Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 209

Văn bản gốc(Tây Tạng)

Trang 18 / 28 (50.000 ký tự/trang)
འོ། །སེམས་ལ་སོགས་པ་དང་ཞེས་བྱ་བ་འདིར་ཡང་སོགས་པའི་སྒྲའི་རྗེས་སུ་འཇུག་པ་རྣམས་ཐོབ་པ་དང་ལྡན་པ་གཟུང་ངོ་། །འདིར་དེའི་མཚན་ཉིད་ལ་འཁྲུལ་པ་མེད་པའི་ཕྱིར་རྒྱུ་དང་འབྲས་བུ་དག་སྔ་ཕྱིར་འབྱུང་བ་དག་ཁོ་ན་ལ་རིགས་ཀྱི།
འཁྲུལ་པའི་ཕྱིར་ལྷན་ཅིག་འབྱུང་བ་དག་ལ་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །འོ་ན་ནི་དབྱུ་གུ་གསུམ་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་དབྱུ་གུ་གསུམ་ཕན་ཚུན་སྟོབས་ཀྱིས་གནས་པ་དེ་བཞིན་དུ་ལྷན་ཅིག་འབྱུང་བ་གང་དག་ཕན་ཚུན་སྟོབས་ཀྱིས་གནས་པ་དེ་དག་ཕན་ཚུན་འབྲས་བུ་ཡིན་པའི་
ཕྱིར། ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ནོ། །རྒྱུར་བྱས་པའི་གཟུགས་ནི་ཕན་ཚུན་སྟོབས་དང་འབྱུང་བའི་སྟོབས་ཀྱིས་གནས་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། རང་གི་མཚན་ཉིད་ཀྱི་སྟོབས་ཀྱིས་ཡིན་ནོ། །དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ། །རེ་ཞིག་ཅི་འདི་དག་ཅེས་བྱ་བ་རྒྱས་པར་འབྱུང་བ་
ལ། དབྱུ་གུ་གསུམ་ནི་སྐད་ཅིག་མ་ཡིན་པའི་ཕྱིར་གནས་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཇི་སྲིད་དེ་ལྟར་སྐྱེས་པ་དང་། འགལ་བའི་རྐྱེན་མེད་ཀྱི་བར་དུ་དེ་ལྟར་གནས་པའི་སྐད་ཅིག་མ་སྔ་མ་སྔ་མའི་རྒྱུ་ཅན་སྐད་ཅིག་མ་ཕྱི་མ་ཕྱི་མའི་མངོན་པར་ཚོགས་ཏེ་གནས་པ་སྐྱེ་བ་ཡིན་ནོ། །ཕན་ཚུན་གྱི་སྟོབས་ཁོ་
ནས་དེ་ན་གནས་པ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། དེ་ལ་གཞན་ཡང་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དེ་ལྟ་ན་དཔེ་དོན་དང་མི་མཚུངས་སོ། །དེ་དག་ལ་ཡང་ཞེས་བྱ་བ་འདིས་ནི་མཚུངས་པར་སྟོན་པར་བྱེད་དེ། སོགས་པ་སྨོས་པས་ནི་སྐལ་བ་མཉམ་པ་དང་ཀུན་ཏུ་འགྲོ་བ་དང་རྣམ་པར་སྨིན་པ་དང་བྱེད་
རྒྱུའི་རྒྱུ་ལ་སོགས་པ་གཟུང་གི་མཚུངས་པར་ལྡན་པའི་རྒྱུ་ནི་མ་ཡིན་ནོ། །ལྷན་ཅིག་འབྱུང་བའི་རྒྱུ་ནི་བྱེ་བྲག་ཏུ་བྱས་པ་ལས་ཕན་ཚུན་གནས་སྐབས་ཀྱི་རྒྱུ་ལྷན་ཅིག་འབྱུང་བའི་རྒྱུར་མི་འདོད་དོ། །འོ་ན་ཅི་ཞེ་ན། གང་ཞིག་འབྲས་བུ་གཅིག་པའམ། ཕན་ཚུན་གྱི་འབྲས་བུ་ཅན་ནོ། །གང་ཞིག་

