Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 003_འདུལ་བ།_ག

Văn bản gốc(Tây Tạng)

Trang 13 / 19 (50.000 ký tự/trang)
ཁྱིམ་བདག་སྦྱིན་པ་ངོ་མཚར་

སྐྱེས་པའི་མིག་བགྲད་དེ་བསམས་པ། ནོར་གྱི་བདག་པོ་འདི་ལྟ་བུས་ནི་སྦྱིན་པ་བཏང་བར་ནུས་སོ་སྙམ་དུ་རིག་ནས་སྨྲས་པ། བུ་གལ་ཏེ་དེ་ལྟ་ན་ཅི་དགའ་བར་སྦྱིན་པ་བྱིན་ཅིག །འདི་ནི་ཆོས་ཉིད་ཡིན་ཏེ། ཇི་ཙམ་ཕ་གསོན་པ་དེའི་བར་དུ་བུའི་གྲགས་པ་མི་འབྱུང་བ་ཡིན་ནོ། །ཇི་ཙམ་དུས་གཞན་ཞིག་ན་ཁྱིམ་བདག་
སྦྱིན་པ་ཤི་ནས་བཟང་སྦྱིན་ཁྱིམ་གྱི་རྗེ་བོར་གྱུར་ནས། དེ་རྟག་ཏུ་མགོན་མེད་པ་རྣམས་ལ་ཟས་སྦྱིན་པས་ཀུན་དུ་ཁྱིམ་བདག་སྦྱིན་པའི་བུ་བཟང་སྦྱིན་ཁྱིམ་གྱི་རྗེ་བོར་གྱུར་ཏེ། དེ་མགོན་མེད་པ་རྣམས་ལ་ཟས་སྦྱིན་ནོ་ཞེས་སྒྲ་གྲགས་པས་དེའི་མིང་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཞེས་
བྱ་བར་གྲགས་སོ། །དེ་ནས་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དེ། དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་ཁྱེའུ་ཞིག་བཙས་སོ་ཞེས་བྱ་བ་ནས་ཁྱེའུ་བདུན་བཙས་
སོ་ཞེས་བྱ་བའི་བར་དུ་སྟེ། དེས་དྲུག་ལ་ཁྱིམ་ཕུབ་བོ། །བདུན་པ་ལེགས་སྐྱེས་ཞེས་བྱ་བ་དེའི་ཆུང་མ་རིགས་མཉམ་པ་ལས་ཆུང་མ་བཙལ་ན་མ་རྙེད་ནས་དེ་འགྲམ་པ་ལ་ལག་པ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་གོ། །དེའི་ནེའུ་ཟླ་བྲམ་ཟེའི་ཁྱེའུ་སྦྲང་རྩིའི་ཕུང་པོ་ཞེས་བྱ་བ་དེས་དེ་དེ་ལྟར་སེམས་ཁོང་དུ་ཆུད་པ་
མཐོང་ནས་དེས་སྨྲས་པ། ཁྱིམ་བདག་ཁྱོད་ཅིའི་ཕྱིར་ལག་པ་འགྲམ་པ་ལ་གཏད་དེ་སེམས་ཁོང་དུ་ཆུད་ཅིང་འདུག །དེས་སྨྲས་པ། བདག་གིས་བུ་དྲུག་ནི་ཁྱིམ་ཕུབས་ན་བདུན་པ་ལེགས་སྐྱེས་ཀྱི་ཆུང་མ་རིགས་མཉམ་པ་གང་ལས་འདི་ཁྱིམ་དབུབ་པ་གང་ཡིན་པ་དེ་སེམས་མོད། དེས་སྨྲས་པ། སེམས་
ལས་ཆུང་ངུར་འདུག་ཤིག་དང་། འདིའི་ཆུང་མ་ཁོ་བོས་རིགས་མཉམ་པ་ལས་བཙལ་ལོ། །ཡུལ་གང་དུ། དེས་སྨྲས་པ། རེ་ཞིག་ཡུལ་མ་ག་དྷཱར་འགྲོའོ། །དེ་བཞིན་དུ་བྱོས་ཤིག །དེ་རྒྱལ་པོའི་ཁབ་ཏུ་ཕྱིན་པ་དང་རྒྱལ་པོའི་ཁབ་ན་ཁྱིམ་བདག་ཕྱུག་པ་ནོར་མང་བ་ལོངས་སྤྱོད་ཆེ་བ་ཁྱིམ་བདག་མགོན་
མེད་ཟས་སྦྱིན་དང་མཚུངས་པ་གཞན་ཞིག་གནས་པ་དེའི་ཁྱིམ་དུ་ཞུགས་ནས་སྒོ་ཁང་དུ་འདུག་སྟེ་སྨྲས་པ། བཀྲ་ཤིས་པར་གྱུར་ཅིག །ཁྱིམ་དེའི་སྐྱེ་བོས་སྨྲས་པ། བྲམ་ཟེ་ཅི་ཞིག་སློང་། བུ་མོ་སློང་ངོ་། །སུའི་ཕྱིར། མཉན་ཡོད་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་ལེགས་སྐྱེས་ཞེས་བྱ་བ་དེའིའོ། །

དེ་རྣམས་ཀྱིས་སྨྲས་པ། བདག་ཅག་རིགས་ནི་མཉམ་ན། འོན་ཀྱང་ཁོ་བོ་ཅག་ལ་གཉོད་མང་དུ་དགོས་སོ། །མང་ཁྱད་ཇི་སྙེད། གངས་ཅན་རིའི་གླང་པོ་ཆེ་བརྒྱ། རྟ་བརྒྱ། གསེར་གྱི་རྒྱན་བརྒྱ། དྲེའུའི་ཤིང་རྟ་བརྒྱ། ཐོ་གར་ཡུལ་གྱི་བུ་མོ་བརྒྱ། བྲམ་ཟེའི་ཁྱེའུ་
སྦྲང་རྩིའི་ཕུང་པོས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་དོན་དེའི་ཕྱིར་ཡི་གེ་སྤྲིང་བ་དང་། དེས་ཀྱང་བཀླགས་ནས་ཐམས་ཅད་སྦྱར་གྱིས་ལོངས་ཤིག་ཅེས་ཡི་གེའི་ལན་སྤྲིང་ངོ་། །དེས་ཉིན་ཞག་དང་། ཚེས་གྲངས་དང་། ཡུད་ཙམ་དག་བསྟུན་ནས་བླངས་པ་དང་། དེ་ནས་དེས་གཙང་ཞིང་
བསོད་པའི་ཁ་ཟས་མང་པོས་ཚིམ་པར་བྱས་ནས་བྲམ་ཟེའི་ཁྱེའུ་ཞིག་གི་ཁྱིམ་དུ་སོང་སྟེ་གནས་བཏབ་པ་དང་། འཁྲུ་བས་ཐེབས་ནས་བྲམ་ཟེ་རྣམས་དང་ངོ་ཤེས་པ་མ་ཡིན་པས་དེ་རྣམས་མི་གཙང་བས་སྐྲག་པས་ཕྱིར་ཕྱུང་སྟེ་བོར་བ་དང་སྟེས་ཏེ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཉིས་
ཕྱོགས་དེར་ཕྱིན་པ་དེ་གཉིས་ཀྱིས་དེ་མཐོང་ངོ་། །དེ་ནས་དེ་གཉིས་ཀྱིས་སྨྱུག་མའི་ཚལ་བས་བཞར་ནས་ས་དཀར་པོས་བསྐུས་ཏེ་བཀྲུས་ནས་དེ་ལ་ཆོས་བཤད་ནས་དོང་ངོ་། །དེ་འཁྲུ་བ་འཆད་དུ་མ་བཏུབ་ནས་དེས་དེ་གཉིས་ལ་སེམས་དད་པ་སྐྱེད་ནས་ཤི་བ་དང་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་
ནས། དེ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་དྲུང་དུ་སོང་སྟེ་གནས་བསླངས་པ་དང་དེས་སྨྲས་པ། ཁྱོད་སོང་ལ་དེ་ཉིད་དུ་ལྷོ་སྒོར་གནས་ཐོབ་ཤིག །དེས་དེར་སོང་སྟེ་གཉུག་མར་གནས་པར་གྱུར་ཏོ། །ལུས་འཕགས་ཀྱི་རྒྱལ་པོས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་གངས་ཅན་རིའི་གླང་པོ་ཆེ་བརྒྱ་སྐྱེས་
སུ་བསྐུར་བ་དང་། དེས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་ཁོ་བོ་ལ་ལུས་འཕགས་ཀྱི་རྒྱལ་པོས་གངས་ཅན་གྱི་རིའི་གླང་པོ་ཆེ་བརྒྱ་སྐྱེས་སུ་བསྐུར་གྱིས། གལ་ཏེ་དགོངས་པར་གྱུར་ན་ལེན་པ་ཐོང་ཤིག་ཅེས་སྤྲིང་ངོ་། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གང་ན་
བ་དེར་སོང་སྟེ་ཕྱིན་པ་དང་། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་བདག་རྒྱལ་པོའི་ཁབ་ཏུ་བགྱི་བ་ཅུང་ཟད་ཅིག་ལ་དེར་མཆི་སྟེ་སླར་མཆིའོ། །རྒྱལ་པོས་སྨྲས་པ། ལེགས་ཀྱིས་སོང་ལ་དེ་ནས་ངའི་གླང་པོ་ཆེ་བརྒྱ་ཞིག་བླང་དགོས་པ་དེ་དག་ཀྱང་དེད་དེ་ཤོག་ཤིག །

དེས་སྨྲས་པ། ལྷ་གལ་ཏེ་དེར་བདག་ལ་འཚལ་བ་མ་མཆིས་ན་བླངས་ལ་འདིར་མཆིས་ནས་ལྷའི་ཐུགས་མཉེས་པར་བགྱིའོ། །རྒྱལ་པོས་སྨྲས་པ། ལེགས་ཀྱིས་དེ་བཞིན་དུ་བྱོས་ཤིག །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གཉོད་མང་དུ་ཁྱེར་ནས་རྒྱལ་པོའི་ཁབ་ཏུ་ཕྱིན་ཏོ། །
དེ་ཁྱིམ་བདག་གང་གི་ཁྱིམ་དུ་གནས་བཏབ་པའི་ཁྱིམ་བདག་དེ་དེ་ཉིད་ཀྱི་མཚན་མོ་ལངས་ཏེ་ནང་མི་རྣམས་ལ་བསྒོ་བ། ནང་རྗེ་དག་ལོངས་ཤིག །བཞིན་བཟངས་དག་ལོངས་ཤིག །ཤིང་རྣམས་གཤེགས་ཤིག །མེ་དག་བུས་ཤིག །འབྲས་ཆན་ཚོས་ཤིག །ཚོད་མ་ཚོས་ཤིག །
བཅའ་བ་དག་བཟང་དུ་གྱིས་ཤིག །བཀད་སའི་ཞལ་ཏ་དག་གྱིས་ཤིག །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་འདི་སྙམ་དུ་སེམས་ཏེ། ཅི་ཁྱིམ་བདག་འདི་བག་མ་ལེན་ཏམ། བག་མ་གཏོང་ངམ། ཡུལ་མི་རྣམས་འདིས་ཟས་ལ་མགྲོན་དུ་བོས་སམ། ཚོང་པའམ། ཚོགས་
སམ། འཁོར་ཏམ། འདིས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཟས་ལ་སྤྱན་དྲངས་སམ་སྙམ་དུ་བསམས་ནས། ཁྱིམ་བདག་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ཅི་ཁྱོད་བག་མ་ལེན་ཏམ། བག་མ་གཏོང་ངམ། ཡུལ་མི་རྣམས་ཁྱོད་ཀྱིས་ཟས་ལ་མགྲོན་
དུ་བོས་སམ། ཚོང་པའམ། ཚོགས་སམ། འཁོར་ཏམ། ཁྱོད་ཀྱིས་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཟས་ལ་སྤྱན་དྲངས་སམ། དེས་སྨྲས་པ། ཁྱིམ་བདག་ཁོ་བོ་བག་མ་ལེན་པའམ། བག་མ་གཏོང་བ་ཡང་མེད། ཁོ་བོས་ཡུལ་མི་ཡང་ཟས་ལ་མ་
བོས། ཚོང་པ་མ་ཡིན། ཚོགས་མ་ཡིན། འཁོར་མ་ཡིན། མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ཡང་ཟས་ལ་སྤྱན་དྲངས་པ་མ་ཡིན་ཏེ། འོན་ཀྱང་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་ལ་སྤྱན་དྲངས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སངས་རྒྱས་ཞེས་བྱ་
བའི་སྒྲ་སྔོན་མ་ཐོས་པ་ཐོས་པ་དང་། བ་སྤུའི་ཁུང་བུ་ཐམས་ཅད་ནས་སྤུ་ཟིང་ཞེས་བྱེད་ནས། བ་སྤུ་ཟིང་ཞེས་བྱེད་པས་ཁྱིམ་བདག་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་སངས་རྒྱས་ཞེས་བྱ་བ་འདི་སུ་ཡིན། ཁྱིམ་བདག་དགེ་སྦྱོང་གཽ་ཏ་མ་ཤཱཀྱའི་སྲས་ཤཱཀྱའི་རིགས་ལས་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་

ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས། དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ཞིག་ཡོད་དེ། ཁྱིམ་བདག་དེ་ནི་སངས་རྒྱས་ཞེས་བྱའོ། །ཁྱིམ་བདག་དགེ་
འདུན་ཞེས་བྱ་བ་འདི་སུ་ཡིན། ཁྱིམ་བདག་རྒྱལ་རིགས་ལས་ཀྱང་རིགས་ཀྱི་བུ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་བཅོམ་ལྡན་འདས་དེ་ཁོ་ན་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་བྱུང་བ་དག་ཡོད། བྲམ་ཟེའི་རིགས་དང་། རྗེའུ་
རིགས་དང་། དམངས་རིགས་ལས་ཀྱང་རིགས་ཀྱི་བུ་སྐྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་དད་པ་ཡང་དག་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་བཅོམ་ལྡན་འདས་དེ་ཁོ་ན་རབ་ཏུ་བྱུང་བའི་རྗེས་སུ་རབ་ཏུ་བྱུང་བ་དག་ཡོད་དེ། ཁྱིམ་བདག་འདི་ནི་དགེ་འདུན་ཞེས་བྱ་བ་ཡིན་ཏེ། སང་ཁོ་
བོའི་ཁྱིམ་དུ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དེ་གདུགས་ཚོད་ལ་སྤྱན་དྲངས་སོ། །ཁྱིམ་བདག་བཅོམ་ལྡན་འདས་དེ་ད་ལྟ་གང་ན་བཞུགས། རྒྱལ་པོའི་ཁབ་འདི་ཉིད་ཀྱི་དུར་ཁྲོད་ཀྱི་བསིལ་བའི་ཚལ་ན་བཞུགས་སོ། །ཁྱིམ་བདག་བཅོམ་ལྡན་འདས་དེ་བདག་ཅག་གིས་བལྟར་རུང་
ངམ། དེས་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ཁྱོད་རེ་ཞིག་སྡོད་ཅིག་དང་། གལ་ཏེ་འདི་ཉིད་དུ་གཤེགས་ནས་སང་མཐོང་བར་འགྱུར་བའི་གནས་དེ་ཡོད་དོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་དེའི་ནུབ་མོ་སངས་རྒྱས་ལ་དམིགས་པའི་དྲན་པས་གཉིད་ལོག་སྟེ། དེ་ནམ་མ་ལངས་
པར་ནམ་ལངས་པའི་འདུ་ཤེས་ཀྱིས་ལྷོ་སྒོ་གང་ན་བ་དེར་སོང་བ་དང་། དེའི་ཚེ་ཕོ་ཉ་གློ་བུར་དུ་འོང་བ་དང་འགྲོ་བ་རྣམས་ཀྱིས་མི་ཐོགས་པར་བྱ་བའི་ཕྱིར་མཚན་མོའི་ཐུན་དང་པོ་དང་ཐ་མ་གཉིས་ལ་ལྷོ་སྒོ་ཕྱེ་སྟེ་འཇོག་གོ། །ཇི་ཙམ་ན་ལྷོ་སྒོ་ཕྱེ་བ་དང་སྣང་བས་གསལ་བར་གྱུར་པ་མཐོང་ནས་དེ་འདི་སྙམ་དུ་
སེམས་ཏེ། འདི་ལྟར་ལྷོ་སྒོ་ཕྱེ་སྟེ་འདུག་པས་གདོན་མི་ཟ་བར་ནམ་ལངས་སོ་སྙམ་དུ་རིག་ནས་སྣང་བ་དེ་ཉིད་དུ་གྲོང་ཁྱེར་ནས་བྱུང་བ་དང་། དེ་བྱུང་མ་ཐག་ཏུ་སྣང་བ་གང་ཡིན་པ་དེ་མེད་ནས་སླར་ནམ་སྲོས་པར་གྱུར་ཏོ། །དེ་ཡང་འཇིགས་པར་གྱུར་བག་ཚ་བར་གྱུར་ཞིང་སྤུ་ཟིང་ཞེས་བྱེད་པར་གྱུར་

ནས་བདག་མིའམ་མི་མ་ཡིན་པའམ། གཡོན་ཅན་འགའ་ཞིག་གིས་གཙེས་ཏེ་གཉོད་མང་པོ་ཡང་མ་སོན་པར་ཕྲོགས་པར་མི་འགྱུར་གྲང་སྙམ་དུ་བསམས་ཏེ་སླར་ལྡོག་པར་འདོད་པས་ལྷའི་བུ་སྦྲང་རྩིའི་ཕུང་པོའི་འདུག་གནས་ལ་བསྐོར་བ་བྱེད་ཅིང་ཕྱག་འཚལ་ལོ། །དེ་ནས་ལྷའི་བུ་སྦྲང་རྩི་ཕུང་པོ་
འདི་སྙམ་དུ་སེམས་ཏེ། དེང་ཉིད་དུ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བདེན་པ་མཐོང་བར་འགྱུར་ན། དེང་ཉིད་འདི་སངས་རྒྱས་བཅོམ་ལྡན་འདས་སྤངས་ཏེ་ལྷ་གཞན་ལ་ཕྱག་འཚལ་བར་འགྱུར་བ་སྙམ་དུ་བསམས་ནས། གང་ཡང་ལྷོ་སྒོ་ནས་བསིལ་བའི་ཚལ་གྱི་དུར་ཁྲོད་ཀྱི་བར་
སྣང་བརྒྱ་ཆེན་པོས་གསལ་བར་བྱས་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་སྤྱན་སྔར་སོང་ཤིག །སླར་མ་ལྡོག་ཤིག །ཁྱོད་སྤྱན་སྔར་སོང་ན་ལེགས་པར་འགྱུར་གྱི་སླར་ལོག་ན་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། །རྟ་བརྒྱ་དང་ནི་གསེར་རྒྱན་བརྒྱ། །དྲེའུའི་
ཤིང་རྟ་བརྒྱ་དང་ནི། །སྣ་ཚོགས་ནོར་གྱིས་སྦྱར་བ་ཡི། །རྟ་རྒོད་མ་ཡི་ཤིང་རྟ་བརྒྱ། །གོམ་པ་གཅིག་ཅིག་བོར་བ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཁྱིམ་བདག་སྤྱན་སྔར་སོང་ཤིག །སླར་མ་ལྡོག་ཤིག །ཁྱོད་སྤྱན་སྔར་སོང་ན་ལེགས་པར་འགྱུར་གྱི་སླར་ལོག་ན་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་
ཞེ་ན། གངས་ཅན་རི་ཡི་གླང་ཆེན་བརྒྱ། །གསེར་དང་ནོར་བུས་བརྒྱན་བྱས་ལ། །ལུས་ཆེ་གཤོལ་མདའི་མཆེ་བར་ལྡན། །མ་ཏང་གར་སྐྱེས་སྟོབས་པོ་ཆེ། །གོམ་པ་གཅིག་ཅིག་བོར་བ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཁྱིམ་བདག་སྤྱན་སྔར་སོང་ཤིག །སླར་མ་ལྡོག་ཤིག །
ཁྱོད་སྤྱན་སྔར་སོང་ན་ལེགས་པར་འགྱུར་གྱིས་སླར་ལོག་ན་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཐོ་གར་ཡུལ་གྱི་བུ་མོ་བརྒྱ། །ནོར་བུའི་རྣ་ཆ་གདུབ་ཀོར་ཐོགས། །གསེར་གྱི་དཔུང་རྒྱན་ཐོགས་པ་ཡི། །མགྲིན་པ་རྒྱན་གྱིས་ལེགས་བརྒྱན་པ། །གོམ་པ་གཅིག་ཅིག་བོར་བ་ཡི། །བཅུ་
དྲུག་ཆར་ཡང་མི་ཕོད་དོ། །ཁྱིམ་བདག་སྤྱན་སྔར་སོང་ཤིག །སླར་མ་ལྡོག་ཅིག །ཁྱོད་སྤྱན་སྔར་སོང་ན་ལེགས་པར་འགྱུར་གྱི་སླར་ལོག་ན་ནི་མ་ཡིན་ནོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ལྷའི་བུ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བཞིན་བཟངས་ཁྱོད་སུ་ཞིག །ཁྱིམ་བདག་

ཁོ་བོ་ནི་ཁྱོད་ཀྱི་གྲོགས་པོ་རྙིང་པ་བྲམ་ཟེའི་ཁྱེའུ་སྦྲང་རྩིའི་ཕུང་པོ་ཡིན་ཏེ། ཁོ་བོས་དགེ་སློང་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་གཉིས་ལ་སེམས་དད་པ་བསྐྱེད་ནས་ཤི་བ་དང་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་སུ་སྐྱེས་ཏེ། ལྷོ་སྒོ་འདི་ཉིད་ན་གཉུག་མར་གནས་སོ། །
དེའི་ཕྱིར་ཁོ་བོ་ནི་ཁྱོད་ཉིད་ལ་འདི་སྐད་ཅེས། ཁྱིམ་བདག་སྤྱན་སྔར་སོང་ཤིག །སླར་མ་ལྡོག་ཅིག །ཁྱོད་སྤྱན་སྔར་སོང་ན་ལེགས་པར་འགྱུར་གྱི་སླར་ལོག་ན་ནི་མ་ཡིན་ནོ་ཞེས་སྨྲའོ།། །།འདུལ་བ་གཞི། བམ་པོ་བདུན་བཅུ་ལྔ་པ། དེ་ནས་ཁྱིམ་བདག་
མགོན་མེད་ཟས་སྦྱིན་འདི་སྙམ་དུ་སེམས་ཏེ། ཀྱེ་མའོ་སངས་རྒྱས་བཅོམ་ལྡན་འདས་ནི་མཆོག་མ་ཡིན་པ་མ་ཡིན་ཞིང་ཆོས་བསྟན་པ་ཡང་མཆོག་མ་ཡིན་པ་མ་ཡིན་ཏེ། དེ་ལ་ད་ལྟར་ལྷ་ཡང་བརྩོན་པར་བྱེད་ཀྱིས། བཅོམ་ལྡན་འདས་དེ་བལྟ་བར་བྱའོ་སྙམ་དུ་བསམས་ནས་བསིལ་བའི་ཚལ་གྱི་དུར་
ཁྲོད་གང་ན་བ་དེར་སོང་བ་དང་། དེའི་ཚེ་བཅོམ་ལྡན་འདས་གཙུག་ལག་ཁང་གི་ཕྱི་རོལ་བླ་གབ་མེད་པ་ན་འཆག་ཅིང་ལྷག་པར་ཡང་ཁྱིམ་བདག་མགོན་མེད་ཟས་སྦྱིན་འོང་བ་ལ་གཞེས་པ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་རྒྱང་རིང་པོ་ཁོ་ན་ནས་མཐོང་ངོ་། །མཐོང་ནས་
ཀྱང་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ལ་ཁྱིམ་བདག་གིས་ཡང་དག་པར་དགྱེས་པར་འགྱུར་བས་ཡང་དག་པར་དགྱེས་པར་བྱེད་དེ། །བཅོམ་ལྡན་འདས་ཇི་ག་བདེ་བར་མནལ་ཏམ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་
པ། གང་ཞིག་འདོད་པས་མ་གོས་ལ། །ཟག་མེད་རབ་ཏུ་རྣམ་གྲོལ་བ། །མྱ་ངན་ཡོངས་འདས་བྲམ་ཟེ་ནི། །ཐམས་ཅད་དུ་ནི་བདེ་བར་མནལ། །འདིར་ནི་རེ་བ་ཀུན་བཅང་ནས། །ཐུགས་ཀྱི་རིམས་ནད་རྣམས་བསལ་ཞིང་། །ཞི་བ་ཐོབ་པའི་ཐུགས་ཀྱིས་ནི། །ཉེ་བར་ཞི་བ་བདེ་བར་མནལ། །དེ་ནས་བཅོམ་ལྡན་འདས་
ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཁྲིད་ནས་གཙུག་ལག་ཁང་དུ་ཞུགས་ཏེ་གདན་བཤམས་པ་ཉིད་ལ་བཞུགས་པ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་ཕྱོགས་གཅིག་ཏུ་འདུག་པ་

དང་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། སངས་རྒྱས་བཅོམ་ལྡན་འདས་
རྣམས་ཀྱི་ཐོག་མའི་དུས་སུ་ཆོས་ཀྱི་གཏམ་མཛད་པ་གང་ཡིན་པ་འདི་ལྟ་སྟེ་སྦྱིན་པའི་གཏམ་དང་། ཚུལ་ཁྲིམས་ཀྱི་གཏམ་དང་། མཐོ་རིས་ཀྱི་གཏམ་དང་། འདོད་པ་རྣམས་ནི་མནོག་ཆུང་བ་དང་། ཉེས་དམིགས་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ངེས་
པར་འབྱུང་བ་དང་། རབ་ཏུ་དབེན་པའི་ཕན་ཡོན་གྱི་ཕྱོགས་དང་མཐུན་པའི་ཆོས་ཀྱི་གཏམ་རྒྱས་པར་ཡང་དག་པར་བསྟན་ཏོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དེ་དགའ་བའི་སེམས་དང་། དགེ་བའི་སེམས་དང་། མགུ་བའི་སེམས་དང་། སྒྲིབ་པ་དང་བྲལ་བའི་སེམས་དང་།
སྐལ་བ་དང་ལྡན་ཞིང་ཡང་དག་ཕུལ་གྱི་ཆོས་བཤད་པ་ཀུན་ཤེས་པར་ནུས་པར་གཟིགས་པ་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡང་དག་ཕུལ་གྱི་ཆོས་བཤད་པ་འཕགས་པའི་བདེན་པ་བཞི་པོ་གང་ཡིན་པ་འདི་ལྟ་སྟེ། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་
རྒྱས་པར་རབ་ཏུ་བསྟན་ཏོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཕགས་པའི་བདེན་པ་བཞི་པོ་འདི་ལྟ་སྟེ། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མངོན་པར་རྟོགས་ཏེ། དཔེར་ན་གོས་གཙང་མ་ནག་ནོག་
མེད་པ་ཚོན་དུ་གཞུག་པར་འོས་པ་ཚོན་གྱི་ནང་དུ་བཅུག་ན་ལེགས་པར་ཚོན་རྩི་འཇེན་དུ་བཏུབ་པ་དེ་བཞིན་དུ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྟན་དེ་ཉིད་ལ་འདུག་བཞིན་དུ་འཕགས་པའི་བདེན་པ་བཞི་པོ་འདི་ལྟ་སྟེ། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་
མངོན་པར་རྟོགས་སོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཆོས་མཐོང་བ་དང་། ཆོས་ཐོབ་པ་དང་། ཆོས་རིག་པ་དང་། ཆོས་ཀྱི་གཏིང་སླེབས་པ་དང་། སོམ་ཉི་ལས་རྒལ་བ་དང་། ཐེ་ཚོམ་ལས་རྒལ་བ་དང་། སྟོན་པའི་བསྟན་པ་ལ་གཞན་གྱི་དྲིང་མི་འཇོག་པ་དང་། གཞན་

