སོང་ན་ནི་མཉན་ཡོད་དེ་ཡང་རྒྱལ་པོའི་མངའ་རིས་ཡིན་པས་ཉེན་འདི་ཉིད་ཡོད་དོ། །དེ་བཞིན་དུ་བཱ་རཱ་ཎ་སཱི་དང་། རྒྱལ་པོའི་ཁབ་དང་། ཙམ་པ་ཡང་གཅིག་གི་དབང་དུ་གྱུར་པས་ཉེན་འདི་ཉིད་ཡོད་དོ། །ཡངས་པ་ཅན་ནི་ཚོགས་ཀྱི་དབང་ཡིན་ཏེ། བཅུ་དགའ་བ་གང་

ཡིན་པ་དེ་ལ་ནི་ཉི་ཤུ་མི་དགའ་བར་འགྱུར་བ་ཡིན་པས་ཡེ་ཡངས་པ་ཅན་དུ་འགྲོའོ་སྙམ་ནས་དེས་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ལ་བདག་ནི་ཁྱེད་ཅག་གི་དཔུང་གི་ཕག་ན་འདུག་པར་འདོད་དོ་ཞེས་ཕོ་ཉ་བཏང་ངོ་། །དེ་རྣམས་ཀྱིས་གུས་པའི་ཚུལ་གྱིས་ལན་སྤྲིང་བ། ཡངས་པ་ཅན་འདིར་
བྱོན་པ་ལེགས་ཀྱིས་སྤྱོན་ཅིག །དེ་ནས་བློན་པོའི་མཆོག་དུམ་བུས་ཉེ་དུ་རྣམས་བོས་ཏེ་སྨྲས་པ། ཤེས་ལྡན་དག་བདག་ནི་ཡངས་པ་ཅན་དུ་ཆས་ཀྱིས་ཁྱེད་ཅག་ལས་གང་དག་འདིར་དགའ་བ་དེ་དག་ནི་འདུག་ཤིག །གང་དག་མི་འདོད་པ་དེ་དག་ནི་སྟ་གོན་གྱིས་ཤིག་དང་འདོང་ངོ་། །
བ་ལང་རྫི་དང་ཕྱུགས་རྫི་རྣམས་ལ་བསྒོ་བ། ཁྱེད་ཅག་གིས་བ་ལང་དང་མ་ཧེ་ཡངས་པ་ཅན་གང་ན་བ་དེར་སྐྱོངས་ཤིག །ཞོ་ཤས་འཚོ་བ་རྣམས་ལ་བསྒོ་བ་ཡངས་པ་ཅན་དུ་འདོང་གིས་གོ་གྱོན་ཅིག །དེ་ནས་སྐྱེ་བོའི་ཚོགས་དེ་ལྟར་སྟ་གོན་བྱེད་དུ་བཅུག་ནས། རྒྱལ་པོའི་དྲུང་དུ་སོང་སྟེ་
རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། ལྷ་བགྱི་བ་ཅུང་ཞིག་མཆིས་ཏེ། སྐྱེད་མོས་ཚལ་དུ་མཆི་ན་གཟིགས་སུ་གསོལ། །རྒྱལ་པོས་སྨྲས་པ། དེ་བཞིན་བྱས་སོང་ཤིག །དེས་སྐྱེད་མོས་ཚལ་བྱི་དོར་བྱས་ནས་ནོར་གཅེས་པས་ཤིང་རྟ་བཀང་སྟེ། སྟེང་བཟའ་བ་དང་བཅའ་བས་གཡོགས་
ནས་སོང་ངོ་། །བློན་པོ་རྣམས་ཀྱིས་དུམ་བུ་བྲོས་སོ་ཞེས་ཐོས་ནས། དེ་རྣམས་རིངས་པ་རིངས་པར་རྒྱལ་པོའི་དྲུང་དུ་སོང་ནས་སྨྲས་པ། ལྷ་དུམ་བུ་ནི་བྲོས་སོ། །རྒྱལ་པོས་སྨྲས་པ། དེང་ལ་སླར་ཁུག་ཤིག །དེ་རྣམས་ཀྱིས་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ནས་བསྙགས་
ཏེ་སྨྲས་པ། དུམ་བུ་ལྷས་བཀའ་སྩལ་གྱིས་སླར་ལོག་ཤིག །དེས་སྨྲས་པ། ཤེས་ལྡན་དག་ཁྱེད་ཅག་གིས་ཡུན་རིང་མོ་ཞིག་ནས་ཀྱེ་མའོ་དུམ་བུ་ཤིའམ་བྲོས་པར་གྱུར་ཀྱང་ཅི་མ་རུང་སྙམ་དུ་བསམས་པ་དེ་ཚེགས་ཆུང་དུས་གྲུབ་ཀྱིས་དེང་ཤིག །ཁོ་བོ་ནི་བྲོས་པ་ཡིན་ནོ། །དེ་རྣམས་ཀྱིས་
རྒྱལ་པོའི་སེམས་བསྲུང་བའི་ཕྱིར་མདའ་དང་མདའ་དག་འདྲེས་པར་བྱས་ནས་ལོག་སྟེ་རྒྱལ་པོ་ལ་སྨྲས་པ། ལྷ་བློན་པོའི་མཆོག་དུམ་བུ་ནི་བྲོས་སོ། །རྒྱལ་པོས་མ་ལེགས་སོ་སྙམ་དུ་བསམས་ནས་ཅང་མི་སྨྲ་བར་འདུག་གོ། །དུམ་བུ་ཡང་རིམ་གྱིས་ཡངས་པ་ཅན་དུ་ཕྱིན་ཏོ། །དེའི་ཚེ་ཡངས་

པ་ཅན་ན་རིས་གསུམ་དུ་གནས་ཏེ། རིས་དང་པོ་ན་ནི་ཁང་པ་རྩེག་མ་བདུན་སྟོང་བ་གམ་གསེར་ལས་བྱས་པའོ། །རིས་བར་མ་ན་ནི་ཁང་པ་རྩེག་མ་ཁྲི་བཞི་སྟོང་བ་གམ་དངུལ་ལས་བྱས་པའོ། །རིས་ཐ་མ་ན་ནི་ཁང་པ་རྩེག་མ་ཉི་ཁྲི་ཆིག་སྟོང་བ་གམ་ཟངས་ལས་བྱས་པ་སྟེ། དེ་
རྣམས་ན་མི་དམ་པ་དང་། བར་མ་དང་། ཕལ་པ་རྣམས་ཅི་རིགས་པར་གནས་སོ། །ཡངས་པ་ཅན་གྱི་ཚོགས་ཀྱིས་ཁྲིམས་སུ་བཅས་ཏེ་བཞག་པ་ནི་རིས་དང་པོར་བུ་མོ་བཙས་པ་གང་ཡིན་པ་དེ་ནི་རིས་དང་པོ་ཉིད་དུ་གཏོང་བར་བྱེད་ཀྱི་བར་མར་མ་ཡིན། ཐ་མར་མ་ཡིན་ནོ། །བར་མའི་གང་
ཡིན་པ་དེ་ནི་རིས་དང་པོ་དང་བར་མ་ལ་གཏོང་བར་བྱེད་དོ། །ཐ་མའི་གང་ཡིན་པ་དེ་ནི་རིས་གསུམ་ཆར་དུ་གཏོང་བར་བྱེད་དོ། །བུད་མེད་རྣམས་ནི་ཡངས་པ་ཅན་མ་གཏོགས་པར་གཞན་དུ་མི་གཏོང་ཞིང་མི་འབྱིན་ཏོ། །བུད་མེད་རིན་པོ་ཆེ་ནི་སུ་ལ་ཡང་མི་གཏོང་བར་ཚོགས་སྤྱིའི་ཡོངས་སུ་ལོངས་
སྤྱད་པ་ཁོ་ནར་བྱེད་དོ། །དུམ་བུ་ནི་སྐྱེས་བུ་དམ་པ་ཡིན་ནོ་ཞེས་ཏེ་རིས་དང་པོར་ཁང་པ་བྱིན་ནས། དེ་ན་གནས་པར་བརྩམས་པ་ལས་གང་གི་ཚེ་ཚོགས་འདུས་པ་དེའི་ཚེ་དེ་བོས་ཀྱང་འདུར་མ་བཏུབ་ནས། དེ་ལ་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ཀྱིས་སྨྲས་པ། དུམ་བུ་ཁྱོད་ཅིའི་ཕྱིར་མི་འདུ།
དེས་སྨྲས་པ། འདུ་བ་ཁོ་ན་ལས་བདག་ལ་ཉེས་དམིགས་བྱུང་བས་བདག་མི་འདུའོ། །ཡངས་པ་ཅན་པ་རྣམས་ཀྱིས་སྨྲས་པ། དུམ་བུ་འདུས་ཤིག །འདིར་ཉེས་དམིགས་ཅི་ཞིག་འབྱུང་དེས་འདུ་བར་བརྩམས་ནས་བློ་གྲོས་མ་བྱིན་ནོ། །དེ་རྣམས་ཀྱིས་སྨྲས་པ། དུམ་བུ་བློ་གྲོས་བྱིན་
ཅིག །དེས་སྨྲས་པ། གང་གི་ཕྱིར་བློ་གྲོས་ཁོ་ནས་བདག་ལ་ཉེས་དམིགས་བྱུང་བས་ན་བློ་གྲོས་ནི་མི་སྦྱིན་ནོ། །དེ་རྣམས་ཀྱིས་སྨྲས་པ། བློ་གྲོས་བྱིན་ཅིག་འདིར་ཉེས་དམིགས་ཅི་ཞིག་འབྱུང་། དེ་ཚོགས་དང་ལྷན་ཅིག་འདུས་ནས་བློ་གྲོས་ཀྱང་བྱིན་ནོ། །སྔོན་ཡངས་པ་ཅན་གྱི་ལིཙྪ་བཱི་
རྣམས་གང་སུ་ལ་ཡང་རུང་ཡི་གེ་སྤྲིང་བར་བྱེད་ན་རྩུབ་པོ་དང་བཅས་པར་ཡི་གེ་སྤྲིང་བར་བྱེད་དོ། །གང་གི་ཚེ་དུམ་བུས་བློ་གྲོས་བྱིན་པ་དེའི་ཚེ་འཇམ་པོ་དང་བཅས་པར་ཡི་གེ་སྤྲིང་བར་བྱེད་དོ། །གང་དག་ལ་འཇམ་པོ་དང་བཅས་པར་ཡི་གེ་འོངས་པར་གྱུར་པ་དེ་རྣམས་ཕན་ཚུན་དུ་གྲོས་བྱས་པ།

ཤེས་ལྡན་དག་གང་གིས་ན་ཡངས་པ་ཅན་གྱི་ཚོགས་སྔོན་རྩུབ་པ་དང་བཅས་པར་སྤྲིང་བར་བྱེད་པ་ལས། དེ་འཇམ་པོ་དང་བཅས་པར་གྱུར་པ་ལ་རྒྱུ་ཅི་ཞིག་ཡོད། གཞན་དག་གིས་སྨྲས་པ། ཁྱད་པར་ཡོད་དེ་ལུས་འཕགས་ཀྱི་རྒྱལ་པོའི་བློན་པོའི་མཆོག་དུམ་བུ་དེར་འོངས་ནས།
དེ་དག་དེའི་བློ་གྲོས་བཞིན་བྱེད་དེ། དེས་ན་ད་ལྟར་འཇམ་པོ་དང་བཅས་པར་སྤྲིང་བར་བྱེད་དོ། །དུམ་བུས་ས་སྐྱོང་དང་སེང་གེ་ཁྱིམ་ཕུབ་ནས་སེང་གེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་བུ་མོ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱ་ཆེར་བྱས་ནས་གོས་
ཅན་ཞེས་བྱ་བར་བཏགས་སོ། །དེ་ལྟས་མཁན་རྣམས་ཀྱིས་མཐོང་ནས་ཁྱེའུ་ཞིག་བཙའ་བར་འགྱུར་ཏེ། དེས་ཕ་སྲོག་དང་ཕྲལ་ནས་རང་ཉིད་ཅོད་པན་བཅིངས་ཏེ་རྒྱལ་སྲིད་བྱེད་པར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེ་ཡང་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་
བྱེད་པ་ལས་བུ་མོ་ཞིག་བཙས་ཏེ། དེའི་བཙས་སྟོན་ཡང་རྒྱ་ཆེར་བྱས་ནས་ཉེ་གོས་ཅན་ཞེས་བྱ་བར་བཏགས་སོ། །དེ་ཡང་ལྟས་མཁན་རྣམས་ཀྱིས་མཐོང་ནས་བུ་མཚན་རྫོགས་པ་ཞིག་བཙའ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །ས་སྐྱོང་གདུག་པ་རྩལ་ཆེ་བ་ཞིག་པས་ཡངས་པ་ཅན་གྱི་ལིཙྪ་
བཱི་རྣམས་ཀྱི་སྐྱེད་མོས་ཚལ་རྣམས་མ་རུང་བར་བྱས་པ་དང་། སྐྱེད་མོས་ཚལ་སྲུང་བ་རྣམས་ཀྱིས་སྨྲས་པ། ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ནི་གདུག་པ་རྩལ་པོ་ཆེ་ཡིན་གྱིས་དེ་དག་གི་སྐྱེད་མོས་ཚལ་རྣམས་མ་རུང་བར་མ་བྱ་ཤིག་ཅེས་དེས་སླར་བཟློག་ཀྱང་མ་བཏུབ་ནས་སྐྱེད་མོས་ཚལ་སྲུང་བ་རྣམས་
ཀྱིས་དུམ་བུ་ལ་སྨྲས་པ། ཁྱོད་ཀྱི་བུས་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ཀྱི་སྐྱེད་མོས་ཚལ་རྣམས་མ་རུང་བར་བྱས་ཏེ། ལིཙྪ་བཱི་འདི་དག་རྣམས་གདུག་པ་རྩལ་པོ་ཆེ་ཡིན་པས་འདི་ལ་གནོད་པ་བྱས་སུ་འོང་གིས་འདི་སླར་ཟློག་ཅིག །དེས་དེ་བཀུག་ནས་སྨྲས་པ། བུ་ཡངས་པ་ཅན་གྱི་ལིཙྪ་
བཱི་རྣམས་ནི་གདུག་པ་རྩལ་པོ་ཆེ་ཡིན་གྱིས་འདི་དག་གི་སྐྱེད་མོས་ཚལ་མ་རུང་བར་མ་བྱ་ཞིག །དེ་དག་གིས་གནོད་པར་བྱས་ས་རེ། དེས་སྨྲས་པ། ཡབ་འདི་དག་ལ་ནི་སྐྱེད་མོས་ཚལ་མཆིས་ན་བདག་ཅག་ལ་ནི་མ་མཆིས་སོ། །དེས་སྨྲས་པ། བུ་སྐྱེད་མོས་ཚལ་གྱི་དོན་དུ་ཚོགས་ལ་

གསོལ་བ་གདབ་བོ། །དེས་ཚོགས་ལ་གསོལ་བ་བཏབ་པ། ཤེས་ལྡན་དག་བདག་གི་བུ་གཉིས་ལ་སྐྱེད་མོས་ཚལ་མ་མཆིས་ཀྱིས་བདག་ལ་སྐྱེད་མོས་ཚལ་ཞིག་ཐུགས་དཔག་མཛད་པའི་རིགས་སོ། །དེ་རྣམས་ཀྱིས་དེ་དག་ལ་སྐྱེད་མོས་ཚལ་རྙིང་པ་ཞིག་བྱིན་པ་ལས། དེ་ན་
ཤིང་སཱ་ལ་ཆེན་པོ་ཞིག་ཡོད་དེ། དེ་ལ་གཅིག་གིས་བཅོམ་ལྡན་འདས་ཀྱི་སྐུའི་གཟུགས་བརྙན་བྱེད་དུ་བཅུག་གོ། །ཅིག་ཤོས་ཀྱིས་ནི་ཞལ་སྲོས་བྱས་སོ། །དེ་བཞིན་དུ་གནས་བརྟན་རྣམས་ཀྱིས་ཀྱང་མདོ་སྡེའི་ནང་དུ་སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན་ས་སྐྱོང་དང་སེང་གེའི་ཤིང་སཱ་
ལའི་ཚལ་ན་བཞུགས་སོ་ཞེས་བརྗོད་དོ། །ས་སྐྱོང་གིས་བྱ་བ་མ་ཡིན་པ་སྟོང་ཕྲག་དག་བྱས་པས་ལིཙྪ་བཱི་རྣམས་སྨོད་པར་བྱེད། གཞོགས་འཕྱས་བྱེད། ཁ་ཟེར་བར་བྱེད་དོ། །དེ་ནས་དུམ་བུས་བཀུག་སྟེ་བསྒོ་བ། བུ་ཁྱོད་ཚོགས་འཁྲུག་པར་མ་བྱེད་པར་རི་འོར་ཆེ་གེ་མོ་ཞིག་ཏུ་སོང་ལ་དེར་
རང་གི་ཞིང་ལས་ཀྱི་མཐའ་རྣམས་ལ་ཞལ་ཏ་བྱེད་ཅིང་འདུག་ཤིག །དེ་དེར་སོང་ནས་རང་གི་ཞིང་ལས་ཀྱི་མཐའ་རྣམས་ལ་ཞལ་ཏ་བྱེད་པར་བརྩམས་སོ། །ཇི་ཙམ་དུས་གཞན་ཞིག་ན་ཡངས་པ་ཅན་གྱི་སྡེ་དཔོན་ཤི་ནས་དེ་རྣམས་ཀྱིས་བློན་པོའི་མཆོག་དུམ་བུ་སྡེ་དཔོན་དུ་བཅུག་པ་ལས་
དེས་ཀྱང་དུས་ཐུང་ངུ་ཞིག་ཏུ་ཆོས་དང་མཐུན་པས་སྡེ་དཔོན་བྱས་ནས་ཤིའོ། །ཡངས་པ་ཅན་གྱི་ཚོགས་འདུས་ནས་སུ་ཞིག་སྡེ་དཔོན་དུ་གཞུག་ཅེས་བྱས་པ་དང་། དེ་ནས་ཁ་ཅིག་གིས་སྨྲས་པ། བློན་པོའི་མཆོག་དུམ་བུས་ཚོགས་ཡོངས་སུ་བསྐྱངས་པས་ན་དེ་ཉིད་ཀྱི་བུ་གཞག་གོ། །ཁ་ཅིག་
གིས་སྨྲས་པ། དེའི་བུ་ས་སྐྱོང་ནི་གདུག་པ་རྩལ་པོ་ཆེ་ཞིག་སྟེ། གལ་ཏེ་དེ་སྡེ་དཔོན་དུ་བཅུག་ན་གདོན་མི་ཟ་བར་ཚོགས་ཕྱེ་བར་འགྱུར་རོ། །དེའི་ནུ་བོ་སེང་གེ་གང་ཡིན་པ་དེ་ནི་དེས་པ་འགྲོགས་ན་བདེ་བ་ཚོགས་ཀྱི་སེམས་མགུ་བར་བྱེད་ནུས་པ་ཞིག་པས། གལ་ཏེ་ཚོགས་འདོད་ན་དེ་སྡེ་
དཔོན་དུ་གཞུག་གོ། །ཐམས་ཅད་དགའ་བས་དེ་རྣམས་འདུས་ནས་སེང་གེའི་གན་དུ་སོང་སྟེ། སེང་གེ་ཁྱོད་ལ་སྡེ་དཔོན་སྦྱིན་ནོ། །དེས་སྨྲས་པ། ས་སྐྱོང་ནི་བདག་གི་ཕུ་བོ་ཡིན་པས་དེ་སྡེ་དཔོན་དུ་ཆུག་ཤིག །དེ་རྣམས་ཀྱིས་སྨྲས་པ། སེང་གེ་སྡེ་དཔོན་ཁྱོད་ཀྱི་རིགས་བརྒྱུད་ཀྱིས་རིམ་

