Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 003_འདུལ་བ།_ག

Văn bản gốc(Tây Tạng)

Trang 15 / 19 (50.000 ký tự/trang)
ྱུང་བར་གྱུར་ན། དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་འཇིག་རྟེན་དུ་སྒྲ་རྣམ་པར་གྲགས་པར་འགྱུར་རོ་ཞེས་ལུང་བསྟན་ཏེ། དེ་ལྟ་བུ་དེ་ནི་སངས་རྒྱས་ཞེས་བགྱི་བ་ལགས་སོ། །མུ་ཏིག་ཅན་གྱིས་སྨྲས་པ། གང་གི་ཚེ་ཁྱེད་ཅག་ཡུལ་དུ་འདོད་པ་དེའི་ཚེ་ཁོ་མོ་ལ་སྦྲོན་ཅིག །
དེ་རྣམས་ཀྱིས་སྨྲས་པ། ལྷ་མོ་བཀའ་བཞིན་འཚལ། སྦྲན་པར་བགྱིའོ། །ཇི་ཙམ་ན་དེ་རྣམས་ཡུལ་དུ་འདོང་བའི་དུས་ལ་བབ་ནས་དེ་རྣམས་ཀྱིས་མུ་ཏིག་ཅན་ལ་སྦྲན་པ་དང་། དེས་བཅོམ་ལྡན་འདས་ལ་ཡི་གེ་གསོལ་པ། ལྷ་དང་ལྷ་མིན་མི་ཡིས་ཕྱག་བགྱིས་
པ། །སྐྱེ་དང་སྙུན་དང་བསྙེངས་ལས་ངེས་བྱུང་ཞིང་། །གཙོ་བོ་གྲགས་པ་རྒྱ་ཆེན་རབ་གྲགས་པ། །དྲང་སྲོང་བདུད་རྩིའི་ཆ་ལས་ཐུགས་རྗེས་གནོང་། །ཞེས་གསོལ་ཏོ། །དེ་ནས་ཡི་གེ་དེ་ཚོང་པ་དེ་རྣམས་ཀྱིས་ཁྱེར་ནས་རིམ་གྱིས་མཉན་ཡོད་དུ་ཕྱིན་པ་དང་། ལམ་གྱིས་དུབ་
པ་ངལ་སོས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་མཉན་ཡོད་ཀྱི་ཚོང་པ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་
སིང་ག་ལའི་གླིང་ན་སིང་ག་ལའི་རྒྱལ་པོའི་བུ་མོ་དེས་མཆིད་ཡི་གེ་གསོལ་བ་འདི་ལགས་སོ། །བཅོམ་ལྡན་འདས་ཀྱིས་མུ་ཏིག་ཅན་གྱི་འདུལ་བའི་དུས་མཁྱེན་ནས་ཉིད་ཀྱིས་བླངས་ཏེ་བཀླགས་སོ། །བཀླགས་ནས་བཀའ་སྩལ་པ། གང་གི་ཚེ་ཁྱེད་ཅག་སླར་འདོང་བར་གྱུར་པ་དེའི་ཚེ་

ངའི་སྙན་དུ་གསོལ་ཅིག །བཙུན་པ་བཀའ་བཞིན་འཚལ་ཞེས་ཚོང་པ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་དོང་ངོ་། །དེ་ནས་ཟོང་བསྒྱུར་ཏེ་བསྒྱུར་བའི་ཟོང་ཐོགས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ་གསོལ་པ། བཅོམ་ལྡན་འདས་བདག་
ཅག་མཆི་ན་བདག་ཅག་གིས་མུ་ཏིག་ཅན་ལ་ཇི་སྐད་བགྱི་བཀའ་སྩལ་པར་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་ལེགས་པར་བྱི་དོར་བྱས་པའི་རས་དང་རི་མོ་མཁན་དག་ཁུག་ཤིག །དེ་རྣམས་ཀྱིས་རས་དང་རི་མོ་མཁན་དག་བཀུག་ནས་ཕུལ་བ་དང་། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། རས་ལ་དེ་བཞིན་གཤེགས་པའི་སྐུའི་གཟུགས་བརྙན་བྲིས་ཤིག །རི་མོ་མཁན་རྣམས་ཀྱིས་སངས་རྒྱས་ཀྱི་སྐུའི་གཟུགས་བརྙན་བྲི་བར་བརྩམས་པ་ལས་དེ་བཞིན་གཤེགས་པ་ནི་བསོད་ནམས་བརྒྱ་ཕྲག་དུ་མས་བསྒྲུབས་པ་ཡིན་པས་རི་མོ་
མཁན་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་སྐུའི་གཟུགས་བརྙན་བྲི་བར་མ་ནུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རས་སྟོན་ཅིག་དང་འོད་གཏང་ངོ་། །དེ་རྣམས་ཀྱིས་རས་བསྟན་པ་དང་བཅོམ་ལྡན་འདས་ཀྱིས་འོད་བཏང་བ་ལ་རི་མོ་མཁན་རྣམས་ཀྱིས་ཚོན་རྩི་སྣ་
ཚོགས་ཀྱིས་རྒྱས་པར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུའི་གཟུགས་བརྙན་གྱི་འོག་ཏུ་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་ལྔ་རྣམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པ་དང་།
འཕགས་པའི་ལམ་ཡན་ལག་བརྒྱད་པ་བྲིས་སོ། །གོང་དུ་ནི་ཚིགས་སུ་བཅད་པ་གཉིས་པོ། བརྩམ་པར་བྱ་ཞིང་འབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་བར་བྱ། །གང་
ཞིག་རབ་ཏུ་བག་ཡོད་པས། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་བྲིས་ནས་སིང་ག་ལའི་རྒྱལ་པོ་ལ་བཀའ་ཡིག་སྤྲིང་པ། རས་ལ་རི་མོར་བྲིས་པ་ངས་མུ་ཏིག་ཅན་

ལ་སྐྱེས་སུ་བསྐུར་བ་ཡིན་གྱིས། ཁྱོད་ཀྱིས་དེ་ལ་ས་ཕྱོགས་ཡངས་ཤིང་རྒྱ་ཆེ་བར་སིང་ག་ལའི་གླིང་ན་གནས་པའི་སྐྱེ་བོའི་ཚོགས་བསྡུས་ལ། བཀུར་སྟི་ཆེན་པོས་རས་འདི་ཁྲོམ་ཤིག །ཚོང་པ་དེ་རྣམས་ལ་བཀའ་སྩལ་པ། གལ་ཏེ་མུ་ཏིག་ཅན་འདི་ཅི་ཡིན་ཞེས་འདྲི་ན།
འདི་ནི་བཅོམ་ལྡན་འདས་དེའི་སྐུའི་གཟུགས་བརྙན་ཡིན་ནོ་ཞེས་བརྗོད་པར་བྱའོ། །གལ་ཏེ་འོག་མ་འདི་ཅི་ཡིན་ཞེས་འདྲི་ན་དེ་དག་ནི་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་ལྔ་རྣམས་དང་། ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པའི་རྟེན་ཅིང་འབྲེལ་བར་འབྱུང་བར་འགྲོ་བར་
འཇུག་པ་དང་ལྡོག་པའོ། །འདི་ནི་བདུད་རྩི་རྟོགས་པའི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །གལ་ཏེ་གོང་མ་འདི་ཅི་ཡིན་ཞེས་འདྲི་ན་སྤྲོ་བར་བྱ་བ་ཡིན་ཏེ། གང་ཞིག་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་ཏེ། ལུགས་དང་མཐུན་པ་དང་ལུགས་
དང་མི་མཐུན་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ལ་རྟོག་ཅིང་བརྩོན་འགྲུས་རྩོམ་པ་དེ་བདུད་རྩི་རྟོགས་པའི་འཕགས་པའི་ལམ་ཐོབ་ནས་སྡུག་བསྔལ་ཐམས་ཅད་ལས་གྲོལ་བར་འགྱུར་བ་ཡིན་ནོ་ཞེས་བརྗོད་པར་བྱའོ། །བཙུན་པ་བཀའ་བཞིན་འཚལ་ཞེས་ཚོང་པ་དེ་རྣམས་ཀྱིས་བཅོམ་
ལྡན་འདས་ལས་མཉན་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་དགེ་མཚན་དང་། བཀྲ་ཤིས་དང་། བདེ་ལེགས་སུ་འགྱུར་བ་དག་བྱས་ཏེ། ཟོང་ཁྱེར་ནས་སིང་ག་ལའི་གླིང་དུ་སོང་སྟེ། རིམ་གྱིས་སིང་ག་ལའི་གླིང་དུ་ཕྱིན་ནས་ལམ་གྱིས་དུབ་བ་ངལ་སོས་ཏེ། རྒྱལ་པོའི་དྲུང་དུ་
སོང་ནས་རྐང་པ་གཉིས་ལ་གཏུགས་ཏེ་ཡི་གེ་བྱིན་ནོ། །རྒྱལ་པོས་ཡི་གེ་བཀླགས་ཏེ་བཀླགས་ནས་གྲོང་ཁྱེར་དེ་རྡོ་བ་དང་། གསེག་མ་དང་། གྱོ་མོ་བསལ་ནས་ཙན་དན་གྱི་ཆུས་ཆག་ཆག་བཏབ། རྒྱལ་མཚན་དང་བ་དན་བསྒྲེང་། དར་གྱི་ཆུན་འཕྱང་མང་པོ་བཏགས། ཤིན་ཏུ་དྲི་ཞིམ་པོའི་
པོག་པོར་ཉེ་བར་བཞག །མེ་ཏོག་སྣ་ཚོགས་བཀྲམ་སྟེ། སིང་ག་ལའི་གླིང་ན་གནས་པའི་སྐྱེ་བོའི་ཚོགས་བསོགས་ནས། དེ་ནས་བཀུར་སྟི་ཆེན་པོ་བྱས་ཏེ་གྲོང་ཁྱེར་གྱི་དབུས་སུ་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་སེང་གེའི་ཁྲི་བཤམས་ཏེ། རས་ཕྱེ་བ་དང་སྐྱེ་བོའི་ཚོགས་ཆེན་པོས་སངས་རྒྱས་

ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་གསང་བསྟོད་དེ་སྨྲས་སོ། །དེ་ནས་རྒྱལ་པོའི་བུ་མོ་མུ་ཏིག་ཅན་དད་པ་དྲག་པོས་གཏད་པའི་སྙིང་གིས་བ་སྤུ་ཟིང་ཞེས་བྱེད་ཅིང་མིག་མཆི་མས་གང་བས་ཞབས་གཉིས་ལ་གཏུགས་ཏེ་ཚོང་པ་རྣམས་ལ་དྲིས་པ། ཤེས་ལྡན་
དག་འདི་ཅི་ཡིན། དེ་རྣམས་ཀྱིས་སྨྲ་བར་བརྩམས་པ། འདི་ནི་བཅོམ་ལྡན་འདས་དེའི་སྐུའི་གཟུགས་བརྙན་ལགས་སོ། །འོག་མ་འདི་དག་ཅི་ཡིན། འདི་ནི་གསུམ་ལ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་ལྔ་རྣམས་དང་། ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པའི་རྟེན་
ཅིང་འབྲེལ་པར་འབྱུང་བ་འགྲོ་བར་འཇུག་པ་དང་ལྡོག་པའོ། །འདི་ནི་བདུད་རྩི་རྟོགས་པའི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལགས་སོ། །གོང་མ་འདི་ཅི་ཡིན། སྤྲོ་བར་བགྱི་བ་ལགས་ཏེ། གང་ཞིག་སྐྱབས་སུ་སོང་ནས་བསླབ་པའི་གཞི་རྣམས་བླངས་ཏེ་ལུགས་དང་མཐུན་པ་
དང་ལུགས་དང་མི་མཐུན་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་པ་འདི་ལ་རྟོག་ཅིང་བརྩོན་འགྲུས་རྩོམ་པ་དེ་བདུད་རྩི་རྟོགས་པའི་ལམ་ཐོབ་ནས་སྡུག་བསྔལ་ཐམས་ཅད་ལས་གྲོལ་བར་འགྱུར་བ་ལགས་སོ། །དེ་ནས་མུ་ཏིག་ཅན་གྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་
ལག་བཅུ་གཉིས་པ་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པ་བསམ་པར་བརྩམས་ཏེ། ཇི་སྲིད་ལན་གསུམ་དུ་མ་བཟླས་པ་དེའི་བར་དུ་དེས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་
བདེན་པ་མཐོང་ནས་ཚིགས་སུ་བཅད་པས་སྨྲས་པ། རིང་ན་བཞུགས་པའི་སངས་རྒྱས་ཀྱིས། །ཤེས་རབ་མིག་ནི་རྣམ་སྦྱངས་པས། །གང་ལ་འདི་འདྲའི་གསོས་མངའ་བ། །སྨན་མཁས་དེ་ལ་ཕྱག་འཚལ་ལོ། །རིང་ན་བཞུགས་པའི་སངས་རྒྱས་ཀྱིས། །ལྟ་བའི་རི་བོ་དྲུངས་
ཕྱུང་སྟེ། །ལྟ་བའི་ཟུང་རྔུ་སེལ་མཛད་པ། །སྨན་མཁས་དེ་ལ་ཕྱག་འཚལ་ལོ། །ཞེས་ཚིགས་སུ་བཅད་པས་སྨྲས་ནས་ཚོང་པ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག་ཁྱེད་ཅག་ནམ་འདོང་བ་དེའི་ཚེ་ཁོ་མོ་ལ་སྦྲོན་ཅིག །དེ་ནས་ཚོང་པ་རྣམས་ཀྱིས་ཟོང་རྣམས་བསྒྱུར་ཏེ་

བསྒྱུར་བའི་ཟོང་རྣམས་ཁྱེར་ནས་མུ་ཏིག་ཅན་གྱི་དྲུང་དུ་སོང་སྟེ། ལྷ་མོ་བདག་ཅག་མཆི་ན་བདག་ཅག་གིས་ཅི་ཞིག་བགྱི་བར་བཀའ་སྩལ་པར་གསོལ། །དེས་སྨྲས་པ། ཁོ་མོའི་ཚིག་གིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚོལ་ལ་གནོད་པ་
ཆུང་ངམ། ཉམ་ང་བ་ཉུང་ངམ། འཚོའམ། བསྐྱོད་པ་ཡང་ངམ། སྟོབས་དང་བདེ་བ་དང་། སྐུ་ཉམས་དང་ལྡན་ནམ་རེག་པར་གནས་སམ་ཞེས་ཞུས་ལ་འདི་སྐད་ཅེས། བཙུན་པ་དགེ་བའི་བཤེས་གཉེན་གྱིས་བགྱི་བ་གང་ལགས་པ་དེ་བཅོམ་ལྡན་འདས་ཀྱིས་མཛད་དེ། བདག་
གིས་དགེ་བའི་བཤེས་གཉེན་བཅོམ་ལྡན་འདས་ལ་བརྟེན་ནས་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་རྣམས་ལས་ནི་རྐང་པ་ཕྱུང་། ལྷ་དང་མི་རྣམས་སུ་ནི་བཞག །འཁོར་བ་ལས་ནི་རྒྱང་བསྲིངས། ཁྲག་དང་མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་བོ་
ལས་ནི་བསྒྲལ། ངན་སོང་གི་སྒོ་ནི་བསྐུམ། མཐོ་རིས་ཐར་པའི་སྒོ་ནི་ཕྱེ། ཐོག་མ་མ་མཆིས་པའི་དུས་ནས་བསགས་པའི་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བགྱིས་ཏེ། བཙུན་པ་བདག་ནི་
འཕགས་སོ། །མངོན་པར་འཕགས་སོ། །བདག་བཅོམ་ལྡན་འདས་དང་ཆོས་དང་དགེ་སློང་གི་དགེ་འདུན་ལ་སྐྱབས་སུ་མཆི་ཡིས། དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོ་བའི་བར་དུ་སྲོག་དང་ཡང་བསྡོས་དེ་སྐྱབས་སུ་མཆི་བར་མངོན་པར་དད་ལགས་སོ། །
ཞེས་གསོལ་ལ། མུ་ཏིག་བྲེ་གསུམ་པོ་འདི་ཁྱེར་ལ་ཆ་གཅིག་ནི་སངས་རྒྱས་ལ། ཆ་གཅིག་ནི་ཆོས་ལ། ཆ་གཅིག་ནི་དགེ་འདུན་ལ་ཕུལ་ཅིག །དེ་ནས་ཚོང་པ་དེ་རྣམས་ཀྱིས་ཟོང་དང་སྐྱེས་བསྐུར་བ་ཡང་ཁྱེར་ཏེ་དོང་ནས་རིམ་གྱིས་མཉན་ཡོད་དུ་ཕྱིན་པ་དང་། ལམ་
གྱིས་དུབ་པ་ངལ་སོས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཞབས་གཉིས་ལ་གཏུགས་ནས་ཇི་སྐད་སྤྲིང་བ་བཞིན་བཅོམ་ལྡན་འདས་ལ་གསོལ་ནས་འདི་སྐད་ཅེས་ཀྱང་གསོལ་ཏོ། །བཙུན་པ་སྐྱེས་སུ་ཕུལ་བའི་མུ་ཏིག་བྲེ་གསུམ་པོ་འདི་ལགས་ཏེ། མུ་ཏིག་ཆ་གཅིག་