གྱིས་མི་བཀྲི་བ་དང་། ཆོས་རྣམས་ལ་མི་འཇིགས་པ་ཐོབ་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་
པ་བདག་ནི་འཕགས་སོ། །མངོན་པར་འཕགས་སོ། །བཅོམ་ལྡན་འདས་དང་། ཆོས་དང་། དགེ་སློང་གི་དགེ་འདུན་ལ་བདག་སྐྱབས་སུ་མཆི་ལགས་ཀྱི་དགེ་བསྙེན་དུ་གཟུང་དུ་གསོལ། དེང་སླན་ཆད་ཇི་སྲིད་འཚོའི་བར་དུ་སྲོག་དང་ཡང་བསྡོས་ཏེ་སྐྱབས་སུ་མཆི་བར་མངོན་
པར་དད་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱིམ་བདག་ཁྱོད་ཀྱི་མིང་ཅི། བཙུན་པ་བདག་གི་མིང་ནི་བཟང་སྦྱིན་ལགས་མོད་ཀྱི། མགོན་མ་མཆིས་པ་རྣམས་ལ་འཚལ་མ་སྩོལ་བས་དེས་ན་བདག་ལ་སྐྱེ་བོ་
རྣམས་ཀྱིས་མགོན་མེད་ཟས་སྦྱིན་ཞེས་བགྱི་བར་འཚལ་ཏོ། །ཁྱིམ་བདག་ཁྱོད་ཀྱི་གནས་གང་ཡིན། བཙུན་པ་ཡུལ་ཕྲ་ཙི་ན་ཞེས་བགྱི་བ་ན་ཀོ་ས་ལ་རྣམས་ཀྱི་གྲོང་རྡལ་མཉན་ཡོད་ཅེས་བགྱི་བ་དེ་ན་བདག་མཆིས་ལགས་སོ། །བཅོམ་ལྡན་འདས་མཉན་ཡོད་དུ་གཤེགས་ཤིག་དང་།
བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ལ་བདག་ཇི་སྲིད་འཚོའི་བར་དུ་ན་བཟའ་ཆོས་གོས་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་དཔྱད་ཀྱི་རྐྱེན་སྨན་གྱི་ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བགྱི་ལགས་སོ། །ཁྱིམ་བདག་མཉན་ཡོད་ན་གཙུག་ལག་ཁང་ཡོད་
དམ། བཙུན་པ་མ་མཆིས་ལགས་སོ། །ཁྱིམ་བདག་གང་ན་གཙུག་ལག་ཁང་ཡོད་པ་དེར་དགེ་སློང་རྣམས་འོང་བ་དང་། འགྲོ་བ་དང་། གནས་པར་སེམས་སོ། །བཅོམ་ལྡན་འདས་གཤེགས་ཤིག་དང་། བདག་གིས་ཅི་ནས་ཀྱང་མཉན་ཡོད་དུ་དགེ་སློང་རྣམས་མཆི་བ་དང་གཞན་
དུ་མཆིས་པ་དང་། མཆིས་པར་སེམས་པར་འགྱུར་བ་དེ་ལྟར་གཙུག་ལག་ཁང་བརྩིག་ལགས་སོ། །བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་གནང་ངོ་། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ཅང་མི་གསུང་བས་གནང་བར་རིག་

ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་དེས་རྒྱལ་པོའི་ཁབ་ཏུ་བསྒྲུབ་པ་དང་། བྱ་བ་གང་ཡིན་པ་དེ་ཐམས་ཅད་བྱས་ཏེ་གྲུབ་ནས་སླར་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་བཅོམ་ལྡན་འདས་ཀྱི་ཞབས་
གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་གྲོགས་དགེ་སློང་ཞིག་སྩལ་དུ་གསོལ། བདག་དེ་དང་ལྷན་ཅིག་མཉན་ཡོད་དུ་བཅོམ་ལྡན་འདས་ཀྱི་སླད་དུ་གཙུག་ལག་ཁང་བརྩིག་ལགས་སོ། །བཅོམ་ལྡན་འདས་ཀྱིས་
དགོངས་པ་དགེ་སློང་སུ་ཞིག་གིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་འཁོར་དང་བཅས་པ་དང་མཉན་ཡོད་ན་གནས་པའི་སྐྱེ་བོའི་ཚོགས་འདུལ་བར་འགྱུར་སྙམ་ན། དགེ་སློང་ཤཱ་རིའི་བུས་འདུལ་བར་གཟིགས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་
རིའི་བུ་ཁྱིམ་བདག་མགོན་མེད་ཟས་སྦྱིན་འཁོར་དང་བཅས་པ་དང་མཉན་ཡོད་ན་གནས་པའི་སྐྱེ་བོའི་ཚོགས་ལ་སོམས་ཤིག །ཚེ་དང་ལྡན་པ་ཤཱ་རིའི་བུས་བཅོམ་ལྡན་འདས་ལ་ཅང་མི་སྨྲ་བས་བཅོམ་ལྡན་འདས་ཀྱི་བཀའ་མཉན་ཏོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་
ཚེ་དང་ལྡན་པ་ཤཱ་རིའི་བུ་ཅང་མི་སྨྲ་བས་ཁས་བླངས་པར་རིག་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་སོང་ངོ་། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ཉིད་ཀྱི་ནུབ་མོ་འདས་ནས་སྔ་དྲོ་ཤམ་ཐབས་བགོས་ཆོས་གོས་དང་
ལྷུང་བཟེད་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་ནས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་སྤྱད་དེ་ཟས་ཀྱི་བྱ་བ་བྱས་ནས། ཟས་ཕྱི་མའི་བསོད་སྙོམས་སྤངས་ཏེ་གནས་མལ་ཇི་ལྟར་ལོངས་སྤྱད་པ་མཁོས་སུ་ཕབ་ནས་ལྷུང་བཟེད་དང་ཆོས་གོས་བླངས་ཏེ་མཉན་ཡོད་གང་ན་
བ་དེར་རྒྱུ་ཞིང་སོང་ངོ་། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལམ་རྒྱགས་མང་པོ་ཁྱེར་ནས་ནུབ་མོ་ནུབ་མོ་ཞིང་མཉན་ཡོད་དུ་སོང་སྟེ་ཕྱིན་པ་དང་། དེ་མཉན་ཡོད་དུ་མ་ཞུགས་པ་ཉིད་དུ་ཀུན་དགའ་ར་བ་ནས་ཀུན་དགའ་ར་བ་དང་། ནགས་ཚལ་ནས་ནགས་ཚལ་དང་། སྐྱེད་མོས་ཚལ་ནས་སྐྱེད་མོས་

ཚལ་དང་། འཆག་ས་ནས་འཆག་ས་ན་དཔྱོད་ཅིང་འདི་སྐད་ཅེས་སྨྲས་སོ། །མཉན་ཡོད་དང་ཧ་ཅང་ཡང་མི་རིང་ལ་ཧ་ཅང་ཡང་མི་ཉེ་བ་དང་། ཉིན་པར་ལང་ལོང་ཉུང་ཞིང་ཀུ་ཅོ་ཉུང་བ་དང་། མཚན་མོ་གཅོམ་ཆུང་བ་དང་། སྒྲ་ཆུང་བ་དང་། སྦྲང་བུ་དང་། ཤ་སྦྲང་དང་།
རླུང་དང་། ཉི་མ་དང་། སྡིག་སྦྲུལ་གྱི་རེག་པ་ཆུང་བའི་ས་ཕྱོགས་དེ་གང་ན་ཡོད་པ་དེར་བདག་གིས་བཅོམ་ལྡན་འདས་ཀྱི་ཕྱིར་གཙུག་ལག་ཁང་བརྩིག་གོ་ཞེས་པ་ལས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གཞོན་ནུ་རྒྱལ་བྱེད་ཀྱི་ཀུན་དགའ་ར་བ་ནི་མཉན་ཡོད་དང་ཧ་ཅང་ཡང་མི་རིང་ཧ་ཅང་
ཡང་མི་ཉེ་ལ་ཉིན་པར་ལང་ལོང་ཉུང་ཞིང་ཀུ་ཅོ་ཉུང་བ་དང་། མཚན་མོ་གཅོམ་ཆུང་བ་དང་། སྒྲ་ཆུང་བ་དང་། སྦྲང་བུ་དང་། ཤ་སྦྲང་དང་། རླུང་དང་། ཉི་མ་དང་། སྡིག་སྦྲུལ་གྱི་རེག་པ་ཉུང་བར་མཐོང་ངོ་། །མཐོང་ནས་ཀྱང་འདི་སྙམ་དུ་སེམས་ཏེ། འདིར་བདག་གིས་བཅོམ་ལྡན་འདས་ཀྱི་
ཕྱིར་གཙུག་ལག་ཁང་བརྩིག་གོ་སྙམ་ནས། དེ་རང་གི་ཁྱིམ་དུ་མ་སོང་བ་ཉིད་དུ་གཞོན་ནུ་རྒྱལ་བྱེད་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་གཞོན་ནུ་རྒྱལ་བྱེད་ལ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་བདག་ལ་ཀུན་དགའ་ར་བ་སྩོལ་ཅིག །དེར་བདག་གིས་བཅོམ་ལྡན་འདས་ཀྱི་ཕྱིར་གཙུག་
ལག་ཁང་བརྩིག་ལགས་སོ། །དེས་སྨྲས་པ། ཁྱིམ་བདག་དེ་ནི་ངའི་ཀུན་དགའ་ར་བ་མ་ཡིན་ཏེ། སྐྱེད་མོས་ཚལ་ཡིན་མོད་ཀྱི་དེ་ངའི་ཡིན་ནོ། །ལན་གཉིས་ལན་གསུམ་དུ་ཡང་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གཞོན་ནུ་རྒྱལ་བྱེད་ལ་འདི་སྐད་ཅེས་སྨྲས་སོ། །གཞོན་ནུ་བདག་ལ་སྐྱེད་
མོས་ཚལ་སྩོལ་ཅིག །བདག་གིས་དེར་བཅོམ་ལྡན་འདས་ཀྱི་ཕྱིར་གཙུག་ལག་ཁང་བརྩིག་ལགས་སོ། །ཁྱིམ་བདག་ཀུན་དགའ་ར་བ་དེ་གསེར་བྱེ་བ་གཤིབས་ཀྱང་མི་གཏང་ངོ་། །ཡང་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གཞོན་ནུ་རྒྱལ་བྱེད་ལ་འདི་སྐད་ཅེས་སྨྲས་སོ། །
གཞོན་ནུས་ཀུན་དགའ་ར་བའི་རིན་བཅད་ཟིན་གྱིས་གསེར་དང་དབྱིག་ལོང་ཤིག །ཀུན་དགའ་ར་བ་ནི་བདག་གི་ལགས་སོ། །སུས་རིན་བཅད། ཁྱོད་ཀྱིས་རིན་བཅད་མོད། དེ་གཉིས་རིན་བཅད་དོ། །མ་བཅད་དོ་ཞེས་རྩོད་པར་གྱུར་ནས་ཞལ་ཆེ་གཅོད་པའི་སྣ་ཆེན་པོ་ལ་གཏོགས་པའི་

མི་གང་ན་བ་དེར་དོང་བ་དང་། དེའི་བར་དུ་འཇིག་རྟེན་སྐྱོང་བ་བཞི་འདི་སྙམ་དུ་སེམས་ཏེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་འདི་ནི་བཅོམ་ལྡན་འདས་ཀྱི་ཕྱིར་གཙུག་ལག་ཁང་བརྩིག་པར་རྩོམ་གྱིས་དེའི་གྲོགས་བྱའོ་སྙམ་ནས། དེ་ནས་ཞལ་ཆེ་གཅོད་པ་སྣ་ཆེན་པོ་ལ་གཏོགས་
པའི་ཆ་བྱད་དུ་བདག་ཉིད་མངོན་པར་སྤྲུལ་ནས་དགོས་པའི་ཕྱིར་འདུས་སོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་དང་། གཞོན་ནུ་རྒྱལ་བྱེད་གཉིས་ཞལ་ཆེ་གཅོད་པ་སྣ་ཆེན་པོ་ལ་གཏོགས་པའི་མིའི་དྲུང་དུ་སོང་ནས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཞལ་ཆེ་གཅོད་པའི་སྣ་
ཆེན་པོ་ལ་གཏོགས་པ་རྣམས་ལ་དོན་དེ་རྒྱས་པར་སྨྲས་པ་དང་། དེ་རྣམས་ཀྱིས་སྨྲས་པ། གཞོན་ནུས་ཀུན་དགའི་ར་བ་རིན་བཅད་ཟིན་གྱིས་གསེར་དང་དབྱིག་ལོང་ཤིག །ཀུན་དགའ་ར་བ་ནི་ཁྱིམ་བདག་གི་ཡིན་ནོ། །དེ་ཅང་མི་སྨྲ་བར་འདུག་གོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་
ཤིང་རྟ་དང་། ཁུར་དང་། སྒྱེ་དང་། གཟེབ་དང་། རྔ་མོ་དང་། གླང་དང་། བོང་བུ་རྣམས་ལ་གསེར་མང་པོ་བཀལ་ཏེ་འོངས་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐམས་ཅད་བྱེ་བས་གཤིབ་པར་བརྩམས་པ་དང་། ས་ཕྱོགས་འགའ་ཞིག་མ་ཡོག་པས་མ་བཀྲམ་པ་ཉིད་དུ་འདུག་གོ། །དེ་ནས་ཁྱིམ་བདག་
མགོན་མེད་ཟས་སྦྱིན་དོན་དེ་སེམས་ཤིང་ཡུད་ཙམ་ཅང་མི་སྨྲ་བར་འདུག་སྟེ། གང་གིས་མ་བཀྲམ་པའི་ས་ཕྱོགས་འདི་བཀྲམ་ནས་སླར་ཡང་སྦ་བར་བྱ་མི་དགོས་པའི་གཏེར་ཧ་ཅང་ཉུང་བ་ཡང་མ་ཡིན། ཧ་ཅང་མང་པོ་ཡང་མ་ཡིན་པ་དེ་གང་ཡིན་སྙམ་པ་དང་། གཞོན་ནུ་རྒྱལ་བྱེད་ཀྱིས་
བསམས་པ། གདོན་མི་ཟ་བར་ཁྱིམ་བདག་མགོན་མེད་ཟས་སྦྱིན་ནི་ཅིའི་ཕྱིར་ཀུན་དགའ་ར་བའི་ཆེད་དུ་འདི་སྙེད་ཀྱི་ནོར་གྱི་ཕུང་པོ་ཡོངས་སུ་བཏང་ཞེས་འགྱོད་པ་སྐྱེས་སོ་སྙམ་དུ་བསམས་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ཁྱོད་གལ་ཏེ་འགྱོད་པ་སྐྱེས་
ན་གསེར་དང་དབྱིག་ཁྱེར་ཅིག །ཀུན་དགའ་ར་བ་ནི་ང་ཉིད་ཀྱི་ཡིན་ནོ། །གཞོན་ནུ་བདག་ནི་འགྱོད་པ་མ་སྐྱེས་ཏེ། འོན་ཀྱང་དོན་འདི་སེམས་ཤིང་ཡུད་ཙམ་ཞིག་ཅང་མི་སྨྲ་བར་འདུག་པ་ནི་གང་གིས་མ་བཀྲམ་པའི་ས་ཕྱོགས་འདིར་བཀྲམ་ནས་སླར་ཡང་སྦ་བར་བྱ་མི་དགོས་པའི་གཏེར་ཧ་ཅང་ཉུང་བ་