པས་འོངས་པ་ཡིན་ནམ་ཅི་ཚོགས་གང་ལ་འདྲང་བ་དེས་སྡེ་དཔོན་བྱ་བར་ཟད་མོད། གལ་ཏེ་ཁྱོད་མི་འདོད་ན་ཁོ་བོ་ཅག་གིས་གཞན་ཞིག་སྡེ་དཔོན་དུ་གཞུག་གོ། །དེས་བསམས་པ། གལ་ཏེ་བདག་གི་ཁྱིམ་ནས་སྡེ་དཔོན་གཞན་དུ་ཤོར་ན་དེ་ནི་མ་འོས་པས་ཡེ་བཀུར་རོ་སྙམ་ནས་དེས་ཁས་
བླངས་པ་དང་། དེ་རྣམས་ཀྱིས་བཀུར་སྟི་ཆེན་པོས་སྡེ་དཔོན་དུ་བཅུག་གོ། །ཡངས་པ་ཅན་པ་རྣམས་སྔོན་གང་ལ་ཡི་གེ་སྤྲིང་བ་དེ་ལ་དུམ་བུ་ལ་སོགས་པ་ཚོགས་ཀྱིས་བཀའ་སྩལ་པ་ཞེས་འདྲི་བར་བྱེད་པ་ལས། གང་གི་ཚེ་སེང་གེ་སྡེ་དཔོན་དུ་གྱུར་པ་དེའི་ཚེ་སེང་གེ་ལ་སོགས་པ་ཚོགས་
ཀྱིས་བཀའ་སྩལ་པ་ཞེས་འདྲི་བར་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ན་རི་འོར་ན་ས་སྐྱོང་རང་གི་ཞིང་བླས་ཀྱི་མཐའ་རྣམས་ལ་ཞལ་ཏ་བྱེད་པའི་རི་འོར་བ་གང་ཡིན་པ་དེར་སྤྲིང་བ་འོངས་པ་དང་། ས་སྐྱོང་གིས་ཕྱེ་སྟེ་བཀླགས་ནས་དེས་སྨྲས་པ། ཤེས་ལྡན་དག་སྔོན་ནི་ཡངས་པ་ཅན་གྱི་
ཚོགས་དུམ་བུ་ལ་སོགས་པའི་ཚོགས་ཀྱིས་བཀའ་སྩལ་པ་ཞེས་འདྲི་ན། ད་ནི་སེང་གེ་ལ་སོགས་པ་ཚོགས་ཀྱིས་བཀའ་སྩལ་པ་ཞེས་འདྲི་ན། ཅི་ཁོ་བོའི་ཕ་ཤིའམ། དེ་རྣམས་ཀྱིས་སྨྲས་པ་ཤིའོ། །དེ་མི་བཟོད་པ་སྐྱེས་ནས་ཡངས་པ་ཅན་དུ་སོང་སྟེ་སྨྲས་པ། ཕུ་བོ་ང་འདུག་
བཞིན་དུ་ཁྱོད་ཀྱིས་སྡེ་དཔོན་བྱ་བ་ཅི་ག་རིགས་སམ། སེང་གེས་ཇི་ལྟར་གྱུར་པ་དེ་ལ་སྨྲས་པ་དང་། དེ་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ལ་མི་བཟོད་པ་སྐྱེས་ནས་བསམས་པ། བདག་ལ་ཡངས་པ་ཅན་པ་རྣམས་ཀྱིས་བཀུར་སྟི་མ་ཡིན་པ་བྱས་ཀྱིས་རྒྱལ་པོའི་ཁབ་ཏུ་འགྲོའོ་སྙམ་ནས། དེས་
རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་བདག་ལྷའི་བཙན་ཕག་ན་མཆིས་པར་འཚལ་ལོ་ཞེས་ཕོ་ཉ་བཏང་ངོ་། །དེས་དེ་ལ་སྤྲིང་པ་འོང་བ་ལེགས་ཀྱིས་ཤོག་ཤིག་ཅེས་སྤྲིང་ངོ་། །དེ་རྒྱལ་པོའི་ཁབ་ཏུ་འོངས་པ་དང་། དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་བློན་པོའི་མཆོག་ཏུ་བཅུག་གོ། །ཇི་ཙམ་
དུས་གཞན་ཞིག་ན་རྒྱལ་པོ་གཟུགས་ཅན་སྙིང་པོའི་བཙུན་མོ་དམ་པ་ཤི་ནས་དེ་འགྲམ་པ་ལ་ལག་པ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་པ་དེ་ས་སྐྱོང་གིས་མཐོང་ནས་སྨྲས་པ། ལྷ་ཅིའི་སླད་དུ་ཞལ་ལ་ཕྱག་གཏད་དེ་ཐུགས་མི་དགྱེས་ཤིང་བཞུགས། དེས་སྨྲས་པ། ངའི་བཙུན་མོ་དམ་

པ་ཤི་ན་ཅིའི་ཕྱིར་སེམས་ཁོང་དུ་ཆུད་ཅིང་མི་འདུག །ལྷ་ཐུགས་ངན་མ་མཛད་ཅིག །བདག་གི་ནུ་བོ་ལ་བུ་མོ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་ལྷ་ཁོ་ན་ལ་འོས་པ་གཉིས་མཆིས་ན། དེ་ལ་གཅིག་ལ་ནི་ཕ་འགུམས་པའི་བུ་ཞིག་བཙའ་བར་འགྱུར། ཅིག་ཤོས་ལ་
ནི་མཚན་ཕུན་སུམ་ཚོགས་པ་ཞིག་བཙའ་བར་འགྱུར་རོ་ཞེས་ལུང་བསྟན་ན་ལྷའི་ཆེད་དུ་དེ་གང་ཁྲིད་དེ་མཆི། བུ་མཚན་ཕུན་སུམ་ཚོགས་པ་བཙའ་བར་འགྱུར་བ་ཞེས་ལུང་བསྟན་པ་གང་ཡིན་པ་དེའོ། །དེ་ནས་ས་སྐྱོང་གིས་སེང་གེ་ལ་སྤྲིང་བ་རྒྱལ་པོ་གཟུགས་ཅན་སྙིང་པོའི་བཙུན་མོ་དམ་པ་ཤི་ནས་
ཁྱོད་ཀྱི་ཉེ་གོས་ཅན་ཚུར་བཀྲི་ཞིག་དང་བཙུན་མོ་དམ་པར་འགྱུར་རོ། །དེས་དེ་ལ་ཡི་གེ་ལན་སྤྲིང་བ། གར་བསྐོར་ཀྱང་ཁྱོད་ཁོ་ན་ལ་བདག་འདྲི་བར་ཟད་དེ། ཁྱོད་ཀྱིས་བྱས་པ་གང་ཡིན་པ་དེ་ནི་ཚད་མའི་མཆོག་ཡིན་པས་ཁྱོད་ཉིད་ཤེས་སོ། །ཇི་ལྟར་ཚོགས་ཀྱིས་ཁྲིམས་སུ་བཅས་པ་ཡངས་
པ་ཅན་ལས་གཞན་དུ་བུ་མོ་མི་གཏོང་ངོ་ཞེས་བཅས་མོད་ཀྱི། འོན་ཀྱང་ཁྱོད་ཉིད་འོངས་ཏེ་སྐྱེད་མོས་ཚལ་དུ་སྡོད་ཅིག་དང་། ཁོ་བོས་དེ་སྐྱེད་མོས་ཚལ་དུ་ཕྱུང་བ་དང་ཁྱོད་ཀྱིས་ཁྲིད་དེ་སོང་ཤིག །དེ་ནས་ས་སྐྱོང་གིས་རྒྱལ་པོ་ལ་མཆི་ཕྱག་བྱས་ནས་ཤིང་རྟར་ཞུགས་ཏེ་ཡངས་པ་ཅན་དུ་སོང་
བ་ལས་རིམ་གྱིས་ཕྱིན་ནས་སྐྱེད་མོས་ཚལ་དུ་བསྡད་དོ། །དེའི་ཚེ་ཡངས་པ་ཅན་གྱི་སྒོ་སྲུང་ཞིག་ཤི་ནས་མི་མ་ཡིན་པ་རྣམས་སུ་སྐྱེས་པ་དེས་ཡངས་པ་ཅན་པ་རྣམས་ལ་བསྟན་པ། བདག་ནི་མི་མ་ཡིན་པ་རྣམས་སུ་སྐྱེས་ཀྱིས་བདག་གི་གནོད་སྦྱིན་གྱི་གནས་བྱོས་ལ་མགུལ་པ་ལ་དྲིལ་དཔྱངས་
ཤིག་དང་གལ་ཏེ་ཡངས་པ་ཅན་རྣམས་ལ་ཕྱིར་རྒོལ་བ་འགའ་ཞིག་འོངས་ན་བདག་གིས་ཇི་ཙམ་དུ་ཟིན་པའམ། འབྲོས་པར་གྱུར་པ་དེ་སྲིད་དུ་དྲིལ་གྱི་སྒྲ་བསྒྲགས་པར་བྱའོ། །དེ་རྣམས་ཀྱིས་གནོད་སྦྱིན་གྱི་གཟུགས་བརྙན་བྱས་ནས་མགུལ་པ་ལ་དྲིལ་བཏགས་ཏེ། གར་དང་། གླུ་
དང་། རོལ་མོའི་སྒྲ་དང་། གཏོར་མ་དང་། མེ་ཏོག་ཕྲེང་གི་ཡོ་བྱད་ཀྱིས་སྒོ་ཁང་དུ་བཞག་གོ། །ས་སྐྱོང་གིས་སེང་གེ་ལ་སྤྲིང་བ། ཁོ་བོ་སྐྱེད་མོས་ཚལ་ན་སྡོད་ཀྱིས་བྱུང་ཤིག །དེས་ཡངས་པ་ཅན་གྱི་ཚོགས་ལ་བརྟགས་ནས་ཁྱིམ་དུ་སོང་སྟེ་ཉེ་གོས་ཅན་ལ་སྨྲས་པ། ཁྱོད་རྒྱལ་

པོ་གཟུགས་ཅན་སྙིང་པོ་ལ་བྱིན་གྱིས་རྒྱན་རྣམས་ཐོགས་ལ་སྐྱེད་མོས་ཚལ་དུ་བྱུང་ཤིག །དེས་རྒྱན་རྣམས་ཐོགས་པར་བརྩམས་པ་དང་། གོས་ཅན་གྱིས་མཐོང་ནས་དེས་སྨྲས་པ། ཅི་ཞིག་གི་ཕྱིར་རྒྱན་ཐོགས། ཁོ་མོ་བག་མར་བཏང་ངོ་། །སུ་ཞིག་ལ། རྒྱལ་པོ་གཟུགས་ཅན་སྙིང་པོ་
ལའོ། །དེས་སྨྲས་པ། ཁོ་མོ་ཕུ་མོ་ཡིན་ན་ཁྱོད་ཅི་སྟེ་བག་མར་གཏང་། གལ་ཏེ་དེ་ལྟ་ན་ཁྱོད་རྒྱན་ཐོགས་ཤིག །དེ་ཡང་སྨྲ་བ་ལས་དྲིལ་གྱི་སྒྲ་བྱུང་ངོ་། །ཡངས་པ་ཅན་གྱི་ཚོགས་རོད་རོད་པོར་གྱུར་ཏེ། བདག་ཅག་གི་མི་མཛའ་བ་ཞིག་ཡངས་པ་ཅན་དུ་ཞུགས་སོ། །སེང་གེ་སྔངས་པས་
ཉེ་གོས་ཅན་ཡིན་ནོ་སྙམ་ནས་གོས་ཅན་ཁྲིད་དེ་མྱུར་བ་མྱུར་བར་ཕྱིར་བྱུང་བ་དང་། ས་སྐྱོང་ཡང་སྔངས་པས་གོས་ཅན་ཤིང་རྟར་བཅུག་སྟེ་སོང་ངོ་། །ཡངས་པ་ཅན་གྱི་ཚོགས་ཀྱིས་ཕྱི་བཞིན་བསྙགས་ནས། དེ་དང་དེ་རྣམས་སུ་ལྷན་ཅིག་འཐབ་པར་བརྩམས་པ་དང་། དེ་གནས་ལྔ་རྣམས་ལ་བྱང་
བ་ཡིན་པས་དེས་ལིཙྪ་བཱི་ལྔ་བརྒྱའི་གནད་དུ་བསྣུན་ནས་དེས་སྨྲས་པ། ཤེས་ལྡན་དག་ངས་ཁྱེད་ཅག་ལས་ལྔ་བརྒྱ་གནད་དུ་བསྣུན་ཟིན་གྱིས་ལྷག་མ་རྣམས་སྲོག་བསྐྱབ་ཀྱིས་སླར་དེང་ཤིག །དེ་རྣམས་ཀྱིས་སྨྲས་པ། ངེད་ཅག་ལས་སེམས་ཅན་གཅིག་ཀྱང་བསད་པ་མེད་དོ། །གོ་ཕུད་ཅིག་
དེ་རྣམས་ཀྱིས་གོ་ཕུད་པ་དང་ལྔ་བརྒྱ་ས་ལ་འགྱེལ་ནས་སྲོག་དང་བྲལ་བར་གྱུར་ཏོ། །དེ་ནས་དེ་རྣམས་ཀྱིས་མི་འདི་ནི་སྲིན་པོ་ཡིན་ནོ་སྙམ་ནས་སྐྲག་སྟེ་བྲོས་སོ། །ཡངས་པ་ཅན་དུ་ལྷགས་ནས་གྲོས་བྱ་བར་བརྩམས་པ། ཤེས་ལྡན་དག་བདག་ཅག་གི་དགྲ་འདི་ལ་གཟུགས་ཅན་སྙིང་པོའི་བུ་
རྣམས་ལན་གློན་དུ་གཞུག་གིས་གླེགས་བུ་ལ་ཡི་གེར་བྲིས་ཏེ་སྒྲོམ་བུར་བཅུག་ནས་རྒྱ་སྐྱེགས་ལ་རྒྱས་བཏབ་ནས་གཞག་གོ་ཞེས་དེ་རྣམས་ཀྱིས་དེ་བཞིན་དུ་བྱས་ནས་བཞག་གོ། །ས་སྐྱོང་ཡང་རིམ་གྱིས་རྒྱལ་པོའི་ཁབ་ཏུ་ཕྱིན་ནས་སྨྲས་པ། ཉེ་གོས་ཅན་བོབས་ཤིག །དེས་སྨྲས་པ། ཁུ་
གུ་བདག་ནི་ཉེ་གོས་ཅན་མ་ལགས་ཏེ། བདག་ནི་གོས་ཅན་ལགས་སོ། །ཁྱོད་ཀྱིས་ཅིའི་ཕྱིར་བདག་ལ་མ་སྨྲས། དེ་ཅང་མི་སྨྲ་བར་འདུག་གོ། །དེ་ནས་དེ་སྡུག་བསྔལ་ཞིང་ཡིད་མི་བདེ་བས་རྒྱལ་པོའི་དྲུང་དུ་སོང་བ་རྒྱལ་པོས་མཐོང་ནས་སྨྲས་པ། ས་སྐྱོང་འོངས་སམ་འོངས་པ་ལེགས་སོ། །

ལྷ་བདག་མཆིས་ལགས་སོ། །ཉེ་གོས་ཅན་ཁྲིད་དེ་འོངས་སམ། ལྷ་ཁྲིད་དེ་མཆིས་ཀྱང་མཆིས་ལ་ཁྲིད་དེ་མ་མཆིས་ཀྱང་མ་མཆིས་སོ། །ཅི་ཞིག་ཟེར། ཉེ་གོས་ཅན་ལགས་སྙམ་ནས་གོས་ཅན་ཁྲིད་དེ་མཆིས་སོ། །བལྟས་ཁྲིད་དེ་ཤོག་ཤིག །དེ་ནང་དུ་ཁྲིད་པ་དང་རྒྱལ་
པོས་ལྷག་པར་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་མཐོང་ནས་བུད་མེད་ཀྱི་ཡུལ་གྱིས་ཕྲོགས་པས་མཐོང་མ་ཐག་ཁོ་ནར་རྒྱལ་པོ་ཆགས་པར་གྱུར་ནས་སྨྲས་པ། ཤེས་ལྡན་དག་བུ་ཕ་གསོད་པ་གང་ཡིན་པ་དེ་ནི་རྒྱལ་སྲིད་ཀྱི་ཕྱིར་ཡིན་པས་གལ་ཏེ་ང་ལ་བུ་ཡོད་པར་གྱུར་ན་དེ་བཙས་མ་ཐག་
ཏུ་ངས་ཅོད་པན་གྱིས་བཅིང་བར་བྱའོ། །དེ་ནས་དེ་དཔལ་གྱི་འབྱོར་པ་ཆེན་པོས་བག་མར་བླངས་ཏེ། ཡུལ་ལུས་འཕགས་ནས་འོངས་པས་ན་ལུས་འཕགས་མ་ཞེས་བྱ་བར་གྲགས་སོ། །དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །རེ་ཞིག་དུས་གཞན་
ཞིག་ན་རྒྱལ་པོ་གཟུགས་ཅན་སྙིང་པོ་རི་དགས་ཀྱི་ཕྱིར་བྱུང་བ་ན་བསྟི་གནས་ཤིག་ན་དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ཞིག་གནས་སོ། །ཇི་ཙམ་ན་རི་དགས་མདའི་ལོང་ལ་བཏགས་པས་སྐྲག་པ་ཞིག་དྲང་སྲོང་དེའི་བསྟི་གནས་སུ་ཞུགས་ཤིང་བྱུང་བ་རྒྱལ་པོའི་མདས་གནད་དུ་བསྣུན་ཏོ། །དེ་
ནས་དྲང་སྲོང་དེ་ཁྲོས་ནས་སྨྲས་པ། འཐབ་ཀྲོལ་ཅན་གྱི་རྒྱལ་པོ་བདག་གི་བསྟི་གནས་གཅན་གཟན་གདུག་པས་ཀྱང་གཟེམ་པར་བྱ་བར་རི་དགས་སྐྱབས་སུ་འོངས་པ་ཁྱོད་ཀྱིས་གསོད་དམ་ཞེས་དྲང་སྲོང་དེ་རྒྱལ་པོ་ལ་དེ་སྐད་དུ་ཁ་ཟེར་བ་དང་། དཔུང་གི་ཚོགས་འོངས་ནས་སྨྲས་པ། ལྷ་འདི་སུ་ལ་གཡར་མཆི་
རྒྱལ་པོས་སྨྲས་པ། ང་ལ་ཡིན་ན། ཤེས་ལྡན་དག་རྒྱལ་པོ་ལ་ཁ་ཚས་ཟེར་བ་གང་ཡིན་པ་དེ་ལ་ཆད་པ་ཅི་ཡོད། ལྷ་དེའི་ཆད་པ་དགུམ་པ་ལགས་སོ། །གལ་ཏེ་དེ་ལྟ་ན་ངས་དྲང་སྲོང་འདི་ཡོངས་སུ་སྤངས་སོ། །དེ་གསད་པར་བརྩམས་ཏེ་དེ་གསོད་པ་ན་སྨོན་ལམ་ལོག་པར་བཏབ་པ། རྒྱལ་པོ་
འཐབ་ཀྲོལ་ཅན་འདིས་བདག་ཉེས་པ་མེད་ཅིང་གནོད་པ་མི་བྱེད་པ་གསད་པར་བཀྲིས། གང་དུ་སྐྱེས་པ་དེར་འདི་སྲོག་དང་བྲལ་བར་བྱེད་པར་གྱུར་ཅིག །ཡང་བསམས་པ། རྒྱལ་པོ་འདི་དག་ནི་ཤིན་ཏུ་སྦས་པ། ཤིན་ཏུ་བསྲུངས་པ། ཤིན་ཏུ་བཙས་པ་ཡིན་པས་གལ་ཏེ་གཞན་དུ་སྐྱེ་བ་བླངས་