ནི་སངས་རྒྱས་ལ། ཆ་གཅིག་ནི་ཆོས་ལ། ཆ་གཅིག་ནི་དགེ་འདུན་ལ་ཕུལ་ལགས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་སྐྱེས་འདི་གང་ནས་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཤཱཀྱ་མིང་
ཆེན་གྱི་མངག་གཞུག་མ་བསྐྱེད་མ་ཞེས་བྱ་བ་ང་ལས་ཆོས་མཉན་ནས་སོང་བ་ལས། ལམ་ཀར་བ་དྲུས་མས་བསད་པ་མཐོང་ངམ། བཙུན་པ་མཐོང་ལགས་སོ། །དེས་ང་ལ་སེམས་དང་བ་བསྐྱེད་དེ་ཤི་བས་སིང་ག་ལའི་རྒྱལ་པོའི་བུ་མོ་མུ་ཏིག་ཅན་ཞེས་བྱ་བར་གྱུར་ཏེ། བདེན་པ་
མཐོང་ནས་དེས་སྐྱེས་བསྐུར་བ་འདི་ཡིན་ནོ། །འདི་ལས་སངས་རྒྱས་ཀྱི་སྐལ་བ་གང་ཡིན་པ་དེས་དྲི་གཙང་ཁང་གི་ཞལ་ཞལ་བྱོས་ཤིག །ཆོས་ཀྱི་གང་ཡིན་པ་དེ་ནི་ཆོས་འཛིན་པའི་གང་ཟག་རྣམས་ལའོ། །དགེ་འདུན་གྱི་གང་ཡིན་པ་དེ་ནི་དགེ་འདུན་གྱིས་མཉམ་པར་བགོས་ཤིག །
དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་མུ་ཏིག་ཅན་གྱིས་ལས་ཅི་ཞིག་བགྱིས་ན་དེས་ན་བྲན་མོར་གྱུར་ལགས། ལས་ཅི་ཞིག་བགྱིས་ན་དེས་རྒྱལ་པོ་ཕྱུག་པོའི་རིགས་སུ་སྐྱེས་ཤིང་བདེན་པ་མཐོང་བར་བགྱིས་
ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མུ་ཏིག་ཅན་འདི་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་གནས་པ་གདོན་མི་ཟ་བར་འབྱུང་བར་འགྱུར་བའི་ལས་དག་བྱས་ཤིང་བསགས་པས་མུ་ཏིག་ཅན་འདི་ཉིད་ཀྱིས་
ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་སོ་སོར་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་
འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་དག་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་

རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་འཇིག་རྟེན་དུ་སྟོན་པ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་
ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ནས། དེས་སངས་རྒྱས་ཀྱི་མཛད་པ་མཐའ་དག་མཛད་ནས་བུད་ཤིང་ཟད་པའི་མེ་བཞིན་དུ་བཱ་རཱ་ཎ་སཱིར་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་
སུ་ཡོངས་སུ་མྱ་ངན་ལས་འདས་པ་དང་། རྒྱལ་པོ་ཀྲྀ་ཀཱིས་དེའི་སྐུ་དྲི་ཞིམ་པོའི་ཤིང་ཐམས་ཅད་ཀྱིས་སྤུངས་ཏེ། སྤུངས་ནས་བཀུར་སྟི་ཆེན་པོས་བསྲེགས་ཏེ་མེ་དེ་འོ་མས་བསད་ནས་སྐུ་གདུང་དེ་རྣམས་གསེར་གྱི་བུམ་པར་བླུགས་ཏེ། ལམ་པོ་ཆེའི་བཞི་མདོར་རིན་པོ་ཆེ་སྣ་བཞི་
ལས་བྱུང་བའི་མཆོད་རྟེན་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་གཅིག་ཡོད་ལ། འཕང་དུ་དཔག་ཚད་ཕྱེད་པ་ཞིག་བརྩིགས་ནས་དུས་མཆོད་ཆེན་པོ་བཙུགས་སོ། །བཱ་རཱ་ཎ་སཱི་ན་ཚོང་དཔོན་ཕྱུག་པ་ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་
ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་ཡོད་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དེ། དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་
སྤྱོད་པར་བྱེད་ཀྱང་དེ་ལ་བུ་ཕོ་ཡང་མེད་བུ་མོ་ཡང་མེད་ནས། དེ་ལག་པ་འགྲམ་པ་ལ་གཏད་ནས་བདག་གི་ཁྱིམ་དུ་ནོར་ཕལ་པོ་ཆེ་བསགས་ཀྱང་བདག་ལ་བུ་ཕོ་ཡང་མེད་བུ་མོ་ཡང་མེད་པས་བདག་ཤི་ནས་བདོག་པ་ཐམས་ཅད་བུ་མེད་དོ་ཞེས་བྱས་ཏེ་རྒྱལ་པོས་དབང་བྱས་པར་
འགྱུར་རོ་སྙམ་ནས་སེམས་ཁོང་དུ་ཆུད་ཅིང་འདུག་པ་དེ་ལ་དགེ་སྦྱོང་དང་བྲམ་ཟེ་དང་། གྲོགས་པོ་དང་མཛའ་བཤེས་དང་། ཉེ་དུ་དང་། ལྟས་མཁན་རྣམས་ཀྱིས་སྨྲས་པ། ལྷ་མཉེས་པར་བྱོས་ཤིག་དང་ཁྱོད་ལ་བུ་ཡོད་པར་འགྱུར་རོ། །དེ་བུ་མེད་དེ་བུ་མངོན་པར་

འདོད་པས་ཞི་བ་དང་། ཆུ་ལྷ་དང་། ལུས་ངན་དང་། བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་གཞན་ཡང་ལྷ་ཁྱད་པར་ཅན་རྣམས་ལ་གསོལ་བ་འདེབས་པ་འདི་ལྟ་སྟེ། ཀུན་དགའ་ར་བའི་ལྷ་དང་། ནགས་ཚལ་གྱི་ལྷ་དང་། བཞི་མདོའི་ལྷ་དང་། སུམ་མདོའི་ལྷ་དང་།
གཏོར་མ་ལེན་པའི་ལྷ་དང་། ལྷན་ཅིག་སྐྱེས་པའི་ལྷ་དང་། ཆོས་མཐུན་པ་པ་དང་། རྟག་ཏུ་རྗེས་སུ་འབྲང་བའི་ལྷ་ལ་ཡང་གསོལ་བ་འདེབས་སོ། །འདི་ལྟར་གསོལ་བ་འདེབས་པའི་རྒྱུས་བུ་ཕོ་དང་བུ་མོ་སྐྱེ་བར་འགྱུར་རོ་ཞེས་འཇིག་རྟེན་ན་དེ་སྐད་དུ་གྲགས་པ་ཡོད་དེ། དེ་ཡང་དེ་
ལྟ་མ་ཡིན་ཏེ། གལ་ཏེ་དེ་ལྟར་འགྱུར་ན་ནི་རེ་རེ་ཡང་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་བུ་སྟོང་ཡོད་པར་འགྱུར་རོ། །འོན་ཀྱང་གནས་གསུམ་མངོན་དུ་གྱུར་པ་ལས་བུ་ཕོ་དང་བུ་མོ་སྐྱེ་བར་འགྱུར་ཏེ། གནས་གསུམ་གང་ཞེ་ན་ཕ་དང་མ་གཉིས་ཆགས་པར་གྱུར་ཅིང་ལྷན་
ཅིག་འདུས་པ་དང་། མ་མངལ་རུང་བར་གྱུར་ཅིང་ཟླ་མཚན་དང་ལྡན་པ་དང་། དྲི་ཟ་ཉེ་བར་གནས་པར་གྱུར་པ་སྟེ། གནས་དེ་གསུམ་མངོན་དུ་གྱུར་པ་ལས་བུ་ཕོ་དང་བུ་མོ་སྐྱེ་བར་འགྱུར་བ་ཡིན་ན་དེས་བུ་ཡོད་པའི་ལས་མ་བྱས་པས་དེས་ན་དེ་ལ་བུ་ཕོ་དང་བུ་མོ་མེད་དོ། །ཇི་ཙམ་ན་
དེ་ནད་ཀྱིས་ཐེབས་ནས་དེ་རྩ་བ་དང་། སྡོང་བུ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུའི་སྨན་རྣམས་ཀྱིས་བསྙེན་བཀུར་བྱས་ཀྱང་དེའི་ནད་ཞི་བར་མ་གྱུར་ཏོ། །དེ་ནས་དེའི་ཆུང་མས་བསམས་པ། བདག་གི་ཁྱིམ་ན་ནོར་ཕལ་མོ་ཆེ་བསགས་པ་ནི་བདག་ལ་བུ་ཕོ་ཡང་
མེད་བུ་མོ་ཡང་མེད་ལ། བདག་གི་ཁྱིམ་ཐབ་འདི་ནི་འཆི་བར་འགྱུར་གྱིས། ད་ནི་གལ་ཏེ་འཇིག་རྟེན་ཕ་རོལ་གྱི་ལམ་རྒྱགས་མ་བླངས་ན་ནོར་ཟས་འདི་ཐམས་ཅད་བདག་ལ་བུ་མེད་དོ་ཞེས་བྱས་ནས་རྒྱལ་པོས་དབང་བྱས་པར་འགྱུར་རོ་སྙམ་ནས། དེའི་མུ་ཏིག་གི་དོ་ཤལ་བརྒྱ་
སྟོང་རི་བ་མགུལ་ན་ཐོགས་པ་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་མཆོད་རྟེན་དེ་ལ་དྲི་དང་བྱུག་པས་བྱུགས་ནས་མཆོད་པ་བྱས་ཏེ་བཏགས་ནས་དད་པ་དྲག་པོས་དྲུང་དུ་གཏུགས་ཏེ་སྨོན་ལམ་བཏབ་པ། སྦྱིན་པའི་ཆོས་ཡོངས་སུ་བཏང་བ་དང་སེམས་བསྐྱེད་

པའི་དགེ་བའི་རྩ་བ་འདིས་བདག་ཕྱུག་པོའི་རིགས་སུ་སྐྱེས་ཤིང་ཡོན་ཏན་འདི་ལྟ་བུ་ཡང་ཐོབ་ཅིང་སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་ཀྱི། མི་མཉེས་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ཚོང་དཔོན་གྱི་ཆུང་མ་གང་
ཡིན་པ་དེ་ནི་མུ་ཏིག་ཅན་འདི་ཉིད་ཡིན་ཏེ། འདིས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་མཆོད་རྟེན་ལ་བྱ་བ་བྱས་ནས། སྨོན་ལམ་བཏབ་པ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ཕྱུག་པོའི་རིགས་སུ་སྐྱེས་ཤིང་བཙས་པ་ན་མུ་ཏིག་གི་ཆར་བབ་བོ། །ངའི་བསྟན་
པ་ལ་ཡང་དད་པ་བསྐྱེད་པས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །གཞན་ཡང་ཚོང་དཔོན་ནོར་མང་དུ་བསགས་པ་དེའི་ཆུང་མར་གྱུར་བ་ན་དེ་ན་འདིས་དབང་ཕྱུག་གི་གྲགས་པས་རྒྱགས་
ནས་སྤྱོད་ཡུལ་ན་གནས་པའི་འཇིག་རྟེན་ཐམས་ཅད་ལ་ཚིག་ཏུ་བྲན་མོའི་བུ་ཞེས་སྨྲས་པས། དེའི་ལས་ཀྱི་རྣམ་པར་སྨིན་པས་ཚེ་རབས་མང་པོར་བྲན་མོར་གྱུར་ཏོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ཞིང་། གཅིག་
ཏུ་དཀར་བ་རྣམས་ཀྱི་ནི་གཅིག་ཏུ་དཀར་ལ། འདྲེན་མ་རྣམས་ཀྱི་ནི་འདྲེན་མ་ཡིན་ནོ། །དེ་བས་ན་དགེ་སློང་དག་གཅིག་ཏུ་གནག་པའི་ལས་རྣམས་དང་། འདྲེན་མ་རྣམས་ནི་སྤངས་ལ། གཅིག་ཏུ་དཀར་བའི་ལས་ཁོ་ན་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་
བྱའོ། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཆ་གང་ཡིན་པ་དེ་ནི་ཆོས་སྨྲ་བའི་གང་ཟག་རྣམས་ཀྱི་ཡིན་ནོ་ཞེས་གསུངས་པ་དང་། དེ་ནས་མདོ་སྡེ་འཛིན་པ་རྣམས་ཀྱིས་སྨྲས་པ། ཁོ་བོ་ཅག་ནི་བཅོམ་ལྡན་འདས་ཀྱི་མདོ་སྡེ་མཐའ་དག་འཛིན་པས། ཁོ་བོ་ཅག་ཆོས་འཛིན་པ་ཡིན་པས་རྙེད་པ་འདི་
ནི་ཁོ་བོ་ཅག་དབང་ངོ་། །འདུལ་བ་འཛིན་པ་རྣམས་ཀྱིས་སྨྲས་པ། ཁོ་བོ་ཅག་ནི་བཅོམ་ལྡན་འདས་ཀྱི་ནང་གི་མཛོད་སྲུང་ཞིང་ཁོ་བོ་ཅག་འདུལ་བ་མཐའ་དག་འཛིན་པས། ཁོ་བོ་ཅག་ཆོས་འཛིན་པ་ཡིན་པས་རྙེད་པ་འདི་ནི་ཁོ་བོ་ཅག་དབང་ངོ་། །མ་མོ་འཛིན་པ་རྣམས་ཀྱིས་སྨྲས་པ།

ཁོ་བོ་ཅག་ནི་མདོ་སྡེ་དང་འདུལ་བའི་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་འཛིན་པས། ཁོ་བོ་ཅག་ཆོས་འཛིན་པ་ཡིན་པས་རྙེད་པ་འདི་ནི་ཁོ་བོ་ཅག་དབང་ངོ་ཞེས་དེ་ན་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་འཐབ་པ་དང་། མཚང་འདྲུ་བ་དང་། འཐབ་
མོ་དང་། འགྱེད་པ་བྱུང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མ་འཐབ་ཤིག །མཚང་མ་འདྲུ་ཞིག །འཐབ་མོ་མ་བྱེད་ཅིག །མ་འགྱེད་ཅིག །དགེ་སློང་དག་བཞི་པོ་འདི་དག་ནི་རྩོད་པ་ཡིན་ཏེ། བཞི་གང་ཞེ་ན།
འགྱེད་པའི་རྩོད་པ་དང་། གདམས་ངག་མེད་པའི་རྩོད་པ་དང་། ལྟུང་བའི་རྩོད་པ་དང་། བྱ་བའི་རྩོད་པའོ། །འགྱེད་པའི་རྩོད་པ་གང་ཞེ་ན། དགེ་འདུན་སྣ་ཚོགས་སུ་སྨྲ་བ། འགལ་བར་སྨྲ་བ། རིགས་མི་འཕྲོད་པར་སྨྲ་བ། མི་མཐུན་པ་ཀུན་ཏུ་མི་དགའ་བ། རྒྱུད་
གཅིག་ཏུ་མ་གྱུར་པ་གང་ཡིན་པ་དེ་ལས་བརྟེན་ཏེ་འཐབ་པ་དང་། མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པ་གང་ཡིན་པ་འདི་ནི་འགྱེད་པའི་རྩོད་པ་ཞེས་བྱའོ། །གདམས་ངག་མེད་པའི་རྩོད་པ་གང་ཞེ་ན། དགེ་འདུན་གྱི་གདམས་ངག་མི་ལེན་པ་དང་། གདམས་ངག་
མི་སྦྱིན་པ་དང་། གདམས་ངག་གཞག་པ་གང་ཡིན་པ་དེ་ལས་བརྟེན་ནས་འཐབ་པ་དང་། མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པ་གང་ཡིན་པ་འདི་ནི་གདམས་ངག་མེད་པའི་རྩོད་པ་ཞེས་བྱའོ། །ལྟུང་བའི་རྩོད་པ་གང་ཞེ་ན། ལྟུང་བ་ལྔ་ནི་ལྟུང་བའི་ཕུང་པོ་ལྔ་
ཞེས་བྱ་སྟེ། ལྔ་གང་ཞེ་ན། ཕས་ཕམ་པ་དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་གང་ཡིན་པ་དེ་ལས་བརྟེན་ནས་འཐབ་པ་དང་། མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པ་གང་ཡིན་པ་འདི་ནི་ལྟུང་བའི་
རྩོད་པ་ཞེས་བྱའོ། །བྱ་བའི་རྩོད་པ་གང་ཞེ་ན། དགེ་འདུན་གྱི་བྱ་བ་གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་གང་ཡིན་པ་དེ་ལས་བརྟེན་ནས་འཐབ་པ་དང་། མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པ་གང་ཡིན་པ་འདི་ནི་བྱ་བའི་