ཡང་མ་ཡིན། ཧ་ཅང་མང་པོ་ཡང་མ་ཡིན་པ་དེ་གང་ཡིན་སྙམ་མོ། །དེ་ནས་གཞོན་ནུ་རྒྱལ་བྱེད་འདི་སྙམ་དུ་སེམས་ཏེ། ཀྱེ་མའོ་སངས་རྒྱས་བཅོམ་ལྡན་འདས་ནི་མཆོག་མ་ཡིན་པ་མ་ཡིན་ལ། ཆོས་བསྟན་པ་ཡང་མཆོག་མ་ཡིན་པ་མ་ཡིན་ཏེ། དེ་ལ་ད་ལྟར་ཁྱིམ་
བདག་འདི་ཀུན་དགའ་ར་བའི་ཆེད་དུ་འདི་སྙེད་ཀྱི་ནོར་གྱི་ཕུང་པོ་ཆེན་པོ་ཡོངས་སུ་གཏོང་ངོ་སྙམ་དུ་བསམས་ནས། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་མ་བཀྲམ་པའི་ས་ཕྱོགས་འདི་ཁོ་བོ་ལ་བྱིན་ཅིག །དེར་ཁོ་བོས་བཅོམ་ལྡན་འདས་ཀྱི་ཕྱིར་སྒོ་ཁང་བརྩིག་པར་
བྱའོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གཞོན་ནུ་རྒྱལ་བྱེད་ལམ་བཀྲམ་པའི་ས་ཕྱོགས་བྱིན་ནས་དེར་གཞོན་ནུ་རྒྱལ་བྱེད་ཀྱིས་བཅོམ་ལྡན་འདས་ཀྱི་ཕྱིར་སྒོ་ཁང་རྩིག་ཏུ་བཅུག་གོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ཀྱི་ཕྱིར་གཙུག་ལག་ཁང་བརྩིག་པར་
བརྩམས་པ་དང་། མུ་སྟེགས་ཅན་ཞེ་སྡང་དྲག་པོས་ཀུན་ནས་གློངས་པའི་ཡིད་ཅན་རྣམས་འདུས་ནས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གང་ན་བ་དེར་དོང་སྟེ་ལྷགས་པ་དང་སྨྲས་པ། ཁྱིམ་བདག་ཁྱོད་ཀྱིས་དགེ་སྦྱོང་གཽ་ཏ་མའི་ཕྱིར་གཙུག་ལག་ཁང་མ་རྩིག་ཤིག །ཅིའི་ཕྱིར་ཁོ་བོ་ཅག་གིས་གྲོང་ཁྱེར་
རྣམས་བགོས་ཏེ་དགེ་སྦྱོང་གཽ་ཏ་མའི་ནི་རྒྱལ་པོའི་ཁབ་ཡིན་ནོ། །ཁོ་བོ་ཅག་གི་ནི་མཉན་ཡོད་ཡིན་ནོ། །དེས་སྨྲས་པ། ཁྱེད་ཅག་གིས་གྲོང་ཁྱེར་རྣམས་བགོས་ཀྱི། བདག་གི་ནོར་མ་བགོས་པས་བདག་གང་ལ་མངོན་པར་དགའ་བ་དེའི་ཆོས་ཀྱི་ཕུང་པོ་བརྩིག་གོ། །དེ་རྣམས་རྒྱལ་པོའི་
དྲུང་དུ་དོང་བ་དང་། དེ་ཡང་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཕམ་པར་བྱས་པ་དང་། མུ་སྟེགས་སྤྱི་རྡོལ་ཅན་མུ་ཅོར་སྨྲ་བ་རྣམས་ཀྱིས་སྨྲས་པ། ཁྱིམ་བདག་ཁྱོད་འདོད་དགུར་བྱེད་དུ་མི་གཞུག་སྟེ། དགེ་སྦྱོང་གཽ་ཏ་མའི་ཉན་ཐོས་ཀྱི་མཆོག་འོངས་ནས། གལ་ཏེ་ངའི་ཤགས་
ཀྱིས་ཁོ་བོ་ཅག་ཕམ་པར་གྱུར་ན་གཙུག་ལག་ཁང་རྩིགས་ཤིག །དེས་སྨྲས་པ། རུང་གིས་རེ་ཞིག་འཕགས་པ་ཤཱ་རིའི་བུ་ཁོ་ན་ལ་བརྟག་གོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་ཚེ་དང་ལྡན་པ་ཤཱ་རིའི་བུའི་རྐང་པ་

གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་མུ་སྟེགས་ཅན་རྣམས་འདི་སྐད་ཅེས། ཁྱིམ་བདག་ཁྱོད་འདོད་དགུར་བྱེད་དུ་མི་
གཞུག་སྟེ། དགེ་སྦྱོང་གཽ་ཏ་མའི་ཉན་ཐོས་ཀྱི་མཆོག་འོངས་ནས་གལ་ཏེ་དེའི་ཤགས་ཀྱིས་ཁོ་བོ་ཅག་ཕམ་པར་གྱུར་ན་གཙུག་ལག་ཁང་རྩིགས་ཤིག་ཅེས་མཆི་ན། དེ་ལ་ཇི་ལྟར་བསྒྲུབ་པར་བགྱི། ཚེ་དང་ལྡན་པ་ཤཱ་རིའི་བུས་བསམས་པ། ཅི་འདི་རྣམས་ལ་དགེ་བའི་རྩ་བ་ཅུང་ཟད་ཡོད་དམ་
འོན་ཏེ་མེད་ཅེས་བསམས་པ་ལས་ཡོད་པར་མཐོང་ངོ་། །སུ་ཞིག་ལ་རག་ལས་པར་འགྱུར་སྙམ་ན། བདག་ཁོ་ན་ལ་རག་ལས་པར་མཐོང་ངོ་། །ཡང་བསམས་པ། ཅི་འདི་སྙེད་ཅིག་ཁོ་ན་བདག་ལ་རག་ལས་པའི་ཚིག་གིས་འདུལ་བར་འགྱུར་རམ། འོན་ཏེ་གཞན་ཡང་ཚིག་གིས་འདུལ་བ་
ཡོད་སྙམ་པ་ལས་ཡོད་པར་མཐོང་ངོ་། །དུས་ཇི་སྲིད་ཅིག་ན་ཚོགས་པར་འགྱུར་སྙམ་ན། ཞག་བདུན་ལོན་ནས་སོ་སྙམ་དུ་བསམས་ནས་སྨྲས་པ། ཁྱིམ་བདག་དེ་བཞིན་དུ་བྱ་སྟེ། འོན་ཀྱང་ཞག་བདུན་པའི་ཉིན་པར་བྱའོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་དགའ་བ་དང་མགུ་བ་སྐྱེས་
ཏེ། མུ་སྟེགས་ཅན་རྣམས་གང་ན་བ་དེར་སོང་ནས་ཕྱིན་པ་དང་མུ་སྟེགས་ཅན་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཤེས་ལྡན་དག་ཤཱ་རིའི་བུ་ན་རེ་རུང་གིས་དེ་བཞིན་དུ་བྱའོ། །འོན་ཀྱང་ཞག་བདུན་པའི་ཉིན་པར་བྱའོ་ཞེས་ཟེར་རོ། །དེ་རྣམས་ཀྱིས་བསམས་པ། འདི་ལ་ནི་རྒྱུ་གཉིས་ཡོད་
པར་གྱུར་ཏེ། ཡང་ན་ནི་དེ་ནི་འབྲོས་འདོད་དོ། །ཡང་ན་ནི་དེ་ཕྱོགས་ཚོལ་འདོད་དོ། །དེ་མ་ཡིན་ན་དུས་དེར་གདབ་ཅི་དགོས་བདག་ཅག་ཀྱང་ཕྱོགས་བཙལ་ལོ་ཞེས་དེ་རྣམས་ཀྱིས་ཕྱོགས་བཙལ་བར་བརྩམས་ཏེ། དེ་རྣམས་ཀྱིས་ཕྱོགས་བཙལ་བ་དང་ཀུན་དུ་རྒྱུ་མིག་དམར་མཐོང་ནས་
དེ་རྣམས་ཀྱིས་དེ་ལ་སྨྲས་པ། ཁྱོད་དང་བདག་ཅག་ནི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་གྱིས། དགེ་སྦྱོང་གཽ་ཏ་མའི་ཉན་ཐོས་ཀྱི་མཆོག་བདག་ཅག་གིས་བརྩད་པའི་ཕྱིར་བཀུག་ན་དེ་ཕྱོགས་ཚོལ་གྱིས་ཁྱོད་ཀྱང་བདག་ཅག་གི་གྲོགས་གྱིས་ཤིག །དུས་ཇི་ཙམ་ཞིག་ན་འདི་ནས་

ཞག་བདུན་པའི་ཉིན་བར་རོ། །རུང་གིས་དེ་བཞིན་དུ་བྱ་སྟེ། གང་གི་ཚེ་ཁྱེད་ཅག་འདུས་པར་གྱུར་པ་དེའི་ཚེ་ཁོ་བོ་ལ་སྦྲོན་ཅིག །མུ་སྟེགས་ཅན་རྣམས་བག་ཚ་བ་དང་སེམས་ཁྲལ་སྐྱེས་ནས་ཉིན་རེ་ཞིང་ཕྱོགས་ཚོལ་བ་དང་ཉི་མ་བགྲང་བར་བྱེད་དོ། །ཇི་ཙམ་ན་ཞག་བདུན་
ལོན་པ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བླ་གབ་མེད་པའི་ས་ཕྱོགས་ཡངས་པར་སྟན་ཤོམ་དུ་བཅུག་གོ། །ཚེ་དང་ལྡན་པ་ཤཱ་རིའི་བུའི་ཆེད་དུ་ཡང་སེང་གེའི་ཁྲི་བཤམས་སོ། །ཡུལ་སྣ་ཚོགས་ན་གནས་པའི་མུ་སྟེགས་ཅན་རྣམས་ཀྱང་འདུས་སོ། །མཉན་ཡོད་ན་གནས་པའི་སྐྱེ་བོའི་
ཚོགས་དང་དེའི་ཉེ་འཁོར་ན་གནས་པའི་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་དག་ཀྱང་ཁ་ཅིག་ནི་ངོ་མཚར་སྐྱེས་སོ། །ཁ་ཅིག་ནི་སྔོན་གྱི་དགེ་བའི་རྩ་བས་བསྐུལ་ནས་འདུས་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ཁྱིམ་བདག་མགོན་མེད་ཟས་སྦྱིན་འཁོར་དང་བཅས་པས་མདུན་དུ་བདར་ནས་རྩོད་པའི་
དཀྱིལ་འཁོར་དུ་ཞུགས་ཏེ་འདུལ་བའི་སྐྱེ་བོ་རྣམས་ལ་བལྟས་ནས་དྲན་པ་སྔོན་དུ་བཏང་སྟེ། སྤྱོད་ལམ་ཞི་བས་སེང་གེའི་ཁྲི་ལ་འཛེགས་ནས་འདུག་པ་དང་། འཁོར་ཐམས་ཅད་སེམས་མི་གཡེང་བར་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་རྟོག་ཅིང་འདུག་གོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་མུ་སྟེགས་ཅན་
རྣམས་ལ་སྨྲས་པ། ཤེས་ལྡན་དག་རེ་ཞིག་བྱེད་དམ། འོན་ཏེ་འཇིག །དེ་རྣམས་ཀྱིས་སྨྲས་པ། ཁོ་བོ་ཅག་གིས་བྱས་ཁྱོད་ཀྱིས་ཤིག་ཤིག །ཚེ་དང་ལྡན་པ་ཤཱ་རིའི་བུས་བསམས་པ། གལ་ཏེ་བདག་གིས་བྱས་ན་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཀྱང་འཇིག་མི་ནུས་ན་ཀུན་དུ་རྒྱུ་མིག་
དམར་གྱིས་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་བསམས་ནས། ཀུན་དུ་རྒྱུ་མིག་དམར་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱིས་བྱོས་ཤིག་ངས་བཤིག་གོ། །དེ་མིག་འཕྲུལ་ལ་བྱང་བ་ཡིན་པས། དེས་ཤིང་ས་ཧ་ཀ་ར་ཤིན་ཏུ་མེ་ཏོག་གིས་རྒྱས་པ་ཞིག་སྤྲུལ་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས་རླུང་དང་ཆར་
དྲག་པོ་ཕབ་སྟེ། དེས་དེ་རྩ་བ་ནས་ཕྱུང་ནས་ཕན་ཚུན་དུ་རྣམ་པར་གཏོར་ཏེ་རྣལ་འབྱོར་པ་རྣམས་ཀྱི་ཡུལ་དུ་ཡང་མ་གྱུར་ཏོ། །དེ་ནས་དེས་པད་མའི་རྫིང་ཞིག་སྤྲུལ་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས་གླང་པོ་ཆེ་བཟང་པོ་ཞིག་སྤྲུལ་ནས། དེས་དེ་ཀུན་དུ་བརྣལ་ནས་མིང་གི་ལྷག་མ་ཞིག་བཞག་

གོ། །དེས་སྦྲུལ་མགོ་བདུན་པ་ཞིག་སྤྲུལ་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས་ནམ་མཁའ་ལྡིང་ཞིག་སྤྲུལ་ཏེ། དེས་དེ་བླངས་སོ། །དེས་རོ་ལངས་ཤིག་སྤྲུལ་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས་སྔགས་ཀྱི་ཕུར་པ་བཏབ་པ་ལས་ཉེས་པར་སྤྱད་པའི་རོ་ལངས་ནི་བདག་ཉིད་ལ་གསོད་པར་
བྱེད་པས་དེས་དེ་ཉིད་ལ་བསྙགས་པ་དང་། དེ་ནས་དེ་འཇིགས་སྐྲག་ཕོངས་ཤིང་བ་སྤུ་ཟིང་ཞེས་བྱེད་ནས་ཚེ་དང་ལྡན་པ་ཤཱ་རིའི་བུའི་རྐང་པ་གཉིས་ལ་མགོ་བོས་གཏུགས་ནས་འཕགས་པ་སྐྱབས་སུ་མཆི་ལགས་ཀྱིས། ཡོངས་སུ་བསྐྱབ་ཏུ་གསོལ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་སྔགས་
ཀྱི་ཕུར་བ་ཕྱུང་བ་དང་རོ་ལངས་དེ་ཞི་བར་གྱུར་ཏོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་དེ་ལ་ཆོས་བཤད་དེ། དེ་དད་པ་སྐྱེས་ནས་སྨྲས་པ། འཕགས་པ་ཤཱ་རིའི་བུ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་བདག་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཐོབ་པ་ལྟ་ན། བདག་
འཕགས་པ་ཤཱ་རིའི་བུའི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་རབ་ཏུ་ཕྱུང་བསྙེན་པར་རྫོགས་པར་བྱས་ནས་གདམས་ངག་བྱིན་པ་དང་དེས་བརྩོན་པ་དང་། འབད་པ་དང་། བརྩལ་བ་བྱས་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་དུ་བྱས་
ནས་དགྲ་བཅོམ་པར་གྱུར་ཏེ། ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་མཉམ་པའི་སེམས་དང་ལྡན་པ། ཙན་དན་དང་སྟེའུར་མཉམ་པ། རིག་པས་མ་རིག་པའི་སྒོ་ངའི་སྦུབས་དྲལ་ཞིང་རིག་པ་དང་། མངོན་པར་ཤེས་པ་དང་། སོ་
སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་། རྙེད་པ་ལ་ཆགས་པ་དང་། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་པོའི་ལྷ་དང་བཅས་པ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །དེ་ནས་དེའི་འཁོར་རྣམས་ངོ་མཚར་གྱི་མིག་བགྲད་ནས་ཚེ་
དང་ལྡན་པ་ཤཱ་རིའི་བུ་ལ་མངོན་པར་དད་པར་གྱུར་ཏེ་སྨྲས་པ། འཕགས་པ་ཤཱ་རིའི་བུས་ནི་སྨྲ་བའི་ཁྱུ་མཆོག་ཆེན་པོ་ཚར་བཅད་དོ་སྙམ་དུ་རིག་ནས་ཚེ་དང་ལྡན་པ་ཤཱ་རིའི་བུའི་གདོང་དུ་བལྟ་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་འཁོར་དེའི་བསམ་པ་དང་། བག་ལ་ཉལ་དང་ཁམས་དང་། རང་བཞིན་