ན་ལན་འགའ་ཡང་སྐབས་རྙེད་པར་མི་འགྱུར་གྱིས། རྣམ་པ་ཐམས་ཅད་དུ་བདག་འདིའི་བཙུན་མོ་དམ་པའི་མངལ་དུ་སྐྱེ་བར་གྱུར་ཅིག་ཅེས་བྱས་སོ། །དེ་སྨོན་ལམ་ལོག་པར་བཏབ་པས་གོས་ཅན་གྱི་མངལ་དུ་སྐྱེས་སོ། །གང་གི་ཚེ་ཉི་མ་ཁོ་ན་ལ་ཉིང་མཚམས་སྦྱོར་བ་བླངས་པ་དེ་ཉིད་ཀྱི་ཉི་མ་ལ་
ཁྲག་གི་ཆར་བབ་བོ། །གོས་ཅན་འདོད་པ་སྐྱེས་པ། ཨེ་མའོ་བདག་གིས་ལྷའི་རྒྱབ་ཀྱི་ཤ་བཅད་ཅིང་བཅད་ཅིང་ཟོས་ཀྱང་ཅི་མ་རུང་སྙམ་མོ། །དེ་ལྟར་གྱུར་པ་རྒྱལ་པོ་ལ་སྨྲས་པ་དང་། རྒྱལ་པོས་ལྟས་མཁན་རྣམས་བཀུག་ནས་སྨྲས་པ་ལས། དེ་རྣམས་ཀྱིས་སྨྲས་པ། ལྷ་འདི་ནི་བཙུན་མོའི་
རུམ་དུ་སེམས་ཅན་ཞིག་ཞུགས་པ་གང་ལགས་པ་དེའི་མཐུ་ལགས་སོ། །རྒྱལ་པོ་སེམས་ཁོང་དུ་ཆུད་ཅིང་འདུག་ནས། འདིའི་འདོད་པ་ཅི་ཞིག་གིས་སེལ་བར་འགྱུར་སྙམ་མོ། །མཁས་པའི་རང་བཞིན་ཅན་གཞན་དག་གིས་སྨྲས་པ། ལྷ་རས་ཀྱི་བར་སྩང་ཤས་བལྟམས་པར་བགྱིས་ཏེ་
གསོལ་ལ་ཉིད་བཙུན་མོ་ལ་སྟོབས་མཛོད་ཅིག །དེ་ནས་རྒྱལ་པོས་རས་ཀྱི་བར་ཤས་གང་བར་བྱས་པ་བགོས་ནས་བདག་ཉིད་གོས་ཅན་ལ་བསྟབས་པ་དང་། དེས་རྒྱབ་ཀྱི་ཤ་ཡིན་ནོ་སྙམ་ནས་ཟོས་སོ། །དེ་ནས་དེའི་འདོད་པ་གང་ཡིན་པ་དེ་དང་བྲལ་བར་གྱུར་ཏོ། །ཡང་དེའི་འདོད་པ་སྐྱེས་པ།
ཀྱེ་མའོ་བདག་གིས་ལྷའི་ཁྲག་ཁོ་ན་འཐུངས་ཀྱང་ཅི་མ་རུང་སྙམ་པ་དེ་ཡང་རྒྱལ་པོ་ལ་སྨྲས་པ་དང་། དེ་ནས་རྒྱལ་པོས་ཡན་ལག་ལྔའི་རྩྭ་གཏར་ནས་ཁྲག་བླུད་པས་དེ་འདོད་པ་དེ་དང་བྲལ་བར་གྱུར་ཏོ། །ཇི་ཙམ་ན་ཟླ་བ་དགུ་ཚང་བ་དང་། ཁྱེའུ་གཟུགས་བཟང་བ། མཛེས་པ་བལྟ་ན་སྡུག་པ་ཞིག་
བཙས་སོ། །བཙས་ཏེ་གང་གི་ཉི་མ་ལ་བཙས་པ་དེ་ཉིད་ཀྱི་ཉི་མ་ལ་ཡང་ཁྲག་གི་ཆར་བབ་བོ། །རྒྱལ་པོས་ཡང་ལྟས་མཁན་རྣམས་བཀུག་ནས་རྨས་པ་དང་། དེ་རྣམས་ཀྱིས་སྨྲས་པ། ལྷ་བསྟན་བཅོས་ལས་ཇི་ལྟར་གདའ་བ་ལྟར་ན་གདོན་མི་འཚལ་བར་ཁྱེའུ་འདིས་ལྷ་སྐུ་ཚེ་དང་ཕྲལ་ནས་རང་ཉིད་ཅོད་
པན་བཅིངས་ཏེ་རྒྱལ་སྲིད་བགྱིད་པར་འགྱུར་རོ། །རྒྱལ་པོས་བསམས་པ། རྣམ་པ་ཐམས་ཅད་དུ་རྒྱལ་སྲིད་ཀྱི་ཆེད་དུ་འདིས་སྲོག་དང་བྲལ་བར་བྱེད་ཀྱིས་འདི་ལ་བདག་ཉིད་ཀྱིས་རྒྱལ་སྲིད་བྱིན་ན་ཅིའི་ཕྱིར་བདག་སྲོག་དང་བྲལ་བར་བྱེད་སྙམ་མོ་དེའི་ཚེ་ཡངས་པ་ཅན་ན་ལིཙྪ་བཱི་མིང་ཆེན་ཞེས་བྱ་བ་

ཞིག་གནས་ཏེ། དེའི་སྐྱེད་མོས་ཚལ་ན་ཨ་མྲའི་ཚལ་ཡོད་པ་ལས་དེར་གློ་བུར་དུ་ཆུ་ཤིང་གི་སྡོང་པོ་ཞིག་སྐྱེས་པ་ཀུན་དགའི་ར་བ་སྲུང་བས་མཐོང་ངོ་། །དེ་མ་ཐག་ཁོ་ནར་མེ་ཏོག་ཆགས་པ་དང་། དེ་ངོ་མཚར་སྐྱེས་ནས་མིང་ཆེན་ལ་སྨྲས་པ་དང་། དེས་ལྟས་མཁན་རྣམས་བཀུག་
ནས་དྲིས་པ་དང་དེ་རྣམས་ཀྱིས་སྨྲས་པ། ལྷ་དེ་སྲུང་དུ་གསོལ་ཅིག་དང་དགུང་བདུན་གྱི་ཉིན་པར་གས་པར་འགྱུར་ཏེ། དེའི་ནང་ནས་བུ་མོ་ཞིག་འབྱུང་བར་འགྱུར་རོ། །ཁྱིམ་བདག་མིང་ཆེན་གྱིས་ཐོས་ནས་ལྷག་པར་ཡང་ངོ་མཚར་སྐྱེས་པར་གྱུར་ཏེ། སྐྱེད་མོས་ཚལ་དེར་ཀུན་ནས་སྲུང་མའི་མི་
རྣམས་བཀོད་ནས་ཉི་མ་བགྲང་བ་ལ་ཞུགས་སོ། །ཇི་ཙམ་ན་ཞག་བདུན་ལོན་པ་དང་སྐྱེད་མོས་ཚལ་དེ་རྡོ་བ་དང་། གསེག་མ་དང་། གྱོ་མོ་རྣམས་བསལ་ནས་ཙན་དན་གྱི་ཆུས་ཆག་ཆག་བཏབ། ཤིན་ཏུ་དྲི་ཞིམ་པོའི་པོག་པོར་དག་བཤམས། དར་གྱི་ཆུན་འཕྱང་མང་པོ་བྲེས། མེ་ཏོག་སིལ་
མས་བཀྲམ། གླུ་དང་རོལ་མོའི་སྒྲ་རྣམ་པ་དུ་མ་དག་དང་། མཛའ་བོ་དང་། གཉེན་བཤེས་ཀྱི་སྐྱེ་བོས་ཡོངས་སུ་བསྐོར་ནས་དཔལ་གྱི་འབྱོར་པ་ཆེན་པོས་ཆུང་མ་དང་ལྷན་ཅིག་བྱུང་ནས་སྐྱེད་མོས་ཚལ་དེ་ན་དེ་རྩེ་བར་བྱེད། དགའ་བར་བྱེད་དགའ་མགུར་སྤྱོད་པར་བྱེད་པ་ལས་ཆུ་ཤིང་གི་སྡོང་པོ་གས་
ནས་བུ་མོ་གཟུགས་བཟང་བ། མཛེས་པ་བལྟ་ན་སྡུག་པ་ཡན་ལག་ཐམས་ཅད་དང་ལྡན་པ་ཞིག་བྱུང་ངོ་། །དེ་ནས་མིང་ཆེན་གྱིས་ཆུང་མ་དམ་པ་ལ་གཏད་པ་དང་། དེས་སྨྲས་པ། ལྷ་འདིའི་མིང་གདགས་སུ་གསོལ། མིང་ཆེན་གྱིས་སྨྲས་པ། བུ་མོ་འདི་ནི་ཨ་མྲའི་ཚལ་ནས་རྙེད་པ་
ཡིན་པས་འདིའི་མིང་ཨ་མྲ་སྐྱོང་མ་ཞེས་བྱའོ། །ཇི་ཙམ་ན་ཁྱིམ་བདག་མིང་ཆེན་སྐྱེད་མོས་ཚལ་ནས་རང་གི་ཁྱིམ་དུ་སོང་སྟེ་བུ་མོ་ཨ་མྲ་སྐྱོང་མ་བསྐྱེད་བསྲིངས་ཏེ་ཞེས་བྱ་བ་ནས་ཆེན་མོར་གྱུར་ཏོ། །ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་སློང་བའི་ཕྱིར་ཡུལ་ཀྲུང་ཀྲུང་པ་རྣམས་དང་། ཤཱཀྱ་
རྣམས་དང་། གཞན་ཡང་ཡུལ་སྣ་ཚོགས་ན་གནས་པའི་རྒྱལ་པོའི་བུ་དང་། བློན་པོའི་བུ་དང་། ཚོང་པ་དང་། ཚོང་དཔོན་དང་། དེད་དཔོན་དུ་མ་དག་འོངས་པ་དང་། ཁྱིམ་བདག་མིང་ཆེན་གྱིས་བསམས་པ་གང་ཁོ་ན་ལ་མ་བྱིན་པ་དེ་དག་ཁོ་ན་སྡང་བར་འགྱུར་ན་འོན་ཀྱང་ཚོགས་ཀྱིས་ཁྲིམས་

སུ་བཅས་པས་རེ་ཞིག་ཚོགས་ལ་བརྟག་གོ་སྙམ་ནས། དེས་ཡངས་པ་ཅན་གྱི་ཚོགས་བསྡུས་ཏེ། ཤེས་ལྡན་བྲམ་ཟེ་དང་ཁྱིམ་བདག་རྣམས་ཉོན་ཅིག །བདག་གིས་སྐྱེད་མོས་ཚལ་ནས་བུ་མོ་ཞིག་རྙེད་པ་དེ་བདག་གིས་བསྣུན་བསྙོད་དེ་བསྐྱེད་ནས། དེ་བདག་གིས་རང་གི་རིགས་རྒྱུད་དང་འཚམ་པར་
འགའ་ཞིག་ལ་ཆུང་མར་བྱིན་ན་ཚོགས་ཀྱིས་ལྟོས་ཤིག །དེ་རྣམས་ཀྱིས་སྨྲས་པ། ཁྱིམ་བདག་སྔོན་ཚོགས་ཁོ་ནས་ཁྲིམས་སུ་བཅས་པ། བུད་མེད་རིན་པོ་ཆེ་ནི་མི་གཏང་སྟེ་ཚོགས་ཀྱིས་སྤྱད་དོ། །ཞེས་བཅས་པ་ཡིན་གྱིས་རེ་ཞིག་བུ་མོ་དེ་ཅི་འདྲ་བ་ཞིག་བལྟས་ཁྲིད་དེ་ཤོག་ཤིག །དེས་དེ་ཚོགས་
ཀྱི་ནང་དུ་ཁྲིད་དེ་འོངས་པ་དང་། གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་མཐོང་ནས་ཚོགས་ཐམས་ཅད་ངོ་མཚར་དུ་གྱུར་པའི་མིག་བགྲད་དེ་ཀུན་ཏུ་བརྟགས་པར་བརྩམས་ནས་སྨྲས་པ། ཁྱིམ་བདག་འདི་ནི་བུད་མེད་རིན་པོ་ཆེ་ཡིན་པས་ཚོགས་ཀྱིས་སྤྱད་ཀྱིས་སུ་ལ་ཡང་མི་སྦྱིན་ནོ། །དེ་ནས་ཁྱིམ་བདག་
མིང་ཆེན་ཡིད་མི་བདེ་ཞིང་རང་གི་ཁྱིམ་དུ་སོང་ནས་དེ་འགྲམ་པ་ལ་ལག་པ་གཏད་ནས་སེམས་ཁོང་དུ་ཆུད་ཅིང་འདུག་པ་ཨ་མྲ་སྐྱོང་མས་མཐོང་ནས་དྲིས་པ། ཡབ་ཅིའི་སླད་དུ་ཐུགས་མི་དགྱེས། བུ་མོ་ཁྱོད་བུད་མེད་རིན་པོ་ཆེ་ཡིན་ནོ་ཞེས་ཚོགས་ཀྱིས་སྤྱད་པར་གྱུར་ཏེ། བདག་གི་ཡིད་ལ་རེ་བ་མ་རྫོགས་
སོ། །ཡབ་ཅི་ཁྱོད་གཞན་གྱི་དབང་དུ་གྱུར་ཏམ། བུ་མོ་སྔོན་ཚོགས་ཀྱིས་ཁྲིམས་སུ་བཅས་པ་བུད་མེད་རིན་པོ་ཆེ་ནི་ཚོགས་ཀྱིས་སྤྱད་དོ་ཞེས་བཅས་ལ། ཁྱོད་ཀྱང་བུད་མེད་རིན་པོ་ཆེ་ཡིན་པས་དེའི་ཕྱིར་བདག་ལ་དབང་མེད་དོ། །དེས་སྨྲས་པ། དམ་ཞིག་བཅའ་སྟེ་གལ་ཏེ་བདག་ལ་ཚོགས་
ཀྱི་དམ་པ་ལྔ་ཞིག་སྩལ་ན། བདག་ཚོགས་ཀྱིས་སྤྱད་པར་བགྱི་སྟེ། རིས་དང་པོའི་ཁང་པ་སྩལ་བ་དང་། སྐྱེས་པ་གཅིག་ནང་དུ་ཞུགས་པ་ན་ཅིག་ཤོས་ནང་དུ་མི་འཇུག་པ་དང་། ནང་དུ་འཇུག་པ་གང་ཡིན་པ་དེ་ཡང་ཀཱར་ཥཱ་པ་ཎ་ལྔ་བརྒྱ་འཚལ་ཏེ་མཆི་བ་དང་། གང་གི་ཚེ་ཁྱིམ་ཉུལ་བ་དེའི་ཚེ་བདག་
གི་ཁྱིམ་ཞག་བདུན་ན་བྱུལ་བ་དང་། བདག་གི་ཁྱིམ་དུ་མཆི་བ་རྣམས་ཀྱི་ཕྱིར་འབྱུང་བ་དང་། ནང་དུ་འཇུག་པ་ལ་མི་བརྟག་པའོ། །མིང་ཆེན་གྱིས་ཨ་མྲ་སྐྱོང་མའི་སྤྲིང་བ་བཟླས་པ་དང་། ཚོགས་ཀྱིས་སྨྲས་པ། དེ་བཞིན་དུ་བྱས་ཏེ། རིས་དང་པོའི་ཁང་པ་ཞེས་གང་སྨྲས་པ་ལ་རིས་དང་པོའི་ཁང་

པ་ནི་བུད་མེད་རིན་པོ་ཆེ་འདི་ཁོ་ན་ལ་འོས་སོ། །གཅིག་ནང་དུ་ཞུགས་པ་ན་ཅིག་ཤོས་ནང་དུ་མི་འཇུག་པར་བྱའོ་ཞེས་གང་སྨྲ་བ་དེ་ཡང་བདེན་ཏེ་ཤ་ཁོ་ན་རྣམས་ལས་ནི་འདི་ལྟ་སྟེ། བུད་མེད་ཀྱི་ཤ་ཁོ་ན་ཐ་ཆད་ཡིན་པས་གལ་ཏེ་གཅིག་ནང་དུ་ཞུགས་པ་ན་ཅིག་ཤོས་ཀྱང་ནང་དུ་ཞུགས་ན་
གདོན་མ་ཟོས་པར་གཅིག་ལ་གཅིག་གསོད་པར་འགྱུར་རོ། །ནང་དུ་འཇུག་པ་དེས་ཀཱར་ཥཱ་པ་ཎ་ལྔ་བརྒྱ་ཐོགས་ཏེ་ནང་དུ་འཇུག་པར་བྱའོ་ཞེས་གང་སྨྲས་པ་དེ་ཡང་བདེན་ཏེ། གདོན་མི་ཟ་བར་དེའི་གོས་དང་རྒྱན་དུ་དགོས་སོ། །ཞག་བདུན་ལོན་པ་ན་ཁང་པ་བྱུལ་བར་བྱའོ་ཞེས་གང་སྨྲས་པ་དེ་ཡང་
བདེན་ཏེ། སྔར་རམ་ཕྱིས་བྱས་ཀྱང་རུང་དེ་ལ་འགལ་བ་ཅི་ཞིག་ཡོད། སྐྱེས་པ་རྣམས་ཀྱི་ཕྱིར་འབྱུང་བ་དང་ནང་དུ་འཇུག་པ་ལ་མི་བརྟག་གོ་ཞེས་གང་སྨྲས་པ་དེ་ཡང་བདེན་ཏེ། འདི་སྨད་འཚོང་མ་ཡིན་པས་གལ་ཏེ་མི་རྣམས་ཀྱི་ཕྱིར་འབྱུང་བ་དང་ནང་དུ་འཇུག་པ་བརྟགས་ན་སུ་ཞིག་དེའི་ཁྱིམ་དུ་
འཇུག །དེ་ནས་ཚོགས་ཀྱིས་དེ་ལ་མཆོག་ལྔ་བྱིན་ནས་ཚོགས་ཀྱིས་སྤྱད་པར་གྱུར་ཏོ། །ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ཀྱིས་དགའ་མགུར་སྤྱད་པའི་ཕྱིར་དེའི་ཁྱིམ་དུ་འཇུག་པར་བརྩམས་པ་ལས། དེ་ན་ཁ་ཅིག་ནི་ཡུལ་ལ་ཆགས་ཆེས་པའི་ཕྱིར་མཐོང་མ་ཐག་ཁོ་ནར་འདོད་ཆགས་དང་བྲལ་
བར་གྱུར་ཏོ། །ཁ་ཅིག་གིས་ནི་རེག་པ་ཁོ་ནས་ཏེ། དེ་ལ་འགས་ཀྱང་སྐྱེས་པའི་བྱ་བ་མ་བྱས་སོ། །དེས་བསམས་པ། འདི་དག་ནི་སྐྱེས་པ་མ་ཡིན་གྱིས་ཐབས་ཤིག་བཤམས་པར་བྱའོ་སྙམ་ནས། དེས་ཡུལ་སྣ་ཚོགས་ན་གནས་པའི་རི་མོ་མཁན་རྣམས་བཀུག་ནས་སྨྲས་པ། ཤེས་ལྡན་དག་
གང་ན་རྒྱལ་པོའམ་བློན་པོའམ་ཕྱུག་པོའམ། ཚོང་དཔོན་ནམ། ཚོང་པའམ། དེད་དཔོན་ཅི་འདྲ་བ་ཞིག་མཐོང་བ་དེ་འདྲ་བ་དག་རྩིག་པ་ལ་བྲིས་ཤིག །དེ་རྣམས་ཀྱིས་ཇི་ལྟར་མཐོང་བ་བཞིན་བྲིས་པ་དང་། དེ་ནས་ཨ་མྲ་སྐྱོང་མ་རྒྱན་སྣ་ཚོགས་ཀྱིས་བརྒྱན་ནས་རི་མོའི་ལས་རྣམས་ལ་སོ་སོར་བརྟགས་
ཏེ་དྲིས་པ། ཤེས་ལྡན་དག་འདི་གང་ཞིག་འདི་ནི་རྒྱལ་པོ་རབ་སྣང་ངོ་། །གཞན་འདི་གང་ཞིག །ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལོ། །གཞན་འདི་གང་ཞིག་བད་ས་ལའི་རྒྱལ་པོ་འཆར་བྱེད་དོ། །གཞན་འདི་གང་ཞིག །མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོའོ། །དེས་དེ་