རྩོད་པ་ཞེས་བྱའོ། །དགེ་སློང་དག་འགྱེད་པའི་རྩོད་པ་ནི་ཅི་ཞིག་གི་རྩ་བ་ཅན་ཡིན་ཞིང་འགྱེད་པའི་རྩོད་པའི་རྩ་བ་ནི་ཅི་ཡིན་ཞེ་ན། འགྱེད་པའི་རྩ་བ་དྲུག་དང་། འགྱེད་པར་བྱེད་པའི་གཞི་བཅུ་བཞི་སྟེ། འགྱེད་པའི་རྩ་བ་དྲུག་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་
ཁྲོ་བ་ཡིན་ཞིང་ཁོན་དུ་འཛིན་པ་ཡིན་ཏེ་ཁྲོ་ཞིང་ཁོན་དུ་འཛིན་པ་གང་ཡིན་པ་དེ་ནི་སྟོན་པ་ལ་བཀུར་སྟི་མི་བྱེད། བླ་མར་མི་བྱེད། རི་མོར་མི་བྱེད། མཆོད་པར་མི་བྱེད་དོ། །སྟོན་པ་ལ་བཀུར་སྟི་མ་བྱས། བླ་མར་མ་བྱས། རི་མོར་མ་བྱས། མཆོད་པར་མ་བྱས་པས་ཆོས་མི་མཐོང་ངོ་། །
ཆོས་མ་མཐོང་བས་དགེ་སྦྱོང་གི་ཚུལ་ལ་མི་ལྟའོ། །དགེ་སྦྱོང་གི་ཚུལ་ལ་མི་ལྟ་ན་དགེ་འདུན་ལ་འདི་ལྟ་བུའི་འཐབ་པ་དང་། མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པ་འབྱིན་པར་བྱེད་དོ། །འཐབ་པ་དང་། མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པ་གང་ཡིན་པ་དེ་ནི་སྐྱེ་བོ་
མང་པོ་ལ་ཕན་པ་མ་ཡིན་པ་དང་། སྐྱེ་བོ་མང་པོ་ལ་གནོད་པ་དང་། སྐྱེ་བོ་མང་པོ་སྡུག་བསྔལ་བ་དང་། ལྷ་དང་མི་རྣམས་ལ་མི་ཕན་པ་དང་། གནོད་པ་དང་། སྡུག་བསྔལ་བར་བྱེད་པ་ཡིན་ནོ། །དགེ་སློང་དག་གལ་ཏེ་ཁྱེད་ཀྱིས་འགྱེད་པའི་རྩ་བ་དེ་ལྟ་བུ་ནང་གིའམ་ཕྱི་རོལ་གྱི་ཡང་
རུང་མ་སྤངས་པར་ཡང་དག་པར་མཐོང་ན། དེ་ལ་ཁྱེད་ཅག་ལྷན་ཅིག་མཐུན་ཞིང་ཀུན་དུ་དགའ་བ་དང་། འགྱེད་པ་མེད་པས་འདུན་པ་དྲག་པོ་དང་། བརྩོན་འགྲུས་དང་། འབད་པ་དང་། སྤྲོ་བ་དང་། སྒྲིམ་པ་དང་། མི་བཟློག་པའི་དྲན་པ་དང་། ཤེས་བཞིན་གྱིས་ཇི་ཙམ་
འགྱེད་པའི་རྩ་བ་བྱུང་བ་དེ་ཉིད་སྤངས་ཀྱི་བར་དུ་བརྩོན་པར་བྱའོ། །དེ་ལྟར་ན་ཁྱེད་ཀྱིས་འགྱེད་པའི་རྩ་བ་དེ་ཡང་སྤོངས་པར་འགྱུར་རོ། །དགེ་སློང་དག་གལ་ཏེ་ཁྱེད་ཀྱིས་འགྱེད་པའི་རྩ་བ་དེ་ལྟ་བུ་ནང་གི་ཡང་རུང་། ཕྱིའི་ཡང་རུང་ལེགས་པར་སྤངས་པར་ཡང་དག་པར་མཐོང་ན། དེ་
ལ་ཁྱེད་ཅག་ལྷན་ཅིག་མཐུན་ཞིང་ཀུན་དུ་དགའ་བ་དང་། འགྱེད་པ་མེད་པས་འདུན་པ་དྲག་པོ་དང་། བརྩོན་འགྲུས་དང་། འབད་པ་དང་། སྤྲོ་བ་དང་། སྒྲིམ་པ་དང་། མི་བཟློག་པའི་དྲན་པ་དང་། ཤེས་བཞིན་གྱིས་ཇི་ནས་ཀྱང་རྩོད་པའི་རྩ་བ་སྤངས་པ་དེ་ཉིད་ཕྱིས་ཀྱང་མི་

འབྱུང་བར་བརྩོན་པར་བྱ་སྟེ། དེ་ལྟར་ན་ཁྱེད་ཀྱིས་འགྱེད་པའི་རྩ་བ་དེ་དག་ཡང་དག་པར་ལེགས་པར་བསལ་བས་ཕྱིས་སྐྱེ་བར་མི་འགྱུར་རོ།། །།འདུལ་བ་གཞི། བམ་པོ་བདུན་བཅུ་བརྒྱད་པ། ཁྲོ་ཞིང་ཁོན་དུ་འཛིན་པ་ཇི་ལྟ་བ་བཞིན་དུ་འཆབ་ཅིང་འཚིག་པ་དང་།
ཕྲག་དོག་བྱེད་ཅིང་སེར་སྣ་ཅན་དང་། གཡོ་བྱེད་ཅིང་སྒྱུ་ཅན་དང་། ངོ་ཚ་མེད་ཅིང་ཁྲེལ་མེད་པ་ཡང་དེ་དང་འདྲའོ། །གཞན་ཡང་འདི་ན་ལ་ལ་རང་གི་ལྟ་བ་མཆོག་ཏུ་འཛིན་པ་ཡིན་ཞིང་འཆལ་བ་འཛིན་པ་དང་། སྨྲས་པ་ལ་དང་ན་ཐེན་བྱེད་པ་ཡིན་ཏེ། རང་གི་ལྟ་བ་མཆོག་ཏུ་འཛིན་པ།
འཆལ་པ་འཛིན་པ། སྨྲས་པ་ལ་དང་ན་ཐེན་བྱེད་པ་གང་ཡིན་པ་དེ་ནི་སྟོན་པ་ལ་བཀུར་སྟི་མི་བྱེད། བླ་མར་མི་བྱེད། རི་མོར་མི་བྱེད། མཆོད་པར་མི་བྱེད་དོ། །དེ་སྟོན་པ་ལ་བཀུར་སྟི་མ་བྱས། བླ་མར་མ་བྱས། རི་མོར་མ་བྱས། མཆོད་པར་མ་བྱས་པས་ཆོས་མི་མཐོང་ངོ་། །ཆོས་མ་མཐོང་བས་
དགེ་སྦྱོང་གི་ཚུལ་ལ་མི་ལྟའོ། །དགེ་སྦྱོང་གི་ཚུལ་ལ་མི་ལྟ་ན་དགེ་འདུན་ལ་དེ་ལྟ་བུའི་འཐབ་པ་དང་། མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པ་དག་འབྱིན་པར་འགྱུར་རོ། །འཐབ་པ་དང་། མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པ་གང་ཡིན་པ་དེ་ནི་སྐྱེ་བོ་མང་པོ་ལ་
ཕན་པ་མ་ཡིན་པ་དང་། སྐྱེ་བོ་མང་པོ་ལ་གནོད་པ་དང་། སྐྱེ་བོ་མང་པོ་ལ་སྡུག་བསྔལ་བ་དང་། ལྷ་དང་མི་རྣམས་ལ་མི་ཕན་པ་དང་། གནོད་པ་དང་། སྡུག་བསྔལ་བར་བྱེད་པ་ཡིན་ནོ། །དགེ་སློང་དག་གལ་ཏེ་ཁྱེད་ཀྱིས་འགྱེད་པའི་རྩ་བ་དེ་ལྟ་བུ་ནང་གི་ཡང་རུང་ཕྱིའི་ཡང་རུང་མ་སྤངས་
པར་ཡང་དག་པར་མཐོང་ན། དེ་ལ་ཁྱེད་ཅག་ལྷན་ཅིག་མཐུན་ཞིང་ཀུན་དུ་དགའ་བ་དང་། འགྱེད་པ་མེད་པས་འདུན་པ་དྲག་པོ་དང་། བརྩོན་འགྲུས་དང་། འབད་པ་དང་། སྤྲོ་བ་དང་། སྒྲིམ་པ་དང་། མི་བཟློག་པའི་དྲན་པ་དང་། ཤེས་བཞིན་གྱིས་ཇི་ཙམ་འགྱེད་པའི་རྩ་བ་བྱུང་
བ་དེ་ཉིད་སྤོངས་པའི་བར་དུ་བརྩོན་པར་བྱ་སྟེ། དེ་ལྟར་ན་ཁྱེད་ཀྱིས་འགྱེད་པའི་རྩ་བ་དེ་སྤོངས་པར་འགྱུར་རོ། །དགེ་སློང་དག་གལ་ཏེ་ཁྱེད་ཀྱིས་འགྱེད་པའི་རྩ་བ་དེ་ལྟ་བུ་ནང་གི་ཡང་རུང་། ཕྱིའི་ཡང་རུང་། ལེགས་པར་སྤངས་པར་ཡང་དག་པར་མཐོང་ན། དེ་ལ་ཁྱེད་ཅག་ལྷན་ཅིག་

མཐུན་ཞིང་ཀུན་དུ་དགའ་བ་དང་འགྱེད་པ་མེད་པས་འདུན་པ་དྲག་པོ་དང་། བརྩོན་འགྲུས་དང་། འབད་པ་དང་། སྤྲོ་བ་དང་། སྒྲིམ་པ་དང་། མི་བཟློག་པའི་དྲན་པ་དང་། ཤེས་བཞིན་གྱིས་ཅི་ནས་ཀྱང་འགྱེད་པའི་རྩ་བ་སྤངས་པ་དེ་ཉིད་ཕྱིས་ཀྱང་མི་འབྱུང་བར་བརྩོན་པར་བྱ་སྟེ།
དེ་ལྟར་ན་ཁྱེད་ཀྱིས་འགྱེད་པའི་རྩ་བ་དེ་ཡང་དག་པར་ལེགས་པར་བསལ་བས། ཕྱིས་སྐྱེ་བར་མི་འགྱུར་རོ། །འདི་དག་ནི་འགྱེད་པའི་རྩ་བ་དྲུག་ཅེས་བྱའོ། །འགྱེད་པར་བྱེད་པའི་གཞི་བཅུ་བཞི་གང་ཞེ་ན། འདི་ལྟ་སྟེ། ཆོས་སོ་ཞེའམ། ཆོས་མ་ཡིན་ནོ་ཞེའམ། འདུལ་བའོ་ཞེའམ།
འདུལ་བ་མ་ཡིན་ནོ་ཞེའམ། ལྟུང་བའོ་ཞེའམ་ལྟུང་བ་མ་ཡིན་ནོ་ཞེའམ། ལྕི་བའམ། ཡང་བའམ། ལྷག་མ་དང་བཅས་པའམ། ལྷག་མ་མེད་པའམ། བཤགས་པར་བྱ་བའམ། བསྡམ་པར་བྱ་བའམ། ཉེས་པར་བཤད་པར་གཏོགས་པའམ། ལེགས་པར་བཤད་
པར་གཏོགས་པ་སྟེ། འདི་དག་ནི་འགྱེད་པར་བྱེད་པའི་གཞི་བཅུ་བཞི་ཞེས་བྱའོ། །དགེ་སློང་དག་འགྱེད་པའི་རྩོད་པ་ནི་དེའི་རྩ་བ་ཡིན་ཞིང་འགྱེད་པའི་རྩོད་པའི་རྩ་བ་ནི་དེ་ཡིན་ནོ། །དགེ་སློང་དག་གདམས་ངག་མེད་པའི་རྩོད་པ་ནི་ཅི་ཞིག་གི་རྩ་བ་ཅན་ཡིན་ཞིང་གདམས་ངག་མེད་
པའི་རྩོད་པའི་རྩ་བ་ནི་ཅི་ཡིན་ཞེ་ན། དགེ་འདུན་གདམས་ངག་མི་ལེན་པ་དང་། གདམས་ངག་མི་སྦྱིན་པ་དང་། གདམས་ངག་གཞག་པ་གང་ཡིན་པ་དེ་ལ་བརྟེན་ནས་འཐབ་པ་དང་། མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པ་གང་ཡིན་པ་སྟེ། དགེ་སློང་དག་
གདམས་ངག་མེད་པའི་རྩོད་པ་ནི་དེའི་རྩ་བ་ཅན་ཡིན་ཞིང་གདམས་ངག་མེད་པའི་རྩོད་པའི་རྩ་བ་ནི་དེ་ཡིན་ནོ། །དགེ་སློང་དག་ལྟུང་བའི་རྩོད་པ་ནི་ཅི་ཞིག་གི་རྩ་བ་ཅན་ཡིན་ཞིང་ལྟུང་བའི་རྩོད་པའི་རྩ་བ་ནི་ཅི་ཡིན་ཞེ་ན། ལྟུང་བའི་རིས་ལྔ་ནི་ལྟུང་བའི་རིས་དང་ལྟུང་བའི་ཕུང་པོ་ཞེས་བྱ་
སྟེ། ལྔ་གང་ཞེ་ན། ཕས་ཕམ་པ་དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་སོ། །གཞན་ཡང་ལུས་ཀྱི་ལྟུང་བ་ཡིན་གྱི་ངག་གི་མ་ཡིན་སེམས་ཀྱི་མ་ཡིན་པ་ཡང་ཡོད། ངག་གི་ཡིན་གྱི་ལུས་ཀྱི་མ་ཡིན་སེམས་ཀྱི་