ཤེས་ནས་འཕགས་པའི་བདེན་པ་བཞི་སོ་སོར་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་པ་བྱས་སོ། །དེ་ཐོས་ནས་སེམས་ཅན་བརྒྱ་ཕྲག་དུ་མས་ཁྱད་པར་ཆེན་པོ་ཐོབ་སྟེ། ཁ་ཅིག་གིས་ནི་ཉན་ཐོས་ཀྱི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁ་ཅིག་གིས་ནི་རང་སངས་རྒྱས་
ཀྱི་བྱང་ཆུབ་ཏུའོ། །ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུའོ། །ཁ་ཅིག་གིས་ནི་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་སོ། །ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སོ། །ཁ་ཅིག་གིས་ནི་ལན་གཅིག་ཕྱིར་འོང་བའི་འབྲས་
བུའོ། །ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུའོ། །ཁ་ཅིག་གིས་ནི་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་སུམ་དུ་བྱས་སོ། །འཁོར་དེ་ཕལ་ཆེར་ཡང་སངས་རྒྱས་ལ་གཞོལ། ཆོས་ལ་འབབ། དགེ་འདུན་ལ་བབ་པར་བཀོད་དོ། །མུ་སྟེགས་ཅན་
རྣམས་ཀྱིས་བསམས་པ། འདི་བདག་ཅག་གིས་ཤགས་ཀྱིས་ཚར་གཅད་པར་མི་ནུས་ཀྱིས། ཐབས་ཤིག་བཤམ་པར་བྱ་སྟེ། གཙུག་ལག་ཁང་འདི་ཉིད་དུ་གླ་མིའི་ལས་བྱས་ལ། དེ་ནས་གླགས་རྙེད་ནས་འདི་བགགས་ཏེ་གསད་པར་བྱའོ་སྙམ་ནས་ཐམས་ཅད་འདུས་ཏེ་ཁྱིམ་བདག་མགོན་
མེད་ཟས་སྦྱིན་གྱི་དྲུང་དུ་སོང་ནས་སོན་པ་དང་སྨྲས་པ། ཁྱིམ་བདག་ཁྱོད་ཀྱིས་བདག་ཅག་གི་འཚོ་བའི་གཞི་ཐམས་ཅད་བཅད་དེ། དེ་བས་ན་སྙིང་བརྩེ་བར་གྱིས་ཤིག་དང་། ཁྱོད་ཀྱི་གཙུག་ལག་ཁང་དུ་གླ་མིའི་ལས་བྱའོ། །ཁོ་བོ་ཅག་འདི་ན་རིང་ཞིག་ཏུ་གནས་པས་ཡུལ་བོར་
ན་མི་རུང་ངོ་། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྨྲས་པ། རེ་ཞིག་འཕགས་པ་ཤཱ་རིའི་བུ་ལ་བརྟག་པར་བྱའོ་ཞེས་དེ་ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་མུ་སྟེགས་ཅན་རྣམས་ཀྱི་མཆིད་
ནས། བདག་ཅག་གི་འཚོ་བའི་གཞི་ཐམས་ཅད་བཅད་དེ། དེ་བས་ན་སྙིང་བརྩེ་བར་གྱིས་ཤིག་དང་། ཁྱོད་ཀྱི་གཙུག་ལག་ཁང་དུ་གླ་མིའི་ལས་བྱའོ། །ཁོ་བོ་ཅག་འདི་ན་རིང་ཞིག་ཏུ་གནས་གནས་པས་ཡུལ་བོར་ན་མི་རུང་ངོ་ཞེས་མཆིའོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་ཇི་འདི་རྣམས་ལ་དགེ་

བའི་རྩ་བ་ཅུང་ཟད་ཡོད་དམ་འོན་ཏེ་མེད་ཅེས་བསམས་པ་ལ་ཞུགས་ན་ཡོད་པར་མཐོང་ངོ་། །སུ་ཞིག་ལ་རག་ལས་སྙམ་ན། བདག་ཁོ་ན་ལའོ་སྙམ་ནས་དེས་བསམས་ཏེ་སྨྲས་པ། ཁྱིམ་བདག་དེ་ལ་འགལ་བ་ཅི་ཡོད་ཀྱིས་དེ་བཞིན་དུ་གྱིས་ཤིག །དེ་རྣམས་གཙུག་ལག་ཁང་དེར་གླ་
མིའི་ལས་བྱ་བར་བརྩམས་པ་ན་ཚེ་དང་ལྡན་པ་ཤཱ་རིའི་བུས་ལྕག་ཐོགས་ཀྱི་མི་གཏུམ་པོ་ཞིག་སྤྲུལ་ནས་དེས་དེ་རྣམས་ལས་བྱེད་དུ་གཞུག་པར་བརྩམས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་དེ་རྣམས་ཀྱི་གདུལ་བའི་དུས་ཤེས་ནས་དེ་དང་ཉེ་བའི་ཤིང་དྲུང་ཞིག་ན་འཆག་ཅིང་འདུག་པ་ལས་
དེ་རྣམས་ཀྱིས་དེ་མཐོང་ནས་དེ་རྣམས་ཀྱིས་བསམས་པ། དབེན་པ་ན་འདུག་པས་འདི་གསད་པའི་དུས་ནི་འདི་ཡིན་ནོ་སྙམ་ནས། དེ་རྣམས་ཀྱིས་དེའི་དྲུང་དུ་དོང་ནས་བསྐོར་ཏེ་འདུག་གོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་བསམས་པ། འདི་རྣམས་སེམས་ཅི་འདྲ་བ་ཞིག་གིས་བདག་གི་
དྲུང་དུ་ལྷགས་སྙམ་ན། ཇི་ཙམ་ན་གསད་པའི་སེམས་ཀྱིས་ཡིན་པར་མཐོང་ནས་དེ་ལྕག་ཐོགས་ཏེ་སྦད་ནས་དེས་དེ་རྣམས་ལས་བྱོས་དེང་ཞེས་ཐག་བཅུག་པ་དང་། དེ་རྣམས་ཀྱིས་སྨྲས་པ། འཕགས་པ་ཤཱ་རིའི་བུ་བསྐྱབ་ཏུ་གསོལ། དེས་སྨྲས་པ། ཚེ་དང་ལྡན་པ་རེ་ཞིག་
སོང་ལ་ངལ་སོར་ཆུག་ཅིག །དེ་རྣམས་ཀྱིས་བསམས་པ། འདི་ནི་འདི་ལྟ་བུར་བདག་ཉིད་ཆེ་བ་ཡིན་ཏེ། བདག་ཅག་གིས་ནི་འདི་བསད་པར་བསམས་ན། འདི་ནི་བདག་ཅག་ལ་བྱམས་པར་སེམས་སོ་སྙམ་དུ་རིག་ནས་དད་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་དེ་རྣམས་
ཀྱི་བསམ་པ་དང་། བག་ལ་ཉལ་བ་དང་། ཁམས་དང་། རང་བཞིན་ཤེས་ནས་འཕགས་པའི་བདེན་པ་བཞི་སོ་སོར་རྟོགས་པར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་པ་བྱས་ཏེ། དེ་ཐོས་ནས་དེ་རྣམས་ཀྱིས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་
ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེ་རྣམས་ཀྱིས་བདེན་པ་མཐོང་སྟེ་སྨྲས་པ། བཙུན་པ་ཤཱ་རིའི་བུའི་སྤྱན་སྔར་བདག་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་འཐོབ་པ་ལྟ་ན། བདག་ཅག་བཙུན་པ་ཤཱ་རིའི་

བུའི་སྤྱན་སྔར་ཚངས་པར་སྤྱོད་པ་སྤྱད་པར་བགྱིའོ། །དེ་རྣམས་ཚེ་དང་ལྡན་པ་ཤཱ་རིའི་བུས་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བྱས་ནས་གདམས་ངག་བྱིན་ཏེ། དེ་རྣམས་ཀྱིས་བརྩོན་པ་དང་། འབད་པ་དང་། བརྩལ་བར་བྱས་པས་འཁོར་བའི་འཁོར་ལོ་ཆ་ལྔ་པ་
གཡོ་བ་དང་། མི་གཡོ་བ་འདི་ཉིད་རིག་སྟེ། འདུ་བྱེད་ཀྱི་རྣམ་པ་ཐམས་ཅད་ཉམས་པ་དང་། ལྟུང་བ་དང་རྣམ་པར་འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཉིད་ཀྱིས་ཟིལ་གྱིས་མནན་ཏེ། ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་མངོན་སུམ་དུ་བྱས་ཏེ། དགྲ་
བཅོམ་པར་གྱུར་ནས་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམ་མཁའ་དང་ལག་འཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། ཙན་དན་དང་སྟེའུར་མཉམ་པ། རིག་པས་མ་རིག་པའི་སྒོ་ངའི་སྦུབས་དྲལ་ཞིང་རིག་པ་དང་། མངོན་
པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པ་དང་། རྙེད་པ་ལ་ཆགས་པ་དང་། བཀུར་སྟི་ལ་རྒྱབ་ཀྱིས་ཕྱོགས་པ། དབང་པོ་དང་ཉེ་དབང་པོའི་ལྷ་དང་བཅས་པ་རྣམས་ཀྱིས་མཆོད་པར་བྱ་བ་དང་། རྗེད་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ། །དེ་ནས་
ཚེ་དང་ལྡན་པ་ཤཱ་རིའི་བུས་གཙུག་ལག་ཁང་གི་ཐིག་སྐུད་ཀྱི་མཐའ་གཅིག་ནས་བཟུང་། མཐའ་གཅིག་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཟུང་བ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས་འཛུམ་པར་བརྩམས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྨྲས་པ། འཕགས་པ་ཤཱ་
རིའི་བུ་དེ་བཞིན་གཤེགས་པ་རྣམས་སམ། དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་ན། འཕགས་པ་ཤཱ་རིའི་བུ་ཅིའི་རྒྱུ་ཅིའི་རྐྱེན་གྱིས་འཛུམ་པ་མཛད། ཁྱིམ་བདག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པ་རྣམས་སམ། དེ་
བཞིན་གཤེགས་པའི་ཉན་ཐོས་རྣམས་ནི་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དེ། ཁྱོད་ཀྱིས་འདིར་ཐིག་སྐུད་བཟུང་བ་ན་དགའ་ལྡན་གྱི་ལྷའི་རིས་སུ་ཡང་གསེར་གྱི་ཁང་པ་གྲུབ་པར་གྱུར་ཏོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ངོ་མཚར་སྐྱེས་པའི་མིག་བགྲད་དེ་སྨྲས་པ། འཕགས་པ་

ཤཱ་རིའི་བུ་གལ་ཏེ་དེ་ལྟ་ན་དེའི་སླད་དུ་ཡང་ཐིག་སྐུད་བརྐྱང་བ་དང་ལྷག་པར་སེམས་མངོན་པར་དད་པར་བགྱིའོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་ཡང་ཐིག་སྐུད་དེ་བཟུང་བ་དང་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ལྷག་པར་དད་པ་དྲག་པོའི་ཤུགས་ཀྱིས་སེམས་མངོན་པར་དད་པར་བྱས་ཏེ། དད་པ་
དེའི་མཇུག་ཐོགས་ཁོ་ནར་གསེར་གྱི་ཁང་པ་དེ་རིན་པོ་ཆེ་སྣ་བཞི་ལས་བྱས་པར་གྱུར་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཀྱང་དེ་ལ་གོ་བར་བྱས་སོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གོང་ནས་གོང་དུ་བསོད་ནམས་རབ་ཏུ་འཕེལ་བའི་རྒྱུད་ཀྱིས་གཙུག་ལག་ཁང་ཆེན་པོ་བཅུ་དྲུག་དང་། ཁང་
ཕྲན་དྲུག་བཅུ་རྩིག་ཏུ་བཅུག་སྟེ། དེས་གཙུག་ལག་ཁང་ཆེན་པོ་བཅུ་དྲུག་དང་། ཁང་ཕྲན་དྲུག་བཅུ་བརྩིགས་ནས་ཡོ་བྱད་ཐམས་ཅད་ཀྱིས་རྒྱས་པར་བྱས་ཏེ་ཚེ་དང་ལྡན་པ་ཤཱ་རིའི་བུ་གང་ན་བ་དེར་སོང་ནས་ཕྱིན་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་ཤཱ་
རིའི་བུ་བཅོམ་ལྡན་འདས་གཤེགས་པ་ན་ཤུལ་ཚད་ཇི་ཙམ་དུ་བྱོན་པར་འགྱུར། ཁྱིམ་བདག་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཚད་ཙམ་མོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་མཆི་བའི་ཚད་ཇི་ཙམ། ཁྱིམ་བདག་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་ཉི་མ་གཅིག་གིས་རྒྱང་གྲགས་བཅུའི་
ལམ་དུ་འགྲོའོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གང་ཡང་མཉན་ཡོད་ནས་རྒྱལ་པོའི་ཁབ་དེའི་བར་གྱི་གཤེགས་དགོངས་བརྩིས་ནས་གཞེས་ས་དག་བྱེད་དུ་བཅུག །སྦྱིན་གཏོང་གི་ཁང་བདག་རྩིག་ཏུ་བཅུག །དུས་ཚོད་གསོལ་བའི་མི་དག་བཀོད། གདུགས་དང་།
རྒྱལ་མཚན་དང་། བ་དན་དག་གིས་བརྒྱན། ཙན་དན་གྱི་ཆུས་ཆག་ཆག་བཏབ། ཤིན་ཏུ་དྲི་ཞིམ་པོའི་པོག་པོར་དག་ཉེ་བར་བཀོད། རྟ་བབས་དག་བྱེད་དུ་བཅུག །དུས་ཀྱི་དང་ཐུན་ཚོད་ཀྱི་སྨན་དག་ཀྱང་འཇོག་ཏུ་བཅུག་གོ། །དེ་ལྟར་ཚོགས་བསགས་ནས་མི་ཞིག་ལ་བསྒོ་བ། ཀྱེ་ནང་
རྗེ་ཚུར་ཁྱོད་བཅོམ་ལྡན་འདས་གང་ན་བ་དེར་སོང་ལ་ཕྱིན་པ་དང་། ཁོ་བོའི་ཚིག་གིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱོས་ལ། གནོད་པ་ཆུང་ངམ། ཉམ་ང་བ་ཉུང་ངམ། བསྐྱོད་པ་ཡང་ངམ། འཚོའམ། སྟོབས་དང་བདེ་བ་ལ་རེག་པར་གནས་སམ་ཞེས་ཞུས་ལ་འདི་སྐད་ཅེས།