བཞིན་དུ་དྲིས་པ་དང་དེ་རྣམས་ཀྱིས་ཀྱང་ཐམས་ཅད་སྨྲས་སོ། །དེ་ནས་དེས་ཐམས་ཅད་ལ་བརྟགས་པ་དང་གཟུགས་ཅན་སྙིང་པོ་ལ་མིག་ཆགས་ནས་དེས་བསམས་པ། སྐྱེས་བུ་འདི་ལྟར་ཆུ་ཞེང་གབ་པས་ནི་བདག་དང་ལྷན་ཅིག་དགའ་མགུར་སྤྱད་པར་ནུས་སོ་སྙམ་མོ། །ཇི་ཙམ་དུས་གཞན་ཞིག་
ན་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་སྟེང་གི་ཁང་བཟངས་ཀྱི་གཞིར་སོང་ནས་བློན་པོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ་འདུག་ནས་ཚུལ་མ་ཡིན་པའི་གཏམ་སྨྲས་པ། ཤེས་ལྡན་དག་སུས་སྨད་འཚོང་མ་ཇི་ལྟ་བུ་མཐོང་། ས་སྐྱོང་གིས་སྨྲས་པ། ལྷ་རེ་ཞིག་གཞན་ལྟ་ཞོག །ཡངས་པ་
ཅན་ན་སྨད་འཚོང་མ་ཨ་མྲ་སྐྱོང་མ་ཞེས་བགྱི་བ་ཤིན་ཏུ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་སྒྱུ་རྩལ་དྲུག་བཅུ་རྩ་བཞི་འཚལ་བ་ལྷ་ཁོ་ནས་སྤྱད་དུ་རུང་བ་ཞིག་མཆིས་སོ། །དེས་སྨྲས་པ། ས་སྐྱོང་གལ་ཏེ་དེ་ལྟ་ན་ཡངས་པ་ཅན་དུ་འདོང་། དེ་དང་ལྷན་ཅིག་དགའ་མགུར་སྤྱད་དོ། །དེས་སྨྲས་
པ། ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ནི་ཡུན་རིང་པོ་ནས་གནོད་པ་བགྱིད་པ་སླར་རྒོལ་བ་དགྲ་བོ་ལགས་པས་ཁྱོད་ལ་གནོད་པ་བགྱིད་དུ་མཆིའོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་མི་རྣམས་ནི་སྐྱེས་བུའི་དཔའ་སྙིང་ཅན་ཡིན་པས་འདོང་ངོ་། །དེས་སྨྲས་པ། ལྷ་གལ་ཏེ་དོན་མ་མཆིས་
པ་ལ་གཙིགས་ཆེ་བར་མཛད་ན་གཤེགས་མོད། དེ་ཤིང་རྟར་ཞུགས་ནས་ས་སྐྱོང་དང་ལྷན་ཅིག་ཡངས་པ་ཅན་དུ་ཆས་ཏེ། རིམ་གྱིས་ཡངས་པ་ཅན་དུ་ཕྱིན་ནས་ས་སྐྱོང་ནི་སྐྱེད་མོས་ཚལ་ན་སྡོད་དོ། །རྒྱལ་པོ་ནི་ཨ་མྲ་སྐྱོང་མའི་ཁྱིམ་དུ་ཞུགས་པ་དང་། ཇི་ཙམ་ན་དྲིལ་གྱི་སྒྲ་བྱུང་ངོ་། །ཡངས་
པ་ཅན་གྱི་ལིཙྪ་བཱི་རྣམས་རོད་རོད་པོར་གྱུར་ནས་ཤེས་ལྡན་དག་བདག་ཅག་གི་མི་མཛའ་བ་ཞིག་ནང་དུ་ཞུགས་པས་དྲིལ་འཁྲོལ་ལོ་ཞེས་སྒྲ་གསལ་བ་དང་། སྒྲ་ཆེན་པོ་བྱུང་བ་དང་། རྒྱལ་པོ་གཟུགས་ཅན་སྙིང་པོས་ཨ་མྲ་སྐྱོང་མ་ལ་དྲིས་པ། བཟང་མོ་འདི་ཅི་ཞིག་ཡིན། ལྷ་སྡུམ་པ་ཉུལ་བར་བགྱིད་དོ། །
ཅི་ཞིག་གི་ཕྱིར། ལྷའི་སླད་དུའོ། །ཇི་ལྟར་བྱ། ཅི་འབྲོས་སམ། ལྷ་མི་དགྱེས་པ་མ་མཛད་ཅིག །ལྷ་དགུང་བདུན་ལོན་པ་དང་བདག་གི་སྡུམ་པ་ཉུལ་བར་བགྱིད་པས་རེ་ཞིག་དགུང་བདུན་དུ་རོལ་པས་དགྱེས་པར་མཛོད། དགྱེས་དགུར་མཛོད་ལ་དགུང་བདུན་ལགས་དང་དུས་མཁྱེན་པར་བགྱིའོ། །

དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་ཇི་ཙམ་ན་ཨ་མྲ་སྐྱོང་མ་སེམས་ཅན་དང་ལྡན་པར་གྱུར་ནས་དེས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སྨྲས་པ། ལྷ་བདག་ལ་སེམས་ཅན་ཞུགས་ལགས་སོ། །དེས་དེ་ལ་སེང་རས་ཤིག་དང་སོར་གདུབ་
རྒྱ་བྱིན་ནས་སྨྲས་པ། གལ་ཏེ་བུ་མོ་ཞིག་ཡིན་ན་ཁྱོད་ཉིད་ཀྱི་ཡིན་ནོ། །འོན་ཏེ་ཁྱེའུ་ཡིན་ན་སེང་རས་འདི་སྐོན་ལ་སོར་གདུབ་ཀྱི་རྒྱ་མགུལ་ཏུ་ཐོགས་ཏེ་ངའི་དྲུང་དུ་བཀྲི་ཤིག །དེ་བྱུང་སྟེ་ཤིང་རྟར་ཞུགས་ཏེ་ས་སྐྱོང་དང་ལྷན་ཅིག་ཆས་པ་དང་དྲིལ་བུ་འཁྲོལ་བར་འདུག་གོ། །དེ་རྣམས་ཀྱིས་སྨྲས་པ།
ཤེས་ལྡན་དག་དགྲ་བོ་བྱུང་གིས་རྗེས་བཞིན་དུ་བཙལ་ལོ་ཞེས་ལིཙྪ་བཱི་སྐྱིན་གོར་གྱི་མདའ་རྩིབས་ཅན་ལྔ་བརྒྱས་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཕྱི་བཞིན་བསྙགས་པ་དང་ས་སྐྱོང་གིས་མཐོང་ནས་དེས་སྨྲས་པ། ལྷ་ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་མཆི་ན། ལྷ་ཅི་འདི་དག་དང་ལྷན་ཅིག་འཐབ་མོ་བགྱིའམ།
འོན་ཏེ་ཤིང་རྟ་བདའ། དེས་སྨྲས་པ། ང་ནི་དུབ་པས་ཤིང་རྟ་དེད་ཀྱིས་ཁྱོད་ཁོ་ནས་འདི་དག་དང་ལྷན་ཅིག་འཐབ་མོ་ཁྱེས་ཤིག །དེས་དེ་རྣམས་དང་ལྷན་ཅིག་འཐབ་མོ་འགྱེད་པར་བརྩམས་པ་ལས་ཡངས་པ་ཅན་རྣམས་ཀྱིས་ངོ་ཤེས་ནས་དེ་རྣམས་ཀྱིས་སྨྲས་པ། ཤེས་ལྡན་དག་མིའི་སྲིན་པོ་དེ་ཉིད་འདི་
ཡིན་གྱིས་སླར་ལྡོག་གོ། །དེ་རྣམས་སླར་ལོག་ནས་ཡངས་པ་ཅན་དུ་འོངས་ཏེ་འདུས་ནས་ཡང་ཁྲིམས་སུ་བཅས་པ། ཤེས་ལྡན་དག་བདག་ཅག་གི་དགྲ་འདི་ལ་ཡང་གཟུགས་ཅན་སྙིང་པོའི་བུ་རྣམས་ཤ་གློན་དུ་གཞུག་གོ་ཞེས་བཅས་སོ། །ཇི་ཙམ་ན་ཟླ་བ་དགུ་འདས་པ་དང་ཨ་མྲ་སྐྱོང་མ་ལ་ཁྱེའུ་
གཟུགས་བཟང་ལ་མཛེས་པ་བལྟ་ན་སྡུག་པ་ཞིག་བཙས་སོ། །བཙས་ནས་ཞེས་བྱ་བ་ནས་བསྲིངས་བསྐྱེད་དེ་ཆེན་པོར་གྱུར་ཏོ་ཞེས་བྱ་བའི་བར་དུའོ། །དེ་ཡངས་པ་ཅན་པའི་ལིཙྪ་བཱིའི་ཁྱེའུ་རྣམས་དང་ལྷན་ཅིག་རྩེ་བར་བྱེད་པ་ལས། དེ་རྣམས་ཀྱིས་མི་དགའ་བའི་ཚིག་གིས་སྨྲས་པ། བྲན་མོའི་
བུ་ཁྱོད་བརྒྱ་སྟོང་ཕྲག་དུ་མ་ཞིག་ལས་ནི་སྐྱེས་ན་ཕ་སུ་ཡིན། དེ་ངུས་ནས་མའི་དྲུང་དུ་སོང་བ་དང་དེས་སྨྲས་པ། བུ་ཅིའི་ཕྱིར་དུ་ངུ་། དེས་ཐམས་ཅད་རྒྱས་པར་སྨྲས་པ་དང་། དེས་སྨྲས་པ། བུ་གལ་ཏེ་ཡང་འདྲི་བ་དང་ངའི་ཕ་ལྟ་བུ་ནི་ཁྱེད་ཅག་གཅིག་ལ་ཡང་མེད་དོ་ཞེས་སྨྲོས་ཤིག །གལ་ཏེ་

སུ་ཡིན་ཞེས་སྨྲ་དང་། རྒྱལ་པོ་གཟུགས་ཅན་སྙིང་པོ་ཡིན་ནོ་ཞེས་སྨྲོས་ཤིག །ཇི་ཙམ་ན་དེ་དེ་རྣམས་དང་ལྷན་ཅིག་ཡང་རྩེ་བར་བྱེད་པ་ལས་དེ་རྣམས་ཀྱིས་དེ་ལ་དེ་བཞིན་དུ་སྨྲས་པ་དང་། དེས་སྨྲས་པ། ངའི་ཕ་ལྟ་བུ་ནི་ཁྱེད་ཅག་གཅིག་ལ་ཡང་མེད་དོ། །སུ་ཡིན། རྒྱལ་པོ་གཟུགས་ཅན་སྙིང་
པོ་ཡིན་ནོ། །དེ་རྣམས་ཀྱིས་ཤེས་ལྡན་དག་བདག་ཅག་གི་དགྲ་གང་ཡིན་པ་དེ་ནི་འདིའི་ཕ་ཡིན་ནོ་ཞེས་ལྷག་པར་ཡང་བརྡེགས་སོ། །དེས་ངུས་ནས་ཇི་ལྟར་གྱུར་པ་རྣམས་མ་ལ་སྨྲས་པ་དང་། དེས་བསམས་པ། ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ནི་གདུག་པ་རྩལ་པོ་ཆེ་ཡིན་ཏེ། གལ་ཏེ་
འདི་བསད་པར་འགྱུར་བའི་གནས་དེ་ཡོད་དོ་སྙམ་མོ། །དེ་དེ་ལྟ་བུ་སེམས་ཤིང་འདུག་པ་དང་ཚོང་པ་རབ་ཏུ་མང་པོ་ཟོང་ཐོགས་ནས་རྒྱལ་པོའི་ཁབ་ཏུ་འདོང་བ་དེ་དག་དེས་མཐོང་ནས་སྨྲས་པ། སོར་གདུབ་ཀྱི་རྒྱ་འདིས་སྣོད་རྒྱས་ཐོབ་ལ་དེང་ཤིག་དང་ཤོ་གམ་མི་གཅོད་པར་འགྱུར་རོ། །ཁྱེའུ་འདི་ཡང་
རྒྱལ་པོའི་ཕོ་བྲང་དུ་ཁྲིད་ལ་སོར་གདུབ་ཀྱི་རྒྱ་འདི་འདིའི་མགུལ་དུ་ཐོགས་ཏེ་རྒྱལ་པོའི་ཁབ་ཀྱི་སྒོར་ཞོག་ཅིག །དེ་རྣམས་ཀྱིས་ཀྱང་དེ་བཞིན་དུ་བྱའོ་ཞེས་ཁས་བླངས་སོ། །བུ་ལ་ཡང་མུ་ཏིག་གི་དོ་ཤལ་ཅིག་བྱིན་ནས་སྨྲས་པ། བུ་རྒྱལ་པོ་དགོས་པའི་ཆེད་དུ་འདུས་དང་མུ་ཏིག་གི་དོ་ཤལ་རྐང་
པའི་སྟེང་དུ་ཞོག་ལ་འཛེགས་ཏེ་པང་དུ་འདུག་ཤིག །གལ་ཏེ་འགའ་ཞིག་ཁྱེའུ་འདི་འཇིགས་མི་ཤེས་པ་ཞིག་གོ་ཞེས་སྨྲ་དང་དེ་ལ་ཡང་བུ་ཕས་འཇིགས་པ་འགའ་ཡོད་དམ་ཞེས་སྨྲོས་ཤིག །དེ་ཚོང་པ་རྣམས་དང་ལྷན་ཅིག་ཏུ་རིམ་གྱིས་རྒྱལ་པོའི་ཁབ་ཏུ་ཕྱིན་ནས། དེ་རྣམས་ཀྱིས་ཁྲུས་
བྱས་ཏེ་སོར་གདུབ་ཀྱི་རྒྱ་བཏགས་ནས་རྒྱལ་པོའི་ཕོ་བྲང་གི་སྒོར་བཞག་པ་དང་། དེ་རྒྱལ་པོ་གང་ན་བ་དེར་སོང་སྟེ་ཕྱིན་ནས་མུ་ཏིག་གི་དོ་ཤལ་རྐང་པ་ལ་བཞག་ནས་འཛེགས་ཏེ་པང་དུ་འདུག་གོ། །རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ཁྱེའུ་འདི་ནི་འཇིགས་མི་ཤེས་པ་ཞིག་གོ། །དེས་
སྨྲས་པ། ཡབ་བུ་ཕས་འཇིགས་པ་འགའ་མཆིས་ལགས་སམ། དེ་ནས་རྒྱལ་པོས་འཇིགས་པ་མེད་པའི་སྒྲ་ཀུན་ཏུ་སྨྲས་པས་རྒྱལ་བུ་གཞོན་ནུ་འཇིགས་མེད་རྒྱལ་བུ་གཞོན་ནུ་འཇིགས་མེད་ཅེས་བྱ་བར་གྲགས་སོ།། །།འདུལ་བ་གཞི། བམ་པོ་དྲུག་