མ་ཡིན་པ་ཡང་ཡོད། ལུས་ཀྱི་དང་སེམས་ཀྱི་ཡིན་གྱི་ངག་གི་མ་ཡིན་པ་ཡང་ཡོད། ལུས་དང་ངག་དང་སེམས་ཀྱི་ཡིན་པ་ཡང་ཡོད་དོ། །ལུས་ཀྱི་ལྟུང་བ་ཡིན་གྱི་ངག་གི་མ་ཡིན། སེམས་ཀྱི་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་ཁྱིམ་པའམ།
བསྙེན་པར་མ་རྫོགས་པ་ཕྱིར་མ་བྱུང་བར་ཁྱིམ་པའམ། བསྙེན་པར་མ་རྫོགས་པ་ཕྱིར་བྱུང་ངོ་སྙམ་ནས་ཉལ་བར་བྱེད་པ་ན། དེ་གཉིད་ལོག་པ་དང་། བུད་མེད་ཉལ་བའམ། གཉིད་ལོག་ནས་ཁྲི་སྟན་ཆེན་པོའི་སྟེང་དུ་བཞག་པ་སྟེ། འདི་ནི་ལུས་ཀྱི་ལྟུང་
བ་ཡིན་གྱི་ངག་གི་མ་ཡིན་སེམས་ཀྱི་མ་ཡིན་ནོ། །ངག་གི་ལྟུང་བ་ཡིན་གྱི་ལུས་ཀྱི་མ་ཡིན། སེམས་ཀྱི་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་བུད་མེད་ལ་ཆོས་ཚིག་ལྔ་འཆད་པ་ལས་ཆེད་དུ་མ་བསམས་པར་ཚིག་དྲུག་ཏུ་ཐལ་བའམ། ཚིག་དྲུག་འཆད་པ་ན་
ཚིག་བདུན་དུ་ཐལ་བ་སྟེ། འདི་ནི་ངག་གི་ལྟུང་བ་ཡིན་གྱི་ལུས་ཀྱི་མ་ཡིན་སེམས་ཀྱི་མ་ཡིན་ནོ། །ལུས་དང་སེམས་ཀྱི་ལྟུང་བ་ཡིན་གྱི་ངག་གི་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ་དགེ་སློང་གིས་ཆེད་དུ་བསམས་ཏེ་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སྲོག་ཆགས་སྲོག་དང་ཕྲལ་ནས་འདི་སྐད་ཅེས་
ཇི་ལྟར་བདག་གིས་བསད་པ་དེ་བཞིན་དུ་སྲོག་ཆགས་སྲོག་དང་དབྲལ་བར་བྱ་སྟེ། དེ་ལྟར་བསད་པ་ནི་ལེགས་པར་བསད་པ་ཡིན་ནོ་ཞེས་མི་སྨྲ་ཞིང་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། མྱོས་པར་འགྱུར་བ་འཐུང་ལ་འདི་སྐད་ཅེས་ཇི་ལྟར་བདག་གིས་
འཐུངས་པ་དེ་བཞིན་དུ་མྱོས་པར་འགྱུར་བ་བཏུང་བར་བྱ་སྟེ། དེ་ལྟར་འཐུངས་པ་ནི་ལེགས་པར་འཐུངས་པ་ཡིན་ནོ་ཞེས་མི་སྨྲ་བ་སྟེ། འདི་ནི་ལུས་དང་སེམས་ཀྱི་ལྟུང་བ་ཡིན་གྱི་ངག་གི་མ་ཡིན་ནོ། །ལུས་དང་ངག་དང་སེམས་ཀྱི་ལྟུང་བ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ་དགེ་
སློང་གིས་ཆེད་དུ་བསམས་ཏེ་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སྲོག་ཆགས་སྲོག་དང་ཕྲལ་ལ་འདི་སྐད་ཅེས་ཇི་ལྟར་བདག་གིས་བསད་པ་དེ་བཞིན་དུ་སྲོག་ཆགས་སྲོག་དང་དབྲལ་བར་བྱ་སྟེ། དེ་ལྟར་བསད་པ་ནི་ལེགས་པར་བསད་པ་ཡིན་ནོ་ཞེས་སྨྲ་ཞིང་མ་བྱིན་པར་ལེན་པ་

དང་། འདོད་པས་ལོག་པར་གཡེམ་པ་དང་། མྱོས་པར་འགྱུར་བའི་ཆང་འཐུང་ལ་འདི་སྐད་ཅེས་ཇི་ལྟར་བདག་གིས་འཐུངས་པ་དེ་བཞིན་དུ་མྱོས་པར་འགྱུར་བ་བཏུང་བར་བྱ་སྟེ། དེ་ལྟར་མྱོས་པར་འགྱུར་བ་འཐུངས་པ་ནི་ལེགས་པར་འཐུངས་པ་ཡིན་ནོ་ཞེས་སྨྲ་བ་
སྟེ། འདི་ནི་ལུས་དང་ངག་དང་སེམས་ཀྱི་ལྟུང་བ་ཡིན་ཏེ། དགེ་སློང་དག་ལྟུང་བའི་རྩོད་པ་ནི་དེའི་རྩ་བ་ཅན་ཡིན་ཞིང་ལྟུང་བའི་རྩོད་པའི་རྩ་བ་ནི་དེ་ཡིན་ནོ། །དགེ་སློང་དག་བྱ་བའི་རྩོད་པ་ནི་ཅི་ཞིག་གི་རྩ་བ་ཅན་ཡིན་ཞིང་བྱ་བའི་རྩོད་པའི་རྩ་བ་ནི་ཅི་ཡིན་ཞེ་ན། དགེ་འདུན་གྱི་བྱ་བ་གང་
ཡིན་པ་གསོལ་པ་དང་གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་གང་ཡིན་པ་སྟེ། དགེ་སློང་དག་བྱ་བའི་རྩོད་པ་ནི་དེའི་རྩ་བ་ཅན་ཡིན་ཞིང་བྱ་བའི་རྩོད་པའི་རྩ་བ་ནི་དེ་ཡིན་ནོ། །དགེ་སློང་དག་འགྱེད་པའི་རྩོད་པ་ནི་དགེ་བ་ཞེས་བརྗོད་པར་བྱ། མི་དགེ་བ་ཞེས་
བརྗོད་པར་བྱ། ལུང་དུ་མ་བསྟན་པ་ཞེས་བརྗོད་པར་བྱ་སྟེ། དགེ་བ་གང་ཞེ་ན། དགེ་འདུན་དོན་སྒྲུབ་ཅིང་དོན་སེམས་ལ། དགེ་བའི་དོན་སྒྲུབ་ཅིང་དགེ་བ་སེམས་པའི་དོན་སྣ་ཚོགས་སུ་སྨྲ་བ། འགལ་བར་སྨྲ་བ། རིགས་མི་མཐུན་པར་སྨྲ་བ་གང་ཡིན་པ་དེ་ལས་བརྟེན་ཏེ་འཐབ་
པ་དང་། མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པ་གང་ཡིན་པ་འདི་ནི་དགེ་བ་ཡིན་ནོ། །མི་དགེ་བ་གང་ཞེ་ན། དགེ་འདུན་དོན་མི་སྒྲུབ་ཅིང་དོན་མི་སེམས་ལ། དགེ་བའི་དོན་མི་སྒྲུབ་ཅིང་དགེ་བ་མི་སེམས་པའི་དོན་སྣ་ཚོགས་སུ་སྨྲ་བ། འགལ་བར་སྨྲ་བ། རིགས་
མི་འཐུན་པར་སྨྲ་བ་གང་ཡིན་པ་དེ་ལས་བརྟེན་ནས་འཐབ་པ་དང་། མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པ་གང་ཡིན་པ་དེ་ནི་མི་དགེ་བ་ཡིན་ནོ། །ལུང་དུ་མ་བསྟན་པ་གང་ཞེ་ན། དགེ་འདུན་དོན་སྒྲུབ་པ་ཡང་མ་ཡིན། དོན་མ་ཡིན་པ་སྒྲུབ་པ་ཡང་མ་ཡིན་ཞིང་དོན་སེམས་
པ་ཡང་མ་ཡིན། དོན་མ་ཡིན་པ་སེམས་པ་ཡང་མ་ཡིན་ལ། དགེ་བའི་དོན་སྒྲུབ་པ་ཡང་མ་ཡིན། མི་དགེ་བའི་དོན་སྒྲུབ་པ་ཡང་མ་ཡིན་ཞིང་དགེ་བ་སེམས་པ་ཡང་མ་ཡིན། མི་དགེ་བ་སེམས་པ་ཡང་མ་ཡིན་པའི་སྣ་ཚོགས་སུ་སྨྲ་བ། འགལ་བར་སྨྲ་བ། རིགས་མི་

མཐུན་པར་སྨྲ་བ་གང་ཡིན་པ་དེ་ལས་བརྟེན་ནས་འཐབ་པ་དང་། མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པ་གང་ཡིན་པ་འདི་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །གདམས་ངག་མེད་པའི་རྩོད་པ་ནི་དགེ་བ་ཞེས་བརྗོད་པར་བྱ། མི་དགེ་བ་ཞེས་བརྗོད་པར་བྱ། ལུང་དུ་མ་བསྟན་པ་ཞེས་
བརྗོད་པར་བྱ་སྟེ། དགེ་བ་གང་ཞེ་ན། དགེ་འདུན་དོན་སྒྲུབ་ཅིང་དོན་སེམས་ལ། དགེ་བའི་དོན་སྒྲུབ་ཅིང་དགེ་བའི་དོན་སེམས་པའི་གདམས་ངག་མི་ལེན་པ་དང་། གདམས་ངག་མི་སྦྱིན་པ་དང་། གདམས་ངག་འཇོག་པ་གང་ཡིན་པ་དེ་ལས་བརྟེན་ཏེ་འཐབ་པ་དང་། མཚང་འདྲུ་བ་
དང་། འཐབ་མོ་དང་། འགྱེད་པ་གང་ཡིན་པ་འདི་ནི་དགེ་བ་ཡིན་ནོ། །མི་དགེ་བ་གང་ཞེ་ན། དགེ་འདུན་དོན་མི་སྒྲུབ་ཅིང་དོན་མི་སེམས་ལ། དགེ་བའི་དོན་མི་སྒྲུབ་ཅིང་དགེ་བ་མི་སེམས་པའི་གདམས་ངག་མི་ལེན་པ་དང་། གདམས་ངག་མི་སྦྱིན་པ་དང་། གདམས་ངག་འཇོག་པ་
གང་ཡིན་པ་དེ་ལས་བརྟེན་ཏེ་འཐབ་པ་དང་། མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པ་གང་ཡིན་པ་འདི་ནི་མི་དགེ་བ་ཡིན་ནོ། །ལུང་དུ་མ་བསྟན་པ་གང་ཞེ་ན། དགེ་འདུན་དོན་སྒྲུབ་པ་ཡང་མ་ཡིན། དོན་མ་ཡིན་པ་སྒྲུབ་པ་ཡང་མ་ཡིན་ཞིང་དོན་སེམས་པ་ཡང་མ་ཡིན།
དོན་མ་ཡིན་པ་སེམས་པ་ཡང་མ་ཡིན་ལ། དགེ་བའི་དོན་སྒྲུབ་པ་ཡང་མ་ཡིན། མི་དགེ་བའི་དོན་སྒྲུབ་པ་ཡང་མ་ཡིན་ཞིང་། དགེ་བ་སེམས་པ་ཡང་མ་ཡིན། མི་དགེ་བ་སེམས་པ་ཡང་མ་ཡིན་པའི་གདམས་ངག་མི་ལེན་པ་དང་། གདམས་ངག་མི་སྦྱིན་པ་དང་། གདམས་ངག་
འཇོག་པ་གང་ཡིན་པ་དེ་ལ་ས་བརྟེན་ནས་འཐབ་པ་དང་། མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པ་གང་ཡིན་པ་འདི་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །ལྟུང་བའི་རྩོད་པ་ནི་མི་དགེ་བ་ཞེས་བརྗོད་པར་བྱ། ལུང་དུ་མ་བསྟན་པ་ཞེས་བརྗོད་པར་བྱ་སྟེ། མི་དགེ་བ་གང་ཞེ་ན།
སངས་རྒྱས་ཀྱིས་བསླབ་པ་བཅས་པ་དང་། དགེ་འདུན་གྱིས་ཁྲིམས་སུ་བཅས་པ་ལས་ཆེད་དུ་བསམས་ཏེ་འདས་པ་གང་ཡིན་པ་འདི་ནི་མི་དགེ་བ་ཡིན་ནོ། །ལུང་དུ་མ་བསྟན་པ་གང་ཞེ་ན། སངས་རྒྱས་ཀྱིས་བསླབ་པ་བཅས་པ་དང་། དགེ་འདུན་གྱིས་ཁྲིམས་སུ་བཅས་པ་ལས་

ཆེད་དུ་མ་བསམས་པར་འདས་པ་གང་ཡིན་པ་འདི་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །བྱ་བའི་རྩོད་པ་ནི་དགེ་བ་ཞེས་བརྗོད་པར་བྱ། མི་དགེ་བ་ཞེས་བརྗོད་པར་བྱ། ལུང་དུ་མ་བསྟན་པ་ཞེས་བརྗོད་པར་བྱ་སྟེ། དགེ་བ་གང་ཞེ་ན། དགེ་འདུན་དོན་སྒྲུབ་ཅིང་དོན་སེམས་
ལ། དགེ་བའི་དོན་སྒྲུབ་ཅིང་དགེ་བ་སེམས་པའི་གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་གང་ཡིན་པ་དེ་ལས་བརྟེན་ཏེ་འཐབ་པ་དང་། མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པ་གང་ཡིན་པ་འདི་ནི་དགེ་བ་ཡིན་ནོ། །མི་དགེ་བ་གང་ཞེ་ན།
དགེ་འདུན་དོན་མི་སྒྲུབ་ཅིང་དོན་མི་སེམས་ལ། དགེ་བའི་དོན་མི་སྒྲུབ་ཅིང་དགེ་བ་མི་སེམས་པའི་གསོལ་པ་དང་གསོལ་བ་དང་གཉིས་དང་། གསོལ་པ་དང་བཞིའི་ལས་གང་ཡིན་པ་དེ་ལས་བརྟེན་ཏེ་འཐབ་པ་དང་། མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པ་གང་ཡིན་པ་འདི་
ནི་མི་དགེ་བ་ཡིན་ནོ། །ལུང་དུ་མ་བསྟན་པ་གང་ཞེ་ན། དགེ་འདུན་དོན་སྒྲུབ་པ་ཡང་མ་ཡིན། དོན་མ་ཡིན་པ་སྒྲུབ་པ་ཡང་མ་ཡིན་ཞིང་། དོན་སེམས་པ་ཡང་མ་ཡིན། དོན་མ་ཡིན་པ་སེམས་པ་ཡང་མ་ཡིན་ལ། དགེ་བའི་དོན་སྒྲུབ་པ་ཡང་མ་ཡིན། མི་དགེ་བའི་དོན་སྒྲུབ་པ་
ཡང་མ་ཡིན་ཞིང་དགེ་བ་སེམས་པ་ཡང་མ་ཡིན་ལ། མི་དགེ་བ་སེམས་པ་ཡང་མ་ཡིན་པའི་འཐབ་པ་དང་། མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པ་གང་ཡིན་པ་འདི་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །འགྱེད་པ་གང་ཡིན་པ་དེ་རྩོད་པ་ལགས་ལ་རྩོད་པ་གང་ལགས་པ་དེ་འགྱེད་
པ་ལགས་སམ། བཀའ་སྩལ་པ། འགྱེད་པ་ཡིན་ལ་རྩོད་པ་མ་ཡིན་པ་ཡང་ཡོད། །རྩོད་པ་ཡིན་ལ་འགྱེད་པ་མ་ཡིན་པ་ཡང་ཡོད། འགྱེད་པ་ཡང་ཡིན་རྩོད་པ་ཡང་ཡིན་པ་ཡང་ཡོད། འགྱེད་པ་ཡང་མ་ཡིན་རྩོད་པ་ཡང་མ་ཡིན་པ་ཡང་ཡོད་དོ། །རེ་ཞིག་འགྱེད་པ་ཡིན་
ལ་རྩོད་པ་མ་ཡིན་པ་ནི། དགེ་འདུན་སྣ་ཚོགས་སུ་སྨྲ་བ། འགལ་བར་སྨྲ་བ། རིགས་མི་མཐུན་པར་སྨྲ་བ་གང་ཡིན་པའོ། །རྩོད་པ་ཡིན་ལ་འགྱེད་པ་མ་ཡིན་པ་ནི་རྩོད་པ་གསུམ་པོ་གདམས་ངག་མེད་པའི་རྩོད་པ་དང་། བྱ་བའི་རྩོད་པ་དང་། ལྟུང་བའི་རྩོད་པའོ། །རྩོད་