བཅོམ་ལྡན་འདས་མཉན་ཡོད་དུ་གཤེགས་སུ་གསོལ། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ལ་བདག་ཇི་སྲིད་འཚོའི་བར་དུ་ན་བཟའ་ཆོས་གོས་དང་། བསོད་སྙོམས་དང་། སྙུན་དཔྱད་ཀྱི་རྐྱེན་སྨན་དང་ཡོ་བྱད་རྣམས་ཀྱིས་བཀུར་སྟི་བགྱིད་དོ་ཞེས་ཀྱང་སྩོལ་ཅིག །
ཇོ་བོ་བཀའ་བཞིན་འཚལ་ཞེས་མི་དེས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ལྟར་མཉན་ནས་རྒྱལ་པོའི་ཁབ་གང་ན་བ་དེར་ཆས་ཏེ། རིམ་གྱིས་རྒྱལ་པོའི་ཁབ་ཏུ་ཕྱིན་པ་དང་། དེ་ནས་ལམ་གྱིས་དུབ་པ་ངལ་སོས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་
ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་ནས། མི་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་མགོ་བོས་ཕྱག་འཚལ་ནས་ཞེས་བྱ་བ་ནས། རེག་པར་གནས་སམ་ཞེས་བྱ་
བའི་བར་གོང་མ་བཞིན་དུའོ། །ཀྱེ་མི་ཁྱོད་དང་ཁྱིམ་བདག་མགོན་མེད་ཟས་སྦྱིན་བདེ་བར་གྱུར་ཅིག །བཙུན་པ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་མཆིད་ནས། བཅོམ་ལྡན་འདས་མཉན་ཡོད་དུ་གཤེགས་སུ་གསོལ། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ལ་ཞེས་བྱ་བ་ནས་
བཀུར་སྟི་བགྱིད་དོ་ཞེས་བྱ་བའི་བར་གོང་མ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་མི་དེ་ལ་ཅང་མི་གསུང་བས་གནང་ངོ་། །དེ་ནས་མི་དེས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔ་ནས་
སོང་ངོ་། །དེ་ནས་བཅོམ་ལྡན་འདས་དུལ་བ་འཁོར་དུལ་བ་ཞི་བ་འཁོར་ཞི་བ། དབུགས་ཕྱིན་པ། འཁོར་དབུགས་ཕྱིན་པ། རྣམ་པར་དུལ་བ། འཁོར་རྣམ་པར་དུལ་བ་དགྲ་བཅོམ་པ་འཁོར་དགྲ་བཅོམ་པ། འདོད་ཆགས་དང་བྲལ་བ་འཁོར་འདོད་ཆགས་དང་བྲལ་བ། དང་བ་འཁོར་དང་བ།
ཁྱུ་མཆོག་བ་ལང་གི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། གླང་པོ་ཆེ་གླང་པོ་ཆེའི་ཕྲུག་གུའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། སེང་གེ་མཆེ་བ་ཅན་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། ངང་པའི་རྒྱལ་པོ་ངང་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། ནམ་མཁའ་ལྡིང་བྱའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། བྲམ་

ཟེ་སློབ་མའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། སྨན་པ་མཁས་པ་ནད་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། དཔའ་བོ་དམག་གི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། ལམ་མཁན་འགྲོན་པོའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། དེད་དཔོན་ཚོང་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་།
ཚོང་དཔོན་སྐྱེ་བོའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། ཁམས་ཀྱི་རྒྱལ་ཕྲན་བློན་པོའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། འཁོར་ལོས་སྒྱུར་བ་བུ་སྟོང་གིས་བསྐོར་བ་ལྟ་བུ་དང་། ཟླ་བ་རྒྱུ་སྐར་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། ཉི་མ་འོད་ཟེར་སྟོང་གིས་བསྐོར་བ་ལྟ་བུ་དང་། ཡུལ་འཁོར་
སྐྱོང་དྲི་ཟའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། འཕགས་སྐྱེས་པོ་གྲུལ་བུམ་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། མིག་མི་བཟང་ཀླུའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། རྣམ་ཐོས་ཀྱི་བུ་གནོད་སྦྱིན་གྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། ཐགས་ཟངས་རིས་ལྷ་མ་ཡིན་གྱི་ཚོགས་ཀྱིས་
བསྐོར་བ་ལྟ་བུ་དང་། བརྒྱ་བྱིན་སུམ་བཅུ་རྩ་གསུམ་པའི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། ཚངས་པ་ཚངས་རིས་ཀྱི་ཚོགས་ཀྱིས་བསྐོར་བ་ལྟ་བུ་དང་། རྒྱ་མཚོ་གཡོ་བ་མེད་པ་ལྟ་བུ་དང་། སྤྲིན་ཆུ་དང་བཅས་པ་ལྟ་བུ་དང་། གླང་པོ་ཆེ་དམ་པ་དྲེགས་པ་དང་བྲལ་བ་ལྟར་དབང་པོ་རྣམས་
ཤིན་ཏུ་དུལ་བས་སྤྱོད་ལམ་གྱི་ཚུལ་མ་འཁྲུགས་པ། སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་ཀུན་ནས་བརྒྱན་ཞིང་། དཔེ་བྱད་བརྒྱད་བཅུས་རྣམ་པར་མཛེས་པར་བྱས་པ། འོད་འདོམ་གང་གིས་བརྒྱན་པའི་སྐུ། ཉི་མའི་འོད་ཟེར་སྟོང་བས་ལྷག་པའི་འོད་ཅན། རིན་པོ་ཆེའི་
རི་བོ་འགྲོ་བ་ལྟར་ཀུན་ནས་མཛེས་པ། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་དང་། ཐུགས་རྗེ་ཆེན་པོ་དང་ལྡན་པ། དགེ་སློང་གི་དགེ་འདུན་ཆེན་པོ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་འཁོར་དང་བཅས་པ་དང་། མཉན་
ཡོད་ན་གནས་པའི་སྐྱེ་བོའི་ཚོགས་དང་། ལྷ་བརྒྱ་སྟོང་ཕྲག་དུ་མས་ཞབས་འབྲིང་བྱས་ནས་མཉན་ཡོད་ཀྱི་གྲོང་ཁྱེར་དུ་གཤེགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མཉན་ཡོད་ཀྱི་གྲོང་ཁྱེར་དུ་གཤེགས་ནས་མངོན་པར་འདུ་མཛད་པས། གྲོང་ཁྱེར་གྱི་སྒོའི་ཐེམ་པ་ལ་ཞབས་གཡས་པས་

མནན་པ་དེའི་ཚེ་ས་རྣམ་པ་དྲུག་ཏུ་གཡོས་ཏེ། ས་ཆེན་པོ་འདི་གཡོས། ཀུན་དུ་གཡོས། ཀུན་དུ་རབ་ཏུ་གཡོས། ལྡེག་རབ་ཏུ་ལྡེག །ཀུན་དུ་རབ་ཏུ་ལྡེག་སྟེ། ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའ། ནུབ་ཕྱོགས་མཐོ་ན་ཤར་ཕྱོགས་དམའ། ལྷོ་ཕྱོགས་
མཐོ་ན་བྱང་ཕྱོགས་དམའ། བྱང་ཕྱོགས་མཐོ་ན་ལྷོ་ཕྱོགས་དམའ། མཐའ་མཐོ་ན་དབུས་དམའ། དབུས་མཐོ་ན་མཐའ་དམའ་བར་གྱུར་ནས། འཇིག་རྟེན་འདི་ཐམས་ཅད་འཇིག་རྟེན་གྱི་བར་དང་བཅས་ཏེ་སྣང་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ཏོ། །བར་སྣང་ལ་ཡང་ལྷའི་རྔ་བརྡུང་
ཞིང་ནམ་མཁའི་དཀྱིལ་ན་གནས་པའི་ལྷས་ནི་སྟེང་ནས་ལྷའི་མེ་ཏོག་ཨུཏྤལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། ཨ་ཀ་རུའི་ཕྱེ་མ་དང་། རྒྱ་སྤོས་ཀྱི་ཕྱེ་མ་དང་། ཙན་དན་གྱི་ཕྱེ་མ་དང་། གུར་གུམ་གྱི་ཕྱེ་མ་དང་། ཏ་མ་ལའི་ལོ་མ་དང་། ལྷའི་མེ་ཏོག་མན་དཱ་ར་བ་དག་འཐོར་
ཞིང་ལྷའི་གོས་རྣམས་ཀྱང་འཐོར་རོ། །བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་པ་ན་འདི་དག་དང་གཞན་ཡང་ཡ་མཚན་འདི་ལྟ་བུ་དག་བྱུང་བར་གྱུར་ཏོ། །གཞན་ཡང་དོག་པ་རྣམས་ནི་ཡངས་པར་གྱུར་ཏོ། །དམའ་བ་རྣམས་ནི་མཐོན་པོར་གྱུར་ཏོ། །མཐོན་པོ་རྣམས་ནི་མཉམ་པར་གྱུར་ཏོ། །གླང་པོ་ཆེ་
ཡང་སྐད་འབྱིན། རྟ་ཡང་སྐད་འབྱིན། ཁྱུ་མཆོག་རྣམས་ཀྱང་སྐད་འབྱིན་ཏོ། །ཁང་པ་ན་ཡོད་པའི་རོལ་མོའི་ཆ་བྱད་སྣ་ཚོགས་པ་རྣམས་ཀྱང་རང་སྒྲ་འབྱིན་ཏོ། །ལོང་བ་རྣམས་ཀྱིས་ནི་མིག་ཐོབ་བོ། །འོན་པ་རྣམས་ཀྱིས་རྣ་བས་ཐོས་སོ། །ལྐུགས་པ་རྣམས་ཀྱིས་ནི་སྨྲ་ནུས་པར་གྱུར་ཏོ། །དབང་པོ་མ་
ཚང་བ་རྣམས་ནི་དབང་པོ་རྣམས་ཚང་བར་གྱུར་ཏོ། །ཆང་གིས་མྱོས་པ་རྣམས་ནི་མྱོས་པ་དང་བྲལ་བར་གྱུར་ཏོ། །དུག་འཐུངས་པ་རྣམས་ནི་དུག་ཞི་བར་གྱུར་ཏོ། །ཕན་ཚུན་ཁོན་བྱུང་བ་རྣམས་ནི་བྱམས་པ་ཐོབ་པར་གྱུར་ཏོ། །སྦྲུམ་མ་རྣམས་ནི་བདེ་བར་བཙས་པར་གྱུར་ཏོ། །བཙོན་དུ་བཅིངས་པ་རྣམས་
ནི་བཅིངས་པ་ལས་ཐར་ཏོ། །ནོར་མེད་པ་རྣམས་ནི་ནོར་རྙེད་དེ། འདི་དག་དང་གཞན་ཡང་བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་པ་ན་ངོ་མཚར་བརྒྱ་སྟོང་དག་བྱུང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་བཀུར་སྟི་ཆེན་པོ་དེ་ལྟ་བུས་མཉན་ཡོད་དུ་གཤེགས་སོ། །གཤེགས་ནས་དགེ་སློང་གི་

དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་མཛའ་བཤེས་དང་ཉེ་དུ་དང་གཉེན་གྱི་སྐྱེ་བོས་ཡོངས་སུ་བསྐོར་ནས་གསེར་གྱི་བྱ་མ་བུམ་བླངས་ཏེ་ཆུ་སྦྲེང་བར་བརྩམས་པ་ལས། དེ་འཛག་ཏུ་མ་བཏུབ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་
ཡིད་མི་བདེ་སྟེ་བསམས་པ། བདག་གི་ལས་ཉེས་པ་དང་བཅས་པ་ཅུང་ཟད་བྱས་པར་མ་གྱུར་གྲང་སྙམ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ཁྱོད་ཀྱིས་ལས་ཉེས་པ་དང་བཅས་པ་ཅུང་ཟད་ཀྱང་བྱས་པ་མེད་དེ། འོན་ཀྱང་ཁྱོད་ཀྱིས་ཕྱོགས་འདིར་འདུག་ནས་
སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཕྱོགས་འདི་ཕུལ་བ་ཡིན་གྱིས། ཕྱོགས་གཞན་ཞིག་ཏུ་འདུག་ལ་སྦྲེངས་ཤིག །དེས་ཕྱོགས་གཞན་ཞིག་ཏུ་འདུག་སྟེ་སྦྲེངས་པ་དང་། བཅོམ་ལྡན་འདས་ཉིད་ཀྱི་ཡན་ལག་ལྔ་དང་ལྡན་པའི་གསུང་དབྱངས་ཀྱིས་རྒྱལ་བྱེད་ཀྱི་ཚལ་
བརྗོད་པར་མཛད་དེ། རྒྱལ་བྱེད་ཀྱི་ཚལ་བརྗོད་པ་མཛད་པ་ན་གཞོན་ནུ་རྒྱལ་བྱེད་ཀྱིས་བསམས་པ། ཀྱེ་མ་བཅོམ་ལྡན་འདས་ཀྱིས་དེར་བདག་གིས་མིང་ཐོག་མར་སྨོས་ཀྱང་ཅི་མ་རུང་སྙམ་པ་དང་། བཅོམ་ལྡན་འདས་ཀྱིས་གཞོན་ནུ་རྒྱལ་བྱེད་ཀྱི་བསམ་པ་ཐུགས་སུ་ཆུད་ནས། དགེ་སློང་
དག་འདི་ནི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ཡིན་ནོ་ཞེས་དེར་མིང་ཐོག་མར་སྨོས་པར་མཛད་དོ། །གཞོན་ནུ་རྒྱལ་བྱེད་ཀྱིས་བཅོམ་ལྡན་འདས་ཀྱིས་དེར་བདག་གི་མིང་ཐོག་མར་སྨོས་པ་མཛད་པ་ཐོས་ནས་ཤིན་ཏུ་དགའ་བར་གྱུར་ཏེ། དགའ་བ་དང་རབ་ཏུ་
དགའ་བ་སྐྱེས་པ་དེས་ནོར་གྱི་རིགས་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱི་ཕྱིར་རིན་པོ་ཆེ་སྣ་བཞིའི་སྒོ་ཁང་བྱེད་དུ་བཅུག་གོ། །དེ་བཞིན་དུ་སྡུད་པ་བྱེད་པ་རྣམས་ཀྱིས་ཀྱང་མདོ་སྡེའི་ནང་དུ་སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་
བཞུགས་སོ་ཞེས་གདགས་པར་བྱས་སོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལས་ཕྱོགས་འདི་སྔོན་ནམ་