བཅུ་གཅིག་པ། རྒྱལ་པོ་གཟུགས་ཅན་སྙིང་པོ་གཞན་གྱི་བུད་མེད་ལ་ལྷག་པར་ཆགས་པས་གླང་པོ་ཆེ་ལ་ཞོན་ནས་གྲོང་ཁྱེར་གྱི་སྲང་རྣམས་སུ་སོང་ནས་མིག་ཕན་ཚུན་དུ་ལྟ་ཞིང་འཁྱམ་པར་བྱེད་དོ། །དེའི་ཚེ་རྒྱལ་པོའི་ཁབ་ན་ཚོང་དཔོན་ཕྱུག་པ་ནོར་མང་བ་ལོངས་སྤྱོད་ཆེ་བ་
ཞིག་ཡོད་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས་ཞེས་བྱ་བ་ནས་དགའ་མགུར་སྤྱོད་པར་བྱེད་དོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་དུས་གཞན་ཞིག་ན་ཆུང་མ་ལ་སྨྲས་པ། བཟང་མོ་ཟོང་ཐོགས་ནས་ཡུལ་གཞན་དུ་འགྲོའོ། །དེས་སྨྲས་པ། རྗེའི་སྲས་དེ་བཞིན་དུ་མཛོད་ཅིག །
དེ་ཟོང་ཐོགས་ཏེ་ཡུལ་གྱི་མཐར་སོང་ངོ་། །དེ་ཡང་ཁ་ཟས་ཞིམ་པོ་དང་གོས་ཀྱིས་ཉོན་མོངས་པས་གདུངས་པར་གྱུར་པ་ལས། རྒྱལ་པོ་གཟུགས་ཅན་སྙིང་པོ་གླང་པོ་ཆེ་ལ་ཞོན་ནས་དེའི་ཁྱིམ་དྲུང་ནས་སོང་བ་དང་། དེས་ཀྱང་སྐར་ཁུང་དུ་འདུག་ནས་རྒྱལ་པོ་ལ་མེ་ཏོག་གི་ཕྲེང་བ་བོར་རོ། །དེ་ནས་རྒྱལ་
པོས་མཐོང་ནས་སྨྲས་པ། མར་ཤོག །དེས་སྨྲས་པ། ལྷ་གཡར་ཚ་ལགས་ཀྱིས་ཁྱོད་ཉིད་ནང་དུ་གཤེགས་ཤིག །དེ་ནས་རྒྱལ་པོ་ནང་དུ་ཞུགས་ནས་དེ་དེ་དང་ལྷན་ཅིག་དགའ་མགུར་སྤྱོད་པར་བྱེད་པ་ལས། དེ་ཡང་དེའི་ཚེ་རུང་ཞིང་ཟླ་མཚན་དང་ལྡན་པས་སེམས་ཅན་ཆགས་པར་གྱུར་ནས་དེས་
རྒྱལ་པོ་ལ་སྨྲས་པ། ལྷ་བདག་ནི་སེམས་ཅན་དང་ལྡན་པར་གྱུར་ཏོ། །དེ་ནས་རྒྱལ་པོས་དེ་ལ་ཡང་སོར་གདུབ་ཀྱི་རྒྱ་དང་སེང་རས་ཁྲ་བོ་བྱིན་ནས་སྨྲས་པ། གལ་ཏེ་རེ་ཞིག་ཁྱེའུར་གྱུར་ན་སེང་རས་འདི་སྐོན་ལ་སོར་གདུབ་ཀྱི་རྒྱ་ཡང་མགུལ་དུ་ཐོགས་ཏེ་ངའི་དྲུང་དུ་བཀྲི་ཤིག །འོན་ཏེ་བུ་མོ་ཡིན་
ན་ནི་ཁྱོད་ཉིད་ཀྱི་ཡིན་ནོ་ཞེས་སྨྲས་ནས་རྒྱལ་པོ་སོང་ངོ་། །ཇི་ཙམ་ན་དེད་དཔོན་དེ་དོན་རྣམས་གྲུབ་སྟེ་རྒྱལ་པོའི་ཁབ་དང་ཉེ་བ་ཞིག་ཏུ་ཕྱིན་ནས། དེས་ཆུང་མ་ལ་བཟང་མོ་དགའ་བ་སྐྱེད་ཅིག །ཁོ་བོ་དོན་གྲུབ་ནས་བདེ་བར་འོངས་ཏེ། ཞག་འདི་ཙམ་ཁོ་ན་ན་ཕྱིན་པར་འོང་ངོ་། །སྤྲིང་བ་དེས་ཐོས་
ནས་བདག་གིས་ནི་བྱ་བ་མ་ཡིན་པ་འདི་ལྟ་བུ་བྱས་ལ། དེ་ཡང་འོང་ན་དེ་ལ་ཇི་ལྟར་བསྒྲུབ་པར་བྱ་སྙམ་དུ་ཕོངས་པར་གྱུར་ནས། དེས་དེ་ལྟར་གྱུར་པ་རྣམས་རྒྱལ་པོ་ལ་རིག་པར་བྱས་པ་དང་། དེ་ནས་རྒྱལ་པོས་སླར་སྤྲིང་བ། བག་མ་ཚ་བར་འདུག་ཤིག་ཅི་ནས་ཀྱང་མྱུར་དུ་མི་འོང་བ་དེ་ལྟར་

ངས་བྱའོ། །རྒྱལ་པོས་དེ་ལ་ཕོ་ཉ་བཏང་བ། དེད་དཔོན་ང་ལ་རིན་པོ་ཆེ་ཆེ་གེ་མོ་དང་ཆེ་གེ་མོ་དག་ཅིག་དགོས་ཀྱིས་དེ་མེད་པར་ཁྱོད་འདིར་མ་འོངས་ཤིག །དེ་རིན་པོ་ཆེ་དེ་རྣམས་ཀྱི་ཕྱིར་ལམ་རིང་པོར་སོང་ངོ་། །དེ་ཡང་ཟླ་བ་དགུ་འདས་ནས་བཙས་པ་དང་ཁྱེའུ་གཟུགས་བཟང་བ་མཛེས་པ། བལྟ་
ན་སྡུག་པ་ཞིག་བཙས་སོ། །མ་བསླབས་ཀྱང་བུད་མེད་ལ་ཤེས་ཉེན་ཡོད་པས་དེས་མར་དང་སྦྲང་རྩིས་དེ་འགྲངས་པར་བསྙོད་ནས་སོར་གདུབ་ཀྱི་རྒྱ་མགུལ་དུ་བཏགས་ཏེ་སེང་རས་ཀྱིས་བཀྲིས་ནས་སྒྲོམ་བུའི་ནང་དུ་བཅུག་སྟེ་བུ་མོ་མངག་གཞུག་མ་ལ་བསྒོ་བ། སོང་ལ་སྒྲོམ་བུ་འདི་ཁྱེར་ཏེ་
རྒྱལ་པོའི་ཕོ་བྲང་གི་སྒོར་ཁྱོད་ཀྱི་དཀྱིལ་འཁོར་བྱོས་ལ་མེ་མར་བུས་ཏེ་ཕྱོགས་གཅིག་ཏུ་ཇི་སྲིད་འགའ་ཞིག་གིས་བླངས་ཀྱི་བར་དུ་སྡོད་ཅིག །དེས་དེ་བཞིན་བྱས་པ་དང་ཇི་ཙམ་ན་རྒྱལ་པོ་སྟེང་གི་ཁང་བཟངས་ཀྱི་གཞིར་སོང་ནས་རྒྱལ་པོ་གཞོན་ནུ་འཇིགས་མེད་དང་ལྷན་ཅིག་འདུག་པ་ལས།
དེས་རྒྱལ་པོའི་ཕོ་བྲང་གི་སྒོ་ན་མར་མེ་མཐོང་ངོ་། །དེ་ནས་ཞོ་ཤས་འཚོ་བ་རྣམས་ལ་བསྒོ་བ། ཤེས་ལྡན་དག་རྒྱལ་པོའི་ཕོ་བྲང་གི་སྒོ་ན་མར་མེ་འབར་བའོ་ནི་ཅི་ཡིན་ལྟོས་ཤིག །དེ་དག་གིས་བལྟས་ནས་སྨྲས་པ། ལྷ་སྒྲོམ་བུ་ཞིག་མཆིས་སོ། །དེས་སྨྲས་པ། ལོང་ཤིག །རྒྱལ་བུ་
གཞོན་ནུ་འཇིགས་མེད་ཀྱིས་སྨྲས་པ། ལྷ་སྒྲོམ་བུ་དེ་ན་ཅི་མཆིས་པ་དེ་བདག་ལ་སྩལ་བར་ཅི་གནང་། རྒྱལ་པོས་དེ་བཞིན་བྱའོ་ཞེས་ཁས་བླངས་སོ། །ཇི་ཙམ་ན་སྒྲོམ་བུ་བླངས་ནས་རྒྱལ་པོ་ལ་ཕུལ་བ་དང་། རྒྱལ་པོས་སྨྲས་པ། ཁ་ཕྱེ་ཤིག །ཁ་ཕྱེ་བ་ལས་ཁྱེའུ་ཞིག་བྱུང་ངོ་། །རྒྱལ་
པོས་སྨྲས་པ། འདི་ཅི་གསོན་ནམ། འོན་ཏེ་ཤི་བ་ཞིག །དེ་རྣམས་ཀྱིས་སྨྲས་པ། ལྷ་གསོན་ལགས་སོ། །དེ་ནས་རྒྱལ་པོས་སོར་གདུབ་ཀྱི་རྒྱ་དང་སེང་རས་ངོ་ཤེས་ནས་རྒྱལ་བུ་གཞོན་ནུ་འཇིགས་མེད་ལ་བྱིན་པ་དང་། དེས་དེ་བསྣུན་བསྙོད་བསྐྱེད་དེ་རྒྱལ་པོས་གསོན་ནམ་ཞེས་ཚིག་
ཏུ་བྱུང་བ་དང་། རྒྱལ་བུ་གཞོན་ནུ་འཇིགས་མེད་ཀྱིས་གསོས་པས། འཚོ་བྱེད་གཞོན་ནུས་གསོལ་ཞེས་བྱ་བར་གྲགས་སོ། །ཇི་ཙམ་དུས་གཞན་ཞིག་ན་འཚོ་བྱེད་གཞོན་ནུས་གསོས་ཆེན་པོར་གྱུར་ཏོ། །དེ་འཇིགས་མེད་དང་ལྷན་ཅིག་བྲེ་མོ་གཏམ་ཟེར་ཞིང་འཁོད་པ། འཇིགས་མེད་

གཞོན་ནུ་མ་སྐྱེས་དགྲ་ནི་མ་བཙས་པ་ཁོ་ན་ནས་རྒྱལ་པོ་ཉིད་དུ་ལུང་བསྟན་གྱིས་བདག་ཅག་གིས་བཟོ་ཅུང་ཟད་བསླབས་ཏེ། དེས་ན་བདག་ཅག་གི་ཕྱི་དུས་ཀྱིས་འཚོ་བར་འགྱུར་རོ། །དེ་གཉིས་ཀྱིས་དེ་ལྟར་གྲོས་བྱས་པ་ལས། ཤིང་རྟ་མཁན་གོས་དཀར་པོ་གོན་པ་མི་གོས་དཀར་པོ་
གོན་པ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་རྒྱལ་པོའི་ཕོ་བྲང་དུ་ཞུགས་པ་དང་། དེ་རྒྱལ་བུ་འཇིགས་མེད་གཞོན་ནུས་མཐོང་ནས། དེས་རྒྱལ་པོའི་མི་གཞན་དག་ལ་དྲིས་པ། འདི་སུ་ཞིག་ཡིན། དེ་རྣམས་ཀྱིས་སྨྲས་པ། ཤིང་རྟ་མཁན་ལགས་སོ། །འདིས་ཅི་འཐོབ། འཚོ་བའོ། །དེས་བསམས་
པ། བདག་གིས་ཀྱང་ལྷ་ལ་བརྟགས་ནས་ཤིང་རྟ་མཁན་བསླབ་བོ་སྙམ་ནས། དེ་རྒྱལ་པོའི་དྲུང་དུ་སོང་ནས་སྨྲས་པ། ལྷ་བདག་ཀྱང་ཤིང་རྟ་མཁན་བསླབ་བོ། །རྒྱལ་པོས་སྨྲས་པ། བུ་ཁྱོད་ཅི་འདིས་འཚོ་བར་འགྱུར་རམ། ཡབ་རྒྱལ་པོའི་བུས་ནི་བཟོ་ཐམས་ཅད་ལ་བསླབ་པར་བགྱི་བ་ལགས་
སོ། བུ་གལ་ཏེ་དེ་ལྟ་ན་ཁྱོད་ཤིང་རྟ་མཁན་སློབས་ཤིག །དེས་བསླབ་པར་བརྩམས་སོ། །འཚོ་བྱེད་ཀྱིས་ཀྱང་སྨན་པ་གོས་དཀར་པོ་གོན་པ་མི་གོས་དཀར་པོ་གོན་པ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་རྒྱལ་པོའི་ཕོ་བྲང་དུ་ཞུགས་པ་མཐོང་ནས། དེས་གཞན་དག་ལ་དྲིས་པ། འདི་སུ་ཞིག་
ཡིན། དེ་དག་གིས་སྨྲས་པ། སྨན་པ་ལགས་སོ། །འདི་ཅི་ཞིག་བྱེད། དཔྱད་བགྱིད་དོ། །ཅི་ཐོབ། གལ་ཏེ་ནད་པ་ཞིག་སོས་ན་རྔན་པ་ཐོབ་བོ། །འོན་ཏེ་གུམ་ན་མི་འཚོལ་མི་འདྲིའོ། །དེས་བསམས་པ། སྨན་དཔྱད་བསླབ་བོ་སྙམ་ནས། དེ་ཕའི་གན་དུ་སོང་སྟེ་སྨྲས་པ། ལྷ་གནང་བར་
མཛོད་ཅིག །སྨན་དཔྱད་བསླབ་ལགས་སོ། །བུ་ཁྱོད་རྒྱལ་པོའི་སྲས་ཡིན་ནོ། །ཁྱོད་ལ་སྨན་དཔྱད་ཀྱིས་ཅི་བྱ། ལྷ་རྒྱལ་པོའི་བུས་ནི་བཟོ་ཐམས་ཅད་ལ་བསླབ་པར་བགྱི་བ་ལགས་སོ། །བུ་གལ་ཏེ་དེ་ལྟ་ན་སློབས་ཤིག །དེས་སྨན་དཔྱད་བསླབ་པར་བརྩམས་པ་དང་། དེས་སྨན་དཔྱད་
ནི་ལོབས་ན་དེས་ཀླད་པའི་ཐོད་པ་དབྱེ་བའི་དཔྱད་མ་ཤེས་ནས། དེས་རྡོ་འཇོག་ན་སྨན་པའི་རྒྱལ་པོ་རྒྱུན་ཤེས་ཀྱི་བུ་ཞེས་བྱ་བ་ཡོད་དེ། དེས་ཀླད་པའི་ཐོད་པ་འབྱེད་པའི་དཔྱད་ཤེས་སོ་ཞེས་ཐོས་ནས། དེ་རྒྱལ་པོའི་དྲུང་དུ་སོང་སྟེ་སྨྲས་པ། ལྷ་རྡོ་འཇོག་ཏུ་མཆིའོ། །ཅི་ཞིག་གི་ཕྱིར་དེ་ན་

སྨན་པའི་རྒྱལ་པོ་རྒྱུན་ཤེས་ཀྱི་བུ་ཞེས་བགྱི་བ་མཆིས་ཏེ། དེ་ཀླད་པའི་ཐོད་པ་འབྱེད་པའི་དཔྱད་འཚལ་བས་དེ་སློབ་ཏུ་མཆིའོ། །བུ་ཁྱོད་འདིས་མཚོའམ། ལྷ་ཡང་ན་ནི་དཔྱད་མི་བསླབ། ཡང་ན་ནི་ལེགས་པར་བསླབ་པར་བགྱིའོ། །བུ་གལ་ཏེ་དེ་ལྟ་ན་སོང་ཤིག །དེས་རྒྱལ་པོ་པད་མའི་
སྙིང་པོ་ལ་སྤྲིང་བ། བདག་གི་བུ་འདི་སྨན་དཔྱད་སློབ་ཏུ་རྒྱུན་ཤེས་ཀྱི་བུའི་དྲུང་དུ་འོང་གིས། འདིའི་དགོས་པ་ཐམས་ཅད་ཁྱོད་ཀྱིས་སྦྱོར་ཅིག །དེ་རིམ་གྱིས་རྡོ་འཇོག་ཏུ་ཕྱིན་པ་དང་། པད་མའི་སྙིང་པོས་ཀྱང་སྤྲིང་ཡིག་བཀླགས་ཏེ་རྒྱུན་ཤེས་ཀྱི་བུ་ལ་གཏད་ནས་རྒྱལ་པོའི་བུ་འདི་ཁྱོད་ཀྱི་དྲུང་དུ་
ཆེད་དུ་འོངས་ཀྱིས་འདི་ལ་སྨན་དཔྱད་སློབས་ཤིག །རྒྱུན་ཤེས་ཀྱི་བུས་དེ་ལ་སྟོན་པར་བྱེད་པ་ན། དེས་ཉུང་ཟད་བསྟན་པ་དང་འཚོ་བྱེད་ཀྱིས་ཁྱད་པར་དང་བཅས་པ་ལོབས་སོ། །རྒྱུན་ཤེས་ཀྱི་བུའི་ཀུན་ཏུ་སྤྱོད་པ་ནི་གང་གི་ཚེ་ནད་པ་ལ་ལྟར་འགྲོ་བའི་ཚེ་བྲམ་ཟེའི་ཁྱེའུ་ཞིག་ཁྲིད་དེ་འགྲོ་བ་
ཡིན་པས་དེ་དུས་གཞན་ཞིག་ན་འཚོ་བྱེད་ཁྲིད་དེ་སོང་ནས་དེས་ནད་པའི་སྨན་བསྟན་པ་འདི་དང་འདི་དག་ནི་བྱིན་ཅིག་ཅེས་སྨྲས་ནས་བྱུང་ངོ་། །འཚོ་བྱེད་ཀྱིས་བསམས་པ། འདི་ནི་མཁན་པོས་ཉེས་ཏེ། གལ་ཏེ་འདིས་སྨན་འདི་ཟོས་ན་འདི་དེང་ཉིད་འཆི་བར་འགྱུར་ཏེ། མཁན་པོས་བསྟན་པ་
ནི་ལེགས་པ་མ་ཡིན་གྱིས་ཐབས་ཤིག་བྱའོ་སྙམ་ནས་དེ་རྒྱུན་ཤེས་ཀྱི་བུ་དང་ལྷན་ཅིག་ཏུ་བྱུང་ནས་སླར་ནང་དུ་ཞུགས་ཏེ་སྨྲས་པ། མཁན་པོ་འདི་སྐད་ཅེས་གསུང་ངོ་། །ཁོ་བོས་སྨན་བསྟན་པ་གང་ཡིན་པ་དེ་མ་སྦྱིན་པར་འདི་དང་འདི་དག་བྱིན་ཅིག་ཅེས་ཟེར་རོ། །དེས་དེ་བཞིན་དུ་བྱས་པས་སོས་
པར་གྱུར་ཏོ། །ཇི་ཙམ་ཉི་མ་གཞན་ཞིག་ལ་རྒྱུན་ཤེས་ཀྱི་བུ་ཡང་དེའི་དྲུང་དུ་སོང་ནས་དྲིས་པ། ན་བ་ཇི་ལྟ་སོས་པར་གྱུར་ཏོ། །སང་ཡང་དེ་ཉིད་བྱིན་ཅིག །ཅི་སྔ་མ་ལགས་སམ། འོན་ཏེ་སླད་ཀྱིས་བསྟན་པ་ལགས། ཅི་བདག་གིས་སྔར་བསྟན་ཏམ། འོན་ཏེ་ཕྱིས་བསྟན། དེ་
དག་གིས་སྨྲས་པ། འདི་དག་ནི་ཁྱོད་ཀྱིས་མངོན་སུམ་དུ་བསྟན་ཏོ། །འདི་ནི་འཚོ་བྱེད་ལ་ཕྲིན་དུ་སྤྲིང་བ་ཡིན་ནོ། །དེས་བསམས་པ། བདག་གིས་ཉེས་ཀྱིས་འཚོ་བྱེད་ནི་ཤེས་རབ་ཅན་ཡིན་ནོ་སྙམ་བསམས་ནས་སྨྲས་པ། འཚོ་བྱེད་ཀྱིས་བསྟན་པ་གང་ཡིན་པ་དེ་བྱིན་ཅིག །རྒྱུན་