པ་ཡང་ཡིན་ལ་འགྱེད་པ་ཡང་ཡིན་པ་ནི་དགེ་འདུན་སྣ་ཚོགས་སུ་སྨྲ་བ། འགལ་བར་སྨྲ་བ། རིགས་མི་འཕྲོད་པར་སྨྲ་བ། མི་མཐུན་པ་ཀུན་དུ་མི་དགའ་བ། རྒྱུད་གཅིག་ཏུ་མ་གྱུར་པ་གང་ཡིན་པ་དེ་ལས་བརྟེན་ཏེ་འཐབ་པ་དང་། མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པ་གང་
ཡིན་པའོ། །འགྱེད་པ་ཡང་མ་ཡིན་རྩོད་པ་ཡང་མ་ཡིན་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །གདམས་ངག་མ་མཆིས་པ་གང་ལགས་པ་དེ་རྩོད་པ་ལགས་ལ། རྩོད་པ་གང་ལགས་པ་དེ་གདམས་ངག་མ་མཆིས་པ་ལགས་སམ། བཀའ་སྩལ་པ། གདམས་ངག་མེད་
པ་ཡིན་ལ་རྩོད་པ་མ་ཡིན་པ་ཡང་ཡོད། རྩོད་པ་ཡིན་ལ་གདམས་ངག་མེད་པ་མ་ཡིན་པ་ཡང་ཡོད། གདམས་ངག་མེད་པ་ཡང་ཡིན་ལ་རྩོད་པ་ཡང་ཡིན་པ་ཡང་ཡོད། གདམས་ངག་མེད་པ་ཡང་མ་ཡིན་ལ་རྩོད་པ་ཡང་མ་ཡིན་པ་ཡང་ཡོད་དོ། །རེ་ཞིག་གདམས་ངག་
མེད་པ་ཡིན་ལ་རྩོད་པ་མ་ཡིན་པ་ནི་དགེ་འདུན་གདམས་ངག་མི་ལེན་པ་དང་། གདམས་ངག་མི་སྦྱིན་པ་དང་། གདམས་ངག་འཇོག་པ་གང་ཡིན་པའོ། །རྩོད་པ་ཡིན་པ་གདམས་ངག་མེད་པ་མ་ཡིན་པ་ནི་རྩོད་པ་གསུམ་པོ་འགྱེད་པའི་རྩོད་པ་དང་ལྟུང་བའི་རྩོད་པ་དང་། བྱ་བའི་
རྩོད་པའོ། །གདམས་ངག་མེད་པ་ཡང་ཡིན་ལ་རྩོད་པ་ཡང་ཡིན་པ་ནི་དགེ་འདུན་གདམས་ངག་མི་ལེན་པ་དང་། གདམས་ངག་མི་སྦྱིན་པ་དང་། གདམས་ངག་འཇོག་པ་གང་ཡིན་པ་དེ་ལས་བརྟེན་ཏེ་འཐབ་པ་དང་། མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པ་གང་ཡིན་པའོ། །
གདམས་ངག་མེད་པ་ཡང་མ་ཡིན་ལ་རྩོད་པ་ཡང་མ་ཡིན་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །ལྟུང་བ་གང་ལགས་པ་དེ་རྩོད་པ་ལགས་ལ། རྩོད་པ་གང་ལགས་པ་དེ་ལྟུང་བ་ལགས་སམ། བཀའ་སྩལ་པ། ལྟུང་བ་ཡིན་ལ་རྩོད་པ་མ་ཡིན་པ་ཡང་ཡོད། རྩོད་པ་ཡིན་ལ་ལྟུང་
བ་མ་ཡིན་པ་ཡང་ཡོད། ལྟུང་བ་ཡང་ཡིན་ལ་རྩོད་པ་ཡང་ཡིན་པ་ཡང་ཡོད། ལྟུང་བ་ཡང་མ་ཡིན་ལ་རྩོད་པ་ཡང་མ་ཡིན་པ་ཡང་ཡོད་དོ། །རེ་ཞིག་ལྟུང་བ་ཡིན་ལ་རྩོད་པ་མ་ཡིན་པ་ནི་ལྟུང་བ་རིས་ལྔ་ནི་ལྟུ་བའི་རིས་དང་། ལྟུང་བའི་ཕུང་པོ་ཞེས་པ་སྟེ། ཕས་ཕམ་པ་དང་། དགེ་

འདུན་ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་ཡིན་ནོ། །རྩོད་པ་ཡིན་ལ་ལྟུང་བ་མ་ཡིན་པ་ནི་རྩོད་པ་གསུམ་པོ་འགྱེད་པའི་རྩོད་པ་དང་གདམས་ངག་མེད་པའི་རྩོད་པ་དང་། བྱ་བའི་རྩོད་པའོ། །ལྟུང་བ་ཡང་ཡིན་ལ་རྩོད་པ་ཡང་ཡིན་
པ་ནི་ལྟུང་བའི་རིས་ལྔ་པོ་ནི་ལྟུང་བའི་རིས་དང་། ལྟུང་བའི་ཕུང་པོ་ཞེས་བྱ་སྟེ། ཕས་ཕམ་པ་དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་གང་ཡིན་པ་དེ་ལས་བརྟེན་ཏེ་འཐབ་པ་དང་། མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པ་
གང་ཡིན་པའོ། །ལྟུང་བ་ཡང་མ་ཡིན་ལ་རྩོད་པ་ཡང་མ་ཡིན་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །བྱ་བ་གང་ལགས་པ་དེ་རྩོད་པ་ལགས་ལ། རྩོད་པ་གང་ལགས་པ་དེ་ཡང་བྱ་བ་ལགས་སམ། བཀའ་སྩལ་པ། བྱ་བ་ཡིན་ལ་རྩོད་པ་མ་ཡིན་པ་ཡང་ཡོད། རྩོད་པ་ཡིན་ལ་བྱ་
བ་མ་ཡིན་པ་ཡང་ཡོད། བྱ་བ་ཡང་ཡིན་ལ་རྩོད་པ་ཡང་ཡིན་པ་ཡང་ཡོད། བྱ་བ་ཡང་མ་ཡིན་ལ་རྩོད་པ་ཡང་མ་ཡིན་པ་ཡང་ཡོད་དོ། །རེ་ཞིག་བྱ་བ་ཡིན་ལ་རྩོད་པ་མ་ཡིན་པ་ནི་དགེ་འདུན་གྱི་གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་གང་ཡིན་
པའོ། །རྩོད་པ་ཡིན་ལ་བྱ་བ་མ་ཡིན་པ་ནི་རྩོད་པ་གསུམ་པོ་འགྱེད་པའི་རྩོད་པ་དང་། གདམས་ངག་མེད་པའི་རྩོད་པ་དང་། ལྟུང་བའི་རྩོད་པའོ། །བྱ་བ་ཡང་ཡིན་ལ་རྩོད་པ་ཡང་ཡིན་པ་ནི་དགེ་འདུན་གྱི་བྱ་བ་གསོལ་པ་དང་། གསོལ་བ་དང་གཉིས་དང་། གསོལ་པ་དང་
བཞིའི་ལས་གང་ཡིན་པ་དེ་ལས་བརྟེན་ཏེ་འཐབ་པ་དང་། མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པ་གང་ཡིན་པའོ། །བྱ་བ་ཡང་མ་ཡིན་ལ་རྩོད་པ་ཡང་མ་ཡིན་པ་ནི་རྣམ་པ་དེ་དག་མ་གཏོགས་པའོ། །དགེ་སློང་དག་འགྱེད་པའི་རྩོད་པ་ལ་རྩོད་པ་ཞི་བར་བྱེད་
པའི་ཆོས་དུ་ཞིག་གིས་འདུལ་བར་བྱ། ཞི་བར་བྱ། ཉེ་བར་ཞི་བར་བྱ་ཞེ་ན། བཀའ་སྩལ་པ། གཉིས་ཀྱིས་ཏེ། མངོན་སུམ་དུ་འདུལ་བར་འོས་པ་དང་། གང་ཡང་ཚུལ་ཤིང་མང་པོ་བླང་བས་སོ། །མངོན་སུམ་དུ་འདུལ་བ་ནི་ཇི་ལྟར་རྩོད་པ་ཞི་བར་བྱེད་པ་ཡིན། ཇི་ལྟར་ན་འདི་ན་ཁ་

ཅིག་གི་རྩོད་པ་རྣམས་འདི་ལྟ་སྟེ་མངོན་སུམ་དུ་འདུལ་བར་འོས་པའི་རྩོད་པ་ཞི་བར་བྱེད་པས་འདུལ་བ་དང་། ཞི་བ་དང་། ཉེ་བར་ཞི་བར་བྱེད་པ་ཡིན་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་དབྱར་བཞུགས་
པར་ཞལ་གྱིས་བཞེས་སོ། །དེའི་ཚེ་དགེ་སློང་རབ་ཏུ་མང་པོ་དག་ལྗོངས་ཤིག་ཏུ་དབྱར་གནས་པར་དམ་བཅས་པ་ལས་དེ་རྣམས་དབྱར་གྱི་ནང་ལོགས་སུ་འཐབ་པ་དང་། མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པ་བྱུང་ནས། དེ་རྣམས་ཀྱིས་རྩོད་པ་དེ་ཚེ་དང་ལྡན་པ་ཤཱ་རིའི་བུ་
དང་། མཽད་གལ་གྱི་བུ་ལ་གཏད་པ་དང་། དེ་གཉིས་ཀྱིས་སྟོན་པའི་བསྟན་པའི་ཆོས་འདུལ་བས་རྩོད་པ་ཞི་བར་བྱས་སོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་ལྗོངས་སུ་དབྱར་གནས་པའི་དབྱར་གྱི་ཟླ་བ་གསུམ་པོ་དག་འདས་པ་དང་། ཆོས་གོས་བྱས་པ་དང་ལྡན། ཆོས་གོས་
ཟིན་པ་དང་ལྡན་ནས་ལྷུང་བཟེད་དང་ཆོས་གོས་བླངས་ཏེ་མཉན་ཡོད་གང་ན་བ་དེར་རྒྱུ་ཞིང་དོང་ནས། རིམ་གྱིས་རྒྱུ་ཞིང་དོང་བ་དང་མཉན་ཡོད་དུ་ཕྱིན་ཏོ། །དེ་ནས་དགེ་སློང་རབ་ཏུ་མང་པོས་ལྷུང་བཟེད་དང་ཆོས་གོས་མཁོས་སུ་ཕབ་ནས་རྐང་པ་བཀྲུས་ཏེ། བཅོམ་ལྡན་འདས་
གང་ན་བ་དེར་དོང་ནས་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཆོས་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བློ་བུར་པའི་དགེ་སློང་རྣམས་ལ་སོ་སོར་ཡང་དག་པར་དགའ་བར་མཛད་པ་འདིས་
སོ་སོར་ཡང་དག་པར་དགའ་བར་མཛད་པ་ཡིན་པས། བཅོམ་ལྡན་འདས་ཀྱིས་སོ་སོར་ཡང་དག་པར་དགའ་བར་མཛད་པས་དགེ་སློང་རབ་ཏུ་མང་པོ་ལ་ཀྱེ་དགེ་སློང་དག་ཁྱེད་ཅག་གང་ནས་འདིར་འོངས། གང་དུ་ཁྱེད་ཅག་དབྱར་གནས། བཙུན་པ་བདག་ཅག་ནི་ལྗོངས་
ཤིག་ནས་འདིར་མཆིས་ཏེ། ལྗོངས་ཤིག་ན་བདག་ཅག་དབྱར་གནས་ལགས་སོ། །དགེ་སློང་དག་ཁྱེད་ཅག་ཇི་ག་ལྗོངས་སུ་བདེ་བ་ལ་རེག་པར་དབྱར་གནས་སམ། ཁྱེད་བསོད་སྙོམས་ཀྱིས་ཕོངས་པར་མ་གྱུར་ཏམ། བཙུན་པ་མེད་པར་བདག་ཅག་ལྗོངས་སུ་བདེ་

བ་ལ་རེག་པར་གནས་པས་དབྱར་གནས་ཤིང་བདག་ཅག་བསོད་སྙོམས་ཀྱིས་ཀྱང་ཕོངས་པར་མ་གྱུར་ཏོ། །དེ་ལྟ་ལགས་མོད་ཀྱི་བདག་ཅག་དབྱར་གྱི་ནང་ལོགས་སུ་འཐབ་པ་དང་། མཚང་འདྲུ་བ་དང་། འཐབ་མོ་དང་། འགྱེད་པ་བྱུང་ནས་བདག་ཅག་གིས་
རྩོད་པ་དེ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ལ་གཏད་པ་དང་། དེ་གཉིས་ཀྱིས་སྟོན་པའི་བསྟན་པ་ཆོས་འདུལ་བས་རྩོད་པ་དེ་ཞི་བར་བགྱིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། ཀྱེ་མའོ་ངའི་ཉན་ཐོས་སྐམ་ལ་གནས་པ་དག་གིས་ནི་སྟོན་པའི་བསྟན་པ་ཆོས་
འདུལ་བས་རྩོད་པ་སྐྱེས་ཤིང་བྱུང་བ་ཞི་བར་ནུས་སོ་སྙམ་ནས། དགེ་སློང་དག་དེ་ལྟ་བས་ན་སྐམ་ལ་གནས་པའི་དགེ་སློང་རྣམས་ཀྱིས་སྟོན་པའི་བསྟན་པ་ཆོས་འདུལ་བས་རྩོད་པ་སྐྱེས་ཤིང་བྱུང་བ་ཞི་བར་བྱའོ། །དགེ་སློང་རྣམས་ཀྱིས་སྐམ་ལ་གནས་པ་དང་དུ་ཡིན་པ་མ་ཤེས་ནས་བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། གང་དག་དགེ་འདུན་ལ་མི་ལྟོས་པར་རྩོད་པ་སྐྱེས་ཤིང་བྱུང་བ་ཞི་བར་ནུས་པའོ། །དེ་ཡང་གསུམ་སྟེ། སྐམ་ལ་གནས་པ་ལུས་ཀྱིས་བསྡམས་པ་མ་ཡིན་ཞིང་ངག་གིས་ཀྱང་མ་ཡིན་པ་ཡང་ཡོད། ལུས་ཀྱིས་བསྡམས་ལ་ངག་གིས་མ་
ཡིན་པ་ཡང་ཡོད། ལུས་དང་ངག་གིས་བསྡམས་པ་ཡང་ཡོད་དོ། །ལུས་ཀྱིས་བསྡམས་པ་མ་ཡིན་ཞིང་ངག་གིས་ཀྱང་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། སྐམ་ལ་གནས་པ་དགེ་སློང་འཐབ་པར་གྱུར། མཚང་འདྲུ་བར་གྱུར། འཐབ་མོ་བྱུང་། འགྱེད་པར་གྱུར་
ནས་ཕྱོགས་དང་ཕྱོགས་གཞན་དུ་གནས་པ་རྣམས་ཀྱི་དྲུང་དུ་བདག་ཉིད་སོང་ནས་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ལེགས་སོ། །རྩོད་པ་འདི་ནི་ལེགས་པར་བཟུང་བ་ཡིན་གྱི་ཉེས་པར་བཟུང་བ་མ་ཡིན། ལེགས་པར་སྦྱར་བ་ཡིན་གྱི་ཉེས་པར་སྦྱར་བ་མ་ཡིན། ལེགས་པར་
བརྟགས་པ་ཡིན་གྱི་ཉེས་པར་བརྟགས་པ་མ་ཡིན་པས་འདི་དང་འདི་ནི་སྨྲོས་ཤིག །འདི་དང་འདི་ནི་མ་སྨྲ་ཤིག །ཚེ་དང་ལྡན་པ་དག་ཕ་རོལ་པོ་དག་ཆོམ་ཤིག །ཕ་རོལ་པོ་དག་གིས་ཆོམས་ས་རེ། བདག་ནི་ཚེ་དང་ལྡན་པ་དག་གི་ཕྱོགས་དང་དཔུང་དང་གྲོགས་

