Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 003_འདུལ་བ།_ག
Văn bản gốc(Tây Tạng)
Trang 12 / 19 (50.000 ký tự/trang)
འི་དགེ་འདུན་ལྷག་མའི་ལྟུང་བ་མང་པོ་འདི་རྣམས་བྱུང་བ་ཟླ་བ་ཕྱེད་བཅབས་པ་དགེ་འདུན་ལས་ཟླ་བ་ཕྱེད་ ཀྱི་སྤོ་བ་གསོལ་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཆེད་དུ་བསམས་ཏེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་མང་པོ་འདི་རྣམས་བྱུང་བ་ཟླ་བ་ཕྱེད་བཅབས་པ་ལ་ཟླ་བ་ཕྱེད་ཀྱི་སྤོ་བ་སྩོལ་བར་མཛད་ན། ཚེ་དང་ལྡན་པ་གང་དག་དགེ་སློང་ མིང་འདི་ཞེས་བགྱི་བ་ལ་ཆེད་དུ་བསམས་ཏེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་མང་པོ་འདི་རྣམས་བྱུང་བ་ཟླ་བ་ཕྱེད་བཅབས་པ་ལ་ཟླ་བ་ཕྱེད་ཀྱི་སྤོ་བ་སྩོལ་བར་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུང་ཤིག །འདི་ནི་ལས་ བརྗོད་པ་དང་པོ་ཡིན་ཏེ། དེ་བཞིན་དུ་ལས་བརྗོད་པ་གཉིས་པ་དང་། གསུམ་གྱི་བར་དུ་བརྗོད་པར་བྱའོ། །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཆེད་དུ་བསམས་ཏེ་ཁུ་བ་ཕྱུང་བ་ལས་གྱུར་པའི་དགེ་འདུན་ལྷག་མའི་ལྟུང་བ་མང་ པོ་འདི་རྣམས་བྱུང་བ་ཟླ་བ་ཕྱེད་བཅབས་པ་ལ་ཟླ་བ་ཕྱེད་ཀྱི་སྤོ་བ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ། །བཅོམ་ལྡན་འདས་ཀྱིས་སྤོ་བ་དང་། གཞི་ནས་སྤོ་བ་སྦྱིན་པར་བྱའོ་ཞེས་རྒྱས་པར་བཀའ་སྩལ་པ་དང་། དྲུག་སྡེའི་དགེ་སློང་སྤོ་བ་དང་། མགུ་བར་བྱ་བ་སྤྱོད་པ་རྣམས་ ཀྱིས་རང་བཞིན་དུ་གནས་པའི་དགེ་སློང་རྣམས་ལས་མངོན་དུ་སྨྲ་བ་དང་། ཕྱག་དང་། ལྡང་བ་དང་། ཐལ་མོ་སྦྱར་བ་དང་། འདུད་པའི་ལས་བདག་གིར་བྱེད་པ་ལ་དོན་ཉུང་བའི་དགེ་སློང་རྣམས་སྨོད་པར་བྱེད། གཞོགས་འཕྱས་བྱེད། ཁ་ཟེར་བར་བྱེད་དེ། དེ་ལྟར་སྤོ་བ་དང་མགུ་བར་བྱ་བ་ སྤྱོད་པ་རྣམས་ཀྱིས་རང་བཞིན་དུ་གནས་སུ་གནས་པའི་དགེ་སློང་རྣམས་ལས་མངོན་དུ་སྨྲ་བ་དང་། ཕྱག་དང་། ལྡང་བ་དང་། ཐལ་མོ་སྦྱར་བ་དང་། འདུད་པའི་ལས་བདག་གིར་བྱེད་པ་ནི་བཟང་པོ་མ་ཡིན་ཞིང་འཚམ་པ་མ་ཡིན་ནོ་ཞེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ངས་སྤོ་བ་དང་མགུ་བར་བྱ་བ་སྤྱོད་པའི་དགེ་སློང་རྣམས་ཀྱི་ཀུན་དུ་སྤྱོད་པའི་ཆོས་བཅའ་བར་བྱ་སྟེ། སྤོ་བ་དང་མགུ་བར་བྱ་བ་སྤྱོད་པའི་དགེ་སློང་རྣམས་ཀྱིས་རང་བཞིན་དུ་གནས་པའི་དགེ་སློང་རྣམས་ལས་མངོན་དུ་སྨྲ་བ་དང་། ཕྱག་དང་། ལྡང་བ་དང་། ཐལ་མོ་སྦྱར་བ་དང་། འདུད་པའི་ལས་བདག་གིར་མི་བྱའོ། །སྟན་གཅིག་ལ་མ་ཡིན། སྟན་མཉམ་པར་མ་ཡིན་ཏེ། སྟན་ཆེས་དམའ་བ་བླངས་ཏེ་འདུག་པར་བྱའོ། །འཆག་སར་ལྷན་ཅིག་བཅག་པར་མི་བྱ་མདུན་དུ་མ་ཡིན་ཏེ། གལ་ཏེ་འཆག་སར་འཆག་ན་གོམ་པ་བསྲིའོ། ། བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དུ་འགྲོ་བར་མི་བྱའོ། །གལ་ཏེ་འགྲོ་ན་ཕྱི་བཞིན་འབྲང་བའི་དགེ་སྦྱོང་གི་ཚུལ་དུ་བྱའོ། །སྟེང་གཡོགས་གཅིག་ཏུ་གནས་པར་མི་བྱའོ། །རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱ། གནས་མི་སྦྱིན། དགེ་ཚུལ་མི་གཞག །ལས་མི་བྱ། ལས་བྱེད་ པར་བསྐོ་བར་མི་བྱ། དགེ་སློང་མ་རྣམས་ལ་གདམས་ངག་དབོག་པར་མི་བྱ། དགེ་སློང་མ་རྣམས་ཀྱི་གདམས་ངག་དབོག་པར་བསྐོ་བར་མི་བྱ། སྔོན་བསྐོས་པ་ཞིག་ཡིན་ན་ཡང་དགེ་སློང་མ་རྣམས་ལ་གདམས་ངག་དབོག་པར་མི་བྱ། དགེ་སློང་ལ་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པས་གླེང་བར་མི་བྱ། དྲན་པར་མི་བྱ་སྟེ། འདིས་གདམས་ངག་དབོག་པར་མི་བྱ། གསོ་སྦྱོང་མ་ཡིན། དགག་དབྱེ་མ་ཡིན། གསོལ་བ་མ་ཡིན། གསོལ་བ་དང་གཉིས་མ་ཡིན་ཏེ། གསོལ་བ་དང་བཞིའི་ལས་མི་བྱའོ། །ནང་པར་སྔར་ ལངས་ལ་སྒོ་དབྱེ་བར་བྱའོ། །མར་མེའི་སྡོང་བུ་བསལ་ལ་གཙུག་ལག་ཁང་ཆག་ཆག་གདབ་པར་བྱ། ཕྱག་དར་བྱ། བའི་ལྕི་བ་འཇམ་པོས་བྱུག་པར་བྱའོ། །ཆབ་ཀུངས་དང་། སྣམ་ཕྱིས་ཕྱག་དར་བྱས་ལ་ས་དང་ལོ་མའམ་དུས་དང་མཐུན་པའི་ཆུ་བསིལ་བ་གཞག་པར་བྱའོ། ། ཝ་ཁ་དག་བསལ་བར་བྱའོ། །དུས་ཤེས་པར་བྱ་སྟེ་སྟན་གདིང་བར་བྱའོ། །བདུག་པ་དང་པོག་པོར་གཞག་པར་བྱའོ། །གལ་ཏེ་སྟོན་པའི་ཡོན་ཏན་བསྒྲགས་པར་བྱ་བར་ནུས་ན་བདག་ཉིད་ཀྱིས་བྱའོ། །གལ་ཏེ་མི་ནུས་ན་འཆད་པ་པོ་ལ་གསོལ་བ་གདབ་པར་བྱའོ། །ཁ་ཟས་ཀྱི་གཡོས་ལ་ བརྟགས་ཏེ་གཡོས་ཟིན་ན་ཁང་པའི་སྟེང་དུ་འཛེགས་ཏེ་གཎྜཱི་བརྡུང་བར་བྱའོ། །སོས་ཀ་ཚ་བའི་དུས་སུ་བསིལ་ཡབ་བླངས་ཏེ་དགེ་སློང་རྣམས་ལ་གཡབ་པར་བྱའོ། །དེའི་འོག་ཏུ་བསྙེན་པར་རྫོགས་པ་ཐམས་ཅད་ཀྱི་ནི་ཐ་མ། བསྙེན་པར་མ་རྫོགས་པ་རྣམས་ཀྱི་གོང་དུ་སྤྱོད་ལམ་ཞི་བས་འདུག་སྟེ། དགེ་སློང་མ་ཡིན་པའི་འདུ་ཤེས་གཞག་ལ་ཟས་བཟའ་བར་བྱའོ། །ཟས་ཀྱི་བྱ་བ་བྱས་ནས། གནས་མལ་རྣམས་སྐྱབས་ཡོད་པར་བརྟུལ་བར་བྱའོ། །ལྷུང་བཟེད་ཀྱི་གཞི་ཡང་དོར་བར་བྱའོ། །དུས་ཤེས་པར་བྱས་ལ་དེ་བཞིན་གཤེགས་པའི་དབུ་སྐྲ་དང་། སེན་མོའི་མཆོད་རྟེན་རྣམས་བྱི་དོར་བྱའོ། ། བའི་ལྕི་བ་འཇམ་པོས་བྱུག་པར་བྱའོ། །དགོངས་ཀའི་དུས་སུ་ཡང་གནས་མལ་བཤམ་པར་བྱའོ། །པོག་པོར་ཉེ་བར་གཞག་པར་བྱའོ། །སྟོན་པའི་ཡོན་ཏན་ཡང་དག་པར་བསྒྲགས་པ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དགེ་སྐོས་རྣམས་ཇི་སྐད་བརྗོད་པ་བཞིན་དུ་དགེ་འདུན་བཙུན་པ་རྣམས་ གསན་དུ་གསོལ། དེང་དུ་ཟླ་བ་ཕྱེད་ཀྱི་ཚེས་བཅུ་ཡང་འདས་ལགས་སོ། །ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཉི་མ་བརྗོད་པར་བྱའོ། །དེ་ནས་སྤོ་བ་བརྗོད་པར་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་དགེ་འདུན་ལྷག་མའི་ལྟུང་བ་འདི་ལྟ་ བུ་དང་འདི་ལྟ་བུ་བྱུང་བ་དུས་འདི་ཙམ་ཞིག་བཅབས་པ་དང་། བདག་ལ་དགེ་འདུན་གྱིས་དུས་འདི་ཙམ་གྱི་སྤོ་བ་སྩལ་བ་དེ་ལས་འདི་ཙམ་ཞིག་ནི་བདག་གིས་སྤྱད་ལགས་ཏེ་ལྷག་མ་ཡང་སྤྱད་པར་བགྱི་ན། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་ལ་སྤོ་བ་པོ་དང་མགུ་བར་བགྱི་བ་སྤྱོད་པ་ལགས་པར་ གཟུང་དུ་གསོལ། བཅོམ་ལྡན་འདས་ཀྱིས་སྤོ་བ་བརྗོད་པར་བྱའོ་ཞེས་གསུང་ན་གློ་བུར་དུ་འོངས་པ་རྣམས་ལ་ནི་མི་བརྗོད་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གློ་བུར་དུ་འོངས་པ་རྣམས་ལ་བརྗོད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་གློ་བུར་དུ་འོངས་པ་རྣམས་ ལ་སྤོ་བ་བརྗོད་པར་བྱའོ་ཞེས་གསུངས་པ་དང་དགེ་སློང་གློ་བུར་བ་ཞིག་འོངས་ནས་དེས་རེ་ཞིག་ལྷུང་བཟེད་དང་། ཆོས་གོས་ཀྱང་མཁོས་སུ་མ་ཕབ་པར་དེའི་མདུན་དུ་སྤོ་བ་པོ་འདུག་ནས་སྨྲས་པ། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་ བ་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་ཞེས་བྱ་བ་ནས་ཚེ་དང་ལྡན་པ་བདག་ལ་སྤོ་བ་པོར་གཟུང་དུ་གསོལ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །དེས་དེ་ལ་ཀུན་ནས་དཀྲིས་པས་སྨྲས་པ། མི་གཏི་མུག་ཅན་སྤོ་བ་ཡང་མི་དགོས་ཁྱོད་ཀྱང་མི་དགོས་ཀྱིས་ངའི་མདུན་དུ་མ་འདུག་པར་ སོང་། དེ་ངོ་ཚ་བ་སྙིང་ལ་ཕོག་པས་ངོ་སྨད་ནས་སྤྱོད་ལམ་དལ་གྱིས་དགེ་སློང་དེའི་དྲུང་ནས་སོང་ངོ་། །སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གློ་བུར་དུ་འོངས་པའི་དགེ་སློང་གིས་ལྷུང་བཟེད་དང་། ཆོས་གོས་ མཁོས་སུ་མ་ཕབ་པར་བརྗོད་པར་མི་བྱའོ། །གཞན་ཡང་རེ་རེ་ལ་ཡང་བརྗོད་པར་མི་བྱའི་འོན་ཀྱང་དགེ་འདུན་ཐམས་ཅད་ཚོགས་ཤིང་མཐུན་པར་གྱུར་པ་ལའོ། །དགེ་འདུན་ཐམས་ཅད་མ་ཚོགས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཎྜཱི་བརྡུངས་པ་ན་ཇི་སྙེད་ཚོགས་པ་ལ་བརྗོད་པར་ བྱའོ། །འདིས་དགེ་སློང་མེད་པའི་གཙུག་ལག་ཁང་དུ་འགྲོ་བར་མི་བྱའོ། །གལ་ཏེ་སོང་ན་དེར་གནས་པར་མི་བྱའོ། །དགོངས་ཀར་དུས་ཇི་ལྟ་བ་བཞིན་དུ་ཆུ་དྲོན་པོའམ་བསིལ་བས་དགེ་སློང་རྣམས་ཀྱི་རྐང་པ་བཀྲུ་བར་བྱའོ། །གལ་ཏེ་མི་འདོད་ན་སྣུམ་གྱིས་བྱུག་པར་བྱའོ། །དེ་ནས་ དྲན་པ་ཉེ་བར་བཞག་སྟེ་ལྡང་བའི་འདུ་ཤེས་ཀྱིས་ཉལ་བར་བྱའོ། །སྤོ་བ་དང་མགུ་བར་བྱ་བ་སྤྱོད་པའི་དགེ་སློང་རྣམས་ཀྱིས་ཀུན་དུ་སྤྱོད་པའི་ཆོས་ཇི་ལྟར་བཅས་པ་བཞིན་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །དགེ་སློང་རྣམས་ཀྱིས་དེ་ལ་གནས་ཁང་མ་བསྐོས་ རྙེད་པ་མ་བྱིན་པ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐམས་ཅད་ཀྱི་འོག་ཏུ་དེའི་གནས་ཁང་བསྐོ་བར་བྱ་ཐམས་ཅད་ཀྱི་འོག་ཏུ་རྙེད་པ་སྦྱིན་པར་བྱའོ།། །།སྡོམ་ལ། དྲུག་བཅུ་དང་ནི་བརྒྱ་དག་དང་། །ཉི་ཤུར་གང་ཟག་བྱ་བ་དང་། །དགེ་འདུན་ལ་ནི་མགུ་སྤྱད་དང་། །ཤ་ཁོན་ཅན་ དག་འོང་བའོ། །དྲུག་སྡེའི་དགེ་སློང་སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་རྣམས་ཀྱིས་དགེ་སློང་རྣམས་ལ་སྤོ་བ་བྱིན་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤོས་པའི་དགེ་སློང་བཞིས་སྤོ་བ་སྦྱིན་པར་མི་བྱ་སྟེ། སྤོས་པ་གསུམ་ དང་རང་བཞིན་དུ་གནས་པ་གཅིག་གིས་མ་ཡིན། སྤོས་པ་གཉིས་དང་རང་བཞིན་དུ་གནས་པ་གཉིས་ཀྱིས་མ་ཡིན། སྤོས་པ་གཅིག་དང་རང་བཞིན་དུ་གནས་པ་གསུམ་གྱིས་མ་ཡིན་ཏེ། འོན་ཀྱང་ཐམས་ཅད་ཡོངས་སུ་དག་པ་ལྟ་བ་མཚུངས་པ་རྣམས་ཀྱིས་དགེ་སློང་ལ་སྤོ་བ་སྦྱིན་པར་བྱའོ། ། སྤོས་པ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་གཞི་ནས་སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་དང་། མགུ་བར་བྱ་བ་སྤྱད་པ་དང་བསླབ་པ་བྱིན་པ་རྣམས་ཀྱིས་ཀྱང་དེ་བཞིན་ནོ། །སྤོ་བ་ཇི་ལྟ་བ་བཞིན་དུ་གཞི་ནས་སྤོ་བ་དང་། གཞི་ནས་བསླང་སྟེ་སྤོ་བ་དང་། མགུ་བར་བྱ་བ་དང་། གཞི་ནས་མགུ་བར་ བྱ་བ་དང་། གཞི་ནས་བསླང་སྟེ་མགུ་བར་བྱ་བ་ཡང་དེ་བཞིན་ནོ། །དྲུག་སྡེའི་དགེ་སློང་སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་རྣམས་ཀྱིས་དགེ་སློང་རྣམས་འབྱིན་པར་བྱེད་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤོས་པ་ཉི་ ཤུས་དགེ་སློང་དབྱུང་བར་མི་བྱ་སྟེ། སྤོས་པ་བཅུ་དགུ་དང་རང་བཞིན་དུ་གནས་པ་གཅིག་གིས་མ་ཡིན། སྤོས་པ་བཅྭ་བརྒྱད་དང་རང་བཞིན་དུ་གནས་པ་གཉིས་ཀྱིས་མ་ཡིན་པ་ནས། དེ་བཞིན་དུ་རང་བཞིན་དུ་གནས་པ་བཅུ་དགུ་དང་སྤོས་པ་གཅིག་གིས་མ་ཡིན་ཞེས་བྱ་བའི་བར་དུའོ། །སྤོས་ པ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་སྤོ་བ་སྤྱོད་པ་དང་། མགུ་བར་བྱ་བ་སྤྱོད་པ་དང་། མགུ་བར་བྱ་བ་སྤྱད་པ་དང་། བསླབ་པ་བྱིན་པ་རྣམས་ཀྱིས་ཀྱང་དེ་བཞིན་ནོ། །དྲུག་སྡེའི་དགེ་སློང་སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་རྣམས་ཀྱིས་དགེ་སློང་སྤོས་པ་རྣམས་ཀྱི་དྲུང་དུ་སྤོ་བ་སྤྱོད་པའི་སྐབས་དེ་དགེ་སློང་ རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་སྤོས་པ་བཞིའི་དྲུང་དུ་སྤོ་བ་སྤྱད་པར་མི་བྱ་སྟེ། སྤོས་པ་གསུམ་དང་རང་བཞིན་དུ་གནས་པ་གཅིག་ལ་མ་ཡིན། སྤོས་པ་གཉིས་དང་རང་བཞིན་དུ་གནས་པ་གཉིས་ལ་མ་ ཡིན། སྤོས་པ་གཅིག་དང་རང་བཞིན་དུ་གནས་པ་གསུམ་ལ་མ་ཡིན་ཏེ། འོན་ཀྱང་ཐམས་ཅད་ཡོངས་སུ་དག་པ་ལྟ་བ་མཚུངས་པ་རྣམས་ཀྱི་དྲུང་དུ་སྤོ་བ་སྤྱད་པར་བྱའོ། །སྤོས་པ་རྣམས་ལ་ཇི་ལྟ་བ་བཞིན་དུ་སྤོ་བ་སྤྱད་པ་དང་། མགུ་བར་བྱ་བ་སྤྱོད་པ་དང་། མགུ་བར་བྱ་བ་སྤྱད་པ་དང་། བསླབ་པ་བྱིན་པ་ རྣམས་ལ་ཡང་དེ་བཞིན་ནོ། །སྤོ་བ་ཇི་ལྟ་བ་བཞིན་དུ་གཞི་ནས་སྤོ་བ་དང་། གཞི་ནས་བསླང་སྟེ་སྤོ་བ་དང་། མགུ་བར་བྱ་བ་དང་། གཞི་ནས་མགུ་བར་བྱ་བ་དང་། གཞི་ནས་བསླང་སྟེ་མགུ་བར་བྱ་བ་ཡང་དེ་བཞིན་ནོ། །དྲུག་སྡེའི་དགེ་སློང་སྤོ་བ་དང་མགུ་བར་བྱ་བ་ཡང་སྤྱོད་པ་རྣམས་གཙུག་ ལག་ཁང་སྟོང་པ་ཞིག་ཏུ་དོང་ནས་སྤོ་བ་སྤྱོད་པ་དེ་རྣམས་དགེ་སློང་དག་གིས་མཐོང་ནས་སྨྲས་པ། ཚེ་དང་ལྡན་པ་དག་གཙུག་ལག་ཁང་འདིར་ཅི་ཁྱེད་ཅག་གནས་སམ། དེ་རྣམས་ཀྱིས་སྨྲས་པ། འདིར་བདག་ཅག་མི་གནས་ཏེ་འོན་ཀྱང་སྤོ་བ་སྤྱོད་དོ། །དེ་རྣམས་ཀྱིས་སྨྲས་པ། ཁྱེད་ཅག་ ནི་སྤོ་བ་སྤྱོད་པ་མ་ཡིན་ཏེ་འོན་ཀྱང་འཆབ་པ་ཡིན་ནོ། །དེ་རྣམས་ཀྱིས་གནད་ལ་ཕབ་པས་ཅང་མི་སྨྲ་བར་འདུག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁང་སྟོང་དུ་སྤོ་བ་སྤྱོད་པར་མི་བྱ་སྟེ། གང་ ན་དགེ་སློང་གཅིག་གམ། གཉིས་སམ། གསུམ་ཡོད་པར་ཡང་མ་ཡིན་ཏེ། འོན་ཀྱང་གང་ན་ཡོངས་སུ་དག་པ་ལྟ་བ་མཚུངས་པའི་དགེ་སློང་བཞི་གནས་པ་དེར་སྤོ་བ་སྤྱད་པར་བྱའོ། །སྤོ་བ་ཇི་ལྟ་བ་བཞིན་དུ་གཞི་ནས་སྤོ་བ་དང་། གཞི་ནས་བསླང་བ་དང་། མགུ་བར་བྱ་བ་དང་། གཞི་ནས་མགུ་བར་བྱ་བ་དང་། གཞི་ནས་བསླང་སྟེ་མགུ་བར་བྱ་བ་ཡང་དེ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་འདི་ལྟར་དགེ་སློང་སྤོ་བ་དང་། མགུ་བར་བགྱི་བ་སྤྱོད་པ་རྣམས་ཀྱིས་དགེ་སློང་འཐབ་ཀྲོལ་བགྱིད་པ། མཚང་འདྲུ་ བར་བགྱིད་པ། རྩོད་པར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པའི་གཞི་བགྱིད་པ་རྣམས་མཆི་ཞིང་དེ་རྣམས་ངོ་ཚ་མ་མཆིས་པས། ཐོ་བཙམ་པའི་སླད་དུ་བདག་ཅག་ལ་གླེང་བར་བགྱིད། དྲན་པར་བགྱིད་དོ་ཞེས་ཐོས་ན་དེ་རྣམས་ཀྱིས་དེ་དག་ལ་ཇི་ལྟར་བསྒྲུབ་པར་བགྱི། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། ཉེ་བ་འཁོར་དགེ་སློང་སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་རྣམས་ཀྱིས་འཐབ་ཀྲོལ་བྱེད་པའི་དགེ་སློང་རྣམས་འོང་བ་ཐོས་ན་དགེ་སློང་གི་དགེ་མདུན་དུ་སྤོ་བ་ཕྱིར་དབུལ་བར་བྱའོ། །དབུལ་བ་ནི་འདི་ལྟར་བྱ་སྟེ། འདུད་པ་བྱས་ལ་ཙོག་ཙོག་པོར་འདུག་སྟེ་ ཐལ་མོ་སྦྱར་བ་བཏུད་ལ་ཚིག་འདི་སྐད་ཅེས། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ལ་དགེ་འདུན་ལྷག་མའི་ལྟུང་བ་འདི་ལྟ་བུ་དང་འདི་ལྟ་བུ་བྱུང་བ་དུས་འདི་སྲིད་ཅིག་བཅབས་པ་དང་བདག་ལ་དགེ་འདུན་གྱིས་དུས་འདི་ཙམ་གྱི་སྤོ་བ་སྩལ་ཏེ་བདག་སྤོ་བ་བགྱིད་པ་ ལས་དགེ་སློང་འཐབ་ཀྲོལ་བགྱིད་པ། མཚང་འདྲུ་བར་བགྱིད་པ། རྩོད་པར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པའི་གཞི་བགྱིད་པ་དེ་དག་མཆི་ཞིང་དེ་རྣམས་ངོ་ཚ་མེད་པས་ཐོ་བཙམ་པའི་ཕྱིར་བདག་ལ་གླེང་བར་བགྱིད། དྲན་པར་བགྱིད་དོ་ཞེས་ཐོས་ན། སྤོས་པའི་དགེ་སློང་ བདག་མིང་འདི་ཞེས་བགྱི་བའི་སྤོ་བ་དེ་ཚེ་དང་ལྡན་པའི་མདུན་དུ་ཕྱིར་དབུལ་བར་བགྱིའོ། །དུས་འདི་ཙམ་ནི་བདག་གིས་སྤྱད་ལགས་སོ། །དུས་འདི་ཙམ་ནི་བདག་གིས་སྤྱད་པར་བགྱི་སྟེ། ཚེ་དང་ལྡན་པས་བདག་རང་བཞིན་དུ་གནས་པར་གཟུང་དུ་གསོལ། དེ་ནས་ཡང་པས་ཀྱི་རྒོལ་བ་སོང་ཞིང་ འཇིགས་པ་དང་བག་ཚ་བ་མེད་ནས་དེ་བཞིན་དུ་རང་བཞིན་དུ་གནས་པའི་དགེ་སློང་གི་མདུན་དུ་དེས་སྤོ་བ་བླང་བར་བྱའོ། །བླང་བ་ནི་འདི་ལྟར་བྱ་སྟེ། གདུད་པ་བྱས་ལ་ཙོག་ཙོག་པོར་འདུག་སྟེ་ཐལ་མོ་སྦྱར་བ་བཏུད་ནས་ཚིག་འདི་སྐད་ཅེས། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་ འདི་ཞེས་བགྱི་བ་ལ་དགེ་འདུན་ལྷག་མའི་ལྟུང་བ་འདི་ལྟ་བུ་དང་། འདི་ལྟ་བུ་བྱུང་བ་ལ་དུས་འདི་སྲིད་ཅིག་བཅབས་པ་དང་བདག་ལ་དགེ་འདུན་གྱིས་དུས་འདི་ཙམ་གྱི་སྤོ་བ་སྩལ་ཏེ། བདག་སྤོ་བ་བགྱིད་པ་ལས་དགེ་སློང་འཐབ་ཀྲོལ་བགྱིད་པ། མཚང་འདྲུ་བར་བགྱིད་པ། རྩོད་པར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པའི་གཞི་བགྱིད་པ་དག་མཆི་ཞིང་དེ་རྣམས་ངོ་ཚ་མེད་པས། ཐོ་བཙམ་པའི་ཕྱིར་བདག་ལ་གླེང་བར་བགྱིད། དྲན་པར་བགྱིད་དོ་ཞེས་ཐོས་ནས་བདག་གི་སྤོ་བ་སྤྱད་པ་དེ་དགེ་སློང་གི་མདུན་དུ་ཕྱིར་ཕུལ་བ་བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ སྤོ་བ་དེ་ཚེ་དང་ལྡན་པའི་མདུན་དུ་བླང་བར་བགྱི་སྟེ། དུས་འདི་ཙམ་ནི་བདག་གིས་སྤྱད་ལགས་སོ། །དུས་འདི་ཙམ་ནི་བདག་གིས་སྤྱད་པར་བགྱི་ལགས་ཀྱིས། ཚེ་དང་ལྡན་པས་བདག་སྤོ་བ་ལགས་པར་གཟུང་དུ་གསོལ། སྤོ་བ་ཇི་ལྟ་བ་བཞིན་དུ་གཞི་ནས་སྤོ་བ་དང་། གཞི་ནས་བསླང་སྟེ་ སྤོ་བ་དང་། མགུ་བར་བྱ་བ་དང་། གཞི་ནས་མགུ་བར་བྱ་བ་དང་། གཞི་ནས་བསླང་སྟེ་མགུ་བར་བྱ་བ་ཡང་དེ་བཞིན་ནོ། །སྤོ་བའི་གཞི་རྫོགས་སོ།། །།གསོ་སྦྱོང་གཞག་པའི་གཞིའི་སྡོམ་ནི། མ་དག་གསོ་སྦྱོང་དགེ་སློང་དང་། །མཽད་གལ་གྱིས་ནི་ཉམས་པ་དང་། །དེ་ནས་སྟོན་པས་ སྨད་པ་དང་། །དགེ་འདུན་གྱིས་བོར་གསོ་སྦྱོང་ངོ་། །སྡོམ་གྱི་ཚིགས་སུ་བཅད་པ་འདི་ནི་ཡུལ་ཙམ་པར་གསོ་སྦྱོང་གི་མདོ་རྒྱས་པར་གསུངས་ཏེ། གསོ་སྦྱོང་གི་མདོ་དེ་ཡང་ལུང་བར་མ་ཡང་དག་པར་འགྲོ་བའི་ལེའུ་ལས་འབྱུང་ངོ་།། །།སྡོམ་ནི། གླེང་དང་དྲན་པ་ཉིད་དང་ནི། །སྐབས་དང་ སྨྲར་ནི་མི་གཞུག་དང་། །གདམས་པ་རབ་ཏུ་གཞག་པ་དང་། །གསོ་སྦྱོང་དང་ནི་དགག་དབྱེའོ། །བཅོམ་ལྡན་འདས་ཀྱིས་དགེ་འདུན་གྱི་གནས་བརྟན་གྱིས་ཟླ་བ་ཕྱེད་ཀྱི་སོ་སོར་ཐར་པའི་མདོ་གདོན་པ་གདོན་པར་བྱའོ་ཞེས་གསུངས་པས་དགེ་སྐོས་ཀྱིས་དགེ་འདུན་གྱི་གནས་བརྟན་གྱི་མདུན་དུ་འདུག་སྟེ་ སྨྲས་པ། གནས་བརྟན་སོ་སོར་ཐར་པའི་མདོ་གདོན་པ་ཐོན་ཅིག །དེས་སྨྲས་པ། ཚེ་དང་ལྡན་པ་རེ་ཞིག་དགེ་སློང་གི་འཁོར་མ་དག་གོ། །འདི་ན་གནས་བརྟན་གྱིས་སུ་ཞིག་མ་དག་པར་གཟིགས། རེ་ཞིག་ཁྱོད་ཉིད་ཡིན་ནོ། །གནས་བརྟན་གྱིས་བདག་ལ་ཇི་ལྟར་གཟིགས། ལྷའི་མིག་གིས་སོ། ། ད་འདིར་དགེ་སློང་རྣམས་ཀྱིས་ལྷའི་མིག་གིས་མཐོང་ནས་གླེང་བར་བྱེད། དྲན་པར་བྱེད་པ་ནི་ཀྱི་ཧུད་བདག་མ་རུང་ངོ་སྙམ་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ལྷའི་མིག་ནི་ཐ་སྙད་དུ་བྱ་བ་མ་ ཡིན་ཏེ། དེ་ལྟ་བས་ན་དགེ་སློང་གིས་ལྷའི་མིག་གིས་བལྟས་ཏེ་དགེ་སློང་ལ་གླེང་བ་དང་དྲན་པར་མི་བྱའོ། །དགེ་སློང་གིས་ལྷའི་མིག་གིས་བལྟས་ཏེ་དགེ་སློང་ལ་གླེང་བ་དང་དྲན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །ལྷའི་མིག་གིས་ཇི་ལྟ་བར་ལྷའི་རྣ་བས་ཀྱང་དེ་བཞིན་ནོ། །ཡང་ དགེ་སྐོས་དེས་དགེ་འདུན་གྱི་གནས་བརྟན་གྱི་མདུན་དུ་འདུག་ནས་སྨྲས་པ། གནས་བརྟན་སོ་སོར་ཐར་པའི་མདོ་གདོན་པ་ཐོན་ཅིག །དེས་སྨྲས་པ། ཚེ་དང་ལྡན་པ་རེ་ཞིག་དགེ་སློང་གི་འཁོར་མ་དག་གོ། །གནས་བརྟན་འདི་ན་མ་དག་པ་སུ་ཞིག་ལགས། རེ་ཞིག་ཁྱོད་ཉིད་ཡིན་ནོ། །གནས་ བརྟན་ཁྱོད་ཀྱིས་དགེ་འདུན་གྱི་དབུས་སུ་བདག་གི་མགོར་གཏུན་ཤིང་གིས་བརྡེག་པ་ཇི་ག་སྲིད་ལགས་སམ། ཨེ་མའོ་ཀྱི་ཧུད་ཁྱོད་ཀྱིས་བདག་ལ་ལྐོག་ཏུ་གླེངས་སོ་ཆོག །དེ་ཅང་མི་སྨྲ་བར་འདུག་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། ལྐོག་ཏུ་གླེང་བར་བྱ་སྟེ་དགེ་འདུན་གྱི་དབུས་སུ་ནི་མ་ཡིན་ནོ། །གལ་ཏེ་ལྐོག་ཏུ་གླེངས་པ་ན་མི་དྲན་ཞེས་ཟེར་ན་དྲན་པར་བྱའོ། །དྲན་པར་བྱས་པ་ལས་གལ་ཏེ་ཁྲོ་བར་བྱེད་ན་སྐབས་འབྱེད་དུ་གཞུག་གོ། །སྐབས་འབྱེད་དུ་བཅུག་པ་ལས་གཞན་ནས་གཞན་དུ་སྒྱུར་བར་བྱེད་ ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨྲར་མི་གཞུག་གོ། །སྨྲར་མ་བཅུག་ཀྱང་དེ་བཞིན་དུ་གཞན་ནས་གཞན་དུ་བསྒྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་གདམས་ངག་དང་། གསོ་སྦྱོང་དང་། དགག་དབྱེ་གཞག་པར་བྱའོ། །ཆོས་མ་ཡིན་པ་གཅིག་དང་ཆོས་ཀྱི་ གཅིག་གི་གསོ་སྦྱོང་གཞག་པ་དང་། ཆོས་མ་ཡིན་པའི་གཉིས་དང་ཆོས་ཀྱི་གཉིས་དང་ཆོས་མ་ཡིན་པའི་གསུམ་དང་ཆོས་ཀྱི་གསུམ་དང་། ཆོས་མ་ཡིན་པའི་བཞི་དང་ཆོས་ཀྱི་བཞི་དང་། ཆོས་མ་ཡིན་པའི་ལྔ་དང་ཆོས་ཀྱི་ལྔ་དང་། ཆོས་མ་ཡིན་པའི་དྲུག་དང་ཆོས་ཀྱི་དྲུག་དང་། ཆོས་ མ་ཡིན་པའི་བདུན་དང་ཆོས་ཀྱི་བདུན་དང་། ཆོས་མ་ཡིན་པའི་བརྒྱད་དང་ཆོས་ཀྱི་བརྒྱད་དང་། ཆོས་མ་ཡིན་པའི་དགུ་དང་ཆོས་ཀྱི་དགུ་དང་། ཆོས་མ་ཡིན་པའི་བཅུ་དང་ཆོས་ཀྱི་བཅུའི་གསོ་སྦྱོང་གཞག་པའོ། །ཆོས་མ་ཡིན་པའི་གཅིག་དང་ཆོས་ཀྱི་གཅིག་གི་གསོ་སྦྱོང་གཞག་པ་ གང་ཞེ་ན། གཞི་མེད་པའི་བྱས་པས་གསོ་སྦྱོང་གཞག་པ་ནི་ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ནོ། །གཞི་དང་བཅས་པའི་བྱས་པས་གསོ་སྦྱོང་གཞག་པ་ནི་ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ། འདི་ནི་ཆོས་མ་ཡིན་པའི་གསོ་སྦྱོང་གཅིག་དང་། ཆོས་ ཀྱི་གསོ་སྦྱོང་གཞག་པ་གཅིག་ཡིན་ནོ། །ཆོས་མ་ཡིན་པའི་གཉིས་དང་ཆོས་ཀྱི་གཉིས་ཀྱི་གསོ་སྦྱོང་གཞག་པ་གང་ཞེ་ན། གཞི་མེད་པའི་བྱས་པ་དང་གཞི་མེད་པའི་མ་བྱས་པས་གསོ་སྦྱོང་གཞག་པ་ནི་ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ནོ། །གཞི་དང་བཅས་པའི་བྱས་པ་དང་གཞི་དང་ བཅས་པའི་མ་བྱས་པས་གསོ་སྦྱོང་གཞག་པ་ནི་ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ། འདི་ནི་ཆོས་མ་ཡིན་པའི་གཉིས་དང་ཆོས་ཀྱི་གཉིས་ཀྱི་གསོ་སྦྱོང་གཞག་པ་ཡིན་ནོ། །ཆོས་མ་ཡིན་པའི་གསུམ་དང་ཆོས་ཀྱི་གསུམ་གྱི་གསོ་སྦྱོང་གཞག་པ་གང་ཞེ་ན། གཞི་མེད་པའི་བྱས་པ་དང་། གཞི་མེད་པའི་ མ་བྱས་པ་དང་། གཞི་མེད་པའི་བྱས་པ་དང་། མ་བྱས་པས་གསོ་སྦྱོང་གཞག་པ་ནི་ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ནོ། །གཞི་དང་བཅས་པའི་བྱས་པ་དང་། གཞི་དང་བཅས་པའི་མ་བྱས་པ་དང་། གཞི་དང་བཅས་པའི་བྱས་པ་དང་མ་བྱས་པས་གསོ་སྦྱོང་གཞག་པ་ནི་ ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ། འདི་ནི་ཆོས་མ་ཡིན་པ་གསུམ་དང་ཆོས་ཀྱི་གསུམ་གྱི་གསོ་སྦྱོང་གཞག་པ་ཡིན་ནོ། །ཆོས་མ་ཡིན་པའི་བཞི་དང་ཆོས་ཀྱི་བཞིའི་གསོ་སྦྱོང་གཞག་པ་གང་ཞེ་ན། གཞི་མེད་པའི་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་ དང་། འཚོ་བ་ཉམས་པས་གསོ་སྦྱོང་གཞག་པ་ནི་ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ནོ། །གཞི་དང་བཅས་པའི་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པས་གསོ་སྦྱོང་གཞག་པ་ནི་ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ། འདི་ནི་ཆོས་མ་ཡིན་ པ་བཞི་དང་། ཆོས་ཀྱི་བཞིའི་གསོ་སྦྱོང་གཞག་པ་ཡིན་ནོ། །ཆོས་མ་ཡིན་པ་ལྔ་དང་ཆོས་ཀྱི་ལྔའི་གསོ་སྦྱོང་གཞག་པ་གང་ཞེ་ན། གཞི་མེད་པའི་ཕས་ཕམ་པ་དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པ་དང་། ཉེས་བྱས་ཀྱིས་གསོ་སྦྱོང་གཞག་པ་ནི་ཆོས་མ་ཡིན་ པའི་གསོ་སྦྱོང་གཞག་པ་ཡིན་ནོ། །གཞི་དང་བཅས་པའི་ཕས་ཕམ་པ་དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པ་དང་། ཉེས་བྱས་ཀྱིས་གསོ་སྦྱོང་གཞག་པ་ནི་ཆོས་ཀྱིས་གསོ་སྦྱོང་གཞག་པ་ཡིན་ཏེ། འདི་ནི་ཆོས་མ་ཡིན་པའི་ལྔ་དང་ཆོས་ཀྱི་ལྔའི་གསོ་སྦྱོང་གཞག་པ་ ཡིན་ནོ། །ཆོས་མ་ཡིན་པའི་དྲུག་དང་ཆོས་ཀྱི་དྲུག་གི་གསོ་སྦྱོང་གཞག་པ་གང་ཞེ་ན། གཞི་མེད་པའི་བྱས་པ་དང་། གཞི་མེད་པའི་མ་བྱས་པ་དང་། གཞི་མེད་པའི་བྱས་པ་དང་། མ་བྱས་པ་དང་། གཞི་མེད་པའི་ལྷག་མ་དང་བཅས་པ་བྱས་པ་དང་། གཞི་མེད་པའི་ལྷག་མ་དང་ བཅས་པ་མ་བྱས་པ་དང་། གཞི་མེད་པའི་ལྷག་མ་དང་བཅས་པ་བྱས་པ་དང་མ་བྱས་པའི་གསོ་སྦྱོང་གཞག་པ་ནི་ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ནོ། །གཞི་དང་བཅས་པའི་བྱས་པ་དང་། གཞི་དང་བཅས་པའི་མ་བྱས་པ་དང་། གཞི་དང་བཅས་པའི་བྱས་པ་དང་། མ་བྱས་པ་དང་། གཞི་དང་ བཅས་པའི་ལྷག་མ་དང་བཅས་པ་བྱས་པ་དང་། གཞི་དང་བཅས་པའི་ལྷག་མ་དང་བཅས་པ་མ་བྱས་པ་དང་། གཞི་དང་བཅས་པའི་ལྷག་མ་དང་བཅས་པ་བྱས་པ་དང་། མ་བྱས་པས་གསོ་སྦྱོང་གཞག་པ་ནི་ཆོས་ཀྱི་གསོ་སྦྱོང་གཞག་པ་སྟེ། འདི་དག་ནི་ཆོས་མ་ཡིན་པའི་དྲུག་དང་ཆོས་ཀྱི་དྲུག་ གི་གསོ་སྦྱོང་གཞག་པ་ཡིན་ནོ། །ཆོས་མ་ཡིན་པའི་བདུན་དང་ཆོས་ཀྱི་བདུན་གྱི་གསོ་སྦྱོང་གཞག་པ་གང་ཞེ་ན། གཞི་མེད་པའི་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པ་དང་། གཞི་མེད་པའི་མཐོང་བ་དང་། ཐོས་པ་དང་། དོགས་པས་ གསོ་སྦྱོང་གཞག་པ་ནི་ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ནོ། །གཞི་དང་བཅས་པའི་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པ་དང་། གཞི་དང་བཅས་པའི་མཐོང་བ་དང་། ཐོས་པ་དང་། དོགས་པས་གསོ་སྦྱོང་གཞག་པ་ནི་ཆོས་ ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ། འདི་དག་ནི་ཆོས་མ་ཡིན་པའི་བདུན་དང་ཆོས་ཀྱི་བདུན་གྱི་གསོ་སྦྱོང་གཞག་པ་ཡིན་ནོ། །ཆོས་མ་ཡིན་པའི་བརྒྱད་དང་། ཆོས་ཀྱི་བརྒྱད་ཀྱི་གསོ་སྦྱོང་གཞག་པ་གང་ཞེ་ན། གཞི་མེད་པའི་ཕས་ཕམ་པ་དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པ་དང་། ཉེས་བྱས་དང་། གཞི་མེད་པའི་མཐོང་བ་དང་། ཐོས་པ་དང་། དོགས་པས་གསོ་སྦྱོང་གཞག་པ་ནི་ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ནོ། །གཞི་དང་བཅས་པའི་ཕས་ཕམ་པ་དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པ་དང་། ཉེས་བྱས་དང་། གཞི་དང་བཅས་པའི་མཐོང་བ་དང་། ཐོས་པ་དང་། དོགས་པས་གསོ་སྦྱོང་གཞག་པ་ཡིན་ཏེ། འདི་དག་ནི་ཆོས་མ་ཡིན་པའི་བརྒྱད་དང་། ཆོས་ཀྱི་བརྒྱད་ཀྱི་གསོ་སྦྱོང་གཞག་པ་ཡིན་ནོ། །ཆོས་མ་ཡིན་པའི་དགུ་དང་ཆོས་ཀྱི་དགུའི་གསོ་ སྦྱོང་གཞག་པ་གང་ཞེ་ན། གཞི་མེད་པའི་བྱས་པ་དང་། གཞི་མེད་པའི་མ་བྱས་པ་དང་། གཞི་མེད་པའི་བྱས་པ་དང་མ་བྱས་པ་དང་། གཞི་མེད་པའི་ལྷག་མ་དང་བཅས་པ་བྱས་པ་དང་། གཞི་མེད་པའི་ལྷག་མ་དང་བཅས་པ་མ་བྱས་པ་དང་གཞི་མེད་པའི་ལྷག་མ་དང་བཅས་པ་བྱས་པ་དང་མ་ བྱས་པ་དང་། གཞི་མེད་པའི་ལྷག་མ་མེད་པ་བྱས་པ་དང་། གཞི་མེད་པའི་ལྷག་མ་མེད་པ་མ་བྱས་པ་དང་། གཞི་མེད་པའི་ལྷག་མ་མེད་པ་བྱས་པ་དང་མ་བྱས་པས་གསོ་སྦྱོང་གཞག་པ་ནི་ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ནོ། །གཞི་དང་བཅས་པའི་བྱས་པ་དང་། གཞི་ དང་བཅས་པའི་མ་བྱས་པ་དང་། གཞི་དང་བཅས་པའི་བྱས་པ་དང་མ་བྱས་པ་དང་། གཞི་དང་བཅས་པའི་ལྷག་མ་དང་བཅས་པ་བྱས་པ་དང་། གཞི་དང་བཅས་པའི་ལྷག་མ་དང་བཅས་པ་མ་བྱས་པ་དང་། གཞི་དང་བཅས་པའི་ལྷག་མ་དང་བཅས་པ་བྱས་པ་དང་མ་བྱས་པ་དང་། གཞི་དང་བཅས་པའི་ལྷག་མ་མེད་པ་བྱས་པ་དང་། གཞི་དང་བཅས་པའི་ལྷག་མ་མེད་པ་མ་བྱས་པ་དང་། གཞི་དང་བཅས་པའི་ལྷག་མ་མེད་པ་བྱས་པ་དང་མ་བྱས་པས་གསོ་སྦྱོང་གཞག་པ་ནི་ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ། འདི་དག་ནི་ཆོས་མ་ཡིན་པའི་དགུ་དང་ཆོས་ཀྱི་ དགུའི་གསོ་སྦྱོང་གཞག་པ་ཡིན་ནོ། །ཆོས་མ་ཡིན་པའི་བཅུ་དང་ཆོས་ཀྱི་བཅུའི་གསོ་སྦྱོང་གཞག་པ་གང་ཞེ་ན། ཕས་ཕམ་པ་མ་ཡིན། ཕས་ཕམ་པའི་གཏམ་གྱི་གླེང་གཞི་མ་ཡིན། བསླབ་པ་སྤོང་བ་མ་ཡིན། བསླབ་པ་སྤོང་བའི་གཏམ་གྱི་གླེང་གཞི་མ་ཡིན། དགེ་ འདུན་སྤོང་བ་མ་ཡིན། དགེ་འདུན་སྤོང་བའི་གཏམ་གྱི་གླེང་གཞི་མ་ཡིན། ཚུལ་ཁྲིམས་ཉམས་པ་མ་ཡིན། ལྟ་བ་ཉམས་པ་མ་ཡིན། སྤྱོད་པ་ཉམས་པ་མ་ཡིན། འཚོ་བ་ཉམས་པ་མ་ཡིན་ནོ། །ཕས་ཕམ་པ་མ་ཡིན་པ་ཇི་ལྟ་བུ་ཞེ་ན། དགེ་སློང་གིས་རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་གིས་ཕས་ཕམ་པའི་ལྟུང་བ་འབྱུང་བར་འགྱུར་བའི་རྣམ་པ་དེ་དག་གིས་དེ་ལ་ཕས་ཕམ་པའི་ལྟུང་བ་བྱུང་བར་མ་མཐོང་ཞིང་། རྟགས་དེ་དག་གིས་མ་ཡིན། མཚན་མ་དེ་དག་གིས་མ་ཡིན་ལ། དེས་མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་ པས་གསོ་སྦྱོང་གཞག་པ་ནི་ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི་ཕས་ཕམ་པ་མ་ཡིན་པའོ། །ཕས་ཕམ་པའི་གཏམ་གྱི་གླེང་གཞི་མ་ཡིན་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ་དགེ་སློང་རབ་ཏུ་མང་པོ་ཚོགས་ཤིང་འདུས་ལ་གཏམ་སྨྲ་བ་དེ་ཡང་དེ་ལས་བྱུང་བ་མ་ཡིན། དེ་གླེང་བའི་སྐབས་ལ་བབ་པ་མ་ཡིན་ཞིང་དགེ་སློང་དེ་རྣམས་ཀྱང་སྟན་ལས་ལངས་ནས་སོ་སོར་དོང་བ་དང་། དེས་མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་པས་གསོ་སྦྱོང་གཞག་པ་ནི་ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི་ཕས་ཕམ་པའི་གཏམ་གྱི་གླེང་ གཞི་མ་ཡིན་པའོ། །བསླབ་པ་སྤོང་བ་མ་ཡིན་པ་ཇི་ལྟ་བུ་ཞེ་ན། དགེ་སློང་གིས་རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་གིས་བསླབ་པ་སྤོང་བར་བྱེད་པའི་རྣམ་པ་དེ་དག་གིས་དེ་བསླབ་པ་སྤོང་བར་མ་མཐོང་ཞིང་རྟགས་དེ་དག་གིས་མ་ཡིན། མཚན་མ་དེ་ དག་གིས་མ་ཡིན་ལ། དེས་མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་པས་གསོ་སྦྱོང་གཞག་པ་ནི་ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི་བསླབ་པ་སྤོང་བ་མ་ཡིན་པའོ། །བསླབ་པ་སྤོང་བའི་གཏམ་གྱི་གླེང་གཞི་མ་ཡིན་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ་དགེ་སློང་ རབ་ཏུ་མང་པོ་ཚོགས་ཤིང་འདུས་ལ་གཏམ་སྨྲ་བ་དེ་ཡང་དེ་ལས་བྱུང་བ་མ་ཡིན། དེ་གླེང་བའི་སྐབས་ལ་བབ་པ་མ་ཡིན་ཞིང་དགེ་སློང་དེ་རྣམས་ཀྱང་སྟན་ལས་ལངས་ནས་སོ་སོར་དོང་བ་དང་། དེས་མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་པར་གསོ་སྦྱོང་གཞག་པ་ནི་ཆོས་མ་ ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི་བསླབ་པ་སྤོང་བའི་གཏམ་གྱི་གླེང་གཞི་མ་ཡིན་པའོ། །དགེ་འདུན་སྤོང་བ་མ་ཡིན་པ་ཇི་ལྟ་བུ་ཞེ་ན། དགེ་སློང་གིས་རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་གིས་དགེ་འདུན་སྤོང་ བར་བྱེད་པའི་རྣམ་པ་དེ་དག་གིས་དགེ་འདུན་སྤོང་བར་བྱེད་པར་མ་མཐོང་ཞིང་རྟགས་དེ་དག་གིས་མ་ཡིན། མཚན་མ་དེ་དག་གིས་མ་ཡིན་ལ། དེས་མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་པས་གསོ་སྦྱོང་གཞག་པ་ནི་ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི་དགེ་འདུན་སྤོང་བ་མ་ཡིན་པའོ། །དགེ་འདུན་སྤོང་བའི་གཏམ་གྱི་གླེང་གཞི་མ་ཡིན་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ་དགེ་སློང་རབ་ཏུ་མང་པོ་ཚོགས་ཤིང་འདུས་ལ་གཏམ་སྨྲ་བ་དེ་ཡང་དེ་ལས་བྱུང་བ་མ་ཡིན་ཏེ། དེ་གླེང་བའི་སྐབས་ལ་བབ་པ་མ་ཡིན་ཞིང་དགེ་སློང་དེ་རྣམས་ཀྱང་ སྟན་ལས་ལངས་ནས་སོ་སོར་དོང་བ་དང་། དེས་མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་པས་གསོ་སྦྱོང་གཞག་པ་ནི་ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི་དགེ་འདུན་སྤོང་བའི་གཏམ་གྱི་གླེང་གཞི་མ་ཡིན་པའོ། །ཚུལ་ཁྲིམས་ཉམས་པ་མ་ཡིན་པ་ཇི་ལྟ་ བུ་ཞེ་ན། ཕས་ཕམ་པ་བཞི་རྣམས་ལས་གང་ཡང་རུང་བའི་ལྟུང་བ་མ་བྱུང་བར་དགེ་སློང་དེ་ལ་མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་པར་གསོ་སྦྱོང་གཞག་པ་ནི་ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི་ཚུལ་ཁྲིམས་ཉམས་པ་མ་ཡིན་པའོ། །ལྟ་བ་ཉམས་ པ་མ་ཡིན་པ་ཇི་ལྟ་བུ་ཞེ་ན། ལྟ་བའི་རྣམ་པ་དྲུག་བཅུ་རྩ་གཉིས་ལས་གང་ཡང་རུང་བའི་ལྟ་བས་མངོན་པར་མ་ཞེན་པར་དགེ་སློང་དེ་ལ་མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་པར་གསོ་སྦྱོང་གཞག་པ་ནི་ཆོས་མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི་ལྟ་བ་ཉམས་ པ་མ་ཡིན་པའོ། །སྤྱོད་པ་ཉམས་པ་མ་ཡིན་པ་ཇི་ལྟ་བུ་ཞེ་ན། བསླབ་པའི་གཞི་རྗེས་སུ་མཐུན་ཞིང་འཚམ་པའི་ཚིག་གི་ལམ་དག་གིས་སྨྲས་ན་ཡང་དག་པར་སྒྲུབ་པ་དེ་ལ་དགེ་སློང་གིས་མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་པར་གསོ་སྦྱོང་གཞག་པ་ནི་ཆོས་མ་ཡིན་པའི་གསོ་ སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི་སྤྱོད་པ་ཉམས་པ་མ་ཡིན་པའོ། །འཚོ་བ་ཉམས་པ་མ་ཡིན་པ་ཇི་ལྟ་བུ་ཞེ་ན། དེའི་འཚོ་བ་ཡོངས་སུ་དག་པ་ཡིན་ན། དེ་ལ་དགེ་སློང་གིས་མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་པར་གསོ་སྦྱོང་གཞག་པ་ནི་ཆོས་ མ་ཡིན་པའི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི་འཚོ་བ་ཉམས་པ་མ་ཡིན་པའོ། །དཀར་པོའི་ཕྱོགས་ལ་ཕས་ཕམ་པ་ཡིན་པ་དང་། ཕས་ཕམ་པའི་གཏམ་གྱི་གླེང་གཞི་ཡིན་པ་དང་། བསླབ་པ་སྤོང་བ་ཡིན་པ་དང་། བསླབ་པ་སྤོང་བའི་གཏམ་གྱི་གླེང་གཞི་ ཡིན་པ་དང་། དགེ་འདུན་སྤོང་བ་ཡིན་པ་དང་། དགེ་འདུན་སྤོང་བའི་གཏམ་གྱི་གླེང་གཞི་ཡིན་པ་དང་། ཚུལ་ཁྲིམས་ཉམས་པ་ཡིན་པ་དང་། ལྟ་བ་ཉམས་པ་ཡིན་པ་དང་། སྤྱོད་པ་ཉམས་པ་ཡིན་པ་དང་། འཚོ་བ་ཉམས་པ་ཡིན་ནོ། །ཕས་ཕམ་པ་ཡིན་པ་ཇི་ལྟ་བུ་ ཞེ་ན། དགེ་སློང་གིས་རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་གིས་ཕས་ཕམ་པའི་ལྟུང་བ་བྱུང་བའི་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་གིས་དེ་ཕས་ཕམ་པའི་ལྟུང་བ་བྱུང་བར་མཐོང་ལ། དེས་མཐོང་བ་དང་། ཐོས་པ་དང་། དོགས་པས་གསོ་སྦྱོང་གཞག་པ་ནི་ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི་ཕས་ཕམ་པ་ཡིན་ནོ། །ཕས་ཕམ་པའི་གཏམ་གྱི་གླེང་གཞི་ཡིན་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ་དགེ་སློང་རབ་ཏུ་མང་པོ་ཚོགས་ཤིང་འདུས་ལ་གཏམ་སྨྲ་བ་དེ་ཡང་དེ་ལས་བྱུང་བ་ཡིན། དེ་གླེང་བའི་སྐབས་ ལ་བབ་པ་ཡིན་ཞིང་དགེ་སློང་དེ་རྣམས་ཀྱང་དེ་བཞིན་དུ་འདུག་བཞིན་ལ། དེས་མཐོང་བ་དང་། ཐོས་པ་དང་། དོགས་པས་གསོ་སྦྱོང་གཞག་པ་ནི་ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི་ཕས་ཕམ་པའི་གཏམ་གྱི་གླེང་གཞི་ཡིན་ནོ། །བསླབ་པ་སྤོང་བ་ཡིན་པ་ཇི་ལྟ་བུ་ཞེ་ན། དགེ་ སློང་གིས་རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་གིས་བསླབ་པ་སྤོང་བར་བྱེད་པའི་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་གིས་དེ་བསླབ་པ་སྤོང་བར་བྱེད་པར་མཐོང་ལ། དེས་མཐོང་བ་དང་། ཐོས་པ་དང་། དོགས་པས་གསོ་སྦྱོང་གཞག་ པ་ནི་ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི་བསླབ་པ་སྤོང་བ་ཡིན་ནོ། །བསླབ་པ་སྤོང་བའི་གཏམ་གྱི་གླེང་གཞི་ཡིན་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ་དགེ་སློང་རབ་ཏུ་མང་པོ་ཚོགས་ཤིང་འདུས་ལ་གཏམ་སྨྲ་བ་དེ་ཡང་དེ་ལས་བྱུང་བ་ཡིན་ཏེ། དེ་གླེང་བའི་ སྐབས་ཡིན་ཞིང་། དགེ་སློང་དེ་རྣམས་ཀྱང་དེ་བཞིན་དུ་འདུག་བཞིན་ལ། དེས་མཐོང་བ་དང་། ཐོས་པ་དང་། དོགས་པས་གསོ་སྦྱོང་གཞག་པ་ནི་ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི་བསླབ་པ་སྤོང་བའི་གཏམ་གྱི་གླེང་གཞི་ཡིན་ནོ། །དགེ་འདུན་སྤོང་བ་ཡིན་ པ་ཇི་ལྟ་བུ་ཞེ་ན། དགེ་སློང་གིས་རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་གི་དགེ་འདུན་སྤོང་བར་བྱེད་པའི་རྣམ་པ་དེ་དག་དང་། རྟགས་དེ་དག་དང་། མཚན་མ་དེ་དག་གིས་དགེ་འདུན་སྤོང་བར་བྱེད་པར་མཐོང་ལ། དེས་མཐོང་བ་དང་། ཐོས་པ་ དང་། དོགས་པས་གསོ་སྦྱོང་གཞག་པ་ནི་ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི་དགེ་འདུན་སྤོང་བ་ཡིན་ནོ། །དགེ་འདུན་སྤོང་བའི་གཏམ་གྱི་གླེང་གཞི་ཡིན་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ་དགེ་སློང་རབ་ཏུ་མང་པོ་ཚོགས་ཤིང་འདུས་ལ་གཏམ་སྨྲ་བ་དེ་ཡང་དེ་ལས་བྱུང་བ་ཡིན། དེ་གླེང་བའི་སྐབས་ལ་བབ་པ་ཡིན་ཞིང་། དགེ་སློང་དེ་རྣམས་ཀྱང་དེ་བཞིན་དུ་འདུག་བཞིན་ལ། དེས་མཐོང་བ་དང་། ཐོས་པ་དང་། དོགས་པས་གསོ་སྦྱོང་གཞག་པ་ནི་ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི་དགེ་འདུན་སྤོང་བའི་གཏམ་གྱི་གླེང་གཞི་ཡིན་ནོ། །ཚུལ་ཁྲིམས་ ཉམས་པ་ཡིན་པ་ཇི་ལྟ་བུ་ཞེ་ན། ཕས་ཕམ་པ་བཞི་ལས་གང་ཡང་རུང་བའི་ལྟུང་བ་བྱུང་བར་གྱུར་ལ། དེ་ལ་དགེ་སློང་གིས་མཐོང་བ་དང་། ཐོས་པ་དང་། དོགས་པས་གསོ་སྦྱོང་གཞག་པ་ནི་ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི་ཚུལ་ཁྲིམས་ཉམས་པ་ཡིན་ནོ། །ལྟ་བ་ ཉམས་པ་ཡིན་པ་ཇི་ལྟ་བུ་ཞེ་ན། ལྟ་བའི་རྣམ་པ་དྲུག་བཅུ་རྩ་གཉིས་ལས་གང་ཡང་རུང་བའི་ལྟ་བར་མངོན་པར་ཞེན་པར་གྱུར་ལ། དེ་ལ་དགེ་སློང་གིས་མཐོང་བ་དང་། ཐོས་པ་དང་། དོགས་པས་གསོ་སྦྱོང་གཞག་པ་ནི་ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི་ལྟ་བ་ཉམས་ པ་ཡིན་ནོ། །སྤྱོད་པ་ཉམས་པ་ཡིན་པ་ཇི་ལྟ་བུ་ཡིན་ཞེ་ན། བསླབ་པའི་རྗེས་སུ་མཐུན་ཞིང་འཚམ་པའི་ཚིག་གི་ལམ་དག་གིས་སྨྲས་ན་ཡང་དག་པ་མི་སྒྲུབ་པ་དེ་ལ་དགེ་སློང་གིས་མཐོང་བ་དང་། ཐོས་པ་དང་། དོགས་པས་གསོ་སྦྱོང་གཞག་པ་ནི་ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི་སྤྱོད་པ་ཉམས་པ་ཡིན་ནོ། །འཚོ་བ་ཉམས་པ་ཡིན་པ་ཇི་ལྟ་བུ་ཞེ་ན། དེའི་འཚོ་བ་མ་དག་པར་གྱུར་ལ། དེ་ལ་དགེ་སློང་གིས་མཐོང་བ་དང་། ཐོས་པ་དང་། དོགས་པས་གསོ་སྦྱོང་གཞག་པ་ནི་ཆོས་ཀྱི་གསོ་སྦྱོང་གཞག་པ་ཡིན་ཏེ། དེ་ལྟ་བུ་ནི་འཚོ་བ་ ཉམས་པ་ཡིན་ཏེ། འདི་དག་ནི་ཆོས་མ་ཡིན་པའི་བཅུ་དང་ཆོས་ཀྱི་བཅུའི་གསོ་སྦྱོང་གཞག་པ་ཡིན་ནོ། །གསོ་སྦྱོང་གཞག་པ་ཇི་ལྟ་བ་བཞིན་དུ་དགག་དབྱེ་གཞག་པ་ཡང་དེ་བཞིན་ནོ། །དགེ་སློང་དག་དགེ་འདུན་ནི་ལྔ་པོ་འདི་དག་ཡིན་ཏེ། ལྔ་གང་ཞེ་ན། ངོ་ཚ་མེད་ པའི་དགེ་འདུན་དང་། ལུག་ལྟར་ལྐུགས་པའི་དགེ་འདུན་དང་། ཚོགས་ཀྱི་དགེ་འདུན་དང་། ཀུན་རྫོབ་ཀྱི་དགེ་འདུན་དང་། དོན་དམ་པའི་དགེ་འདུན་ནོ། །ངོ་ཚ་མེད་པའི་དགེ་འདུན་གང་ཞེ་ན། གང་ན་དགེ་སློང་ཐམས་ཅད་ཚུལ་ཁྲིམས་འཆལ་ཞིང་སྡིག་པའི་ཆོས་དང་ལྡན་ པའོ། །ལུག་ལྟར་ལྐུགས་པའི་དགེ་འདུན་གང་ཞེ་ན། གང་ན་མདོ་སྡེ་འཛིན་པ་མ་ཡིན། འདུལ་བ་འཛིན་པ་མ་ཡིན། མ་མོ་འཛིན་པ་མ་ཡིན་པའོ། །ཚོགས་ཀྱི་དགེ་འདུན་གང་ཞེ་ན། གང་ན་ཚོགས་དང་འབྲེལ་བས་ལས་རྣམས་བྱེད་པའོ། །ཀུན་རྫོབ་ཀྱི་དགེ་འདུན་གང་ཞེ་ན། སོ་སོའི་སྐྱ་བོ་དགེ་བ་དང་ལྡན་པ་ཐམས་ཅད་དོ། །དོན་དམ་པའི་དགེ་འདུན་གང་ཞེ་ན། སློབ་པ་དང་མི་སློབ་པའི་སྐྱེས་བུ་གང་ཟག་བརྒྱད་དོ། །དེ་ལ་དགེ་འདུན་གོང་མ་གསུམ་པོ་ངོ་ཚ་མེད་པའི་དགེ་འདུན་དང་། ལུག་ལྟར་ལྐུགས་པའི་དགེ་འདུན་དང་། ཚོགས་ཀྱི་དགེ་འདུན་གང་དག་ ཡིན་པ་འདི་དག་གིས་ནི་ཆོས་མ་ཡིན་པའི་ལས་བྱེད་པ་འཐོབ་བོ། །ཀུན་རྫོབ་ཀྱི་དགེ་འདུན་གང་ཡིན་པ་འདིས་ནི་ཆོས་ཀྱི་ལས་དང་ཆོས་མ་ཡིན་པའི་ལས་བྱེད་པ་འཐོབ་བོ། །དོན་དམ་པའི་དགེ་འདུན་གང་ཡིན་པ་འདིས་ནི་ཆོས་མ་ཡིན་པའི་ལས་བྱེད་པ་མི་འཐོབ་བོ། །གསོ་སྦྱོང་གཞག་པའི་ གཞི་རྫོགས་སྷོ།། །།འདུལ་བ་གཞི། བམ་པོ་བདུན་བཅུ་བཞི་པ། གནས་མལ་གྱི་གཞིའི་སྡོམ་ལ། ཤཱཀྱ་མིན་པའི་ལྔ་སྡེ་དང་། །མགོན་མེད་དགེ་འདུན་གང་ཟག་གི། །དངོས་པོ་བཅོམ་པའི་ཕྱིར་དང་ནི། །གཤིབས་པ་ཡི་ནི་ས་དང་ནི། །དགོན་པ་ཆོས་གོས་སྣུམ་ བ་དང་། །དགོན་པ་གནས་བརྟན་རྙེད་པ་དང་། །བརྒྱད་པོ་དག་ནི་ཕྱི་མ་ཡིན། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་དགེ་སློང་རབ་ཏུ་མང་པོ་དག་བསྙེན་བཀུར་གྱི་གནས་སུ་ཚོགས་ཤིང་འདུས་ནས་འདི་ལྟ་བུའི་སྐབས་ ཀྱི་གཏམ་དག་གླེང་བར་བྱེད་དེ། ཚེ་དང་ལྡན་པ་དག་བདག་ཅག་གིས་སུ་ཞིག་ལ་བསྙེན་བཀུར་བྱ། བླ་མར་བྱ། རྗེད་པར་བྱ། མཆོད་པར་བྱ། བདག་ཅག་གིས་སུ་ཞིག་ལ་མངོན་དུ་སྨྲ་བ་དང་། ཕྱག་དང་། ལྡང་བ་དང་། ཐལ་མོ་སྦྱར་བ་དང་། གདུད་པ་བྱ། བདག་ ཅག་གི་ནང་ན་སུ་ཞིག་སྟན་གྱི་ཐོག་མ་དང་། བཏུང་བའི་ཐོག་མ་དང་། བསོད་སྙོམས་ཀྱི་ཐོག་མ་ལོངས་སྤྱད་པར་འོས། དེ་ན་ཁ་ཅིག་གིས་འདི་སྐད་ཅེས་སྨྲས་སོ། །ཤཱཀྱ་ལས་རབ་ཏུ་བྱུང་བ་གང་ཡིན་པའོ། །ཁ་ཅིག་གིས་འདི་སྐད་ཅེས་སོ། །བྲམ་ཟེ་ལས་རབ་ཏུ་བྱུང་བ་གང་ཡིན་པའོ། ། གཞན་དག་ན་རེ་རྒྱལ་རིགས་ལས་རབ་ཏུ་བྱུང་བ་གང་ཡིན་པའོ། །གཞན་དག་ན་རེ་རྗེའུ་རིགས་ལས་རབ་ཏུ་བྱུང་བ་གང་ཡིན་པའོ། །གཞན་དག་ན་རེ་དམངས་རིགས་ལས་རབ་ཏུ་བྱུང་བ་གང་ཡིན་པའོ། །གཞན་དག་ན་རེ་རིགས་ངན་པ་མ་ཡིན་པ་མཐོན་པོ་ལས་རབ་ཏུ་བྱུང་བ་དང་། བཀྲེན་པ་མ་ཡིན་པ་ཕྱུག་པོའི་ རིགས་ལས་རབ་ཏུ་བྱུང་བ་གང་ཡིན་པའོ། །གཞན་དག་ན་རེ་གཟུགས་བཟང་པོ་བལྟ་ན་སྡུག་པ་མཛེས་པ་དང་། ཚིག་བཟང་པོ་ཚིག་ལ་མཁས་པ་དང་ལྡན་པ་དང་། ཤེས་ཉེན་ཅན་བསོད་ནམས་ཆེ་བ་དང་། མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ། ཐོས་པ་མང་བ། ཆོས་ སྨྲ་བ། གནས་བརྟན་རྒྱལ་པོར་འོས་པ་དང་། དགོན་པ་པ་དང་། ཆོས་གོས་གསུམ་པ་དང་། ཕྱིང་བ་ཅན་དང་། ཕྱག་དར་ཁྲོད་པ་དང་། བསོད་སྙོམས་པ་དང་། བསོད་སྙོམས་མི་འདམ་པ་དང་། སྟན་གཅིག་པ་དང་། ཟས་ཕྱིས་མི་ལེན་པ་དང་། ཤིང་དྲུང་པ་དང་། དུར་ཁྲོད་པ་དང་། བླ་ གབ་མེད་པ་དང་། ཙོག་པུ་པ་དང་། གཞི་ཇི་བཞིན་པ་གང་ཡིན་པ་དང་། མི་རྟག་པའི་འདུ་ཤེས་ཐོབ་པ་གང་ཡིན་པ་ཞེས་བྱ་བ་ནས་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པའི་དགྲ་བཅོམ་པ་གང་ཡིན་པ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །གཞན་དག་གིས་འདི་སྐད་ཅེས་ སྨྲས་སོ། །ཚེ་དང་ལྡན་པ་དག་བདག་ཅག་ཐམས་ཅད་ནི་འདི་ལྟ་སྟེ། སོ་སོར་བརྟགས་པས་མི་མཐུན་པ་ཡིན་གྱིས་ཚུར་བདག་ཅག་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ཕྱིན་པ་དང་བཅོམ་ལྡན་འདས་ལ་དོན་འདི་ཞུས་ལ། བཅོམ་ལྡན་འདས་ཀྱིས་ཇི་སྐད་ལུང་བསྟན་པ་དེ་བཞིན་ དུ་འདི་བདག་ཅག་གིས་གཟུང་བར་བྱའོ། །དེ་ནས་དགེ་སློང་རབ་ཏུ་མང་པོ་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་དགེ་སློང་ རབ་ཏུ་མང་པོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བསྙེན་བཀུར་གྱི་གནས་འདིར་བདག་ཅག་དགེ་སློང་རབ་ཏུ་མང་པོ་ཚོགས་ཤིང་འདུས་ནས་འདི་ལྟ་བུའི་སྐབས་ཀྱི་གཏམ་དག་གླེངས་ཏེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་ཇི་སྐད་ལུང་བསྟན་པ་དེ་བཞིན་དུ་འདི་དག་བདག་ ཅག་གིས་གཟུང་བར་བགྱིའོ་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །བཙུན་པ་བཅོམ་ལྡན་འདས་ལ་བདག་ཅག་དོན་འདི་ཞུ་ལགས་ཏེ། བདག་ཅག་གིས་གང་ལ་བསྙེན་བཀུར་བགྱི། བླ་མར་བགྱི། རྗེད་པར་བགྱི། མཆོད་པར་བགྱི་ཞེས་བྱ་བ་ནས། ཐོག་མར་བསོད་སྙོམས་ལོངས་ སྤྱད་པར་བགྱི་ཞེས་བྱ་བའི་བར་གོང་མ་བཞིན་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་ཆེས་རྒན་པ་ལ་བསྙེན་བཀུར་བྱ། བླ་མར་བྱ། རྗེད་པར་བྱ། མཆོད་པར་བྱ། མངོན་དུ་སྨྲ་བ་དང་། ཕྱག་དང་། ལྡང་བ་དང་། ཐལ་མོ་སྦྱར་བ་དང་། གདུད་པའི་ལས་བྱའོ། །དེ་ནི་ཁྱེད་ཅག་གི་སྟན་གྱི་ཐོག་མ་དང་། བཏུང་བའི་ཐོག་མ་དང་། བསོད་སྙོམས་ཀྱི་ཐོག་མ་ལོངས་སྤྱད་པར་འོས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ཁྱེད་ཀྱིས་ཆེས་རྒན་པ་ལ་བསྙེན་བཀུར་བྱ་ཞེས་བྱ་བ་ནས་བསོད་སྙོམས་ཀྱི་ཐོག་མ་ལོངས་སྤྱད་པར་ བྱའོ་ཞེས་བྱ་བའི་བར་གོང་མ་བཞིན་དུ་གསུངས་པ་དང་། དགེ་སློང་རྣམས་ཀྱིས་ཁྱིམ་པ་རྒན་པ་དག་ལ་བསྙེན་བཀུར་བྱེད། བླ་མར་བྱེད། རྗེད་པར་བྱེད། མཆོད་པར་བྱེད་པ་ན་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམས་སྨོད་པར་བྱེད། གཞོགས་འཕྱས་ བྱེད། ཁ་ཟེར་བར་བྱེད་དེ། འཕགས་པ་དག་བདག་ཅག་ནི་འདོད་པ་ལ་སྤྱོད་པ་ལགས། འདོད་པའི་འདམ་དུ་བྱིང་བ་ལགས་ན་ཅིའི་སླད་དུ་ཁྱེད་བདག་ཅག་ལ་བསྙེན་བཀུར་བགྱིད་ཅེས་པའི་སྐབས་དེ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། དགེ་སློང་དག་ངས་རབ་ཏུ་བྱུང་བ་རྣམས་ལ་དགོངས་ཏེ་གསུངས་པ་ཡིན་གྱི། ཁྱིམ་པ་རྣམས་ལ་ནི་མ་ཡིན་ནོ། །དགེ་སློང་རྣམས་ཀྱིས་གཞན་མུ་སྟེགས་ཅན་རྒན་པ་དག་མཐོང་ནས་བསྙེན་བཀུར་བྱེད། བླ་མར་བྱེད། རྗེད་པར་བྱེད། མཆོད་པར་བྱེད་ནས་བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ངས་ཆོས་འདི་པ་རྣམས་ལ་དགོངས་ཏེ་གསུངས་པ་ཡིན་གྱི་ཕྱི་རོལ་པ་རྣམས་ལ་ནི་མ་ཡིན་ནོ། །དེ་རྣམས་ཀྱིས་རབ་ཏུ་བྱུང་བའི་དགེ་ཚུལ་རྒན་པོ་དག་མཐོང་ནས་བསྙེན་བཀུར་བྱེད། བླ་མར་བྱེད། རྗེད་པར་བྱེད། མཆོད་པར་བྱེད་ནས་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ངས་བསྙེན་པར་རྫོགས་པ་རྣམས་ལ་དགོངས་ནས་གསུངས་པ་ཡིན་གྱི། དགེ་ཚུལ་རྣམས་ལ་ནི་མ་ཡིན་ནོ། །དེ་རྣམས་ཀྱིས་རྒན་པོ་གསར་དུ་བསྙེན་པར་རྫོགས་པ་དག་ལ་བསྙེན་བཀུར་བྱེད། བླ་མར་བྱེད། རྗེད་པར་བྱེད། མཆོད་པར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕན་ཚུན་ལོའི་དང་པོ་དྲིས་ནས་ཕྱག་བྱའོ། །དེ་རྣམས་ཀྱིས་དྲིས་པ་ལས་ན་ཚོད་ཀྱིས་ལོ་སྨྲས་པ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྙེན་པར་རྫོགས་པའི་ལོའི་དང་པོ་དྲི་བར་བྱའོ། །དགེ་སློང་རྣམས་ཀྱིས་ཇི་ལྟར་དྲི་བ་མ་ཤེས་ ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རེ་ཞིག་དང་པོར་དུས་ཚིགས་དྲི་བར་བྱའོ། །དགེ་སློང་རྣམས་ཀྱིས་དུས་ཚིགས་དུ་ཡིན་པ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དུས་ཚིགས་ནི་ལྔ་པོ་འདི་དག་ཡིན་ཏེ། དགུན་དང་། སོས་ཀ་དང་། དབྱར་ དང་། དབྱར་ཐུང་ངུ་དང་། དབྱར་རིང་པོའོ། །དེ་ལ་ཟླ་བ་བཞི་ནི་དགུན་ནོ། །ཟླ་བ་བཞི་ནི་སོས་ཀ་ཡིན་ནོ། །ཟླ་བ་གཅིག་ནི་དབྱར་ཡིན་ནོ། །ཉིན་ཞག་གཅིག་ནི་དབྱར་ཐུང་ངུ་ཡིན་ནོ། །ཟླ་བ་གསུམ་དུ་ཞག་གཅིག་གིས་མ་ཚང་བ་ནི་དབྱར་རིང་པོ་ཡིན་ཏེ། དེ་ལྟར་དུས་ཚིགས་ དེ་བརྗོད་ནས་སྔར་བསྙེན་པར་རྫོགས་པ་གང་ཡིན་པ་དེ་ལ་ཕྱག་བྱའོ། །དགེ་སློང་དག་གཞན་ཡང་ཕྱག་བྱ་བ་ནི་བཞི་སྟེ། བཞི་གང་ཞེ་ན། རེ་ཞིག་འཇིག་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེ་དང་བཅས་པའི་སྐྱེ་དགུ་དང་། ལྷ་དང་མིར་བཅས་པས་ཕྱག་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། ཁྱིམ་པ་ཐམས་ཅད་ཀྱིས་ཕྱག་བྱ་བ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་ཐམས་ཅད་ཀྱིས་ཕྱག་བྱ་བ་ནི་སྔར་བསྙེན་པར་རྫོགས་པ་ཡིན་ནོ། །དགེ་སློང་མ་མ་གཏོགས་ཏེ། དེ་ནི་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་ཀྱང་དེ་རིང་བསྙེན་པར་རྫོགས་པའི་དགེ་སློང་ལ་ཕྱག་བྱ་བ་ཡིན་ནོ། །བསྙེན་པར་མ་རྫོགས་པ་ཐམས་ཅད་ཀྱིས་ཕྱག་བྱ་བ་བསྙེན་པར་རྫོགས་པའོ། །ཕྱག་མི་བྱ་བ་བཅུ་སྟེ། བཅུ་གང་ཞེ་ན། སྤོ་བ་དང་། གཞི་ནས་སྤོ་བ་དང་། སྤོ་བ་སྤྱད་པ་དང་། མགུ་བར་བྱ་བ་སྤྱོད་པ་དང་། མགུ་བར་བྱ་བ་སྤྱད་པ་དང་། མ་མཐོང་བས་གནས་ནས་ཕྱུང་བ་དང་། ཕྱིར་མི་བྱེད་པས་གནས་ནས་ཕྱུང་བ་དང་། སྡིག་པའི་ལྟ་བར་སོང་བ་མི་འདོར་བ་གནས་ནས་ཕྱུང་བ་དང་། ཁྱིམ་པ་ཐམས་ཅད་དང་། བསྙེན་པར་རྫོགས་པ་མ་ཡིན་པ་ཐམས་ཅད་ དོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་རྒན་པའི་བཅའ་བ་མཛད་པ་དེའི་ཚེ་དགེ་སློང་རྣམས་གཅིག་ལ་གཅིག་བསྙེན་བཀུར་བྱེད། བླ་མར་བྱེད། རྗེད་པར་བྱེད། མཆོད་པར་བྱེད་དོ། །དེ་རྣམས་གཅིག་ལ་གཅིག་བསྙེན་བཀུར་བྱེད། བླ་མར་བྱེད། རྗེད་པར་བྱེད། མཆོད་ པར་བྱེད་པ་ན་ཆུའི་ནང་གི་ཨུཏྤ་ལ་ཇི་ལྟ་བ་བཞིན་དུ་དགེ་བའི་ཆོས་ཀྱིས་འཕེལ་བར་གྱུར་ཏོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་གང་གི་ཚེ་ཇི་ལྟར་རྒན་པའི་བཅའ་བ་མཛད་པ་དེའི་ཚེ་དགེ་སློང་གཅིག་ལ་ གཅིག་གིས་བསྙེན་བཀུར་བགྱིད། བླ་མར་བགྱིད། རྗེད་པར་བགྱིད། མཆོད་པར་བགྱིད་དོ། །དེ་རྣམས་གཅིག་ལ་གཅིག་བསྙེན་བཀུར་བགྱིད། བླ་མར་བགྱིད། རྗེད་པར་བགྱིད། མཆོད་པར་བགྱིད་པ་ན་ཆབ་ཀྱི་ནང་གི་ཨུཏྤ་ལ་ ཇི་ལྟ་བ་བཞིན་དགེ་བའི་ཆོས་ཀྱིས་འཕེལ་བར་གྱུར་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་ང་འདོད་ཆགས་དང་བྲལ། ཞེ་སྡང་དང་བྲལ། གཏི་མུག་དང་བྲལ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་ལས་གྲོལ་ཏེ་ཐམས་ཅད་མཁྱེན་པ། རྣམ་པ་ཐམས་ཅད་མཁྱེན་པ། ཐམས་ཅད་མཁྱེན་པ། ཤེས་བྱ་ཐམས་ཅད་ལ་མངའ་བརྙེས་པས་ཇི་ལྟར་རྒན་པའི་ བཅའ་བ་མཛད་དེ། ཇི་ལྟར་རྒན་པ་དེ་ལ་བརྟེན་ནས་དགེ་སློང་རྣམས་གཅིག་ལ་གཅིག་བསྙེན་བཀུར་བྱེད། བླ་མར་བྱེད་ཅེས་བྱ་བ་ནས་ཆུའི་ནང་གི་ཨུཏྤ་ལ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བའི་བར་གང་ཡིན་པ་འདི་ལ་ངོ་མཚར་ཅི་ཞིག་ཆེ། གང་གི་ཚེ་ང་འདོད་ཆགས་དང་བཅས། ཞེ་སྡང་ དང་བཅས། གཏི་མུག་དང་བཅས། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་ལས་མ་གྲོལ་ཞིང་རྣམ་པར་ལྟུང་བའི་ལུས་ཀྱིས་ཇི་ལྟར་རྒན་པའི་བཅའ་བ་མཛད་ དེ། ཇི་ལྟར་རྒན་པ་དེ་ལ་བརྟེན་ནས་འཛམ་བུའི་གླིང་ན་གནས་པའི་སྐྱེ་བོའི་ཚོགས་ཕལ་ཆེར་སུམ་བཅུ་རྩ་གསུམ་པའི་ལྷའི་རིས་གྱ་ནོམ་པར་སྐྱེས་པ་གང་ཡིན་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་ཡུལ་ཀ་ཤིའི་ནགས་སྟུག་པོ་ཞིག་ན་སྲོག་ཆགས་བཞི་གནས་པ་གོང་མ་སྲེག་དང་། རི་བོང་དང་། སྤྲེའུ་དང་། གླང་པོ་ཆེའོ། །དེ་དག་ཀྱང་ཕན་ཚུན་ཡིད་གཅུགས་པས་ལྷན་ཅིག་གནས་ཤིང་མཐུན་པ་དང་། ཡང་དག་པར་དགའ་བ་དང་། རྩོད་པ་མེད་པ་དང་། དོགས་པ་མེད་ཅིང་དགའ་བའི་སྤྱོད་ལམ་གྱིས་གནས་པས་དུས་འདའ་བར་བྱེད་དོ། །ཇི་ཙམ་དུས་གཞན་ཞིག་ ན་དེ་རྣམས་ཀྱི་བློ་སྐྱེས་པ། ཤེས་ལྡན་དག་བདག་ཅག་ལ་ཕན་ཚུན་ཡིད་གཅུགས་པས་ལྷན་ཅིག་གནས་ཤིང་མཐུན་པ་དང་། ཡང་དག་པར་དགའ་བ་དང་། རྩོད་པ་མེད་པ་ནི་ཡོད་ན་འོན་ཀྱང་བདག་ཅག་གིས་གང་ལ་བསྙེན་བཀུར་བྱ། བླ་མར་བྱ། རྗེད་པར་བྱ། མཆོད་པར་བྱ་བ་ མི་ཤེས་ཀྱིས། མ་ལ་བདག་ཅག་གིས་རྒན་པ་ཇི་ལྟ་བའི་བཅའ་བ་བྱའོ། །དེ་རྣམས་ཕན་ཚུན་དུ་གྲོས་བྱ་བར་བརྩམས་པ། བདག་ཅག་གི་ནང་ན་སུ་རྒན། དེ་ནས་གོང་མ་སྲེག་གིས་ཤིང་ནྱ་གྲོ་དྷ་ཞིག་བསྟན་ནས། ཤེས་ལྡན་དག་སུས་ཤིང་ནྱ་གྲོ་དྷ་འདིའི་ཚད་ཇི་ཙམ་པ་མཐོང་། གླང་པོ་ཆེས་སྨྲས་པ། ཁོ་བོ་ཁྱུ་དང་ལྷན་ཅིག་ལམ་འདི་ནས་འགྲོ་བ་ན་འདིའི་སྲིད་ཁོ་བོའི་ལུས་དང་མཉམ་པ་ཁོ་ན་མཐོང་ངོ་། །སྤྲེའུ་ཡིས་སྨྲས་པ། ཁོ་བོ་ཁྱུ་དང་ལྷན་ཅིག་ལམ་འདི་ནས་འགྲོ་བ་ན་འདིའི་སྲིད་ཁོ་བོ་དང་མཉམ་པ་ཁོ་ན་མཐོང་ངོ་། །དེ་དག་གིས་སྨྲས་པ། དེ་བས་ཁྱོད་ རྒན་ནོ། །རི་བོང་གིས་སྨྲས་པ། ཁོ་བོས་འདིའི་ལོ་མ་གཉིས་སྐྱེས་པ་ན་ལོ་མའི་ཟིལ་བའི་ཐིགས་པ་ལྕེས་བལྡགས་སོ། །དེ་དག་གིས་སྨྲས་པ། འདི་དག་པས་ཀྱང་ཁྱོད་རྒན་ནོ། །གོང་མ་སྲེག་གིས་སྨྲས་པ། ཁྱེད་ཅག་གིས་ཤིང་ནྱ་གྲོ་དྷའི་ཚད་ཆེན་པོའི་རྣམ་པ་འདི་མཐོང་ངམ་དེ་རྣམས་ཀྱིས་སྨྲས་པ། འདི་མཐོང་ངོ་། །ཁོ་བོས་ས་བོན་རྣམས་ཟོས་ནས་ཕྱོགས་འདིར་རྟུག་པ་བོར་བ་དེ་ལས་སྐྱེས་པ་ནི་འདི་ཡིན་ནོ། །དེ་རྣམས་ཀྱིས་སྨྲས་པ། གལ་ཏེ་དེ་ལྟ་ན་བདག་ཅག་ཐམས་ཅད་ཀྱི་ནང་ན་ཁྱོད་རྒན་ནོ། །དེ་ནས་གླང་པོ་ཆེས་ཐམས་ཅད་ལ་བསྙེན་བཀུར་བྱ་བར་བརྩམས་སོ། །སྤྲེའུ་ཡིས་རི་བོང་ དང་གོང་མ་སྲེག་ལའོ། །རི་བོང་གིས་ནི་གོང་མ་སྲེག་ཁོ་ན་ལ་སྟེ། དེ་རྣམས་དེ་ལྟར་རྒན་རིམས་ཇི་ལྟ་བ་བཞིན་དུ་བསྙེན་བཀུར་བྱེད་ཅིང་ནགས་སྟུག་པོ་དེ་ན་ཕན་ཚུན་དུ་རྒྱུ་ཞིང་གང་གི་ཚེ་ཡང་བ་དང་གཟར་བོའི་ཕྱོགས་སུ་འགྲོ་དགོས་པ་དེའི་ཚེ་གླང་པོ་ཆེ་ལ་སྤྲེའུ། སྤྲེའུ་ལ་རི་བོང་། རི་བོང་ ལ་གོང་མ་སྲེག་ཞོན་ནོ། །སྡུག་པ་འཕེལ་ཞིང་ཞེས་དང་བཅས་པ་དེ་རྣམས་ཡང་འདི་ལྟ་བུའི་བློ་སྐྱེས་ཏེ། ཤེས་ལྡན་དག་བདག་ཅག་ལ་སྡུག་པ་འཕེལ་ཞིང་ཞེས་དང་བཅས་པ་ནི་ཡོད་ཀྱིས་རེ་ཞིག་དགེ་བ་གཞན་ཡང་ཅུང་ཟད་ཅིག་བླངས་ཏེ་འཇུག་པར་བྱའོ། །ཅི་ལྟར་བྱ། གོང་མ་སྲེག་ གིས་སྨྲས་པ། སྲོག་གཅོད་པ་ལས་སླར་ལྡོག་པར་བྱའོ། །བདག་ཅག་གི་སྲོག་གཅོད་པ་ཅི་འདྲ་བ་ཞིག་ཡིན། གོང་མ་སྲེག་གིས་སྨྲས་པ། ལོ་མ་དང་། མེ་ཏོག་དང་། འབྲས་བུ་སྲོག་ཆགས་དང་བཅས་པ་ཡང་ཡོད། སྲོག་ཆགས་མེད་པ་ཡང་ ཡོད་པས་དེ་བས་བདག་ཅག་གིས་དེང་ཕྱིན་ཆད་སྲོག་ཆགས་དང་བཅས་པ་ནི་སྤངས་ལ་སྲོག་ཆགས་མེད་པ་ནི་ལོངས་སྤྱད་པར་བྱའོ་ཞེས་དེ་རྣམས་ཀྱིས་སྲོག་ཆགས་དང་བཅས་པ་ནི་སྤངས་ཤིང་སྲོག་ཆགས་མེད་པ་ལོངས་སྤྱད་པར་བརྩམས་སོ། །དེ་རྣམས་འདི་སྙམ་དུ་སེམས་ཏེ། བདག་ཅག་ལ་སྲོག་གཅོད་པ་ལས་སླར་ལོག་པ་ནི་ཡོད་ན། མ་བྱིན་པར་ལེན་པ་ལས་མ་ཡིན་པས། མ་ལ་བདག་ཅག་གིས་མ་བྱིན་པར་ལེན་པ་ལས་སླར་ལོག་པར་བྱའོ། །བདག་ཅག་གི་མ་བྱིན་པར་ལེན་པ་ཅི་འདྲ་བ་ཞིག་ཡིན། གོང་མ་སྲེག་གིས་སྨྲས་པ། ཡོངས་སུ་ འཛིན་པ་དང་བཅས་པའི་རྩ་བ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་ཡང་ཡོད། འཛིན་པ་མེད་པ་ཡང་ཡོད་པས་དེ་བས་ན་བདག་ཅག་གིས་དེང་ཕྱིན་ཆད་ཡོངས་སུ་འཛིན་པ་དང་བཅས་པ་ནི་སྤངས་ལ་འཛིན་པ་མེད་པ་ནི་ལོངས་སྤྱད་པར་བྱའོ་ཞེས་དེ་རྣམས་ཀྱིས་ཡོངས་སུ་འཛིན་ པ་དང་བཅས་པ་ནི་སྤངས་ཏེ་འཛིན་པ་མེད་པ་ནི་ལོངས་སྤྱད་པར་བརྩམས་སོ། །དེ་རྣམས་འདི་སྙམ་དུ་སེམས་ཏེ། བདག་ཅག་ལ་མ་བྱིན་པར་ལེན་པ་ལས་སླར་ལོག་པ་ནི་ཡོད་ན། འདོད་པས་ལོག་པར་གཡེམ་པ་ལས་མ་ཡིན་པས་མ་ལ་བདག་ཅག་གིས་འདོད་པས་ལོག་པར་གཡེམ་པ་ ལས་སླར་ལྡོག་པར་བྱའོ། །བདག་ཅག་གི་འདོད་པས་ལོག་པར་གཡེམ་པ་ཅི་འདྲ་བ་ཞིག་ཡིན། གོང་མ་སྲེག་གིས་སྨྲས་པ། བདག་ཅག་བགྲོད་པར་བྱ་བར་ཡང་འགྲོ། བགྲོད་པར་བྱ་བ་མ་ཡིན་པར་ཡང་འགྲོ་བས། དེ་བས་ན་བདག་ཅག་གིས་དེང་ཕྱིན་ཆད་བགྲོད་པར་བྱ་བ་ ཁོ་ན་བགྲོད་པར་བྱའི། བགྲོད་པར་བྱ་བ་མ་ཡིན་པ་ནི་མ་ཡིན་ནོ་ཞེས་དེ་རྣམས་བགྲོད་པར་བྱ་བ་བགྲོད་ཀྱི། བགྲོད་པར་བྱ་བ་མ་ཡིན་པ་ནི་མ་ཡིན་ནོ། །དེ་རྣམས་འདི་སྙམ་དུ་སེམས་ཏེ། བདག་ཅག་ལ་འདོད་པས་ལོག་པར་སྤྱོད་པ་ལས་སླར་ལོག་པ་ནི་ཡོད་ན། བརྫུན་དུ་སྨྲ་བ་ལས་མ་ ཡིན་གྱིས། མ་ལ་བདག་ཅག་གིས་བརྫུན་དུ་སྨྲ་བ་ལས་སླར་ལྡོག་པར་བྱའོ། །བདག་ཅག་གི་བརྫུན་དུ་སྨྲ་བ་ཅི་འདྲ་བ་ཞིག་ཡིན། གོང་མ་སྲེག་གིས་སྨྲས་པ། བདག་ཅག་ཅི་ཡང་རུང་བ་སྨྲ་བས་དེ་བས་ན་བདག་ཅག་གིས་དེང་ཕྱིན་ཆད་ཅི་ཡང་རུང་བ་སྨྲ་བར་མི་བྱ་ཞིང་བརྟགས་ཤིང་བརྟགས་པའི་ ཚིག་གིས་དུས་སུ་སྨྲ་བར་བྱའོ་ཞེས་དེ་རྣམས་ཀྱིས་ཅི་ཡང་རུང་བ་མི་སྨྲ་ཞིང་ཅི་ཡང་བརྟགས་ཤིང་བརྟགས་པའི་ཚིག་དུས་སུ་སྨྲའོ། །དེ་རྣམས་འདི་སྙམ་དུ་སེམས་ཏེ། བདག་ཅག་ལ་བརྫུན་དུ་སྨྲ་བ་ལས་སླར་ལོག་པ་ནི་ཡོད་ན། འབྲུའི་ཆང་དང་སྦྱར་བའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ ལས་མ་ཡིན་པས་མ་ལ་བདག་ཅག་གིས་འབྲུའི་ཆང་དང་སྦྱར་བའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལྡོག་པར་བྱའོ། །བདག་ཅག་གི་འབྲུའི་ཆང་དང་སྦྱར་བའི་ཆང་མྱོས་པར་འགྱུར་བ་བག་མེད་པ་ཅི་འདྲ་བ་ཞིག་ཡིན། གོང་མ་སྲེག་གིས་སྨྲས་པ། མྱོས་པར་ འགྱུར་བའི་འབྲས་བུ་གང་ཡིན་པ་དག་ཀྱང་ཡོད། མྱོས་པར་མི་འགྱུར་བ་གང་ཡིན་པ་དག་ཀྱང་ཡོད་པས་དེ་བས་ན་བདག་ཅག་གིས་དེང་ཕྱིན་ཆད་མྱོས་པར་འགྱུར་བའི་འབྲས་བུ་གང་དག་ཡིན་པ་སྤངས་ལ་མྱོས་པར་མི་འགྱུར་པའི་འབྲས་བུ་གང་དག་ཡིན་པ་ནི་ལོངས་སྤྱད་པར་བྱའོ་ཞེས་དེ་རྣམས་ཀྱིས་ མྱོས་པར་འགྱུར་བའི་འབྲས་བུ་གང་དག་ཡིན་པ་ནི་སྤངས་ཏེ། མྱོས་པར་མི་འགྱུར་བའི་འབྲས་བུ་གང་དག་ཡིན་པ་ལོངས་སྤྱད་པར་བརྩམས་སོ། །གང་གི་ཚེ་དེ་རྣམས་བརྟུལ་ཞུགས་ཀྱི་གཞི་ལྔ་ལ་རབ་ཏུ་གནས་པ་དེའི་ཚེ་གོང་མ་སྲེག་གིས་སྨྲས་པ། ཤེས་ལྡན་དག་བདག་ཅག་ལ་བརྟུལ་ ཞུགས་ཀྱི་གཞི་ལྔ་ལ་རབ་ཏུ་གནས་པ་ནི་ཡོད་ཀྱིས། མ་ལ་བདག་ཅག་གིས་གཞན་དག་ཀྱང་བརྟུལ་ཞུགས་ཀྱི་གཞི་ལྔ་ལ་རབ་ཏུ་དགོད་པར་བྱའོ། །དེ་རྣམས་ཀྱིས་སྨྲས་པ། དེ་བཞིན་དུ་བྱའོ། །བདག་ཅག་གི་ནང་ནས་སུས་སུ་དག་རབ་ཏུ་དགོད་པར་བྱ། སྤྲེའུ་ཡིས་སྨྲས་པ། ཁོ་བོས་ནི་ སྤྲེའུ་ཐམས་ཅད་རབ་ཏུ་དགོད་པར་བྱའོ། །དེ་ནས་རི་བོང་གིས་སྨྲས་པ། ཁོ་བོས་ནི་རི་བོང་དང་སྤུ་ཅན་ཐམས་ཅད་རབ་ཏུ་དགོད་པར་བྱའོ། །གླང་པོ་ཆེས་སྨྲས་པ། གལ་ཏེ་དེ་ལྟ་ན་ཁོ་བོས་ནི། གླང་པོ་ཆེ་དང་། སེང་གེ་དང་། སྟག་དང་། གུང་ཐམས་ཅད་རབ་ཏུ་དགོད་པར་བྱའོ། ། གོང་མ་སྲེག་གིས་སྨྲས་པ། གལ་ཏེ་དེ་ལྟ་ན་མདོར་ན་ཁྱེད་ཀྱིས་འདུལ་བ་མ་ཡིན་པ་རྐང་པ་མེད་པ་དང་། རྐང་པ་གཉིས་པ་དང་། རྐང་པ་བཞི་པ་དང་། འདབ་ཆགས་གང་ཡིན་པ་དེ་ཐམས་ཅད་ཁོ་བོས་བརྟུལ་ཞུགས་ཀྱི་གཞི་ལྔ་ལ་རབ་ཏུ་དགོད་པར་བྱའོ། །དེ་ནས་དེ་ རྣམས་ཀྱིས་ཡུལ་ཀ་ཤི་ན་དུད་འགྲོའི་སྐྱེས་གནས་སུ་སོང་བའི་སྲོག་ཆགས་ཇི་སྙེད་པ་དེ་དག་ཐམས་ཅད་བརྟུལ་ཞུགས་ཀྱི་གཞི་ལྔ་ལ་རབ་ཏུ་བཀོད་དོ། །དེ་རྣམས་གཅིག་ལ་གཅིག་གནོད་པ་མི་བྱེད་ཅིང་ནགས་སྟུག་པོ་དེ་ན་ཤེས་བཞིན་གྱི་གནས་པས་ཅི་དགའ་བར་གནས་པ་དེ་རྣམས་ཀྱི་མཐུས་ལྷས་དུས་སུ་ཆར་ ཕབ་པས་ས་རྟག་ཏུ་མེ་ཏོག་དང་འབྲས་བུའི་ཤིང་དང་ལོ་ཏོག་དང་ལྡན་པར་གྱུར་ཏོ། །མི་རྣམས་ཀྱིས་དེ་དག་གཅིག་ལ་གཅིག་གནོད་པ་མི་བྱེད་པར་གནས་པས་ས་རྟག་ཏུ་མེ་ཏོག་དང་འབྲས་བུའི་ཤིང་དང་ལོ་ཏོག་དང་ལྡན་པར་མཐོང་བ་དང་རྒྱལ་པོས་སྨྲས་པ། ངས་ཆོས་བཞིན་གྱིས་རྒྱལ་སྲིད་བྱས་ཏེ། འདི་ ནི་ངའི་མཐུ་ཡིན་ནོ། །བཙུན་མོ་དང་། གཞོན་ནུ་རྣམས་དང་། བློན་པོ་རྣམས་དང་། ཁྲོམ་གྱི་རུ་པ་རྣམས་དང་། གྲོང་མི་དང་། ཡུལ་མི་རྣམས་ཀྱིས་སྨྲས་པ། འདི་ནི་བདག་ཅག་གི་མཐུ་ཡིན་ནོ། །རྒྱལ་པོས་བསམས་པ། འདི་དག་ཐམས་ཅད་འདི་ནི་བདག་གི་མཐུ་ཡིན་ནོ། ། འདི་ནི་བདག་གི་མཐུ་ཡིན་ནོ་ཞེས་སྨྲ་ན། འདི་སུའི་མཐུ་ཡིན་པ་མི་ཤེས་སོ་སྙམ་ནས་དེ་ངོ་མཚར་སྐྱེས་ཏེ། དེས་ལྟས་མཁན་རྣམས་བཀུག་ནས་སྨྲས་པ་དང་། དེ་རྣམས་ཀྱིས་ཀྱང་མ་ཤེས་སོ། །ཇི་ཙམ་ན་བཱ་རཱ་ཎ་སཱི་དང་ཧ་ཅང་ཡང་མི་རིང་བའི་སྐྱེད་མོས་ཚལ་ཞིག་ཡོད་དེ། དེ་ན་དྲང་སྲོང་མངོན་པར་ ཤེས་པ་ལྔ་དང་ལྡན་པ་ཞིག་གནས་ཏེ། བཱ་རཱ་ཎ་སཱི་ན་གནས་པའི་སྐྱེ་བོའི་ཚོགས་མཐའ་དག་གིས་མཆོད་ཅིང་རྗེད་ཅིང་མངོན་དུ་སྨྲ་བར་བྱ་བ་ཞིག་ཡོད་དོ། །དེ་ནས་རྒྱལ་པོ་དྲང་སྲོང་དེའི་དྲུང་དུ་སོང་ནས་རྐང་པ་གཉིས་ལ་གཏུགས་ཏེ་སྨྲས་པ། དྲང་སྲོང་ཆེན་པོ་བདག་གི་ཡུལ་ན་དུད་འགྲོའི་སྐྱེ་གནས་སུ་སོང་ བའི་སྲོག་ཆགས་ཇི་སྙེད་པ་དེ་དག་ཐམས་ཅད་གཅིག་ལ་གཅིག་གནོད་པ་མི་བྱེད་ཅིང་ཤེས་བཞིན་གྱི་གནས་པས་ཅི་དགའ་བར་གནས་པས་ལྷས་དུས་སུ་ཆར་ཕབ་པས་ས་རྟག་ཏུ་མེ་ཏོག་དང་འབྲས་བུའི་ཤིང་དང་། ལོ་ཏོག་དང་ལྡན་པར་གྱུར་པ་དང་བདག་ནི་འདི་སྙམ་དུ་སེམས་ཏེ། བདག་གིས་ཆོས་ བཞིན་གྱིས་རྒྱལ་སྲིད་བྱས་པས་འདི་ནི་བདག་གི་མཐུ་ཡིན་ནོ་སྙམ་དུ་སེམས་སོ། །བཙུན་མོ་དང་། གཞོན་ནུ་རྣམས་དང་། བློན་པོ་རྣམས་དང་། ཁྲོམ་གྱི་རུ་པ་དང་། ཡུལ་མི་དང་། གྲོང་གི་མི་རྣམས་ཀྱིས་ཀྱང་འདི་ནི་བདག་ཅག་གི་མཐུ་ཡིན་ནོ་སྙམ་དུ་སེམས་ཏེ་བདག་ཀྱང་ངོ་མཚར་ཆེན་པོ་ སྐྱེས་ན། དེའི་ཕྱིར་འདི་སུའི་མཐུ་ལགས་པ་ཐེ་ཚོམ་གཅད་པའི་རིགས་སོ། །དེས་སྨྲས་པ། རྒྱལ་པོ་ཆེན་པོ་འདི་ནི་ཁྱོད་ཀྱི་མཐུ་མ་ལགས་ཏེ། བཙུན་མོའི་མ་ལགས། གཞོན་ནུ་རྣམས་ཀྱི་མ་ལགས། བློན་པོ་རྣམས་ཀྱི་མ་ལགས། ཁྲོམ་གྱི་རུ་པའི་མ་ལགས། གྲོང་མིའི་མ་ལགས། ཡུལ་གྱི་མིའི་མ་ལགས་ཏེ། འོན་ཀྱང་ཁྱོད་ཀྱི་ཡུལ་ན་སྲོག་ཆགས་བཞི་གནས་ཏེ། འདི་ནི་དེ་དག་གི་མཐུ་ཡིན་ནོ། །རྒྱལ་པོས་སྨྲས་པ། གལ་ཏེ་དེ་ལྟ་ན་རེ་ཞིག་བལྟས་མཆིའོ། །དྲང་སྲོང་གིས་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དེ་རྣམས་བལྟ་ཅི་འཚལ། འོན་ཀྱང་དེ་རྣམས་ཀྱིས་ཡང་དག་ པར་བླངས་ཏེ་སྤྱད་པ་གང་ལགས་པ་དེ་ཡང་དག་པར་བླངས་ཏེ་སྤྱད་མཛོད་ཅིག །དེ་རྣམས་ཀྱིས་ཅི་ཞིག་ཡང་དག་པར་བླངས་ཏེ་སྤྱད། བརྟུལ་ཞུགས་ཀྱི་གཞི་ལྔའོ། །དྲང་སྲོང་ཆེན་པོ་བརྟུལ་ཞུགས་ཀྱི་གཞི་ལྔ་ཅི་འདྲ་བ་ཞིག་ལགས། རྒྱལ་པོ་ཆེན་པོ་དེ་རྣམས་ནི་སྲོག་ཆགས་རྣམས་ཀྱི་སྲོག་ མི་གཅོད། གཞན་གྱི་བདོག་པ་མི་འཕྲོག །བགྲོད་པར་བྱ་བ་མ་ཡིན་པ་བགྲོད་པར་མི་བྱེད། །བརྫུན་གྱི་ཚིག་མི་སྨྲ། མྱོས་པར་འགྱུར་བའི་བཏུང་བ་མི་འཐུང་ངོ་། །རྒྱལ་པོས་སྨྲས་པ། དྲང་སྲོང་ཆེན་པོ་གལ་ཏེ་དེ་ལྟ་ན་བདག་གིས་ཀྱང་བརྟུལ་ཞུགས་ཀྱི་གཞི་ལྔ་པོ་འདི་དག་ཡང་དག་པར་ བླངས་ཏེ་སྤྱད་པར་བྱའོ། །དེ་ནས་རྒྱལ་པོ་དེས་བརྟུལ་ཞུགས་ཀྱི་གཞི་ལྔ་ཡང་དག་པར་བླངས་ཏེ་སྤྱད་པར་བརྩམས་སོ། །རྒྱལ་པོས་བརྟུལ་ཞུགས་ཀྱི་གཞི་ལྔ་ཡང་དག་པར་བླངས་ཏེ་སྤྱད་པ་དང་། བཙུན་མོ་རྣམས་ཀྱིས་ཀྱང་བརྟུལ་ཞུགས་ཀྱི་གཞི་ལྔ་ཡང་དག་པར་བླངས་ཏེ་སྤྱད་པར་བརྩམས་ སོ། །གཞོན་ནུ་རྣམས་དང་། བློན་པོ་རྣམས་དང་། ཁྲོམ་གྱི་རུ་བ་དང་། གྲོང་མི་དང་། ཡུལ་མི་རྣམས་ཀྱིས་ཀྱང་བརྟུལ་ཞུགས་ཀྱི་གཞི་ལྔ་ཡང་དག་པར་བླངས་ཏེ་སྤྱད་པར་བརྩམས་སོ། །ཁམས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་རྒྱལ་པོ་ཚངས་བྱིན་བཙུན་མོ་དང་། གཞོན་ནུ་རྣམས་ དང་། བློན་པོ་རྣམས་དང་། ཁྲོམ་གྱི་རུ་པ་རྣམས་དང་། གྲོང་མི་དང་། ཡུལ་མིར་བཅས་པའི་བརྟུལ་ཞུགས་ཀྱི་གཞི་ལྔ་ཡང་དག་པར་བླངས་ཏེ་སྤྱོད་དོ་ཞེས་ཐོས་སོ། །ཐོས་ནས་དེ་རྣམས་ཀྱང་བཙུན་མོ་རྣམས་དང་། གཞོན་ནུ་རྣམས་དང་། བློན་པོ་རྣམས་ དང་། ཁྲོམ་གྱི་རུ་པ་རྣམས་དང་། གྲོང་མི་རྣམས་དང་། ཡུལ་མི་རྣམས་དང་། ལྷན་ཅིག་ཏུ་བརྟུལ་ཞུགས་ཀྱི་གཞི་ལྔ་ཡང་དག་པར་བླངས་ཏེ་སྤྱད་པར་བརྩམས་སོ། །འཛམ་བུའི་གླིང་གི་སྐྱེ་བོའི་ཚོགས་ཐམས་ཅད་ལས་ཕལ་ཆེར་བརྟུལ་ཞུགས་ཀྱི་གཞི་ལྔ་ཡང་དག་པར་བླངས་ཏེ་སྤྱད་པར་ བརྩམས་སོ། །དེའི་ཚེ་འཛམ་བུའི་གླིང་པ་འཆི་བའི་དུས་བྱེད་ན། དེ་ལུས་ཞིག་ནས་སུམ་བཅུ་རྩ་གསུམ་པའི་ལྷ་གྱ་ནོམ་པ་རྣམས་སུ་སྐྱེས་སོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ལྷའི་འཁོར་རྒྱས་པར་མཐོང་ནས་ཚིགས་སུ་བཅད་དེ་སྨྲས་པ། གུས་བཅས་ཞེ་སར་བཅས་པ་དག ། དཀའ་ཐུབ་ཚལ་ན་གནས་པ་ཡི། །གོང་མ་སྲེག་གི་ཚངས་སྤྱོད་དག །འཇིག་རྟེན་སོ་སོར་རབ་ཏུ་བསྟན། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ཀྱི་གོང་མ་སྲེག་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །རི་བོང་ནི་དགེ་སློང་ཤཱ་རིའི་བུ་ཡིན་ ནོ། །སྤྲེའུ་ནི་མཽད་གལ་གྱི་བུ་ཡིན་ནོ། །གླང་པོ་ཆེ་ནི་ཀུན་དགའ་བོ་ཡིན་ནོ། །དེའི་ཚེ་ཡང་ངས་རྒན་པ་ཇི་ལྟ་བུའི་བཅའ་བ་མཛད་དེ། རྒན་པ་ཇི་ལྟ་བ་དེ་ལ་བརྟེན་ནས་འཛམ་བུའི་གླིང་ན་གནས་པའི་སྐྱེ་བོའི་ཚོགས་ཕལ་ཆེར་སུམ་བཅུ་རྩ་གསུམ་པའི་ལྷའི་རིས་རྣམས་སུ་སྐྱེས་སོ། །ད་ལྟར་ ཡང་ངས་རྒན་པ་ཇི་ལྟ་བའི་བཅའ་བ་མཛད་དེ། རྒན་པ་ཇི་ལྟ་བ་དེ་ལ་བརྟེན་ནས་དགེ་སློང་རྣམས་གཅིག་ལ་གཅིག་བསྙེན་བཀུར་བྱེད། བླ་མར་བྱེད། རྗེད་པར་བྱེད། མཆོད་པར་བྱེད་པས་ཆུའི་ནང་གི་ཨུཏྤལ་ཇི་ལྟ་བ་བཞིན་དུ་དགེ་བའི་ཆོས་ཀྱིས་འཕེལ་བར་གྱུར་ཏོ། །དགེ་སློང་དག་དེ་ལྟ་བས་ ན་ཚངས་པ་མཚུངས་པར་སྤྱོད་པའི་གནས་བརྟན་དང་། བར་མ་དང་། གསར་བུ་རྣམས་ལ་བཀུར་སྟི་དང་བཅས། ཞེ་ས་དང་བཅས། འཇིགས་པའི་དབང་དུ་འགྲོ་བ་དང་བཅས་པས་གནས་པར་བྱའོ། །དགེ་སློང་དག་དེ་ཅིའི་ཕྱིར་ཞེ་ན། རེ་ཞིག་དགེ་སློང་དེ་གནས་བརྟན་དང་། བར་ མ་དང་། གསར་བུ་རྣམས་ལ་བཀུར་སྟི་མེད། ཞེ་ས་མེད་ཅིང་འཇིགས་པའི་དབང་དུ་མི་འགྲོ་བས་གནས་ན་ཀུན་དུ་སྤྱོད་པའི་ཆོས་ཡོངས་སུ་རྒྱས་པར་འགྱུར་བའི་གནས་འདི་མེད་དོ། །ཀུན་དུ་སྤྱོད་པའི་ཆོས་ཡོངས་སུ་མ་རྒྱས་པར་སློབ་པའི་ཆོས་རྣམས་ཡོངས་སུ་རྒྱས་པར་འགྱུར་བའི་ གནས་འདི་མེད་དོ། །སློབ་པའི་ཆོས་རྣམས་ཡོངས་སུ་མ་རྒྱས་པར་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་རྒྱས་པར་འགྱུར་བའི་གནས་འདི་མེད་དོ། །རྣམ་པར་ གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་མ་རྒྱས་པར་ལེན་བ་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་གནས་འདི་མེད་དོ། །དགེ་སློང་དག་རེ་ཞིག་དགེ་སློང་དེ་ཚངས་པ་མཚུངས་པར་སྤྱོད་པའི་གནས་བརྟན་དང་། བར་མ་དང་། གསར་བུ་རྣམས་ལ་བཀུར་སྟི་དང་བཅས། ཞེ་ས་ དང་བཅས། འཇིགས་པའི་དབང་དུ་འགྲོ་བ་དང་བཅས་པས་གནས་ན་ཀུན་དུ་སྤྱོད་པའི་ཆོས་ཡོངས་སུ་རྒྱས་པར་འགྱུར་བའི་གནས་འདི་ཡོད་དོ། །ཀུན་དུ་སྤྱོད་པའི་ཆོས་ཡོངས་སུ་རྒྱས་ན་སློབ་པའི་ཆོས་རྣམས་ཡོངས་སུ་རྒྱས་པར་འགྱུར་བའི་གནས་འདི་ཡོད་དོ། །སློབ་པའི་ཆོས་རྣམས་ཡོངས་སུ་རྒྱས་ན་ ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་རྒྱས་པར་འགྱུར་བའི་གནས་འདི་ཡོད་དོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཡོངས་སུ་རྒྱས་ན་ལེན་པ་ མེད་པར་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བའི་གནས་འདི་ཡོད་དོ། །དགེ་སློང་དག་དེ་ལྟ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། གནས་བརྟན་དང་། བར་མ་དང་། གསར་བུ་རྣམས་ལ་བཀུར་སྟི་དང་བཅས། ཞེ་ས་དང་བཅས། འཇིགས་པའི་དབང་དུ་འགྲོ་བ་དང་བཅས་པས་གནས་པར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལྔ་སྡེ་བཏུལ་བ་དེ་རྣམས་དགོན་པ་ན་གནས་ཏེ། དེ་རྣམས་དགོན་པ་ན་གནས་པ་ན་སེང་གེ་དང་། སྟག་དང་། གུང་དང་། ཆོམ་རྐུན་པ་རྣམས་ཀྱི་བགྲོད་པར་གྱུར་ཏོ། བཅོམ་ལྡན་འདས་ཀྱིས་དགོངས་ པ། གང་དུ་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉན་ཐོས་རྣམས་ཀྱིས་གནས་རུང་བར་གྱུར་སྙམ་ན། གཙུག་ལག་ཁང་ཡིན་པར་གཟིགས་སོ། །ལྷ་རྣམས་ཀྱིས་ཀྱང་དེ་བཞིན་དུ་བཅོམ་ལྡན་འདས་ལ་གསོལ་ཏོ། །དེའི་ཚེ་བཱ་རཱ་ཎ་སཱི་ན་ཁྱིམ་བདག་དགེ་ བཟང་ཞེས་བྱ་བ་ཞིག་གནས་པ་དེ་དགེ་བའི་རྩ་བས་སེམས་ཀྱི་རྒྱུད་བསྐུལ་ནས་འདི་སྙམ་དུ་སེམས་ཏེ། ཀྱེ་མའོ་བདག་གིས་བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ཀྱི་གཙུག་ལག་ཁང་བརྩིག་གོ་སྙམ་ནས། དེ་ནང་པར་སྔར་ལངས་ཏེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། བཅོམ་ ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་པ་དང་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དགེ་བཟང་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཡང་དག་པར་འཛིན་དུ་འཇུག་པར་མཛད། ཡང་དག་ པར་གཟེངས་སྟོད་པར་མཛད། ཡང་དག་པར་རབ་ཏུ་དགའ་བར་མཛད་དེ། རྣམ་གྲངས་དུ་མར་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་ནས་ཅང་མི་གསུང་ངོ་། །དེ་ནས་ ཁྱིམ་བདག་དགེ་བཟང་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གལ་ཏེ་གནང་ན། འདི་ལྟར་བདག་གིས་བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ཀྱི་ གཙུག་ལག་ཁང་བརྩིག་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་དེ་ལྟ་བས་ན་རྗེས་སུ་གནང་གིས་རྩིགས་ཤིག །དེས་ཅི་འདྲ་བ་རྩིག་པ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་གནས་ཁང་གསུམ་བརྩིག་ན་དབུས་སུ་དྲི་གཙང་ཁང་ བརྩིག་པར་བྱ་ཞིང་། གཡས་གཡོན་དུ་གནས་ཁང་གཉིས་ཏེ། དེ་ལྟར་ན་ངོས་གསུམ་པ་ལ་ནི་གནས་ཁང་དགུའོ། །ངོས་བཞི་པ་ལ་ནི་དྲི་གཙང་ཁང་གི་ཐད་ཀ་དབུས་སུ་སྒོ་གསུམ་གདོད་པར་བྱ་ཞིང་གཡས་གཡོན་དུ་གནས་ཁང་གཉིས་སོ། །དུ་རྩེག་ཏུ་བྱ་བ་མ་ཤེས་ནས་བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་ཀྱི་གཙུག་ལག་ཁང་ནི་ལྔ་རྩེག་ཏུ་བྱའོ། །དྲི་གཙང་ཁང་ནི་བདུན་རྩེག་ཏུ་བྱའོ། །སྒོ་ཁང་སྟེང་གི་བསིལ་ཁང་ཡང་བདུན་རྩེག་ཏུ་བྱའོ། །དགེ་སློང་མ་རྣམས་ཀྱི་གཙུག་ལག་ཁང་ནི་སུམ་རྩེག་ཏུ་བྱའོ། །དྲི་གཙང་ཁང་ནི་ལྔ་རྩེག་ཏུ་བྱའོ། །སྒོ་ ཁང་སྟེང་གི་བསིལ་ཁང་ཡང་ལྔ་རྩེག་ཏུ་བྱའོ། །དེའི་ཚེ་མཉན་ཡོད་ན་ཁྱིམ་བདག་སྦྱིན་པ་ཞེས་བྱ་བ་ཕྱུག་པ་ནོར་མང་བ་ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་གནས་པ་དེས་རིགས་མཉམ་ བ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དེ། དེ་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས་དུས་གཞན་ཞིག་ན་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ནས། དེ་ཟླ་བ་བརྒྱད་དམ་དགུ་འདས་ནས་ ཁྱེའུ་ཞིག་བཙས་ཏེ། དེའི་བཙས་པའི་བཙས་སྟོན་ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་རྒྱ་ཆེར་བྱས་ནས་མིང་འདོགས་པར་བྱེད་དེ། ཁྱེའུ་མིང་ཅིར་གདགས། ཉེ་དུ་དག་གིས་སྨྲས་པ། ཁྱེའུ་འདི་ཁྱིམ་བདག་སྦྱིན་པའི་བུ་ཡིན་པས། དེའི་ཕྱིར་ཁྱེའུའི་མིང་ནི་བཟང་སྦྱིན་དུ་གདགས་ སོ་ཞེས་དེའི་མིང་ནི་བཟང་སྦྱིན་ཞེས་བྱ་བར་བཏགས་ཏེ། ཁྱེའུ་བཟང་སྦྱིན་མ་མ་བརྒྱད་པོ་པང་ན་ཐོགས་པའི་མ་མ་གཉིས་དང་། ནུ་མ་སྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེན་གྲོགས་བྱེད་པའི་མ་མ་གཉིས་ལ་རྗེས་སུ་གཏད་ནས། དེ་མ་མ་བརྒྱད་པོ་དག་གིས་འོ་ མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་སྙིང་པོ་དང་། གཞན་ཡང་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་གཙོ་བོ་དག་གིས་སྲིང་བར་བྱེད། སྐྱེད་པར་བྱེད་ཅིང་རྫིང་ན་གནས་པའི་པད་མ་བཞིན་དུ་མྱུར་དུ་སྐྱེད་པར་བྱེད་དོ། །དེ་དུས་གཞན་ཞིག་ན་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་མ་མའི་པང་ན་ འདུག་སྟེ་ཕྱིར་བྱུང་བ་དང་། སློང་བས་རྒྱན་བསླངས་པ། གཞོན་ནུ་བདག་ལ་རྒྱན་དགོས་ཀྱིས་བདག་ལ་རྒྱན་བྱིན་ཅིག །དེ་དགའ་བ་དང་མགུ་བས་དེ་ལ་རྒྱན་བྱིན་ནོ། །དེ་ཁྱིམ་དུ་ཞུགས་པ་དང་དེའི་ཕས་མ་མ་ལ་དྲིས་པ། གཞོན་ནུའི་རྒྱན་ག་རེ། དེས་སྨྲས་པ། གཞོན་ནུས་སློང་བ་པོ་ལ་སྩལ་ ཏོ། །དེ་རྒྱན་གཞན་དག་གིས་བརྒྱན་ན་དེ་ཡང་བྱིན་ནོ། །དེ་ཡང་བརྒྱན་ན་དེ་ཡང་དེས་བྱིན་ནས་ཁྱིམ་བདག་དེས་ཆུང་མ་ལ་སྨྲས་པ། བཟང་མོ་བདག་ཅག་གི་བུ་ནི་བཟང་པོ་ཞིག་བཙས་ཏེ་རྟག་ཏུ་སྦྱིན་པ་ལ་མངོན་པར་དགའོ། །དེས་སྨྲས་པ། རྗེའི་སྲས་གལ་ཏེ་དེ་ལྟ་ན་ སླན་ཆད་རྒྱན་དེ་ལྟ་བུ་ནི་མི་བགྱིད་དོ། །དེས་སྨྲས་པ། བཟང་མོ་བདག་ཅག་ལ་གསེར་དང་རིན་པོ་ཆེ་ཚད་མེད་པ་ཡོད་མོད་ཀྱི། རྒྱན་བརྡུང་བ་མེད་པས་འདི་མདོར་ན་ཕྱི་རོལ་དུ་གཏང་བར་མི་བྱའོ་ཞེས་དེ་ནང་ཁོ་ན་ན་རྩེན་དུ་འཇུག་གོ། །ཇི་ཙམ་ན་དུས་གཞན་ཞིག་ན་ཁྱིམ་བདག་སྦྱིན་པ་གླ་མིའི་སྐྱེ་བོས་ཡོངས་ སུ་བསྐོར་ནས་འབབ་ཆུ་ཨ་ཛིར་བ་ཏིལ་ཁྲུས་བྱེད་དུ་ཆས་པ་དང་ཁྱེའུ་བཟང་བྱིན་གྱིས་སྨྲས་པ། ཡབ་བདག་ཀྱང་མཆིའོ། །དེས་དེ་ལ་བྲིད་པར་བརྩམས་ཏེ་བུ་འདི་ཉིད་ན་ཆུ་བཟང་པོ་ཡོད་དོ། །འབབ་ཆུ་ནི་ཆུ་སྲིན་འཛིན་ཁྲིས་གང་བ་ཡིན་པས་ཁྱོད་འདིར་མ་མས་ཁྲུས་བྱོས་ཤིག །དེས་ དུས་སོ། །དེའི་མས་སྨྲས་པ། རྗེའི་སྲས་ཁྱེའུ་འདི་ཅིའི་སླད་དུ་དུ། དེས་ཇི་ལྟར་གྱུར་པ་རྣམས་སྨྲས་པ་དང་། དེས་སྨྲས་པ། རྗེའི་སྲས་ཁྱོད་ཀྱིས་ལྷག་པར་བསྲུངས་པར་གྱུར་ན་ལྷན་ཅིག་བཞུད་པ་ལ་ནོངས་པ་ཅི་མཆིས། དེས་དེ་ཁྲིད་དེ་འབབ་ཆུའི་ངོགས་སུ་སོང་ནས་ཁྲུས་བྱས་ཏེ་ཆུ་འགྲམ་ དུ་བཞག་གོ། །དེས་སྨྲས་པ། ཡབ་ཅིའི་སླད་དུ་བདག་བསྲུང་བར་མཛད། བུ་ཁྱོད་ལ་ཉེས་པ་ཡོད་དོ། །ཡབ་བདག་ལ་ནོངས་པ་ཅི་འདྲ་བ་ཞིག་མཆིས། རྒྱན་བྱིན་ཞིང་བྱིན་པ་དག་སློང་བ་རྣམས་ལ་བྱིན་པས་སོ། །ཡབ་ཅི་ནོར་དོན་དུ་གཉེར་བ་ལགས་སམ། བུ་སུ་ཞིག་དོན་དུ་མི་གཉེར། ཡབ་གལ་ཏེ་ དེ་ལྟ་ན་བདག་ཅག་ཆབ་ཏུ་འཇུག་ཏུ་སྩོལ་ཅིག །དེས་དེ་ཆུར་བཅུག་པ་དང་། དེ་ནས་དེའི་ལག་པ་གཉིས་ཆུ་ནང་དུ་བཅུག་ནས། ལྕགས་ཀྱི་བུམ་པ་གསེར་གྱིས་གང་བ་ཞིག་ཕྱུང་ནས་སྨྲས་པ། ཡབ་འདི་ལས་ཁྱོད་ཇི་ཙམ་བཞེད་པའི་ནོར་གྱིས་ནོར་གྱི་བྱ་བ་མཛོད་ལ་ལྷག་མ་འདི་ཉིད་དུ་ཆུག་ཅིག །བུ་ཁྱོད་ཀྱིས་ ཅི་ཆུ་ནང་ན་ཡོད་པའི་གཏེར་མཐོང་ངམ། ཡབ་ཆུ་ན་མཆིས་པ་འབའ་ཞིག་ཏུ་མ་བས་ཀྱི། ཐང་ལ་མཆིས་པ་དང་། བདག་པོ་མཆིས་པ་དང་། བདག་པོ་མ་མཆིས་པ་དང་། གང་དག་རིང་པོ་ན་མཆིས་པ་དང་། གང་དག་ཉེ་བ་མ་མཆིས་པ་ཡང་མཐོང་ངོ་། །