ཤེས་ཀྱི་བུ་འཚོ་བྱེད་ལ་དགའ་བ་སྐྱེས་པས་དེ་གང་དུ་འགྲོ་བར་དེར་འཚོ་བྱེད་འཁྲིད་དོ། །བྲམ་ཟེའི་ཁྱེའུ་གཞན་རྣམས་ཀྱིས་སྨྲས་པ། མཁན་པོ་ཁྱོད་རྒྱལ་པོའི་བུའོ་སྙམ་ནས་འདི་ལ་ནི་སྤྲོ་བས་སྟོན་པར་མཛད་ཀྱི། བདག་ཅག་ལ་ནི་མི་མཛད་དོ། །དེས་སྨྲས་པ། འཚོ་བྱེད་
ནི་ཤེས་རབ་ཅན་ཡིན་པས་ངས་བསྟན་པ་གང་ཡིན་པ་དེ་རང་གིས་རྣམ་པར་འབྱེད་ནུས་ཀྱི་ཁྱེད་ཀྱིས་ནི་དེ་ལྟ་མ་ཡིན་ནོ། །དེ་རྣམས་ཀྱིས་སྨྲས་པ། མཁན་པོས་ཇི་ལྟར་མཁྱེན། གལ་ཏེ་དེ་ལྟ་ན་ངས་ཁྱེད་ཅག་གི་མངོན་སུམ་དུ་བྱའོ། །དེས་བྲམ་ཟེའི་ཁྱེའུ་རྣམས་ལ་ཁྱོད་ཀྱིས་ནི་རྫས་ཆེ་གེ་
མོ་ཞིག་གི་རིན་དྲིས་ཤིག །ཁྱོད་ཀྱིས་ཀྱང་ཆེ་གེ་མོ་ཞིག་གིའོ་ཞེས་ཐམས་ཅད་ཚོང་དུས་སུ་བཏང་ངོ་། །འཚོ་བྱེད་ཀྱང་ཁྱོད་ཀྱིས་ཀྱང་ཆེ་གེ་མོ་ཞིག་གིའོ་ཞེས་བསྒོའོ། །བྲམ་ཟེའི་ཁྱེའུ་རྣམས་ཀྱིས་ཇི་སྐད་བསྟན་པ་ཁོ་ན་བཞིན་བྱས་སོ། །འཚོ་བྱེད་ཀྱིས་ཀྱང་ཇི་སྐད་བསྟན་པ་བཞིན་
བྱས་ནས་བསམས་པ། གལ་ཏེ་མཁན་པོ་རྫས་གཞན་གྱི་རིན་འདྲི་བར་བྱེད་ན་བདག་གིས་ཇི་སྐད་བརྗོད་པར་བྱས། ཐམས་ཅད་དུ་རྫས་ཐམས་ཅད་ཀྱི་རིན་དྲིའོ་སྙམ་མོ། །དེ་དག་ཐམས་ཅད་མཁན་པོའི་དྲུང་དུ་སོང་ནས་ཇི་སྐད་བསྟན་པ་དེ་བཞིན་སྨྲས་སོ། །རྒྱུན་ཤེས་ཀྱི་བུས་མ་བསྟན་
པའི་རྫས་ཀྱི་རིན་དྲི་བར་བརྩམས་ཏེ། བྲམ་ཟེའི་ཁྱེའུ་རྫས་ཆེ་གེ་མོ་ཞིག་གི་རིན་ཇི་ཙམ། དེས་སྨྲས་པ། མ་འཚལ་ཏོ། །གཞན་དག་ལ་དྲིས་པ་དང་། སྨྲས་པ། མ་འཚལ་ལགས་སོ། །འཚོ་བྱེད་ལ་དྲིས་པ་དང་དེས་རྫས་ཐམས་ཅད་ཀྱི་རིན་སྨྲས་སོ། །རྒྱུན་ཤེས་ཀྱི་བུས་སྨྲས་པ།
བྲམ་ཟེའི་ཁྱེའུ་དག་ཁྱེད་ཀྱིས་ཐོས་སམ། ཐོས་ལགས་སོ། །ངས་འཚོ་བྱེད་ནི་ཤེས་རབ་ཅན་ཡིན་ཏེ། ཅུང་ཟད་བསྟན་ན་ཡང་དེ་ལ་རང་གིས་རྣམ་པར་འབྱེད་ནུས་སོ་ཞེས་སྨྲས་པ་ནི་དོན་དེ་ཡིན་ནོ། །གཞན་ཡང་མངོན་སུམ་དུ་བྱའོ་ཞེས་དེ་རྣམས་ལ་སྨྲས་པ། ཐང་ཤིང་ཅན་གྱི་རི་ལ་དེང་
ལ་སྨན་མ་ཡིན་པ་དག་ཁྱེར་ཏེ་ཤོག་ཤིག །དེ་དག་དོང་ནས་དེ་དག་ལས་གང་ཞིག་གིས་གང་སྨན་མ་ཡིན་པར་ཤེས་པ་དེ་དེ་དག་གིས་བླངས་སོ། །འཚོ་བྱེད་ཀྱིས་བསམས་པ། སྨན་མ་ཡིན་པ་ནི་ཅུང་ཟད་ཀྱང་མེད་དོ་སྙམ་ནས། དེས་འདམ་བུ་མདའ་རྒྱུའི་རྩ་བ་དང་། རྡོ་བའི་དུམ་བུ་ཞིག་

བླངས་སོ། །ཇི་ཙམ་ན་འཚོ་བྱེད་ཀྱིས་ལམ་གྱི་ཕྱེད་ན་ཕྱུགས་རྫི་མོ་ཞིག་ཞོའི་བུམ་པ་དང་ཕྲུམ་ཚུད་ཁྱེར་ནས་རྒྱུན་ཤེས་ཀྱི་བུའི་དྲུང་དུ་སོང་བ་ལས་དེ་ཤིན་ཏུ་མིག་ན་བ་དེས་མཐོང་ནས་དེས་དྲིས་པ་གང་དུ་འགྲོ། དེས་སྨྲས་པ། དེས་དེ་ལ་གནས་དེ་ཉིད་ཀྱི་དྲུང་ན་ཡོད་པའི་སྨན་ཞིག་བསྟན་པ་ལས་
དེས་བྱས་པ་དང་མོད་ལ་སོས་པར་གྱུར་ཏོ། །དེ་དགའ་བ་སྐྱེས་ནས་སྨྲས་པ། ཞོའི་བུམ་པ་དང་ཕྲུམ་ཚུད་འདི་ཁྱོད་སྣོམས་ཤིག །དེས་ཕྲུམ་ཚུད་བླངས་ཏེ། ཞོའི་བུམ་པ་ནི་དེ་ཉིད་ལ་བྱིན་ནས་དེ་ཕྲུམ་ཚུད་ཁྱེར་ཏེ་སོང་བ་ལས། ཇི་ཙམ་ན་བྲམ་ཟེའི་ཁྱེའུ་རྣམས་ཀྱིས་ལམ་གྱི་དབུས་ན་གླང་པོ་
ཆེའི་རྗེས་ཞིག་མཐོང་ནས། དེ་རྣམས་ཀྱིས་དེ་ལ་བརྟག་པར་བརྩམས་པ་དང་འཚོ་བྱེད་ཀྱང་འོངས་ནས་དེས་སྨྲས་པ། འདི་ཅི་ཡིན། གླང་པོ་ཆེའི་རྗེས་སོ། །འདི་ནི་གླང་པོ་ཆེའི་རྗེས་མ་ཡིན་གྱི། འདི་ནི་བལ་གླང་མོའི་རྗེས་ཡིན་ཏེ། དེ་ཡང་མིག་གཡས་པ་ཞར་བ་དེ་རིང་ཁོ་ནར་གླང་པོ་ཆེའི་ཕྲུག་
གུ་འབྱུང་བར་འགྱུར་བ་ཞིག་ཡིན་ལ། དེ་ལ་ཞོན་པ་ནི་བུད་མེད་ཡིན་ལ། དེ་ཡང་མིག་གཡས་པ་ཞར་བ་སྦྲུམ་པ་དེ་རིང་ཉིད་དུ་བུ་ཕོ་བཙའ་བར་འགྱུར་བ་ཞིག་ཡིན་ནོ། །ཇི་ཙམ་ན་རྒྱུན་ཤེས་ཀྱི་བུའི་དྲུང་དུ་འོངས་ནས་གང་གིས་གང་ཁྱེར་ཏེ་འོངས་པ་དེས་དེ་བསྟན་ཏོ། །རྒྱུན་ཤེས་ཀྱི་བུས་སྨྲས་པ།
བྲམ་ཟེའི་ཁྱེའུ་དག་འདི་ཐམས་ཅད་ནི་སྨན་ཡིན་ཏེ། རེ་ཞིག་འདི་ནི་ཆེ་གེ་མོ་ཞིག་གིས་ནད་ཆེ་གེ་མོ་ཞིག་ཡིན་ལ་དེ་བཞིན་དུ་གཞན་ཡང་གཞན་དག་ཀྱང་ཡིན་ནོ། །འཚོ་བྱེད་ལ་དྲིས་པ་ཁྱོད་ཀྱིས་ཅི་ཁྱེར་ཏེ་འོངས། དེས་སྨྲས་པ། མཁན་པོ་ཐམས་ཅད་སྨན་ལགས་ཏེ། སྨན་མ་
ལགས་པ་ནི་ཅི་ཡང་མ་མཆིས་སོ། །འོན་ཀྱང་བདག་གིས་འདམ་བུ་མདའ་རྒྱུའི་རྩ་བ་དང་། རྡོའི་དུམ་བུ་དང་། ཕྲུམ་ཚུད་ཅིག་འཚལ་ཏེ་མཆིས་སོ། །འདི་དག་ཅི་དགོས་སྡིག་པས་ཟིན་པ་ལས་འདམ་བུ་མདའ་རྒྱུའི་རྩ་བའི་དུད་པས་བདུག་གོ། །ཕྲུམ་ཚུད་ཀྱིས་ནི་གླན་པར་བགྱིའོ། །རྡོའི་
དུམ་བུས་ནི་སྟོན་ཀའི་དུས་ན་ཞོའི་བུམ་པ་འཆག་པར་འགྱུར་རོ། །རྒྱུན་ཤེས་ཀྱི་བུས་འཛུམ་ཕྱུང་བ་དང་། བྲམ་ཟེའི་ཁྱེའུ་རྣམས་ཀྱིས་བསམས་པ། མཁན་པོ་ནི་འདི་ལ་ཁྲོས་སོ་སྙམ་ནས་དེ་རྣམས་ཀྱིས་སྨྲས་པ། མཁན་པོ་འདི་གཅིག་པུར་བས་སྙམ་མམ། བདག་ཅག་མཆི་བ་ན་ལམ་གྱི་དབུས་

སུ་གླང་པོ་ཆེའི་རྗེས་ཤིག་མཐོང་བ་ན་འདིའི་མཆིད་ནས་འདི་ནི་བལ་གླང་མོའི་རྗེས་ཡིན་ཏེ། དེ་ཡང་མིག་གཡས་པ་ཞར་བ་སྦྲུམ་པ་དེ་རིང་ཁོ་ནར་གླང་པོ་ཆེ་ཕྲུག་གུ་འབྱུང་བར་འགྱུར་བ་ཞིག་ཡིན་ལ། དེ་ལ་ཞོན་པ་ནི་བུད་མེད་ཡིན་ལ་དེ་ཡང་མིག་གཡས་པ་ཞར་བ་སྦྲུམ་པ་དེ་རིང་ཉིད་
དུ་བུ་ཕོ་བཙའ་བར་འགྱུར་རོ་ཞེས་མཆིའོ། །རྒྱུན་ཤེས་ཀྱི་བུས་དྲིས་པ། འཚོ་བྱེད་བདེན་ནམ། མཁན་པོ་མད་དོ། །དེ་གླང་པོ་ཆེའི་རྗེས་སམ། བལ་གླང་མོའི་རྗེས་ཡིན་པ་ཇི་ལྟར་ཤེས། དེས་སྨྲས་པ། མཁན་པོ་བདག་ནི་རྒྱལ་པོའི་རིགས་ལས་ཆེན་པོར་གྱུར་པ་ལགས་ན་ཅི་སྟེ་མ་འཚལ།
གླང་པོ་ཆེའི་རྗེས་ནི་ཟླུམ་མོ། །བལ་གླང་མོའི་རྗེས་ནི་ཆུར་རིང་ངོ་། །མིག་གཡས་པ་ཞར་བར་ཇི་ལྟར་ཤེས། གཡོན་ཕྱོགས་སུ་རན་འཚལ་ཞིང་མཆིས་པ་ལས་སོ། །སྦྲུམ་པར་ཇི་ལྟར་ཤེས། རྐང་པ་གཉིས་གནོན་ཅིང་མཆི་བ་ལས་སོ། །དེང་ཁོ་ནར་འབྲང་བར་འགྱུར་བར་ཇི་ལྟར་ཤེས། གཅིན་
བེའུ་སྣབས་དང་བཅས་པར་འབྱུང་བས་སོ། །གླང་པོ་ཆེའི་ཕྲུག་གུ་ཕོར་འབྲང་བར་འགྱུར་བར་ཇི་ལྟར་ཤེས། རྐང་པ་གཡས་པ་ལྷག་པར་གནོན་ཅིང་མཆི་བས་སོ། །དེ་ལ་བུད་མེད་ཞོན་པར་ཇི་ལྟར་ཤེས། བབས་ནས་རྐང་པའི་བར་དུ་གཅིས་པ་ལས་སོ། །དེ་ཡང་མིག་གཡས་པ་ཞར་བར་ཇི་
ལྟར་ཤེས། གཡོན་ཕྱོགས་སུ་མེ་ཏོག་ཐུ་ཞིང་མཆི་བས་སོ། །དེ་ཡང་སྦྲུམ་པར་ཇི་ལྟར་ཤེས། དེའི་རྐང་པའི་རྟིང་པ་ཕལ་ཆེར་གནོན་ཅིང་མཆིས་པས་སོ། །དེང་ཁོ་ནར་བཙའ་བར་འགྱུར་བར་ཇི་ལྟར་ཤེས། གཅིན་ལྗན་ལྗིན་དང་བཅས་ཏེ་འབྱུང་བ་ལས་སོ། །དེ་ལྟ་ལགས་ཀྱིས་ཀྱང་
གལ་ཏེ་མཁན་པོ་ཐུགས་མི་ཆེས་ན་འགྲོན་པ་གནས་པའི་ཕྱོགས་དེར་བྲམ་ཟེའི་ཁྱེའུ་འགའ་ཞིག་མངག་ཏུ་གསོལ། དེས་བྲམ་ཟེའི་ཁྱེའུ་ཞིག་བཏང་བ་དང་། འཚོ་བྱེད་ཀྱིས་ཇི་སྐད་སྨྲས་པ་དེ་ཐམས་ཅད་དེ་བཞིན་དུ་གྱུར་ཏོ། །རྒྱུན་ཤེས་ཀྱི་བུས་བྲམ་ཟེའི་ཁྱེའུ་རྣམས་ལ་སྨྲས་པ། བྲམ་ཟེའི་
ཁྱེའུ་དག་ཁྱེད་ཀྱིས་ཐོས་སམ། འཚོ་བྱེད་ནི་དེ་འདྲ་བར་ཤེས་རབ་ཅན་ནོ། །འཚོ་བྱེད་ཀྱིས་ཀླད་པའི་ཐོད་པ་འབྱེད་པའི་དཔྱད་མ་གཏོགས་པ་ཐམས་ཅད་བསླབས་སོ། །ཇི་ཙམ་ན་མི་ཞིག་ཀླད་ནད་ཀྱིས་ཐེབས་ནས་རྒྱུན་ཤེས་ཀྱི་བུའི་དྲུང་དུ་སོང་སྟེ་སྨྲས་པ། རྒྱུན་ཤེས་ཀྱི་བུ་བདག་ལ་དཔྱད་

མཛོད་ཅིག །དེས་སྨྲས་པ། ཀྱེ་ནང་རྗེ་རེ་ཞིག་དེ་རིང་དོང་རྐོས་ལ་ལྕི་བ་དག་སྟ་གོན་གྱིས་ཤིག་དང་སང་བདག་གིས་ཁྱོད་ཀྱི་དཔྱད་བྱའོ། །འཚོ་བྱེད་ཀྱིས་ཐོས་ནས་དེ་དེའི་ཕྱི་བཞིན་སོང་སྟེ། ཀྱེ་ནང་རྗེ་བདག་གིས་ཅུང་ཟད་བསླབས་པ་གང་ཡིན་པ་དེ་ཐམས་ཅད་ནི་སེམས་ཅན་ལ་ཕན་པའི་
ཕྱིར་ཡིན་ན། བདག་གིས་ཀླད་པའི་ཐོད་པ་དབྱེ་བ་མ་བསླབས་ཀྱིས། ཁྱོད་ཀྱིས་བདག་དབེན་པར་ཞོག་ཞིག་དང་། ཁྱེད་ཀྱི་ལས་ཇི་ལྟར་བྱེད་པ་བལྟའོ། །དེས་སྨྲས་པ། དེ་བཞིན་དུ་བགྱིའོ། །དེས་དེ་ཕྱོགས་དབེན་པ་ཞིག་ཏུ་བཞག་གོ། །དེ་ནས་རྒྱུན་ཤེས་ཀྱི་བུ་འོངས་ནས་མི་དེ་དོང་དུ་
བཅུག་སྟེ་ཐོད་པ་དབྱེ་བའི་དཔྱད་ཀྱིས་ཐོད་པ་ཕྱེ་ནས་དེ་སྐམ་པས་སྲོག་ཆགས་དེ་བླང་བར་བརྩམས་པ་དང་འཚོ་བྱེད་ཀྱིས་སྨྲས་པ། མཁན་པོ་གཟུ་ལུམས་སུ་མ་བླངས་ཤིག །རིགས་ཀྱི་བུ་འདི་དེང་ཉིད་འགུམ་པར་འགྱུར་རོ། །དེས་སྨྲས་པ། འཚོ་བྱེད་འོངས་སམ། སྨྲས་པ། མཁན་
པོ་བདག་མཆིས་སོ། །ཁོ་བོས་སྲོག་ཆགས་འདི་ཇི་ལྟར་བླང་བར་བྱ། མཁན་པོ་སྐམ་པ་ཚ་བར་མཛོད་དེ་རྒྱབ་ཏུ་རེག་ནས་རྐང་ལག་འཁུམས་པར་གྱུར་པ་དང་དེ་ནས་འོར་ཅིག །དེས་དེ་བཞིན་དུ་བྱས་ནས་སོས་པར་གྱུར་ཏོ། །རྒྱུན་ཤེས་ཀྱི་བུས་སྨྲས་པ། འཚོ་བྱེད་ཁོ་བོ་ཤིན་ཏུ་མགུ་བར་གྱུར་
གྱིས་ཁྱོད་ཁྲུས་བྱོས་ལ་ཤོག་ཤིག་དང་ཀླད་པའི་ཐོད་པ་འབྱེད་པའི་དཔྱད་སྦྱིན་ནོ། །དེས་ཁྲུས་བྱས་ནས། འོངས་པ་དང་དེས་དེ་ལ་ཀླད་པའི་ཐོད་པ་དབྱེ་བའི་དཔྱད་བྱིན་ནས་སྨྲས་པ། འཚོ་བྱེད་བདག་ཅག་ནི་འདིས་འཚོ་བ་ཡིན་གྱིས། ཡུལ་འདིར་ཁྱོད་ཀྱིས་མ་བྱ་ཞིག །མཁན་པོ་དེ་
བཞིན་བགྱིའོ་ཞེས་འཚོ་བྱེད་ཀྱིས་རྒྱུན་ཤེས་ཀྱི་བུ་ལ་ཕྱག་བྱས་ནས་རྒྱལ་པོ་པད་མའི་སྙིང་པོའི་དྲུང་དུ་སོང་སྟེ་ཕྱག་བྱས་ནས། བདག་གིས་སྨན་དཔྱད་བསླབས་ལགས་ཀྱིས་མཆིའོ། །དེའི་ཚེ་རྒྱལ་པོ་པད་མའི་སྙིང་པོ་དང་མི་མཐུན་པ་མཐའ་འཁོབ་པ་སྐྱ་བསེང་ཞེས་བྱ་བ་དག་ཅིག་ཡོད་དེ། དེས་
སྨྲས་པ། འཚོ་བྱེད་བདག་དང་མི་མཐུན་པ་མཐའ་འཁོབ་པ་སྐྱ་བསེང་ཞེས་བྱ་བ་དག་ཅིག་ཡོད་ཀྱིས་འདི་ལྟར་ཁྱོད་ནི་ཤེས་རབ་ཅན་ནུས་པ་ཡིན་པས་རེ་ཞིག་དེ་ཕོབ་ལ་ཕྱིས་སོང་ཤིག་དང་། དེ་ལྟ་ན་བདག་ཅག་གིས་འཇིག་རྟེན་གྱི་ཚུལ་བྱས་པར་འགྱུར་རོ། །དེས་དེ་ལ་ཁས་བླངས་པ་དང་དེ་