བྱེད་པ་ཡིན་ནོ་ཞེས་སྨྲ་ཞིང་། ཕྱོགས་ཅིག་ཤོས་ཀྱི་དྲུང་དུ་ཡང་བདག་ཉིད་སོང་ནས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་ལེགས་སོ། །རྩོད་པ་འདི་ནི་ལེགས་པར་བཟུང་བ་ཡིན་གྱི་ཉེས་པར་བཟུང་བ་མ་ཡིན། ལེགས་པར་སྦྱར་བ་ཡིན་གྱི་ཉེས་པར་སྦྱར་བ་མ་ཡིན། ལེགས་པར་
བརྟགས་པ་ཡིན་གྱི་ཉེས་པར་བརྟགས་པ་མ་ཡིན་པས་འདི་དང་འདི་ནི་སྨྲོས་ཤིག །འདི་དང་འདི་ནི་མ་སྨྲ་ཤིག །ཚེ་དང་ལྡན་པ་དག་གིས་ཕ་རོལ་པོ་དག་ཆོམ་ཤིག །ཕ་རོལ་པོ་དག་གིས་ཆོམས་ས་རེ། བདག་ནི་ཚེ་དང་ལྡན་པ་དག་གི་ཕྱོགས་དང་། དཔུང་དང་། གྲོགས་
ཡིན་ནོ་ཞེས་སྨྲ་བ་སྟེ། འདི་ནི་སྐམ་ལ་གནས་པ་ལུས་ཀྱིས་བསྡམས་པ་མ་ཡིན་ཞིང་ངག་གིས་ཀྱང་མ་ཡིན་པའོ། །སྐམ་ལ་གནས་པ་ལུས་ཀྱིས་བསྡམས་ལ་ངག་གིས་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། སྐམ་ལ་གནས་པའི་དགེ་སློང་འཐབ་པར་གྱུར། མཚང་འདྲུ་བར་གྱུར།
འཐབ་མོ་བྱུང་། འགྱེད་པར་གྱུར་ནས་གནས་ཤིང་ཕྱོགས་དང་ཕྱོགས་གཞན་དུ་གནས་པ་རྣམས་ཀྱིས་ཕྱོགས་གཅིག་ཏུ་བདག་ཉིད་མི་འགྲོ་མོད་ཀྱི་ཕོ་ཉ་བཏང་ནས་ཚེ་དང་ལྡན་པ་དག་ལེགས་སོ། །རྩོད་པ་འདི་ནི་ལེགས་པར་བཟུང་བ་ཡིན་གྱི་ཉེས་པར་བཟུང་བ་མ་ཡིན། ལེགས་
པར་སྦྱར་བ་ཡིན་གྱི་ཉེས་པར་སྦྱར་བ་མ་ཡིན། ལེགས་པར་བརྟགས་པ་ཡིན་གྱི་ཉེས་པར་བརྟགས་པ་ནི་མ་ཡིན་པས་འདི་དང་འདི་ནི་སྨྲོས་ཤིག །འདི་དང་འདི་ནི་མ་སྨྲ་ཤིག །ཚེ་དང་ལྡན་བདག་གིས་ཕ་རོལ་པོ་དག་ཆོམ་ཤིག །ཕ་རོལ་པོ་དག་གིས་ཆོམས་ས་རེ། བདག་ནི་ཚེ་དང་ལྡན་
པ་དག་གི་ཕྱོགས་དང་། དཔུང་དང་། གྲོགས་ཡིན་ནོ། །ཕྱོགས་ཅིག་ཤོས་སུ་ཡང་བདག་ཉིད་མི་འགྲོ་མོད་ཀྱི་ཕོ་ཉ་བཏང་ནས་ཚེ་དང་ལྡན་པ་དག་ལེགས་སོ། །རྩོད་པ་ནི་ལེགས་པར་བཟུང་བ་ཡིན་གྱི་ཉེས་པར་བཟུང་བ་མ་ཡིན། ལེགས་པར་སྦྱར་བ་ཡིན་གྱི་ཉེས་པར་སྦྱར་བ་མ་ཡིན།
ལེགས་པར་བརྟགས་པ་ཡིན་གྱི་ཉེས་པར་བརྟགས་པ་མ་ཡིན་པས་འདི་དང་འདི་ནི་སྨྲོས་ཤིག །འདི་དང་འདི་ནི་མ་སྨྲ་ཤིག །ཚེ་དང་ལྡན་པ་དག་གིས་ཕ་རོལ་པོ་དག་ཆོམ་ཤིག །ཕ་རོལ་པོ་དག་གིས་ཆོམས་ས་རེ། བདག་ནི་ཚེ་དང་ལྡན་པ་དག་གི་ཕྱོགས་དང་། དཔུང་དང་།

གྲོགས་ཡིན་ནོ་ཞེས་ཟེར་བ་སྟེ། འདི་ནི་སྐམ་ལ་གནས་པ་ལུས་ཀྱིས་བསྡམས་པ་ངག་གིས་མ་ཡིན་པ་ཡིན་ནོ། །སྐམ་ལ་གནས་པ་ལུས་དང་ངག་གིས་བསྡམས་པ་གང་ཞེ་ན། འདི་ལྟ་སྟེ། སྐམ་ལ་གནས་པ་དགེ་སློང་འཐབ་པར་གྱུར། མཚང་འདྲུ་བར་གྱུར།
འཐབ་མོ་བྱུང་། འགྱེད་པར་གྱུར་ནས་གནས་ཤིང་ཕྱོགས་གཞན་དང་གཞན་ལ་གནས་པ་རྣམས་ཀྱིས་ཕྱོགས་གཅིག་ཏུ་བདག་ཉིད་མི་འགྲོ་ཞིང་ཕོ་ཉ་ཡང་གཏོང་བར་མི་བྱེད་ལ། ཕྱོགས་ཅིག་ཤོས་སུ་ཡང་བདག་ཉིད་མི་འགྲོ་ཞིང་ཚིག་གིས་ཕོ་ཉ་ཡང་གཏོང་བར་མི་བྱེད་པའོ། །
དེ་ལ་སྐམ་ལ་གནས་པ་ལུས་ཀྱིས་བསྡམས་པ་མ་ཡིན་ཞིང་ངག་གིས་ཀྱང་མ་ཡིན་པ་གང་ཡིན་པ་དེ་ལྟ་བུའི་སྐམ་ལ་གནས་པ་ཡང་མ་བསྐོས་པ་ནི་བསྐོ་བར་མི་བྱའོ། །བསྐོས་པ་ནི་དབྱུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟ་བུ་སྐམ་ལ་གནས་པ་ལ་བརྟེན་ནས་དགེ་འདུན་ལ་རྩོད་
པ་མ་བྱུང་བ་རྣམས་ནི་འབྱུང་ལ། བྱུང་བ་རྣམས་ནི་སྟོན་པའི་བསྟན་པ་ཆོས་འདུལ་བས་མྱུར་དུ་ཞི་བར་མི་འགྱུར་རོ། །དེ་ལ་སྐམ་ལ་གནས་པ་ལུས་ཀྱིས་བསྡམས་ལ་ངག་གིས་མ་ཡིན་པ་གང་ཡིན་པ་དེ་ལྟ་བུའི་སྐམ་ལ་གནས་པ་ཡང་མ་བསྐོས་པ་ནི་བསྐོ་བར་མི་བྱའོ། །བསྐོས་པ་
ནི་དབྱུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟ་བུའི་སྐམ་ལ་གནས་པ་ལ་བརྟེན་ནས་ཀྱང་དགེ་འདུན་ལ་རྩོད་པ་མ་བྱུང་བ་རྣམས་ནི་འབྱུང་ལ། བྱུང་བ་རྣམས་ནི་སྟོན་པའི་བསྟན་པ་ཆོས་འདུལ་བས་མྱུར་དུ་ཞི་བར་མི་འགྱུར་རོ། །དེ་ལ་སྐམ་ལ་གནས་པ་ལུས་དང་ངག་གིས་བསྡམས་
པ་གང་ཡིན་པ་དེ་ལྟ་བུའི་སྐམ་ལ་གནས་པ་མ་བསྐོས་པ་ནི་བསྐོ་བར་བྱའོ། །བསྐོས་པ་ནི་དབྱུང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟ་བུའི་སྐམ་ལ་གནས་པ་ལ་བརྟེན་ནས་དགེ་འདུན་ལ་རྩོད་པ་མ་བྱུང་བ་རྣམས་ནི་མི་འབྱུང་ལ། བྱུང་བ་རྣམས་ནི་སྟོན་པའི་བསྟན་པ་ཆོས་འདུལ་བས་
མྱུར་དུ་ཞི་བར་འགྱུར་རོ། །དགེ་སློང་དག་དེ་ལྟ་བུའི་སྐོམ་ལ་གནས་པ་ནི་རྩོད་པ་ཞི་བར་བྱེད་པ་ཡིན་གྱི། གཞན་དག་ནི་མ་ཡིན་ནོ། །དེ་ལྟ་བུ་སྐམ་ལ་གནས་པ་རྣམས་ཀྱིས་རྩོད་པ་སྐྱེས་ཤིང་བྱུང་བ་ཞི་བར་བྱ་སྟེ། དེ་ལྟ་བུའི་སྐམ་ལ་གནས་པ་རྣམས་ཀྱིས་རྩོད་པ་ཞི་བར་བྱས་པ་ནི་མངོན་

སུམ་དག་པ་ཡིན་ནོ། །དེ་ལ་མངོན་སུམ་ཇི་ལྟ་བུ་ཞེ་ན། མངོན་སུམ་ནི་གཉིས་ཏེ། གང་ཟག་མངོན་སུམ་དང་། ཆོས་མངོན་སུམ་མོ། །གང་ཟག་མངོན་སུམ་གང་ཞེ་ན། གང་དག་གིས་རྩོད་པ་དེ་ཞི་བར་བྱེད་པ་དང་། གང་དག་གིས་རྩོད་པ་དེ་ཞི་བར་བྱ་བ་དེ་དག་ཐམས་ཅད་འདུས་
པར་གྱུར་ཅིང་མངོན་སུམ་དུ་གྱུར་པ་སྟེ། འདི་ནི་གང་ཟག་མངོན་སུམ་ཞེས་བྱའོ། །ཆོས་མངོན་སུམ་གང་ཞེ་ན། སྟོན་པའི་བསྟན་པ་གང་དང་། ཆོས་གང་དང་། འདུལ་བ་གང་དང་གང་གིས་རྩོད་པ་དེ་ཞི་བར་འགྱུར་བ་སྟོན་པའི་བསྟན་པ་དེ་དང་། ཆོས་དེ་དང་། འདུལ་བ་དེས་རྩོད་
པ་དེ་ཞི་བར་བྱེད་པ་འདི་ནི་ཆོས་མངོན་སུམ་ཞེས་བྱའོ། །གལ་ཏེ་དགེ་སློང་སྐམ་ལ་གནས་པ་དག་གིས་རྩོད་པ་དེ་ཞི་བར་བྱེད་མི་ནུས་ན་དེ་རྣམས་ཀྱིས་རྩོད་པ་དེ་དགེ་འདུན་ལ་གཏད་པར་བྱ་ཞིང་། དགེ་འདུན་གྱིས་སྟོན་པའི་བསྟན་པ་ཆོས་འདུལ་བས་རྩོད་པ་དེ་ཞི་བར་བྱའོ། །དགེ་
འདུན་གྱིས་སྟོན་པའི་བསྟན་པ་ཆོས་འདུལ་བས་རྩོད་པ་དེ་ཞི་བར་བྱས་ན་ལེགས་པར་ཞི་བར་བྱས་པའོ་ཞེས་བརྗོད་པར་བྱ་སྟེ། མངོན་སུམ་དག་པ་ཡིན་ནོ། །དེ་ལ་མངོན་སུམ་ཇི་ལྟ་བུ་ཡིན་ཞེ་ན། མངོན་སུམ་ནི་གསུམ་སྟེ། དགེ་འདུན་མངོན་སུམ་དང་། གང་ཟག་མངོན་སུམ་དང་། ཆོས་
མངོན་སུམ་མོ། །དགེ་འདུན་མངོན་སུམ་གང་ཞེ་ན། མཚམས་ན་གནས་པའི་དགེ་སློང་བྱ་བར་འོས་པ་ཇི་སྙེད་པ་དེ་དག་ཐམས་ཅད་འདུས་ཤིང་མངོན་སུམ་དུ་གྱུར་པ་དང་། འདུན་པ་བླང་བར་འོས་པ་རྣམས་ལས་འདུན་པ་བླངས་པ་དང་། དགེ་སློང་རྣམས་འདུས་ཤིང་མངོན་སུམ་དུ་
གྱུར་ཀྱང་མི་བཏུབ་ཅིང་གཤེ་བ་གང་དག་གིས་གཤེ་བར་འོས་པ་རྣམས་མི་བཏུབ་པ་མེད་ཅིང་མི་གཤེ་ལ་ལས་དག་བྱེད་པ་འདི་ནི་དགེ་འདུན་མངོན་སུམ་ཞེས་བྱའོ། །གང་ཟག་མངོན་སུམ་གང་ཞེ་ན། གང་དག་གིས་རྩོད་པ་དེ་ཞི་བར་བྱེད་པ་དང་། གང་དག་གི་རྩོད་པ་དེ་ཞི་བར་
བྱ་བ་དེ་ཐམས་ཅད་འདུས་ཤིང་མངོན་སུམ་དུ་གྱུར་པ་སྟེ། འདི་ནི་གང་ཟག་མངོན་སུམ་ཞེས་བྱའོ། །ཆོས་མངོན་སུམ་གང་ཞེ་ན། སྟོན་པའི་བསྟན་པ་གང་དང་། ཆོས་གང་དང་། འདུལ་བ་གང་གིས་རྩོད་པ་དེ་ཉེ་བར་ཞི་བར་འགྱུར་བའི་སྟོན་པའི་བསྟན་པ་དེ་དང་། ཆོས་

དེ་དང་། འདུལ་བ་དེས་རྩོད་པ་དེ་ཞི་བར་བྱེད་པ་འདི་ནི་ཆོས་མངོན་སུམ་ཞེས་བྱའོ། །གལ་ཏེ་དགེ་འདུན་གྱིས་རྩོད་པ་དེ་ཞི་བར་བྱ་མི་ནུས་ན་དེའི་འོག་ཏུ་དགེ་འདུན་གྱིས་དགེ་སློང་གསལ་བ་བཅུའམ་བཅུ་གཉིས་བསྐོ་བར་བྱའོ། །བསྐོ་བ་ནི་འདི་ལྟར་བྱ་སྟེ། གནས་
མལ་བཤམས་ནས་གཎྜཱི་བརྡུངས་ལ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་དང་། རེ་ཞིག་ཐོག་མར་སྤྲོ་བར་བྱ་སྟེ། སངས་རྒྱས་སྐྱོང་དང་། ཆོས་སྦྱིན་དང་། དགེ་འདུན་སྡེ་ཁྱོད་གསལ་བ་ཡིན་ན་
མཚམས་ཀྱི་ཕྱི་ལོགས་སུ་དོང་ནས་དགེ་འདུན་གྱི་རྩོད་པ་ཞི་བར་སྤྲོའམ། གལ་ཏེ་སྤྲོ་བར་གྱུར་ན་དེ་རྣམས་ཀྱིས་སྤྲོའོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། སངས་རྒྱས་སྐྱོང་དང་།
ཆོས་སྦྱིན་དང་། དགེ་འདུན་སྡེ་འདི་རྣམས་གསལ་བ་ལགས་ཏེ་མཚམས་ཀྱི་སླད་རོལ་དུ་མཆིས་ནས་དགེ་འདུན་གྱི་རྩོད་པ་ཞི་བར་བགྱི་བར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟར་དགེ་འདུན་གྱིས་སངས་རྒྱས་
སྐྱོང་དང་། ཆོས་སྦྱིན་དང་། དགེ་འདུན་སྡེ་གསལ་བ་རྣམས་བསྐོས་ཏེ། སངས་རྒྱས་སྐྱོང་དང་། ཆོས་སྦྱིན་དང་། དགེ་འདུན་སྡེ་གསལ་བ་མཚམས་ཀྱི་སླད་རོལ་དུ་མཆིས་ནས་དགེ་འདུན་གྱི་རྩོད་པ་ཞི་བར་བགྱིད་པར་འགྱུར་རོ། །འདི་ནི་གསོལ་བའོ། །ལས་བྱ་བ་ནི།
དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། སངས་རྒྱས་སྐྱོང་དང་། ཆོས་སྦྱིན་དང་། དགེ་འདུན་སྡེ་འདི་རྣམས་གསལ་བ་ལགས་ཏེ་མཚམས་ཀྱི་སླད་རོལ་དུ་མཆིས་ནས་དགེ་འདུན་གྱི་རྩོད་པ་ཞི་བར་བགྱི་བར་སྤྲོ་ནས། དེའི་སླད་དུ་དགེ་འདུན་གྱིས་སངས་རྒྱས་སྐྱོང་དང་།
ཆོས་སྦྱིན་དང་། དགེ་འདུན་སྡེ་གསལ་བ་རྣམས་བསྐོས་ཏེ། སངས་རྒྱས་སྐྱོང་དང་། ཆོས་སྦྱིན་དང་། དགེ་འདུན་སྡེ་གསལ་བ་རྣམས་མཚམས་ཀྱི་སླད་རོལ་དུ་མཆིས་ནས་དགེ་འདུན་གྱི་རྩོད་པ་ཞི་བར་བགྱིད་ན། ཚེ་དང་ལྡན་པ་གང་དག་སངས་རྒྱས་སྐྱོང་དང་། ཆོས་སྦྱིན་དང་།