ཕུལ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་བསྐལ་པ་དགུ་བཅུ་རྩ་གཅིག་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་
ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ནས། དེ་འཁོར་དགེ་སློང་དྲུག་ཁྲི་ཉིས་སྟོང་དང་ཕྱོགས་འདིར་གཤེགས་སོ། །དེའི་ཚེ་མཉན་ཡོད་འདིར་ཁྱིམ་བདག་རྒྱལ་ཞེས་བྱ་བ་བྱུང་སྟེ། དེས་ས་ཕྱོགས་འདི་
རྒྱང་གྲགས་དྲུག་གསེར་དང་དབྱིག་གཤིབས་པས་རྒྱལ་བུ་གཞོན་ནུ་ལས་ཉོས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ལ་ཕུལ་ཏེ། དེ་ཉིད་ཀྱི་སྤྱན་སྔར་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་སུམ་དུ་བྱས་སོ། །ཁྱིམ་བདག་རྒྱལ་
གྱི་ཚ་བོ་ཞིག་དེས་བསྟེན་པས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ལ་ཤིན་ཏུ་དད་པ་སྐྱེས་ནས་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་རྩིག་ཏུ་བཅུག་སྟེ་དེས་བསམས་པ། གང་གིས་ན་བདག་གིས་འདི་ཉིན་མཚན་དུ་སྒྲིབ་པ་མེད་པར་མཐོང་བར་
འགྱུར་བའི་ཐབས་དེ་ཅི་ཡོད་སྙམ་པ་དང་། དེ་ལ་རྟེན་པ་རྒྱ་མཚོའི་འགྲམ་ན་འདུག་པ་ཞིག་གིས་ནོར་བུ་རིན་པོ་ཆེ་འབར་བ་ཞིག་སྐྱེས་སུ་བསྐུར་ནས། དེས་དེ་མཆོད་རྟེན་ལ་བཏགས་པ་དང་དེའི་མཐུས་དེས་དབུ་སྐྲ་དང་སེན་མོའི་མཆོད་རྟེན་དེ་ཉིན་མཚན་དུ་སྒྲིབ་པ་མེད་པར་མཐོང་ངོ་། །དེ་ནས་དད་པ་སྐྱེས་ཏེ་སྨོན་ལམ་བཏབ་
པ། ཇི་ལྟར་ས་ཕྱོགས་འདི་བདག་གི་ཞང་པོས་རྒྱལ་བུ་གཞོན་ནུ་ལས་གསེར་དང་དབྱིག་གཤིབས་པས་ཉོས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་བ་དེ་བཞིན་དུ་བདག་གིས་ཀྱང་ས་ཕྱོགས་འདི་གསེར་དང་དབྱིག་གཤིབས་པས་རྒྱལ་བུ་
གཞོན་ནུ་ལས་ཉོས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་ལ་འབུལ་བར་འགྱུར་ཞིང་། དེ་རྣམས་ཀྱི་ཕྱི་མ་ཤོས་གང་ཡིན་པ་དེའི་སྤྱན་སྔར་བདག་རབ་ཏུ་བྱུང་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་མངོན་སུམ་དུ་བྱས་པར་གྱུར་ཅིག་ཅེས་བཏབ་བོ། །དགེ་སློང་དག་

ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ཁྱིམ་བདག་རྒྱལ་གྱི་ཚ་བོ་གང་ཡིན་པ་དེ་ནི་ཁྱིམ་བདག་མགོན་མེད་ཟས་སྦྱིན་འདི་ཉིད་ཡིན་ནོ། །དེ་ཚུན་ཆད་བསྐལ་པ་སུམ་བཅུ་རྩ་གཅིག་པ་ལ་སྟོན་པ་གཙུག་ཏོར་ཅན་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་། །ཞེས་བྱ་བའི་བར་གོང་
མ་བཞིན་དུ་སྟེ། དེ་འཁོར་དགེ་སློང་དྲུག་ཁྲི་དང་ས་ཕྱོགས་འདིར་གཤེགས་སོ། །དེའི་ཚེ་ཁྱིམ་བདག་རྒྱས་པ་ཞེས་བྱ་བ་བྱུང་སྟེ། དེས་ཕྱོགས་འདི་དཔག་ཚད་ཕྱེད་དང་གསུམ་ནོར་བུ་གཤིབས་པས་རྒྱལ་བུ་གཞོན་ནུ་ལས་ཉོས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ཏོར་
ཅན་ཉན་ཐོས་ཀྱི་འཁོར་དང་བཅས་པ་ལ་ཕུལ་ལོ། །དགེ་སློང་དག་དེའི་ཚེ་དེའི་དུས་ཀྱི་ཁྱིམ་བདག་རྒྱས་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་ན་ཁྱེད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་དེའི་ཚེ་དེའི་དུས་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་འདི་ཉིད་ཡིན་ནོ། །དེའི་འོག་ཏུ་བསྐལ་
པ་སུམ་བཅུ་རྩ་གཅིག་པ་དེ་ཉིད་ལ་སྟོན་པ་ཐམས་ཅད་སྐྱོབ་ཅེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དེ་འཁོར་དགེ་སློང་དྲུག་ཁྲི་དང་ས་ཕྱོགས་འདིར་གཤེགས་སོ། །དེའི་ཚེ་ཁྱིམ་བདག་མཆུ་ཞེས་བྱ་བ་བྱུང་སྟེ། དེས་ཕྱོགས་
འདི་རྒྱང་གྲགས་གཉིས་མུ་ཏིག་གཤིབས་པས་གཞོན་ནུ་ལས་ཉོས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་སྐྱོབ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་ལོ། །དགེ་སློང་དག་དེའི་ཚེ་དེའི་དུས་ཀྱི་ཁྱིམ་བདག་མཆུ་ཞེས་བྱ་བ་དེ་གཞན་ཞིག་ཡིན་སྙམ་ན་ཁྱེད་ཀྱིས་
དེ་ལྟར་མི་བལྟ་སྟེ། འོན་ཀྱང་དེའི་ཚེ་དེའི་དུས་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་འདི་ཉིད་ཡིན་ནོ། །དེའི་འོག་ཏུ་བསྐལ་པ་བཟང་པོ་འདི་ཉིད་ལ་སྟོན་པ་འཁོར་བ་འཇིག་ཅེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དེ་འཁོར་
དགེ་སློང་བཞི་ཁྲི་དང་ལྷན་ཅིག་ཕྱོགས་འདིར་གཤེགས་སོ། །དེའི་ཚེ་ཁྱིམ་བདག་སྲིད་སྦྱིན་ཞེས་བྱ་བ་བྱུང་སྟེ། དེས་ཕྱོགས་འདིར་བ་ལང་གིས་བཀང་བས་གཞོན་ནུ་ལས་ཉོས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་ལོ། །

དགེ་སློང་དག་དེའི་ཚེ་དེའི་དུས་ཀྱི་ཁྱིམ་བདག་སྲིད་སྦྱིན་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་ན་ཁྱེད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་དེའི་ཚེ་དེའི་དུས་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་འདི་ཉིད་ཡིན་ནོ། །དེའི་འོག་ཏུ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་སུམ་ཁྲི་ཐུབ་
པ་ན་སྟོན་པ་གསེར་ཐུབ་ཅེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་ཞེས་བྱ་བའི་བར་གོང་མ་བཞིན་དུ་སྟེ། དེ་འཁོར་དགེ་སློང་སུམ་ཁྲི་དང་ཕྱོགས་འདིར་གཤེགས་སོ། །དེའི་ཚེ་ཁྱིམ་བདག་ཕུར་བུ་ཞེས་བྱ་བ་བྱུང་སྟེ། དེས་ཕྱོགས་འདི་གོས་བཏིང་བས་གཞོན་ནུ་ལས་
ཉོས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ཐུབ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་ལོ། །དགེ་སློང་དག་དེའི་ཚེ་དེའི་དུས་ཀྱི་ཁྱིམ་བདག་ཕུར་བུ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་ན་ཁྱེད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་དེའི་ཚེ་དེའི་དུས་ན་ཁྱིམ་བདག་མགོན་མེད་
ཟས་སྦྱིན་འདི་ཉིད་ཡིན་ནོ། །དེའི་འོག་ཏུ་བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་ཉི་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཞེས་བྱ་བ་ནས་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེ་འཁོར་དགེ་སློང་ཉི་ཁྲི་དང་ཕྱོགས་
འདིར་གཤེགས་སོ། །དེའི་ཚེ་ཁྱིམ་བདག་ཆུ་སྟོད་ཅེས་བྱ་བ་བྱུང་སྟེ། དེས་ས་ཕྱོགས་འདི་རྒྱང་གྲགས་ཕྱེད་གསེར་གྱི་ནས་བཀྲམ་པས་གཞོན་ནུ་ལས་ཉོས་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་ལོ། །དགེ་སློང་དག་དེའི་ཚེ་དེའི་དུས་ཀྱི་ཁྱིམ་བདག་
ཆུ་སྟོད་ཅེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་ན་ཁྱེད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་དེའི་ཚེ་དེའི་དུས་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་འདི་ཉིད་ཡིན་ནོ། །དགེ་སློང་དག་ད་ལྟར་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་
བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་ང་ཡང་འཇིག་རྟེན་དུ་བྱུང་ནས་ང་འཁོར་སྟོང་ཉིས་བརྒྱ་ལྔ་བཅུ་དང་ཕྱོགས་འདིར་གཤེགས་པ་ན་ད་ལྟར་ཡང་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་རྨོན་པ་དོར་བཅུ་དྲུག་གིས་རྨོས་པའི་

ཁྱོན་བྱེ་བ་གཤིབ་པས་གཤིབས་ནས་གཞོན་ནུ་རྒྱལ་བྱེད་ལས་ཉོས་ཏེ་ང་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་ལོ། །དགེ་སློང་དག་མ་འོངས་པའི་དུས་ན་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བརྒྱད་ཁྲི་ཐུབ་པ་ན་སྟོན་པ་བྱམས་པ་ཞེས་བྱ་བ་འཁོར་དགྲ་བཅོམ་པ་ཁྲག་ཁྲིག་ཕྲག་དགུ་དང་ཐེར་འབུམ་ཆེན་པོ་ཕྲག་དྲུག་
ཕྱོགས་འདིར་གཤེགས་པར་འགྱུར་རོ། །དེའི་ཚེ་ཁྱིམ་བདག་ནོར་བཟངས་ཞེས་བྱ་བ་འབྱུང་བར་འགྱུར་ཏེ། དེས་ཕྱོགས་འདི་དཔག་ཚད་གསུམ་གསེར་དང་དབྱིག་གཤིབས་པས་གཞོན་ནུ་ལས་ཉོས་ནས་བྱམས་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་དབུལ་བར་འགྱུར་ཞིང་དེ་ཉིད་ཀྱི་བསྟན་པ་ལ་རབ་
ཏུ་བྱུང་སྟེ་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་མངོན་སུམ་དུ་བྱེད་པར་འགྱུར་རོ། །དགེ་སློང་དག་དེའི་ཚེ་དེའི་དུས་ཀྱི་ཁྱིམ་བདག་ནོར་བཟངས་ཞེས་བྱ་བ་འབྱུང་བར་འགྱུར་བ་དེ་གཞན་ཞིག་ཡིན་སྙམ་ན་ཁྱེད་ཀྱིས་དེ་ལྟར་མི་བལྟ་སྟེ། འོན་ཀྱང་ཁྱིམ་བདག་མགོན་མེད་ཟས་སྦྱིན་འདི་ཉིད་ཁྱིམ་
བདག་ནོར་བཟངས་ཞེས་བྱ་བ་ཡིན་པར་འགྱུར་རོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གཏེར་བདག་པོ་དང་བཅས་པ་དང་། བདག་པོ་མེད་པ་དང་། ཐང་ལ་ཡོད་པ་དང་། ཆུ་ན་ཡོད་པ་དང་། གང་དག་རྒྱང་རིང་པོ་ན་ཡོད་པ་དང་། གང་དག་ཐག་ཉེ་བ་ན་ཡོད་པ་ཡང་མཐོང་བས་ཀུན་ཏུ་ཁྱིམ་བདག་མགོན་མེད་
ཟས་སྦྱིན་གྱིས་གཏེར་བདག་པོ་དང་བཅས་པ་དང་། བདག་པོ་མེད་པ་དང་། ཐང་ལ་ཡོད་པ་དང་། ཆུ་ན་ཡོད་པ་དང་། གང་དག་རྒྱང་རིང་པོ་ན་ཡོད་པ་དང་། གང་དག་ཐག་ཉེ་བ་ན་ཡོད་པ་ཡང་མཐོང་ངོ་། །ཞེས་གྲགས་སོ། །དེའི་ཚེ་མུ་སྟེགས་ཅན་གྱི་དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་པ་དང་། ཀུན་དུ་རྒྱུ་
སྣ་ཚོགས་རྟོག་ཁང་དུ་འདུས་ཏེ་འཁོད་པ་རྣམས་འདི་ལྟ་བུའི་སྐབས་ཀྱི་གཏམ་དག་གླེང་བར་བྱེད་དེ། ཤེས་ལྡན་དག་ཁྱིམ་བདག་མགོན་མེད་ཟས་སྦྱིན་མཚན་གང་དག་དང་ལྡན་ན་གཏེར་བདག་པོ་དང་བཅས་པ་དང་། བདག་པོ་མེད་པ་དང་། ཐང་ལ་ཡོད་པ་དང་། ཆུ་ན་ཡོད་པ་དང་། གང་དག་རྒྱང་རིང་
པོ་ན་ཡོད་པ་དང་། གང་དག་ཐག་ཉེ་བ་ན་ཡོད་པ་མཐོང་བར་གྱུར། དེའི་ཚེ་བྲམ་ཟེའི་ཁྱེའུ་ཕྱུགས་སྟེན་ཞེས་བྱ་བ་འཁོར་དེ་ཉིད་དུ་ཚོགས་ཤིང་འདུག་པར་གྱུར་ནས་དེས་སྨྲས་པ། ཤེས་ལྡན་དག་ཁྱེད་ཅག་སེམས་ལས་ཆུང་ངུས་འཁོད་ཅིག་དང་། ཁོ་བོས་ཁྱིམ་བདག་མགོན་མེད་ཟས་སྦྱིན་མཚན་