ནས་དེས་དཔུང་གི་ཚོགས་ཡན་ལག་བཞི་པ་བསྡུས་ཏེ་བཏང་བ་ལས་དེས་མཐའ་འཁོབ་པ་སྐྱ་བསེང་དེ་རྣམས་ཕབ་ནས་གཏེའུ་བཟུང་དཔྱ་བླངས་ཏེ་སླར་བདེ་བར་འོངས་ནས་ཁྱེར་ཏེ་འོངས་པ་དེ་བཞིན་དུ་རྒྱལ་པོ་ལ་ཕུལ་བ་དང་། དེ་ཤིན་ཏུ་དགའ་ནས་དེ་ཉིད་ལ་རྗེས་སུ་ཡི་རངས་
ནས་དེས་ཀྱང་རྒྱུན་ཤེས་ཀྱི་བུ་ལ་བྱིན་ནོ། །དེ་ནས་འཚོ་བྱེད་རིམ་གྱིས་གྲོང་ཁྱེར་བཟང་བྱེད་དུ་ཕྱིན་ནས་དེ་ཉིད་དུ་དབྱར་གནས་ཏེ། དེ་ནས་དེས་འབྱུང་པོ་ཐམས་ཅད་ཀྱི་སྐད་ཅེས་བྱ་བའི་བསྟན་བཅོས་བསླབས་ནས་གྲོང་ཁྱེར་བཟང་བྱེད་ནས་ཆས་པ་དང་མི་ཞིག་ཤིང་ཁུར་ཁྱེར་ནས་གྲོང་ཁྱེར་
དུ་འཇུག་པ། རུས་པ་དང་པགས་པའི་ལྷག་མ་ལུས་པ། ལུས་ཀུན་ནས་འཛག་པ་འཚོ་བྱེད་ཀྱིས་མཐོང་ནས། དེ་ལ་སྨྲས་པ། ཀྱེ་ནང་རྗེ་ཅི་ཞིག་གིས་གནས་སྐབས་འདི་ལྟ་བུར་གྱུར། དེས་སྨྲས་པ། བདག་གིས་ཀྱང་མི་ཤེས་ན་འོན་ཀྱང་བདག་གིས་ཤིང་ཁུར་འདི་ཁྱེར་
ནས་བདག་ཀྱང་འདི་འདྲ་བའི་གནས་སྐབས་སུ་གྱུར་ཏོ། །དེ་ཤིང་བརྟག་པ་ལ་བྱང་བ་ཡིན་པས་སྨྲས་པ། ཀྱེ་ནང་རྗེ་ཅི་ཤིང་ཁུར་འདི་འཚོང་ངམ། འཚོང་ངོ་། །རིན་ཇི་ཙམ། ཀཱར་ཥཱ་པ་ཎ་ལྔ་བརྒྱའོ། །དེས་དེ་ཉོས་ནས་དེ་ནས་བལྟས་ན་འབྱུང་པོ་ཐམས་ཅད་དད་པར་བྱེད་པ་ཞེས་བྱ་
བའི་ནོར་བུ་མཐོང་ནས་དེའི་མཐུ་ནི་འདི་འདྲ་སྟེ། གང་གི་ཚེ་ནད་པའི་མདུན་དུ་བཞག་པ་དེའི་ཚེ་མར་མེས་ཁྱིམ་ན་ཡོད་པའི་རྫས་བཞིན་དུ་ནད་ཇི་ལྟ་བ་བཞིན་དུ་སྣང་ངོ་། །དེ་རིམ་གྱིས་ཡུལ་ཨུ་དུམ་བཱ་རར་ཕྱིན་པ་དང་། དེ་ན་མི་བྲེས་འཇལ་བ་ཞིག་ཡོད་པ་དེས་བྲེ་བོས་གཞལ་ནས་བྲེ་མགོ་
ལ་སྣུན་པ་འཚོ་བྱེད་ཀྱིས་མཐོང་ནས་སྨྲས་པ། ཀྱེ་ནང་རྗེ་ཅིའི་ཕྱིར་དེ་ལྟར་བྱེད། བདག་གི་ཀླད་པ་ལྷག་པར་གཡའོ། །ཚུར་ཤོག་བལྟའོ་ཞེས་དེས་དེ་བསྙལ་ནས་ཀླད་པ་བལྟས་ཏེ། དེ་ནས་འཚོ་བྱེད་ཀྱིས་འབྱུང་པོ་ཐམས་ཅད་དད་པར་བྱེད་པའི་ནོར་བུ་དེའི་ཀླད་པའི་སྟེང་དུ་གཞག་པ་དང་།
ཇི་ཙམ་ན་སྲིན་གྱི་མེད་ཅིག་སྣང་ངོ་། །དེ་ནས་དེས་སྨྲས་པ། ཀྱེ་ནང་རྗེ་ཁྱོད་ཀྱི་ཀླད་པ་ལ་སྲིན་གྱི་མེད་ཡོད་དོ། །དེས་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། བདག་ལ་དཔྱད་མཛོད་ཅིག །དེས་ཁས་བླངས་སོ། །འཚོ་བྱེད་ཀྱིས་བསམས་པ། མཁན་པོས་ཇི་སྐད་བསྟན་པ་དེ་བཞིན་དུ་

འདིའི་དཔྱད་བྱའོ་སྙམ་ནས། དེས་དེ་ལ་སྨྲས་པ། ཀྱེ་ནང་རྗེ་རེ་ཞིག་དེ་རིང་དོང་རྐོས་ལ་ལྕི་བ་དག་སྟ་གོན་བྱོས་ཤིག་དང་སང་དཔྱད་བྱའོ། །དེས་རྐང་པ་གཉིས་ལ་གཏུགས་ནས་སོང་ངོ་། །འཚོ་བྱེད་ཀྱིས་དེའི་ཕྱི་དེ་ཉིན་འོངས་ནས་དེ་དོང་དུ་བཅུག་སྟེ་ཀླད་པའི་ཐོད་པ་འབྱེད་པའི་དཔྱད་ཀྱིས་
ཀླད་པའི་ཐོད་པ་ཕྱེ་ནས་སྐམ་པ་ཚ་བས་སྲིན་གྱི་མེད་ཀྱི་རྒྱབ་ལ་རེག་པ་བྱས་ཏེ་དེས་རྐང་ལག་འཁུམས་པ་དང་། དེ་ནས་དེས་སྐམ་པས་བླངས་ཏེ་བོར་བས་སོས་པར་གྱུར་ཏོ། །དེས་དེ་ལ་ཀཱར་ཥཱ་པ་ཎ་ལྔ་བརྒྱ་བྱིན་པ་དང་དེས་ཀྱང་རྒྱུན་ཤེས་ཀྱི་བུ་ལ་བསྐུར་རོ། །དེ་ནས་འཚོ་བྱེད་ཡུལ་རོ་ཧི་ཏ་ཀ་
ཞེས་བྱ་བར་ཕྱིན་པ་དང་། ཡུལ་རོ་ཧི་ཏ་ཀ་ན་ཁྱིམ་བདག་ཅིག་ལ་སྐྱེད་མོས་ཚལ་མེ་ཏོག་དང་། འབྲས་བུ་དང་། ཆུ་ཕུན་སུམ་ཚོགས་པ་ཞིག་ཡོད་དེ། དེ་དེ་ལ་ལྷག་པར་ཆགས་པ་ལས་ཤི་ནས་དེ་ཉིད་དུ་མི་མ་ཡིན་རྣམས་སུ་སྐྱེས་སོ། །དེའི་བུ་ནི་ཁྱིམ་གྱི་དཔོན་པོར་གྱུར་ནས་དེས་སྐྱེད་
མོས་ཚལ་དེར་སྲུང་མའི་མི་བཞག་པ་དང་། དེ་མི་མ་ཡིན་པ་དེས་བསད་དོ། །གཉིས་པ་བཞག་པ་དང་། དེ་ཡང་བསད་ནས་ཁྱིམ་བདག་གི་བུ་དེས་སྐྱེད་མོས་ཚལ་དེ་བོར་རོ། །ཇི་ཙམ་ན་མི་དམུ་ཆུས་གང་བ་སྨན་པ་ཐམས་ཅད་ཀྱིས་སྤངས་པ་ཞིག་སྐྱེད་མོས་ཚལ་དེར་སོང་ནས་ནུབ་
མོ་འབྲང་བཏབ་སྟེ་འདུག་ནས། ཀྱེ་མའོ་བདག་ནི་མི་མ་ཡིན་པས་བསད་ཀྱང་ཅི་མ་རུང་སྙམ་མོ། །དེ་ཉིད་དུ་འཚོ་བྱེད་ཀྱང་ནུབ་མོ་འབྲང་བཏབ་སྟེ་འདུག་གོ། །ཇི་ཙམ་ན་མི་མ་ཡིན་པ་དེས་དམུ་ཆུ་ཅན་དེ་བསྡིགས་པར་བརྩམས་པ་དང་། དམུ་ཆུའི་ནད་དེ་བྱུང་ནས་སྨྲས་པ། འདི་
བདག་གིས་སྔར་བཟུང་ན་ཅིའི་ཕྱིར་འདི་བསྡིགས། ཁྱོད་ལ་ར་སྤུའི་དུད་པས་བདུག་པ་འགའ་ཡང་མེད་པ་ལྟ། དེས་ནི་ཁྱོད་དཔག་ཚད་བཅུ་གཉིས་སུ་འབྲོས་པར་འགྱུར་རོ། །དེས་ཀྱང་སྨྲས་པ། ཁྱོད་ལ་ཡང་ལ་ཕུག་གི་ས་བོན་མར་ཕྱུང་བའི་དར་བ་དང་བཏགས་ཏེ་སྦྱིན་པ་འགའ་ཡང་
མེད་པ་ལྟ། དེས་ནི་ཁྱོད་དུམ་བུ་དུམ་བུར་འཛག་པར་འགྱུར་རོ། །ཐམས་ཅད་འཚོ་བྱེད་ཀྱིས་ཐོས་ནས་དེ་ནང་པར་སྔར་ལངས་ཏེ་ཁྱིམ་བདག་དེའི་དྲུང་དུ་སོང་ནས་དེས་སྨྲས་པ། ཁྱིམ་བདག་སྐྱེད་མོས་ཚལ་མེ་ཏོག་དང་། འབྲས་བུ་དང་། ཆུ་ཕུན་སུམ་ཚོགས་པ་ཅིའི་ཕྱིར་དོར། ཁྱིམ་

བདག་གིས་དེ་ལ་ཇི་ལྟར་གྱུར་པ་རྣམས་སྨྲས་པ་དང་། དེས་སྨྲས་པ། ཁྱིམ་བདག་ར་སྤུའི་དུད་པས་བདུགས་ཤིག་དང་། མི་མ་ཡིན་པ་དཔག་ཚད་བཅུ་གཉིས་སུ་འབྲོས་པར་འགྱུར་རོ། །ཁྱིམ་བདག་གིས་ར་སྤུའི་དུད་པས་བདུགས་པ་དང་མི་མ་ཡིན་པ་དེ་དཔག་
ཚད་བཅུ་གཉིས་སུ་བྲོས་པར་གྱུར་ཏོ། །ཁྱིམ་བདག་དེས་ཀྱང་འཚོ་བྱེད་ལ་ཀཱར་ཥཱ་པ་ཎ་ལྔ་བརྒྱ་བྱིན་པ་དང་། དེས་དེ་ཡང་རྒྱུན་ཤེས་ཀྱི་བུ་ལ་བསྐུར་རོ། །དེ་ནས་འཚོ་བྱེད་ཀྱིས་དམུ་ཆུ་ཅན་ལ་དྲིས་པ། ནང་རྗེ་ཁྱོད་ཅིའི་ཕྱིར་མི་མ་ཡིན་པས་གནས་བཏབ་པའི་སྐྱེད་མོས་ཚལ་དུ་འདུག །དེས་
དེ་ལ་ཇི་ལྟར་གྱུར་པ་དག་སྨྲས་པ་དང་། འཚོ་བྱེད་ཀྱིས་སྨྲས་པ། ལ་ཕུག་གི་ས་བོན་མར་ཕྱུང་བའི་དར་བ་དང་བཏགས་པ་འཐུང་ཤིག་དང་སོས་པར་འགྱུར་རོ། །དེས་འཐུངས་ནས་སོས་པར་གྱུར་ཏེ། མི་དེས་ཀྱང་འཚོ་བྱེད་ལ་ཀཱར་ཥཱ་པ་ཎ་ལྔ་བརྒྱ་བྱིན་པ་དང་། དེས་ཀྱང་རྒྱུན་ཤེས་ཀྱི་བུ་ལ་
བསྐུར་རོ། །དེ་ནས་འཚོ་བྱེད་རིམ་གྱིས་བཅོམ་བརླག་ཏུ་ཕྱིན་ནས་བཅོམ་བརླག་གི་ཕྱི་རོལ་ན་ཤིང་ཞིག་གི་དྲུང་དུ་ངལ་སོ་ཞིང་འདུག་གོ། །ཇི་ཙམ་ན་གྱད་ཀྱིས་གྱད་གཅིག་བརྡབས་པས་དེའི་ནང་གྲོལ་རྣམས་འཁྲུགས་ནས་དེ་ཤིའོ་ཞེས་ཕྱི་རོལ་ཏུ་ཕྱུང་ངོ་། །ཤིང་དེ་ལ་ཡང་བྱ་རྒོད་མོ་ཕྲུག་གུ་
དང་བཅས་པ་ཞིག་འདུག་པ་ལས་དེ་ལ་ཕྲུག་གུ་དེ་རྣམས་ཀྱིས་སྨྲས་པ། མ་ཤ་བྱིན་ཅིག །དེས་སྨྲས་པ། བུ་ཤ་ག་ལ་ཡོད། དེ་རྣམས་ཀྱིས་སྨྲས་པ། མ་གྱད་ཀྱིས་གྱད་འདི་བརྡབས་ཏེ་ཤི་ནས་ཕྱུང་བ་ཡིན་ནོ། །བུ་འདིར་སྨན་པའི་རྒྱལ་པོ་འཚོ་བྱེད་འོངས་ནས་དེས་འདི་སོས་པར་བྱེད་
པའི་གནས་དེ་ཡོད་དོ། །མ་འདི་ཅི་ཞིག་གིས་སོས་པར་འགྱུར། གལ་ཏེ་དེའི་ནང་གྲོལ་རྣམས་ཕྱེ་མས་རེག་པར་བྱས་ནའོ། །དེ་ཐམས་ཅད་འཚོ་བྱེད་ཀྱིས་ཐོས་སོ། །དེ་ནས་དེ་ལངས་ཏེ་རོའི་དྲུང་དུ་སོང་ནས་དྲིས་པ་ཤེས་ལྡན་དག་འདི་ཅི་ཞིག །དེ་རྣམས་ཀྱིས་སྨྲས་པ། གྱད་ཀྱིས་གྱད་
བརྡབས་པས་ཤི་བ་ཡིན་ནོ། །འཚོ་བྱེད་ཀྱིས་སྨྲས་པ། ཞོག་ཞིག་དང་བལྟའོ། །དེ་རྣམས་ཀྱིས་བཞག་པ་དང་དེ་ནས་འཚོ་བྱེད་ཀྱིས་འབྱུང་པོ་ཐམས་ཅད་དང་བར་བྱེད་པའི་ནོར་བུ་ཀླད་པར་བཞག་ནས་བརྟགས་ན། ཇི་ཙམ་ན་ནང་གྲོལ་རྣམས་འཁྲུགས་པར་བྱས་པ་མཐོང་ནས་དེས་སྨྱུག་