དགེ་འདུན་སྡེ་གསལ་བ་རྣམས་བསྐོས་ཏེ། སངས་རྒྱས་སྐྱོང་དང་། ཆོས་སྦྱིན་དང་། དགེ་འདུན་སྡེ་གསལ་བ་མཚམས་ཀྱི་སླད་རོལ་དུ་མཆིས་ནས་དགེ་འདུན་གྱི་རྩོད་པ་ཞི་བར་བགྱི་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །
དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་སངས་རྒྱས་སྐྱོང་དང་། ཆོས་སྦྱིན་དང་། དགེ་འདུན་སྡེ་གསལ་བ་དེ་རྣམས་མཚམས་ཀྱི་སླད་རོལ་དུ་མཆིས་ནས་དགེ་འདུན་ཀྱི་རྩོད་པ་ཞི་བར་བགྱི་བར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་
ཏོ། །གསལ་བ་རྣམས་ཀྱིས་སྟོན་པའི་བསྟན་པ་ཆོས་འདུལ་བས་རྩོད་པ་དེ་ཞི་བར་བྱའོ། །གསལ་བ་རྣམས་ཀྱིས་སྟོན་པའི་བསྟན་པ་ཆོས་འདུལ་བས་རྩོད་པ་དེ་ཞི་བར་བྱས་ན་ལེགས་པར་ཞི་བར་བྱས་པར་བརྗོད་པར་བྱ་སྟེ། མངོན་སུམ་དག་པ་ཡིན་ནོ། །དེ་ལ་མངོན་སུམ་དག་
པ་ཇི་ལྟ་བུ་ཞེ་ན། མངོན་སུམ་ནི་གཉིས་ཏེ། གང་ཟག་མངོན་སུམ་དང་། ཆོས་མངོན་སུམ་མོ། །གང་ཟག་མངོན་སུམ་གང་ཞེ་ན། གང་དག་གིས་རྩོད་པ་དེ་ཞི་བར་བྱེད་པ་དང་། གང་དག་གི་རྩོད་པ་དེ་དག་ཞི་བར་བྱ་བ་དེ་ཐམས་ཅད་འདུས་ཤིང་མངོན་སུམ་དུ་གྱུར་པ་སྟེ།
འདི་ནི་གང་ཟག་མངོན་སུམ་ཞེས་བྱའོ། །ཆོས་མངོན་སུམ་གང་ཞེ་ན། སྟོན་པའི་བསྟན་པ་གང་དང་། ཆོས་གང་དང་། འདུལ་བ་གང་གིས་རྩོད་པ་དེ་ཞི་བར་འགྱུར་བའི་སྟོན་པའི་བསྟན་པ་དེ་དང་། ཆོས་དེ་དང་། འདུལ་བ་དེས་རྩོད་པ་དེ་ཞི་བར་བྱེད་པ་འདི་ནི་ཆོས་
མངོན་སུམ་ཞེས་བྱའོ། །གལ་ཏེ་དགེ་སློང་གསལ་བ་རྣམས་ཀྱིས་རྩོད་པ་དེ་ཞི་བར་མི་ནུས་ན་དེ་རྣམས་ཀྱིས་དགེ་སློང་གསལ་བ་བས་ཀྱང་གསལ་བ་བརྒྱད་དམ་དགུ་བསྐོ་བར་བྱ་སྟེ། གསལ་བ་བས་ཀྱང་གསལ་བ་རྣམས་ཀྱང་སྟོན་པའི་བསྟན་པ་ཆོས་འདུལ་བས་རྩོད་པ་དེ་
ཞི་བར་བྱའོ། །གསལ་བ་བས་ཀྱང་གསལ་བ་རྣམས་ཀྱིས་རྩོད་པ་དེ་ཞི་བར་བྱས་ན་ལེགས་པར་ཞི་བར་བྱས་པར་བརྗོད་པར་བྱའོ། །གལ་ཏེ་དགེ་སློང་གསལ་བ་བས་ཀྱང་གསལ་བ་རྣམས་ཀྱིས་རྩོད་པ་དེ་ཞི་བར་བྱ་མི་ནུས་ན་དེ་རྣམས་ཀྱིས་རྩོད་པ་དེ་དགེ་འདུན་ལ་གཏད་པར་

བྱའོ། །དེ་ནས་དགེ་འདུན་གྱིས་དགེ་སློང་རྩོད་པ་དེ་སྦེད་པ་བསྐོ་བར་བྱའོ། །ཆོས་ལྔ་དང་ལྡན་པའི་དགེ་སློང་རྩོད་པ་སྦེད་པ་མ་བསྐོས་པ་ནི་བསྐོ་བར་མི་བྱའོ། །བསྐོས་པ་ནི་དབྱུང་བར་བྱའོ། །ལྔ་གང་ཞེ་ན། འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་
དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དང་། རྩོད་པ་སྦོས་པ་དང་མ་སྦོས་པ་མི་ཤེས་པ་སྟེ། ཆོས་འདི་ལྔ་དང་ལྡན་པའི་དགེ་སློང་རྩོད་པ་སྦེད་པ་མ་བསྐོས་པ་ནི་བསྐོ་བར་མི་བྱའོ། །བསྐོས་པ་ནི་དབྱུང་བར་བྱའོ། །ཆོས་ལྔ་དང་ལྡན་པའི་དགེ་སློང་རྩོད་པ་སྦེད་པ་
མ་བསྐོས་པ་ནི་བསྐོ་བར་བྱའོ། །བསྐོས་པ་ནི་དབྱུང་བར་མི་བྱའོ། །ལྔ་གང་ཞེ་ན། འདུན་པས་མི་འགྲོ་བ་དང་། ཞེ་སྡང་གིས་མི་འགྲོ་བ་དང་། གཏི་མུག་གིས་མི་འགྲོ་བ་དང་། འཇིགས་པས་མི་འགྲོ་བ་དང་། རྩོད་པ་སྦོས་པ་དང་མ་སྦོས་པ་ཤེས་པ་སྟེ། ཆོས་འདི་ལྔ་དང་ལྡན་
པའི་དགེ་སློང་རྩོད་པ་སྦེད་པ་མ་བསྐོས་པ་ནི་བསྐོ་བར་བྱའོ། །བསྐོས་པ་ནི་དབྱུང་བར་མི་བྱའོ། །བསྐོ་བ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམས་ལ་གཎྜཱི་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་
པ་དང་། རེ་ཞིག་ཐོག་མར་སྤྲོ་བར་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་དགེ་འདུན་གྱི་རྩོད་པ་སྦེད་པ་སྤྲོའམ། གལ་ཏེ་སྤྲོ་ན་དེས་སྤྲོའོ་ཞེས་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། རྩོད་པ་སྦེད་པའི་
དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་རྩོད་པ་སྦེད་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་། བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟར་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་འདི་རྩོད་པ་སྦེད་པར་བསྐོས་ཏེ། རྩོད་པ་སྦེད་པའི་དགེ་སློང་
མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་རྩོད་པ་སྦེད་པར་འགྱུར་རོ། །འདི་ནི་གསོལ་བའོ། །ལས་བྱ་བ་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། རྩོད་པ་སྦེད་པའི་དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་རྩོད་པ་སྦེད་པར་སྤྲོ་ནས། དེའི་སླད་དུ་དགེ་འདུན་གྱིས་དགེ་

སློང་མིང་འདི་ཞེས་བགྱི་བ་རྩོད་པ་སྦེད་པར་བསྐོས་ཏེ། རྩོད་པ་སྦེད་པའི་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་རྩོད་པ་སྦེད་པར་བགྱི་ན། ཚེ་དང་ལྡན་པ་གང་དག་དགེ་སློང་མིང་འདི་ཞེས་བགྱི་བ་རྩོད་པ་སྦེད་པར་བསྐོས་ཏེ། རྩོད་པ་སྦེད་པའི་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་རྩོད་
པ་སྦེད་པར་བགྱི་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་རྩོད་པ་སྦེད་པ་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་རྩོད་པ་སྦེད་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་
དེ་དེ་བཞིན་དུ་འཛིན་ཏོ། །ངས་རྩོད་པ་སྦེད་པའི་དགེ་སློང་གི་ཀུན་ཏུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། རྩོད་པ་སྦེད་པའི་དགེ་སློང་གིས་རྩོད་པ་དེ་གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་ལ་གཏད་པར་བྱ་ཞིང་རྒན་རབས་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱ་སྟེ། དགེ་
འདུན་བཙུན་པ་རྣམས་གསན་དུ་གསོལ། རྩོད་པ་འདི་གནས་ག་གེ་མོ་ཞིག་ཏུ་གཞི་འདི་ལས་བྱུང་ནས་དུས་འདི་སྲིད་ཅིག་ལོན་ཏེ། རྩོད་པ་དེ་སྐམ་ལ་གནས་པའི་དགེ་སློང་རྣམས་ཀྱིས་ཞི་བར་བགྱི་བར་རྔོ་མ་ཐོག་ནས། དེ་རྣམས་ཀྱིས་དགེ་འདུན་ལ་གཏད་པ་ལས་དགེ་འདུན་གྱིས་ཀྱང་མ་
སྤྱོད་ནས། དེས་གསལ་བའི་དགེ་སློང་རྣམས་བསྐོས་པ་ལས་དགེ་སློང་གསལ་བ་རྣམས་ཀྱིས་རྔོ་མ་ཐོག་ནས། དེ་རྣམས་ཀྱིས་ཀྱང་དགེ་སློང་གསལ་བ་བས་ཀྱང་གསལ་བ་རྣམས་བསྐོས་པ་ལས་དགེ་སློང་གསལ་བ་བས་ཀྱང་གསལ་བ་དེ་རྣམས་ཀྱིས་ཀྱང་རྔོ་མ་ཐོག་ནས། དེ་རྣམས་ཀྱིས་
ཀྱང་དགེ་འདུན་ལ་གཏད་པ་དང་། དགེ་འདུན་གྱིས་ཀྱང་བདག་དགེ་སློང་མིང་འདི་ཞེས་བགྱི་བ་རྩོད་པ་སྦེད་པར་བསྐོས་ནས། བདག་དགེ་སློང་རྩོད་པ་སྦེད་པ་མིང་འདི་ཞེས་བགྱི་བས་རྩོད་པ་འདི་གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་ལ་དབུལ་གྱིས། དགེ་
འདུན་བཙུན་པ་རྣམས་ཀྱིས་འདི་ནས་བཟུང་སྟེ་རྩོད་པ་འདི་ཟླ་བ་དྲུག་གི་མཐའི་བར་གྱིས་ཞི་བར་མཛད་དུ་གསོལ། གནས་བརྟན་དང་བཅས་སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་གྱིས་སྟོན་པའི་བསྟན་པ་ཆོས་འདུལ་བས་རྩོད་པ་དེ་ཞི་བར་བྱའོ། །གནས་བརྟན་དང་བཅས། སོ་སོར་ཐར་

པ་དང་བཅས་པའི་དགེ་འདུན་གྱིས་སྟོན་པའི་བསྟན་པ་ཆོས་འདུལ་བས་རྩོད་པ་དེ་ཞི་བར་བྱས་ན་ལེགས་པར་ཞི་བར་བྱས་པར་བརྗོད་པར་བྱ་སྟེ། མངོན་སུམ་དག་པ་ཡིན་ནོ། །དེ་ལ་མངོན་སུམ་ཇི་ལྟ་བུ་ཞེ་ན། མངོན་སུམ་ནི་གསུམ་སྟེ། དགེ་འདུན་མངོན་སུམ་དང་། གང་ཟག་
མངོན་སུམ་དང་། ཆོས་མངོན་སུམ་མོ། །དགེ་འདུན་མངོན་སུམ་གང་ཞེ་ན། མཚམས་ན་གནས་པའི་དགེ་སློང་བྱ་བར་འོས་པ་ཇི་སྙེད་པ་དེ་དག་ཐམས་ཅད་འདུས་ཤིང་མངོན་སུམ་དུ་གྱུར་པ་དང་། འདུན་པ་བླང་བར་འོས་པ་རྣམས་ལ་འདུན་པ་བླངས་པ་དང་། དགེ་སློང་རྣམས་འདུས་ཤིང་མངོན་
སུམ་དུ་གྱུར་ཀྱང་མི་བཏུབ་ཅིང་གཤེ་བ་གང་དག་གི་གཤེ་བ་འོས་པ་རྣམས་མི་བཏུབ་པ་མེད་ཅིང་མི་གཤེ་ལ། ལས་དག་བྱེད་པ་འདི་ནི་དགེ་འདུན་མངོན་སུམ་ཞེས་བྱའོ། །གང་ཟག་མངོན་སུམ་གང་ཞེ་ན། གང་དག་གིས་རྩོད་པ་དེ་ཞི་བར་བྱེད་པ་དང་། གང་དག་གི་རྩོད་པ་དེ་ཞི་བར་བྱ་བ་དེ་དག་
ཐམས་ཅད་འདུས་ཤིང་མངོན་སུམ་དུ་གྱུར་པ་འདི་ནི་གང་ཟག་མངོན་སུམ་ཞེས་བྱའོ། །ཆོས་མངོན་སུམ་གང་ཞེ་ན། སྟོན་པའི་བསྟན་པ་གང་དང་། ཆོས་གང་དང་། འདུལ་བ་གང་གིས་རྩོད་པ་དེ་ཞི་བར་གྱུར་པའི་སྟོན་པའི་བསྟན་པ་དེ་དང་། ཆོས་དེ་དང་། འདུལ་བ་དེས་རྩོད་པ་དེ་ཞི་བར་
བྱེད་པ་འདི་ནི་ཆོས་མངོན་སུམ་ཞེས་བྱའོ། །གལ་ཏེ་གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་གྱིས་རྩོད་པ་དེ་ཞི་བར་བྱེད་མི་ནུས་ན་དེས་རྩོད་པ་དེ་རྩོད་པ་སྦེད་པའི་དགེ་སློང་ཉིད་ལ་གཏད་པར་བྱའོ། །རྩོད་པ་སྦེད་པའི་དགེ་སློང་གིས་མདོ་སྡེ་དང་། འདུལ་བ་དང་། མ་མོ་
འཛིན་པའི་དགེ་སློང་རྣམས་ལ་གཏད་པར་བྱ་ཞིང་རྒན་རིམས་ཇི་ལྟ་བ་བཞིན་ལ་བརྗོད་པར་བྱ་སྟེ། ཤེས་ལྡན་མདོ་སྡེ་དང་། འདུལ་བ་དང་། མ་མོ་འཛིན་པའི་དགེ་སློང་རྣམས་གསན་དུ་གསོལ། རྩོད་པ་འདི་ནི་གནས་ག་གེ་མོ་ཞིག་ཏུ་གཞི་འདི་ལས་བྱུང་ནས་དུས་འདི་སྲིད་ཅིག་ལོན་ཏེ།
རྩོད་པ་དེ་སྐམ་ལ་གནས་པའི་དགེ་སློང་རྣམས་ཀྱིས་ཞི་བར་བྱེད་མ་ནུས་ནས། དེ་རྣམས་ཀྱིས་དགེ་འདུན་ལ་གཏད་པ་ལས་དགེ་འདུན་གྱིས་ཀྱང་མ་སྤྱོད་ནས། དེས་ཀྱང་དགེ་སློང་གསལ་བ་རྣམས་བསྐོས་བ་ལས་དགེ་སློང་གསལ་བ་རྣམས་ཀྱིས་ཀྱང་མ་ནུས་ནས། དེ་རྣམས་ཀྱིས་ཀྱང་