གང་དག་དང་ལྡན་ན་གཏེར་བདག་པོ་དང་བཅས་པ་དང་། བདག་པོ་མེད་པ་དང་། ཐང་ལ་ཡོད་པ་དང་། ཆུ་ན་ཡོད་པ་དང་། གང་དག་རྒྱང་རིང་པོ་ན་ཡོད་པ་དང་། གང་དག་ཐག་ཉེ་བ་ན་ཡོད་པ་མཐོང་བར་འགྱུར་བ་བརྟགས་ལ་ཁྱེད་ལ་སྨྲ་བར་བྱའོ་ཞེས་དེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་འགྲོ་བ་དང་།
འདུག་པ་ལ་བརྟག་པ་ལྷུར་ལེན་ཅིང་རྗེས་བཞིན་འབྲང་ངོ་། །ཅི་ཙམ་དུས་གཞན་ཞིག་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཆུ་བོ་ཨ་ཛི་ར་བ་ཏིར་ཁྲུས་བྱས་ནས་བྱུང་བ་ལ་དེས་དེའི་རྒྱབ་ཏུ་ཐལ་མོ་བརྒྱབ་པ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་མཐོང་བཞིན་དུ་ཅང་མི་སྨྲ་བར་འདུག་གོ། །དེས་སྨྲས་
པ། ཁྱིམ་བདག་ཁྱོད་ནི་མཁས་པ་ཡིན་ཞིང་བཟོད་པ་དང་དེས་པ་དང་ལྡན་པ་ཡིན་པས་དེས་ན་གཏེར་བདག་པོ་དང་བཅས་པ་དང་། བདག་པོ་མེད་པ་དང་། ཐང་ལ་ཡོད་པ་དང་། ཆུ་ན་ཡོད་པ་དང་། གང་དག་རྒྱང་རིང་པོ་ན་ཡོད་པ་དང་། གང་དག་ཐག་ཉེ་བ་ན་ཡོད་པ་མཐོང་ངོ་། །དེས་མུ་
སྟེགས་ཅན་རྣམས་ལ་གོ་བར་བྱས་པ་དང་། མུ་སྟེགས་ཅན་ཁ་ངོམ་ཅན་རྣམས་ཀྱིས་ཀྱང་ཀུན་དུ་སྨྲས་པས། ཁྱིམ་བདག་མགོན་མེད་ཟས་སྦྱིན་ནི་བཟོད་པ་དང་དེས་པ་དང་ལྡན་པས་དེས་ན་གཏེར་བདག་པོ་དང་བཅས་པ་དང་། བདག་པོ་མེད་པ་དང་། ཐང་ལ་ཡོད་པ་དང་། ཆུ་ན་ཡོད་པ་དང་། གང་དག་
རྒྱང་རིང་པོ་ན་ཡོད་པ་དང་། གང་དག་ཐག་ཉེ་བ་ན་ཡོད་པ་མཐོང་ངོ་ཞེས་ཀུན་དུ་སྒྲ་གྲགས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་མུ་སྟེགས་ཅན་བརྒྱ་སྟོང་ཕྲག་བྱེ་བས་ཀྱང་ཁྱིམ་བདག་མགོན་མེད་ཟས་སྦྱིན་མཚན་གང་དང་
ལྡན་ན་གཏེར་མཐོང་བར་འགྱུར་བ་ཤེས་པར་བླ་བ་མ་ཡིན་ནོ། །འོན་ཀྱང་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་མིག་གི་འབྲས་བུ་རིན་པོ་ཆེ་ལྟར་བཀྲ་བ་དང་། དབྱིག་གི་སྐད་ཡོད་དེ། དེས་ན་གཏེར་བདག་པོ་དང་བཅས་པ་དང་། བདག་པོ་མེད་པ་དང་། ཐང་ལ་ཡོད་པ་དང་། ཆུ་ན་ཡོད་པ་དང་། གང་དག་རྒྱང་རིང་པོ་
ན་ཡོད་པ་དང་། གང་དག་ཐག་ཉེ་བ་ན་ཡོད་པ་མཐོང་ངོ་།། །།འདུལ་བ་གཞི། བམ་པོ་བདུན་བཅུ་དྲུག་པ། དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ལས་ཅི་ཞིག་བགྱིས་ན།

ལས་དེའི་རྣམ་པར་སྨིན་པས་མིག་གི་འབྲས་བུ་རིན་པོ་ཆེ་ལྟར་བཀྲ་ཞིང་དབྱིག་གི་སྐད་དང་ལྡན་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱིམ་བདག་མགོན་མེད་ཟས་སྦྱིན་འདི་ཉིད་ཀྱིས་ལས་ཚོགས་རྙེད་པ། རྐྱེན་ཡོངས་སུ་བསྒྱུར་བ། འོད་པ་བཞིན་དུ་ཉེ་བར་
གནས་པ་གདོན་མི་ཟ་བར་འབྱུང་བར་འགྱུར་བའི་ལས་དག་བྱས་ཤིང་བསགས་པས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དག་གཞན་སུ་ཞིག་གིས་མྱོང་བར་འགྱུར། དགེ་སློང་དག་ལས་བྱས་ཤིང་བསགས་པ་དག་ནི་ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་
སྨིན་པར་མི་འགྱུར། ཆུའི་ཁམས་ལ་མི་འགྱུར། མེའི་ཁམས་ལ་མི་འགྱུར། རླུང་གི་ཁམས་ལ་མི་འགྱུར་གྱི། འདི་ལྟར་ལས་དགེ་བ་དང་མི་དགེ་བ་བྱས་ཤིང་བསགས་པ་དག་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཁོ་ན་ལ་རྣམ་པར་སྨིན་པར་འགྱུར་ཏེ། ལས་རྣམས་བསྐལ་
པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །དགེ་སློང་དག་སྔོན་བྱུང་བ་རི་འོར་ཞིག་ན་ཁྱིམ་བདག་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་
བུ་ལ་ནོར་གྱིས་འགྲན་པ་ཞིག་གནས་ཏེ། དེ་སོས་ཀའི་དུས་ལ་བབ་པའི་ཚེ་མེ་ཏོག་གི་ཤིང་རྣམས་ཁ་འབུས་ཤིང་ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་དང་། ཤང་ཤང་ཏེའུ་རྣམས་སྐད་འབྱིན་པའི་ནགས་ཚལ་གྱི་གཞིར་ནང་མི་དང་ལྷན་ཅིག་དོང་ངོ་། །སངས་རྒྱས་
རྣམས་བྱུང་བ་མེད་པ་ན་རང་སངས་རྒྱས་དམན་པ་དང་ངན་པ་ལ་སྙིང་བརྩེ་བ། བས་མཐའི་གནས་མལ་ལ་དགའ་བ། འཇིག་རྟེན་གྱི་ཡོན་གནས་གཅིག་པུ་དག་འཇིག་རྟེན་དུ་འབྱུང་བར་འགྱུར་བས་ཇི་ཙམ་ན་རང་སངས་རྒྱས་ཞིག་ལྗོངས་རྒྱུ་ཞིང་སོང་བ་ན་རི་འོར་དེར་ཕྱིན་ནས་དེ་སྐྱེད་མོས་ཚལ་དེའི་ཕྱོགས་ཞིག་
ན་འདུག་གོ། །སྐྱེད་མོས་ཚལ་བསྲུང་བའི་མིས་ཁྱིམ་བདག་དེ་ལ་སྨྲས་པ། དཔོན་པོ་ཕྱོགས་འདི་ན་རབ་ཏུ་བྱུང་བ་ཞི་བའི་བདག་ཉིད་ཅན་ཞིག་བཞུགས་སོ། །དེས་ཐོས་ནས་དེ་ཡིད་དགའ་བར་གྱུར་ཞིང་དད་པ་སྐྱེས་ཏེ། གང་གི་སྐྱེད་མོས་ཚལ་ན་འདི་འདྲ་བའི་རབ་ཏུ་བྱུང་བ་གནས་པ་ནི་བདག་སྐལ་བ་ཅན་ཡིན་

ནོ་སྙམ་མོ། །བདག་ཉིད་ཆེན་པོ་དེ་ཡང་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཞུགས་ཏེ་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་ཁྱིམ་བདག་དེས་མཛའ་བཤེས་དང་། ཉེ་དུ་དང་། གཉེན་དང་། ནང་མི་རྣམས་དང་ལྷན་ཅིག་ཏུ་བཀུར་སྟི་ཆེན་པོར་བྱས་
ནས་བསྲེགས་ཏེ། མེ་དེ་འོ་མས་བསད་ནས་རུས་པ་དེ་རྣམས་ཤེལ་ལས་བྱས་པའི་བུམ་པའི་ནང་དུ་རིན་པོ་ཆེ་དང་བསྲེས་ཏེ་བླུགས་པ་དང་རུས་པ་དེ་རྣམས་འོད་དང་ལྡན་ཞིང་སྒྲ་འབྱིན་པར་གྱུར་ཏོ། །དེ་ནས་དེས་དྲུང་དུ་གཏུགས་ནས་སྨོན་ལམ་བཏབ་པ། ཇི་ལྟར་རུས་པ་འདི་རྣམས་རིན་པོ་ཆེ་དང་བསྲེས་ནས་
ཤིན་ཏུ་འོད་དང་ལྡན་ཞིང་སྒྲ་འབྱིན་པ་དེ་བཞིན་དུ། དགེ་བའི་རྩ་བ་འདིས་བདག་གི་མིག་གི་འབྲས་བུ་རིན་པོ་ཆེ་ལྟར་བཀྲ་ཞིང་དབྱིག་གི་སྐད་དང་ལྡན་པར་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་ཁྱིམ་བདག་གང་ཡིན་པ་དེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་འདི་
ཉིད་ཡིན་ཏེ། འདིས་རང་སངས་རྒྱས་ལ་བྱ་བ་བྱས་ནས་སྨོན་ལམ་བཏབ་པ་གང་ཡིན་པ་དང་། ཁྱིམ་བདག་རྒྱལ་གྱི་ཚ་བོར་གྱུར་པ་ན་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་ནོར་བུ་འབར་བ་བཏགས་པ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་
མིག་གི་འབྲས་བུ་རིན་པོ་ཆེ་ལྟར་བཀྲ་ཞིང་དབྱིག་གི་སྐད་དང་ལྡན་པར་གྱུར་ཏོ། །དགེ་སློང་དག་དེ་ལྟ་བས་ན་ལས་གཅིག་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་གཅིག་ཏུ་གནག་པ་ཡིན་ལ། གཅིག་ཏུ་དཀར་བ་རྣམས་ཀྱི་ནི་གཅིག་ཏུ་དཀར་བ་དང་། འདྲེན་མ་རྣམས་ཀྱི་ནི་འདྲེན་མ་ཡིན་ཏེ། དེ་ལྟ་བས་
ན་དགེ་སློང་དག་འདི་ལྟར་བསླབ་པར་བྱ་སྟེ། ལས་གནག་པ་དང་འདྲེན་མ་གང་ཡིན་པ་རྣམས་ནི་སྤངས་ལ། ལས་གཅིག་ཏུ་དཀར་བ་རྣམས་ལ་བརྩལ་བར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ།། །།བར་སྡོམ་ནི། རྒྱལ་དང་རྒྱས་པ་མཆུ་དང་ནི། །སྲིད་སྦྱིན་དང་ནི་ཕུར་བུ་
དང་། །ཆུ་སྟོད་དང་ནི་ཟས་སྦྱིན་དང་། །ཕྱི་མ་པ་ནི་ནོར་བཟངས་ཡིན། །དབྱིག་རྣམས་དང་ནི་གསེར་དང་ནི། །གསུམ་པ་ནོར་བུ་མུ་ཏིག་ཡིན། །བ་དང་ནས་དང་གོས་དང་ནི། །བྱེ་བ་དབྱིག་གིས་བསྡུས་པ་ཡིན། །གང་གི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བྱེ་བའི་གཤིབ་པས་གཤིབས་ནས་གཞོན་ནུ་རྒྱལ་བྱེད་ལས་

ཉོས་ཏེ་སངས་རྒྱས་ལ་སོགས་པའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་དེའི་ཚེ་ཡུལ་སྣ་ཚོགས་ན་གནས་པའི་དད་པ་ཅན་མཆོད་རྟེན་ལ་ཕྱག་འཚལ་བ་དག་མཉན་ཡོད་དུ་ལྷགས་ནས། དེ་རྣམས་ལས་ཁ་ཅིག་མངོན་པར་དད་པར་གྱུར་ནས་སྨྲས་པ། འཕགས་པ་བདག་ཅག་གིས་ཀྱང་འཕགས་པའི་དགེ་
འདུན་གྱི་སླད་དུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་གཞི་ཅུང་ཟད་བརྩིག་གོ། །དགེ་སློང་རྣམས་ཀྱིས་སྨྲས་པ། རིན་གྱིས་ས་ཉོས་ལ་རྩིགས་ཤིག །འཕགས་པ་རིན་ཅི། ཇི་ཙམ་སྩལ་ལགས། དབྱིག་འདི་སྙེད་དོ། །འཕགས་པ་རེ་ཞིག་འདི་སྙེད་ཀྱི་འབྱོར་པ་ལྟ་བདག་ཅག་ལ་ལྟ་ག་ལ་མཆིས། དེ་ལྟ་མོད་ཀྱི་
གལ་ཏེ་ཕྱོགས་འདི་ཐོབ་ན་བརྩིག་གོ་ཞེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ལ་རྟོགས་ལ་གལ་ཏེ་བྱིན་ན་རྩིགས་ཤིག །དགེ་སློང་རྣམས་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་བརྟགས་པ་དང་དེས་སྨྲས་
པ། གལ་ཏེ་བདག་ལ་བརྟེན་ཏེ་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་དགེ་འདུན་གྱི་ཕྱིར་བསོད་ནམས་བགྱི་བའི་དངོས་པོ་བགྱིད་ན་སྩལ་ཏོ། །གང་ཟག་གི་ཕྱིར་བགྱིད་ན་མི་སྩལ་ཏོ་ཞེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། དགེ་འདུན་གྱི་ཕྱིར་ནི་བརྩིག་པར་བྱའོ། །གང་ཟག་གི་ཕྱིར་ནི་ཡོན་བདག་ལ་བརྟགས་ཏེ་གལ་ཏེ་བྱིན་ན་བརྩིག་པར་བྱའོ། །མ་བྱིན་ན་བརྩིག་པར་མི་བྱའོ། །གློ་བུར་བའི་དགེ་སློང་མཆོད་རྟེན་ལ་ཕྱག་འཚལ་བ་དག་མཉན་ཡོད་དུ་ལྷགས་པ་ན་དེ་རྣམས་སྨོས་
འདྲིན་ཇི་ལྟ་བ་བཞིན་དགེ་སློང་རྣམས་ཀྱི་དྲུང་དུ་སོང་བ་དང་། གཞན་དག་ལ་སྨོས་འདྲིན་མེད་པ་དེ་དག་ཕོངས་པར་གྱུར་ནས་བྱུང་བ་འདི་ལ་བཅོམ་ལྡན་