མའི་སྦུབས་སུ་ཕྱེ་མ་བླུགས་ཏེ་ཁས་བུས་པ་དང་ཕྱེ་མས་ནང་གྲོལ་རྣམས་ལ་རེག་ནས་སོས་པར་གྱུར་ཏོ། །དེས་ཀྱང་འཚོ་བྱེད་ལ་ཀཱར་ཥཱ་པ་ཎ་ལྔ་བརྒྱ་བྱིན་པ་དང་། དེས་ཀྱང་དེ་རྒྱུན་ཤེས་ཀྱི་བུ་ལ་བསྐུར་རོ། །བཅོམ་བརླག་ན་ཁྱིམ་བདག་ཅིག་ཡོད་པ་དེའི་ཆུང་མ་གཟུགས་དང་ལང་ཚོ་ཕུན་
སུམ་ཚོགས་པ་ཡིན་པས་དེ་དེ་ལ་ལྷག་པར་ཆགས་ཤིང་འདུག་པ་ལས་ཤི་ནས་དེ་ཉིད་ཀྱི་མོ་མཚན་གྱི་སྲིན་བུར་སྐྱེས་པར་གྱུར་ཏེ། དེ་གང་དང་ལྷན་ཅིག་དགའ་མགུར་སྤྱོད་པ་དེ་ཤི་བར་བྱེད་དོ། །དེ་ནས་དེ་དང་འགའ་ཡང་ལྷན་ཅིག་དགའ་མགུར་སྤྱོད་པར་མི་བྱེད་དོ། །དེས་སྨན་པ་འཚོ་
བྱེད་དེར་འོངས་སོ་ཞེས་ཐོས་ནས་དེ་དེའི་དྲུང་དུ་སོང་སྟེ་སྨྲས་པ། འཚོ་བྱེད་བདག་ལ་བྲོ་ནད་མཆིས་ཀྱིས་དཔྱད་མཛོད་ཅིག །འཚོ་བྱེད་ཀྱིས་དེ་མཐོང་ཞིང་སྨྲ་བའི་ཚིག་ཐོས་ནས་ཆགས་པས་སྨྲས་པ། དམ་ཞིག་བཅའ་སྟེ། གལ་ཏེ་བདག་དང་ལྷན་ཅིག་དགའ་མགུར་སྤྱད་པ་ལྟ་ན་དཔྱད་
བྱའོ། །དེས་སྨྲས་པ། གཡར་ཚ་ལགས་སོ། །དེས་སྨྲས་པ། ཁྱོད་ཀྱིས་དཔྱད་གཞན་ནི་མེད་དོ། །བདག་ལས་ཕངས་པ་གཞན་མེད་པས་དེས་ཁས་བླངས་སོ། །དེ་ནས་དེས་སྒྲེན་མོར་ཕྱུང་སྟེ་བཟོ་བཅོས་བྱས་ནས་མོ་མཚན་གྱི་སྒོར་ཤའི་དུམ་བུ་ཞིག་བཞག་པ་ལས། དེ་ནས་
སྲིན་བུ་དེ་དེ་ལ་ཆགས་པ་དང་དེས་དེ་བླངས་ནས་བོར་ཏེ་སོས་པར་གྱུར་ཏོ། དེ་འདོད་པའི་འདོད་ཆགས་ལ་ལྷག་པར་ཞེན་པས་བརྡ་ཞིག་བྱས་པ་དང་དེས་རྣ་བ་གཉིས་བཀག་སྟེ་སྨྲས་པ། ཁྱོད་ཁོ་བོའི་སྲིང་མོ་དང་འདྲ་སྟེ་ཁྱོད་ཀྱི་དཔྱད་དེ་ཡིན་པས་ཁོ་བོས་དེ་ལྟར་བྱས་པར་ཟད་དོ། །དེས་
ཀྱང་དེ་ལ་ཀཱར་ཥཱ་པ་ཎ་ལྔ་བརྒྱ་བྱིན་པ་དང་། དེས་དེ་ཡང་རྒྱུན་ཤེས་ཀྱི་བུ་ལ་བསྐུར་རོ། །དེ་ནས་འཚོ་བྱེད་རིམ་གྱིས་ཆུ་བོ་ཡ་མུ་ནའི་འགྲམ་དུ་ཕྱིན་པ་དང་། དེས་དེ་ན་མི་རོ་ཞིག་ཡོད་པ་དེའི་བཏིང་བའི་ཕྱོགས་ན་རྒྱུས་པའི་བྲེང་ཡོད་པ་ཉ་རྣམས་ཀྱིས་དྲངས་པ་ལས་དེའི་མིག་འབྱེད་པ་
དང་འཛུམས་པ་མཐོང་ནས། འཚོ་བྱེད་ཀྱིས་དེ་ཐམས་ཅད་བརྟགས་ཏེ། ཇི་ལྟར་རྒྱུས་པ་དང་ལོང་མོ་ལ་སོགས་པའི་ཚིགས་ཀྱི་འབྲེལ་ཐབས་ནི་དེ་ཁོ་ན་ལྟར་འདུག་གོ་སྙམ་ནས། དེ་རིམ་གྱིས་ཡངས་པ་ཅན་དུ་ཕྱིན་པ་དང་། ཇི་ཙམ་ན་གྱད་ཀྱིས་གྱད་གཅིག་ཐལ་མོས་བསྣུན་པས་

མིག་གི་འབྲས་བུ་འཕགས་པ་དང་། འཚོ་བྱེད་དེའི་དྲུང་དུ་སོང་ནས། དེས་རྟིང་བའི་རྒྱུས་པའི་བྲེང་ནས་དྲངས་པ་དང་སླར་ཚུད་པར་གྱུར་ཏོ། །དེས་དེ་ལ་ཀཱར་ཥཱ་པ་ཎ་ལྔ་བརྒྱ་བྱིན་པ་དང་། དེས་འཇིགས་མེད་ཀྱི་མ་ལ་བྱིན་ནོ། །ཡངས་པ་ཅན་ན་མི་ཞིག་ཡོད་པ་དེའི་རྣ་བར་སྲིན་གྱི་
མེད་ཞུགས་ཏེ། དེར་དེ་ལས་ཕྲུག་གུ་བདུན་བརྒྱ་བྱུང་བས་དེ་རྣ་བའི་ནད་ཀྱིས་ཉེན་པར་གྱུར་ནས་འཚོ་བྱེད་ཀྱི་དྲུང་དུ་སོང་སྟེ་སྨྲས་པ། དཔྱད་མཛོད་ཅིག །འཚོ་བྱེད་ཀྱིས་བསམས་པ། སྔར་ནི་བདག་གིས་མཁན་པོས་བསྟན་པས་ལས་བྱས་ཀྱིས་ད་ནི་རང་གི་བློས་ལས་བྱའོ་སྙམ་ནས། དེས་མི་
དེ་ལ་བསྒོ་བ། ཀྱེ་ནང་རྗེ་སོང་ལ་ལོ་མའི་སྤྱིལ་བོ་བྱོས་ཏེ་རས་སྔོན་པོས་གཡོགས་ལ་དེའི་འོག་ཏུ་རྔ་ཞིག་ཞོག་སྟེ་ས་ཡང་དྲོན་པོར་གྱིས་ཤིག །དེས་ཇི་སྐད་བསྟན་པ་བཞིན་དུ་ཐམས་ཅད་བྱས་སོ། །དེ་ནས་འཚོ་བྱེད་ཀྱིས་མི་དེ་ས་ལ་བསྙལ་ནས་ས་དེ་ཆུས་ཆག་ཆག་བཏབ་ནས་དེ་ནས་རྔ་བརྡུངས་པ་དང་སྲིན་
གྱི་མེད་ཀྱིས་དབྱར་གྱི་དུས་ལ་བབ་བོ་སྙམ་ནས་ཕྱིར་བྱུང་ངོ་། །དེ་ནས་འཚོ་བྱེད་ཀྱིས་རྣ་བའི་དྲུང་དུ་ཤའི་དུམ་བུ་ཅིག་བཞག་པ་དང་། དེ་ཡང་སླར་ཞུགས་ཏེ་ཕྲུག་གུ་རྣམས་ཁྲིད་དེ་བྱུང་ནས་ཕྲུག་གུ་རྣམས་དང་ལྷན་ཅིག་ཤའི་དུམ་བུ་ལ་ཆགས་པ་དང་། དེ་ནས་འཚོ་བྱེད་ཀྱིས་དེའི་མོད་ལ་ཤའི་
དུམ་བུ་བོར་བ་དང་མི་དེ་སོས་པར་གྱུར་ཏོ། །དེས་ཀཱར་ཥཱ་པ་ཎ་ལྔ་བརྒྱ་བྱིན་པ་དང་དེས་འཇིགས་མེད་ཀྱི་མ་ལ་བྱིན་ནོ། །དེ་རིམ་གྱིས་རྒྱལ་པོའི་ཁབ་ཏུ་ཕྱིན་པ་དང་། རྒྱལ་པོ་གཟུགས་ཅན་སྙིང་པོས་འཚོ་བྱེད་ཇི་ལྟར་འོངས་པ་ཐོས་ནས། དེས་གཞོན་ནུ་མ་སྐྱེས་དགྲ་ལ་བསྒོ་བ། བུ་ཁྱོད་ཀྱི་ཕུ་
བོ་འོངས་ཀྱིས་བསུར་སོང་ཤིག །དེ་བསུར་སོང་བ་དང་འཚོ་བྱེད་ཀྱིས་གཞོན་ནུ་མ་སྐྱེས་དགྲ་ཇི་ལྟར་བསུར་འོང་བ་ཐོས་ནས་དེས་བསམས་པ། གལ་ཏེ་བདག་གིས་དེས་བསུ་བ་རང་གིར་བྱས་པ་ནི་ནམ་རྒྱལ་པོར་གྱུར་པ་དེའི་ཚེ་བདག་ལ་གནོད་པ་བྱེད་པར་འགྱུར་རོ་སྙམ་ནས། དེ་སླར་ལོག་སྟེ་
སྒོ་གཞན་ཞིག་ནས་ཞུགས་སོ། །དུས་གཞན་ཞིག་ན་འཚོ་བྱེད་སྐྱེ་བོའི་ཚོགས་ཆེན་པོས་ཡོངས་སུ་བསྐོར་ཏེ་སེམས་གཡེང་ཞིང་སོང་བ་དང་། ཇི་ཙམ་ན་བྲམ་ཟེ་ཞིག་མིག་ནད་ཀྱིས་ཐེབས་ནས་འཚོ་བྱེད་ཀྱི་དྲུང་དུ་སོང་སྟེ་བདག་ལ་སྨན་སྟོན་ཅིག །ཚིག་པ་ཟོས་ནས་སྨྲས་པ། ཐལ་བས་ཐོབ་ཅིག །

དེ་དྲང་པོ་ཞིག་པས་ཐལ་བས་བཏབ་པ་དང་སོས་པར་གྱུར་ཏོ། །མིག་ནད་ཀྱིས་ཐེབས་པ་གཞན་ཞིག་ཡོད་པ་དེ་ཡང་འཚོ་བྱེད་ཀྱི་དྲུང་དུ་སོང་བ་དེ་བྲམ་ཟེ་དེས་མཐོང་ནས་དྲིས་པ། ཀྱེ་ནང་རྗེ་གང་དུ་འགྲོ། །དེས་ཇི་ལྟར་གྱུར་པ་སྨྲས་པ་དང་དེས་སྨྲས་པ། ཁྱོད་ལ་འཚོ་བྱེད་ཅི་དགོས། དེས་
ཁོ་བོ་ལ་གང་བསྟན་པ་དེ་བྱོས་ཤིག །དེ་ཡིད་ཆེས་པར་གྱུར་ནས་དེས་ཐལ་བས་བཏབ་པ་དང་ལོང་བར་གྱུར་ཏོ། །དུས་གཞན་ཞིག་ན་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྤྱི་བོར་ཕོལ་མིག་བྱུང་ངོ་། །དེས་བློན་པོ་རྣམས་ལ་བསྒོ་བ། ཤེས་ལྡན་དག་སྨན་པ་རྣམས་ཁུག་ཤིག །བློན་པོ་
རྣམས་ཀྱིས་སྨན་པ་རྣམས་བཀུག་པ་དང་། རྒྱལ་པོས་སྨྲས་པ། ཤེས་ལྡན་དག་ངའི་སྤྱི་བོར་ཕོལ་མིག་བྱུང་གིས་དཔྱད་བྱོས་ཤིག །དེ་རྣམས་ཀྱིས་སྨྲས་པ། ལྷ་སྨན་པ་ཆེན་པོ་འཚོ་བྱེད་མཆིས་ན་བདག་ཅག་གིས་བགྱི་བ་ཅི་འཚལ། རྒྱལ་པོས་སྨྲས་པ། ཤེས་ལྡན་དག་འཚོ་
བྱེད་ཁུག་ཤིག །དེ་རྣམས་ཀྱིས་བཀུག་པ་དང་། རྒྱལ་པོས་སྨྲས་པ། འཚོ་བྱེད་དཔྱད་བྱོས་ཤིག །འཚོ་བྱེད་ཀྱིས་སྨྲས་པ། ལྷ་དམ་ཞིག་བཅའ་སྟེ། གལ་ཏེ་ལྷ་ལ་བདག་ཉིད་ཀྱིས་ཁྲུས་བགྱིད་དུ་གནང་ན་བགྱིའོ། །དེ་བཞིན་གྱིས་ཤིག །དེ་ནས་འཚོ་བྱེད་ཀྱིས་སྐྱུ་རུ་རས་
བསྐུས་ཤིང་སྨིན་པར་འགྱུར་བའི་རྫས་དག་བཏབ་ནས་སྨིན་པར་འགྱུར་བའི་རྫས་རྣམས་དང་བསྲེས་པའི་ཆུ་བུམ་པ་ལྔ་བརྒྱ་བླུགས་པ་དང་། གང་གི་ཚེ་སྨིན་པ་དེའི་ཚེ་ན་མ་ཚོར་བར་སྤུ་གྲིས་རེག་པར་བྱས་པ་དང་རྡོལ་ཏོ། །དེ་ནས་འཚོ་བར་འགྱུར་བའི་རྫས་དག་བཏབ་སྟེ་འཚོ་བར་འགྱུར་
བའི་རྫས་རྣམས་དང་བསྲེས་པའི་ཆུ་བུམ་པ་ལྔ་བརྒྱ་བླུགས་པ་དང་། རྨ་དེ་སོས་ཤིང་པགས་པ་དང་འདྲ་བ་དང་སྐྲ་ཡང་མཉམ་པར་གྱུར་ཏོ། །རྒྱལ་པོས་ཁྲུས་བྱས་མ་ཐག་ཏུ་སྨྲས་པ། འཚོ་བྱེད་དཔྱད་བྱོས་ཤིག །དེས་སྨྲས་པ། ལྷ་རེ་ཞིག་བཤོས་གསོལ་ཅིག །རྒྱལ་པོས་
ཟན་ཟོས་ནས་འཚོ་བྱེད་དཔྱད་བྱོས་ཤིག་ལྷ་བགྱིས་ལགས་སོ། །དེ་ཡིད་མ་ཆེས་ནས་ལག་པས་བྱུགས་ན་ཕྱོགས་གང་ན་རྨ་ཡོད་པར་མ་ཤེས་སོ། །མེ་ལོང་བླངས་ཏེ་བལྟས་ན་འོན་ཀྱང་མ་མཐོང་ངོ་། །བཙུན་མོ་ལ་དྲིས་ན་དེས་ཀྱང་ཕྱོགས་གང་ན་རྨ་ཡོད་པར་མ་ཤེས་སོ། །

རྒྱལ་པོ་མཆོག་ཏུ་ངོ་མཚར་སྐྱེས་ནས་བློན་པོ་རྣམས་ལ་སྨྲས་པ། ཤེས་ལྡན་དག་འཚོ་བྱེད་སྨན་པའི་རྒྱལ་པོར་དབང་སྐུར་ཅིག །མི་ལོང་བ་དེས་སྨྲས་པ། ལྷ་ཅི་སྲས་ལ་བྱམས་པས་སམ། འོན་ཏེ་སྨན་མཁས་པས་དབང་བསྐུར་བར་མཛད། རྒྱལ་པོས་སྨྲས་པ།
སྨན་མཁས་པས་སོ། །དེས་སྨྲས་པ། གལ་ཏེ་དེ་ལྟ་ལགས་ན་འདིས་བདག་ནི་སོས་པར་མ་བགྱིས་སོ། །འཚོ་བྱེད་ཀྱིས་སྨྲས་པ། ཀྱེ་ནང་རྗེ་བདག་གིས་ཁྱོད་མཐོང་ཡང་མ་མཐོང་ན་སོས་པར་ལྟ་ག་ལ་བྱས། དེས་སྨྲས་པ། དེ་ནི་མད་ན་འོན་ཀྱང་ཁྱོད་ཀྱིས་གང་ལ་བསྟན་པ་དེས་
བདག་ལ་བསྟན་ཏོ། །ཅི་ཞིག་བསྟན། ཆེ་གེ་མོ་ཞིག་གོ། །འཚོ་བྱེད་ཀྱིས་སྨྲས་པ། དེའི་ཁམས་ཀྱང་གཞན་ལ་ཁྱོད་ཀྱི་ཁམས་ཀྱང་གཞན་ཡིན་གྱིས། ད་འདི་དང་འདི་དག་བྱོས་ཤིག་དང་སོས་པར་འགྱུར་རོ། །དེས་བྱས་ནས་སོས་པར་གྱུར་པ་དང་སྨྲས་པ། ལྷ་འདི་
སྨན་པའི་རྒྱལ་པོར་དབང་བསྐུར་བར་མཛད་དུ་གསོལ། དེ་གླང་པོ་ཆེ་ལ་བསྐྱོན་ནས་དཔལ་གྱི་འབྱོར་པ་ཆེན་པོས་སྨན་པའི་རྒྱལ་པོར་དབང་བསྐུར་ཏོ། །རྒྱལ་པོའི་ཁབ་ན་ཁྱིམ་བདག་ཅིག་ཡོད་པ་སྐྲན་ནད་ཀྱིས་ཐེབས་ནས། སྨན་པ་ཐམས་ཅད་ཀྱིས་སྤངས་པ་དང་། དེས་བསམས་པ།
འཚོ་བྱེད་ཀྱི་དྲུང་དུ་འགྲོའོ། །གལ་ཏེ་དཔྱད་ཅིག་བྱས་ན་ནི་དེ་ལྟ་ན་ལེགས། གལ་ཏེ་མ་བྱས་ན་བདག་ཉིད་འཆི་བར་བྱའོ་སྙམ་ནས། དེ་འཚོ་བྱེད་ཀྱི་དྲུང་དུ་སོང་ནས་འཚོ་བྱེད་བདག་གི་དཔྱད་མཛོད་ཅིག །དེས་སྨྲས་པ། ཀྱེ་ནང་རྗེ་ཁྱོད་ཀྱི་སྨན་འདི་ནི་རྙེད་པར་དཀའོ། །དེས་
བསམས་པ། འཚོ་བྱེད་ཀྱིས་ཀྱང་བདག་སྤངས་ན་འདི་ལ་ཅི་བྱར་ཡོད། དུས་ལ་བབ་ཀྱིས་བདག་ནི་འཆིའོ་སྙམ་ནས་དེ་དུར་ཁྲོད་དུ་སོང་ངོ་། །དེ་ན་རོ་སྲེག་པའི་མེ་འབར་བར་ནེའུ་ལེ་གདུག་པ་ཞིག་དང་སྲོག་ཆགས་གོ་དྷཱ་ཙན་དན་ཞེས་བྱ་བ་འཐབས་ཏེ་ལྷུང་བ་དང་དེ་བཀྲེས་པས་
ཉེན་པས་དེ་གཉིས་ཀ་ཟོས་ཏེ། ལྷས་དུར་ཁྲོད་དུ་ཆར་ཕབ་པའི་འོད་པའི་ཆུ་དེ་ལ་འཐུངས་ནས་དུར་ཁྲོད་དང་ཧ་ཅང་ཡང་མི་རིང་བ་ཞིག་ན་གནག་ལྷས་ཡོད་པ་དེར་སོང་སྟེ། ཀོ་དྲའི་ཆན་དང་མར་ཕྱུང་བའི་ཞོ་འཐུངས་པས་སྐྲན་རྡོལ་ཏེ་ཡར་སློན་མར་འཁྲུས་ནས་སྔོན་ཇི་ལྟ་བ་བཞིན་དུ་

གྱུར་ཏོ། །དུས་གཞན་ཞིག་ན་ལུས་འཕགས་མོའི་མདོམས་ཀྱི་ཕྱོགས་སུ་ཕོལ་མིག་བྱུང་ངོ་། །དེས་རྒྱལ་པོ་ལ་སྨྲས་པ་དང་རྒྱལ་པོས་འཚོ་བྱེད་ལ་བསྒོ་བ། མ་ཡར་མོའི་དཔྱད་བྱོས་ཤིག །དེས་ཁས་བླངས་སོ། །དེ་ནས་ཟན་བྱས་ཏེ་མ་མ་ལ་བྱིན་ནས་ཁྱོད་ཀྱིས་འདིའི་སྟེང་དུ་
འདུག་ཏུ་ཆུག་ཅིག །དེས་དེ་འདུག་ཏུ་བཅུག་པའི་ཟན་འཚོ་བྱེད་ཀྱིས་མཐོང་ནས་བསམས་པ། ཕྱོགས་ཆེ་གེ་མོ་ཞིག་ནའོ་སྙམ་མོ། །དེ་ནས་སྨིན་པར་འགྱུར་བའི་རྫས་དག་བཏབ་སྟེ། སྨིན་པར་ཤེས་ནས་ཟན་གྱི་ནང་དུ་གཙགས་བུ་སྦས་ཏེ་མ་མ་ལ་བསྒོ་བ། ཁྱོད་ཀྱིས་དེ