དགེ་སློང་གསལ་བ་བས་ཀྱང་གསལ་བ་རྣམས་བསྐོས་པ་ལས་དགེ་སློང་གསལ་བ་བས་ཀྱང་གསལ་བ་རྣམས་ཀྱིས་ཀྱང་མ་ནུས་ནས། དེ་རྣམས་ཀྱིས་ཀྱང་དགེ་འདུན་ལ་གཏད་པ་དང་། དགེ་འདུན་གྱིས་བདག་དགེ་སློང་མིང་འདི་ཞེས་བགྱི་བ་རྩོད་པ་སྦེད་པར་བསྐོས་ཏེ། བདག་དགེ་
སློང་རྩོད་པ་སྦེད་པ་མིང་འདི་ཞེས་བགྱི་བས་རྩོད་པ་འདི་གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་ལ་གཏད་པ་ལས། གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་གྱིས་མ་སྤྱོད་ནས། བདག་དགེ་སློང་རྩོད་པ་སྦེད་པ་མིང་འདི་ཞེས་
བགྱི་བ་ལ་གཏད་དེ། བདག་དགེ་སློང་རྩོད་པ་སྦེད་པ་མིང་འདི་ཞེས་བགྱི་བས་རྩོད་པ་འདི་མདོ་སྡེ་དང་། འདུལ་བ་དང་། མ་མོ་འཛིན་པའི་དགེ་སློང་རྣམས་ལ་གཏད་ཀྱིས། ཤེས་ལྡན་མདོ་སྡེ་དང་། འདུལ་བ་དང་། མ་མོ་འཛིན་པའི་དགེ་སློང་རྣམས་ཀྱིས་འདི་ནས་བཟུང་སྟེ། རྩོད་
པ་འདི་ལོ་གཅིག་གི་མཐའི་བར་གྱིས་ཞི་བར་མཛོད་ཅིག །མདོ་སྡེ་དང་། འདུལ་བ་དང་། མ་མོ་འཛིན་པའི་དགེ་སློང་རྣམས་ཀྱིས་སྟོན་པའི་བསྟན་པ་ཆོས་འདུལ་བས་རྩོད་པ་དེ་ཞི་བར་བྱའོ། །མདོ་སྡེ་དང་། འདུལ་བ་དང་། མ་མོ་འཛིན་པའི་དགེ་སློང་རྣམས་ཀྱིས་རྩོད་པ་དེ་ཞི་བར་
བྱས་ན་ལེགས་པར་ཞི་བར་བྱས་པར་བརྗོད་པར་བྱ་སྟེ། མངོན་སུམ་དག་པ་ཡིན་ནོ། །དེ་ལ་མངོན་སུམ་ཇི་ལྟ་བུ་ཞེ་ན། མངོན་སུམ་ནི་གཉིས་ཏེ། གང་ཟག་མངོན་སུམ་དང་། ཆོས་མངོན་སུམ་མོ། །གང་ཟག་མངོན་སུམ་གང་ཞེ་ན། གང་དག་གིས་རྩོད་པ་དེ་ཞི་བར་བྱེད་པ་དང་།
གང་དག་གི་རྩོད་པ་ཞི་བར་བྱ་བ་དེ་ཐམས་ཅད་འདུས་ཤིང་མངོན་སུམ་དུ་གྱུར་པ་འདི་ནི་གང་ཟག་མངོན་སུམ་ཞེས་བྱའོ། །ཆོས་མངོན་སུམ་གང་ཞེ་ན། སྟོན་པའི་བསྟན་པ་གང་དང་། ཆོས་གང་དང་། འདུལ་བ་གང་གིས་རྩོད་པ་དེ་ཞི་བར་གྱུར་པའི་སྟོན་པའི་བསྟན་པ་དེ་དང་ཆོས་
དེ་དང་། འདུལ་བ་དེས་རྩོད་པ་དེ་ཞི་བར་བྱེད་པ་འདི་ནི་ཆོས་མངོན་སུམ་ཞེས་བྱའོ། །གལ་ཏེ་མདོ་སྡེ་དང་། འདུལ་བ་དང་། མ་མོ་འཛིན་པའི་དགེ་སློང་རྣམས་ཀྱིས་རྩོད་པ་དེ་ཞི་བར་བྱེད་མི་ནུས་ན་དེ་རྣམས་ཀྱིས་རྩོད་པ་སྦེད་པའི་དགེ་སློང་ཉིད་ལ་གཏད་པར་བྱའོ། །རྩོད་པ་སྦེད་པའི་དགེ་

སློང་གིས་གནས་གང་ན་དགེ་སློང་གནས་བརྟན་གནས་བརྟན་གང་ཡང་རུང་བའམ། ཤེས་ཉེན་ཅན་ཤེས་ཉེན་ཅན་གང་ཡང་རུང་བའམ། གཙོ་བོ་གཙོ་བོ་གང་ཡང་རུང་བ་ཡོད་པ་དེ་ལ་གཏད་པར་བྱ་ཞིང་རྒན་རིམས་ཇི་ལྟ་བ་བཞིན་ལ་བརྗོད་པར་བྱ་སྟེ། གནས་བརྟན་དག་གསོན་
ཅིག །རྩོད་པ་འདི་ནི་གནས་ག་གེ་མོ་ཞིག་ཏུ་གཞི་འདི་ལས་བྱུང་ནས་དུས་འདི་སྲིད་ཅིག་ལོན་ཏེ། རྩོད་པ་དེ་སྐམ་ལ་གནས་པའི་དགེ་སློང་རྣམས་ཀྱིས་ཞི་བར་བྱེད་མ་ནུས་ནས། དེ་རྣམས་ཀྱིས་དགེ་འདུན་ལ་གཏད་པ་དང་། དགེ་འདུན་གྱིས་ཀྱང་མ་སྤྱོད་ནས། དེས་ཀྱང་དགེ་སློང་གསལ་
བ་རྣམས་བསྐོས་པ་ལས་དགེ་སློང་གསལ་བ་རྣམས་ཀྱིས་ཀྱང་མ་ནུས་ནས། དེ་རྣམས་ཀྱིས་ཀྱང་དགེ་སློང་གསལ་བ་བས་ཀྱང་གསལ་བ་བསྐོས་པ་ལས་དགེ་སློང་གསལ་བ་བས་ཀྱང་གསལ་བ་རྣམས་ཀྱིས་ཀྱང་མ་ནུས་ནས། དེ་རྣམས་ཀྱིས་ཀྱང་དགེ་འདུན་ལ་གཏད་པ་ལས་དགེ་འདུན་
གྱིས་བདག་དགེ་སློང་མིང་འདི་ཞེས་བགྱི་བ་རྩོད་པ་སྦེད་པར་བསྐོས་ནས། བདག་དགེ་སློང་རྩོད་པ་སྦེད་པ་མིང་འདི་ཞེས་བགྱི་བས་རྩོད་པ་འདི་གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་པའི་དགེ་འདུན་ལ་གཏད་པ་ལས། གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་
པའི་དགེ་འདུན་གྱིས་ཞི་བར་མ་སྤྱོད་ནས། དེས་ཀྱང་བདག་དགེ་སློང་རྩོད་པ་སྦེད་པ་མིང་འདི་ཞེས་བགྱི་བ་ལ་གཏད་ནས། བདག་དགེ་སློང་རྩོད་པ་སྦེད་པ་མིང་འདི་ཞེས་བགྱི་བས་རྩོད་པ་འདི་མདོ་སྡེ་དང་། འདུལ་བ་དང་། མ་མོ་འཛིན་པའི་དགེ་སློང་རྣམས་ལ་གཏད་པ་དང་། མདོ་སྡེ་
དང་། འདུལ་བ་དང་། མ་མོ་འཛིན་པ་རྣམས་ཀྱིས་ཀྱང་མ་ནུས་ནས། དེ་རྣམས་ཀྱིས་ཀྱང་བདག་དགེ་སློང་རྩོད་པ་སྦེད་པ་མིང་འདི་ཞེས་བགྱི་བ་ལ་གཏད་ནས། བདག་དགེ་སློང་རྩོད་པ་སྦེད་པ་མིང་འདི་ཞེས་བགྱི་བས་རྩོད་པ་འདི་གནས་བརྟན་ལ་འབུལ་ན། གནས་བརྟན་གྱིས་འདི་
ནས་བཟུང་སྟེ། རྩོད་པ་འདི་ཇི་ཙམ་གྱིས་མཐར་ཕྱིན་གྱི་བར་དུ་ཞི་བར་མཛད་དུ་གསོལ་ཞེས་བརྗོད་པར་བྱའོ། །ངས་དགེ་སློང་གནས་བརྟན་གྱི་ཀུན་དུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། དགེ་སློང་གནས་བརྟན་གྱིས་རྒོལ་བ་དང་ཕྱིར་རྒོལ་བའི་དགེ་སློང་རྣམས་སོ་ཤིང་སྟོབས་ན་བདག་

གིར་མི་བྱ་སྟེ། བའི་ལྕི་བ་སྟོབས་ན་མ་ཡིན། འདག་འཆལ་སྟོབས་ན་མ་ཡིན་ཞིང་། གདོན་པ་དང་འདྲི་བ་ཡང་བྱེད་དུ་མི་གཞུག་སྟེ། གཞན་དུ་ན་མདུན་ནམ་རྒྱབ་ཏུ་འདུག་ནས་ཚིག་འདི་སྐད་ཅེས། ཚེ་དང་ལྡན་པ་དག་མ་འཐབ་ཤིག །མཚང་མ་འདྲུ་ཞིག །འཐབ་མོ་མ་བྱེད་
ཅིག །མ་འགྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་རྩོད་པ་ལ་གཉིས་ཀ་རྒྱལ་བ་མེད་ཀྱི། འོན་ཀྱང་གཅིག་རྒྱལ་གཅིག་ཕམ་པར་འགྱུར་རོ། །འགྱེད་པ་ལ་གཉིས་ཀ་རྒྱལ་བ་མེད་ཀྱི། འོན་ཀྱང་གཅིག་རྒྱལ་གཅིག་ཕམ་པར་འགྱུར་རོ་ཞེས་བྱ་ཞིང་། དགེ་སློང་གནས་བརྟན་
གྱིས་སྟོན་པའི་བསྟན་པ་ཆོས་འདུལ་བས་རྩོད་པ་དེ་ཞི་བར་བྱའོ། །དགེ་སློང་གནས་བརྟན་གྱིས་རྩོད་པ་དེ་ཞི་བར་བྱས་ན་ལེགས་པར་ཞི་བར་བྱས་པར་བརྗོད་པར་བྱའོ། །དགེ་སློང་དག་དེ་ལྟར་ན་མངོན་སུམ་དུ་འདུལ་བར་འོས་པ་ནི་རྩོད་པ་ཞི་བར་བྱེད་པ་ཡིན་ཞིང་། དེ་ལྟར་ཁ་ཅིག་གི་རྩོད་པ་རྣམས་འདི་
ལྟ་སྟེ། མངོན་སུམ་དུ་འདུལ་བར་འོས་པའི་རྩོད་པ་ཞི་བར་བྱེད་པས་འདུལ་བ་དང་། ཞི་བ་དང་། ཉེ་བར་ཞི་བ་ཡིན་ནོ། །དགེ་སློང་དག་གང་ཚུལ་ཤིང་མང་པོ་བླང་བའི་རྩོད་པ་ཞི་བར་བྱེད་པ་ཡིན། ཇི་ལྟར་ན་འདི་ན་ཁ་ཅིག་གི་རྩོད་པ་རྣམས་འདི་ལྟ་སྟེ། གང་ཚུལ་ཤིང་མང་པོ་བླང་བའི་
རྩོད་པ་ཞི་བར་བྱེད་པས་འདུལ་བ་དང་། ཞི་བ་དང་། ཉེ་བར་ཞི་བ་ཡིན་ཞེ་ན། སྐམ་ལ་གནས་པ་ནས་བཟུང་སྟེ་གནས་བརྟན་གྱི་བར་གོང་མ་བཞིན་དུ་སྟེ། གལ་ཏེ་དགེ་སློང་གནས་བརྟན་གྱིས་རྩོད་པ་དེ་ཞི་བར་བྱེད་མི་ནུས་ན་རྩོད་པ་དེ་རྩོད་པ་སྦེད་པའི་དགེ་སློང་དེ་ཉིད་ལ་གཏད་པར་བྱའོ། །
དེས་ཀྱང་རྩོད་པ་དེ་དགེ་འདུན་ལ་གཏད་པར་བྱའོ། །དགེ་འདུན་གྱིས་རྩོད་པ་དེ་གང་ཚུལ་ཤིང་མང་པོ་བླང་བའི་རྩོད་པ་ཞི་བས་ཞི་བར་བྱའོ། །རྒྱུ་ལྔས་གང་ཚུལ་ཤིང་མང་པོ་ལེན་པའི་རྩོད་པ་ཞི་བ་ནི་རྩུབ་པ་དང་། གདུག་པ་དང་། དམ་པོ་དང་། དབྱེ་བའི་བསམ་པ་དང་། སྦྱོར་
བ་གཞན་དུ་མི་འགྱུར་བ་ཅན་ཡིན་ནོ། །རྩུབ་པ་ཇི་ལྟ་བུ་ཞེ་ན། རྒོལ་བ་དང་ཕྱིར་རྒོལ་བའི་དགེ་སློང་རྣམས་ཀྱིས་རྩུབ་བོ་རབ་ཏུ་བཟུང་བ་ཡིན་ཏེ། དེ་ལྟར་ན་རྩུབ་པོ་ཅན་ཡིན་ནོ། །གདུག་པ་ཇི་ལྟ་བུ་ཞེ་ན། རྒོལ་བ་དང་ཕྱིར་རྒོལ་བའི་དགེ་སློང་རྣམས་གདུག་པ་དང་། རྣམ་

པར་གནོན་པ་ཡིན་ཏེ། དེ་ལྟར་ན་གདུག་པ་ཅན་ནོ། །དམ་པོ་ཇི་ལྟ་བུ་ཞེ་ན། རྒོལ་བ་དང་ཕྱིར་རྒོལ་བའི་དགེ་སློང་རྣམས་ཀྱིས་དམ་པོར་རབ་ཏུ་བཟུང་བ་ཡིན་ཏེ། དེ་ལྟར་ན་དམ་པོ་ཅན་ཡིན་ནོ། །དབྱེ་བའི་བསམ་པ་ཇི་ལྟ་བུ་ཞེ་ན། དབྱེ་བར་བྱེད་པའི་གཞི་བཅུ་བཞི་
ལས་འབྱེད་པར་བྱེད་པའི་གཞི་གང་ཡང་རུང་བ་ཞིག་ལེགས་པར་ཤིན་ཏུ་རབ་ཏུ་བཟུང་བ་ཡིན་ཏེ། དེ་ལྟར་ན་དབྱེ་བའི་བསམ་པ་ཅན་ཡིན་ནོ། །སྦྱོར་བ་གཞན་དུ་མི་འགྱུར་བ་ཅན་ཇི་ལྟ་བུ་ཞེ་ན། སྐམ་ལ་གནས་པ་ནས་བཟུང་ནས་གནས་བརྟན་གྱི་བར་གྱིས་ཏེ། དེ་ལྟར་ན་སྦྱོར་བ་གཞན་
དུ་མི་འགྱུར་བ་ཅན་ཡིན་ཏེ། ཆོས་འདི་ལྔ་དང་ལྡན་པས་ན་གང་ཚུལ་ཤིང་མང་པོ་བླང་བའི་ཞི་བ་ནི་རྩུབ་པ་དང་། གདུག་པ་དང་། དམ་པོ་དང་། དབྱེ་བའི་བསམ་པ་དང་། སྦྱོར་བ་གཞན་དུ་མི་འགྱུར་བ་ཅན་ཡིན་ནོ། །དེས་ན་ཚུལ་ཤིང་འབྲིམ་པའི་དགེ་སློང་བསྐོ་བར་བྱ་སྟེ།
ཆོས་ལྔ་དང་ལྡན་པའི་དགེ་སློང་ཚུལ་ཤིང་འབྲིམ་པར་མ་བསྐོས་པ་ནི་བསྐོ་བར་མི་བྱའོ། །བསྐོས་པ་ནི་དབྱུང་བར་བྱའོ། །ལྔ་གང་ཞེ་ན། འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དང་། ཚུལ་ཤིང་བྲིམས་པ་དང་མ་
བྲིམས་པ་མི་ཤེས་པ་སྟེ། ཆོས་འདི་ལྔ་དང་ལྡན་པའི་དགེ་སློང་ཚུལ་ཤིང་འབྲིམ་པར་མ་བསྐོས་པ་ནི་བསྐོ་བར་མི་བྱའོ། །བསྐོས་པ་ནི་དབྱུང་བར་བྱའོ། །ཆོས་ལྔ་དང་ལྡན་པའི་དགེ་སློང་ཚུ