གང་གི་སྟོབས་ཀྱིས་བསྐྱེད་པ་དེ་དང་དེ་ནི་ལྷན་ཅིག་འབྱུང་བའི་རྒྱུ་ཞེས་བསྟན་ཏེ། ལྷན་ཅིག་འབྱུང་བའི་རྒྱུ་བཤད་ཟིན་ཏོ།། །།སྐལ་མཉམ་རྒྱུ་ནི་འདྲ་བའོ། །ཞེས་བྱ་བ་ལ། སྐལ་བ་མཉམ་པའི་རྒྱུ་ནི་འདྲ་བ་ཁོ་ན་ཡིན་ཏེ། ཀུན་ཏུ་འགྲོ་བའི་རྒྱུ་ཡང་འདྲ་བ་ཡིན་པའི་
ཕྱིར་རོ། །སྐལ་བ་མཉམ་པའི་འབྲས་བུ་ཉེ་བ་དང་རིང་བ་བསྐྱེད་པ་དང་གསོས་འདེབས་པར་བྱེད་པའི་ཕྱིར་ན་སྐལ་བ་མཉམ་པའི་རྒྱུ་ཡིན་ལ། འདྲ་བའི་ཆོས་དེ་དག་ཀྱང་ཕན་ཚུན་ཆོས་འདྲ་བ་རྣམས་ཀྱི་ཡིན་ཏེ། དག་པའི་གཟུགས་ནི་ལྔ་པོ་དག་ཁོ་ནའི་ཡིན་པ་ནས་དགེ་བའི་རྣམ་པར་ཤེས་པ་ནི་ལྔ་པོ་དག་གི་
བར་དུ་ཡིན་ནོ། །ཉོན་མོངས་པ་ཅན་ནི་ཕན་ཚུན་དུ་ཉོན་མོངས་པ་ཅན་རྣམས་ཀྱི་ཡིན་ལ། ལུང་དུ་མ་བསྟན་པ་ནི་ཕན་ཚུན་དུ་ལུང་དུ་མ་བསྟན་པ་རྣམས་ཀྱི་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །གཞན་དག་ན་རི་ལུང་དུ་མ་བསྟན་པའི་གཟུགས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དམིགས་པ་དང་བཅས་
པའི་ཕྱིར་ཚོར་བ་ལ་སོགས་པ་རྣམས་ནི་གསལ་བ་ཡིན་གྱི་གཟུགས་ནི་མ་ཡིན་ལ། མི་གསལ་བ་ནི་གསལ་བའི་འབྲས་བུར་མི་རུང་ངོ་། །དམན་པའི་རྒྱུ་མངོན་པར་འདུ་བྱེད་པ་ཅན་གྱི་འབྲས་བུ་ཡིན་པ་བཀག་གི །གསལ་བ་མི་གསལ་བ་ཡིན་པ་ནི་མ་བཀག་སྟེ། དེ་ལྟ་མ་ཡིན་ན་རྣམ་པར་ཤེས་
པའི་ཡང་གསུམ་པོ་ཡིན་པར་མི་འགྱུར་ཏེ། དངོས་པོ་ཙམ་ལ་ལྟ་བ་ཉིད་ཀྱིས་སོ། །གཞན་དག་ན་རེ་ཅིག་ཤོས་གསལ་བའི་ཕྱིར་རོ་ཞེས་ཟེར་རོ། །གཟུགས་ལུང་དུ་མ་བསྟན་པ་ནི་དགེ་བ་དང་མི་དགེ་བའི་ལུས་དང་ངག་གི་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པ་མ་གཏོགས་པ་ལྷག་མ་ཐམས་ཅད་དོ། །
ནུར་ནུར་པོ་ནི་ནུར་ནུར་པོ་ལ་སོགས་པ་གནས་སྐབས་བཅུ་པོ་དག་གི་ཡིན་ནོ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ནུར་ནུར་པོ་དང་། མེར་མེར་པོ་དང་། གོར་གོར་པོ་དང་། མཁྲང་འགྱུར་དང་། རྐང་ལག་འགྱུས་པའི་གནས་སྐབས་རྣམས་ནི་མངལ་གྱི་གནས་སྐབས་ལྔའོ། །བྱིས་པ་དང་། གཞོན་ནུ་དང་།
ལང་ཚོ་དང་། བར་མ་དང་། རྒན་པོའི་གནས་སྐབས་རྣམས་ནི་བཙས་པའི་གནས་སྐབས་ལྔའོ། །དེ་ལ་ནུར་ནུར་པོའི་གནས་སྐབས་འཕེལ་བ་ཡིན་པའི་ཕྱིར་སྔར་སྐྱེས་པ་ཕྱིས་སྐྱེ་བའི་གནས་སྐབས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་པས་གནས་སྐབས་བཅུ་ཆར་དག་གི་ཡང་རྒྱུ་ཡིན་ནོ། །དེ་བཞིན་དུ་མེར་མེར་པོ་

ལ་སོགས་པ་རྣམས་ཀྱང་། མེར་མེར་པོ་ལ་སོགས་པ་དག་གི་ཡིན་ནོ་ཞེས་ཐམས་ཅད་ལ་བརྗོད་པར་བྱའོ། །རེ་རེ་ཕྲི་ནས་ཞེས་བྱ་བ་ལ། འདིར་སྐལ་བ་མཉམ་པའི་རྒྱུའི་འབྲས་བུ་ནི་སྔ་མའམ། ལྷན་ཅིག་པ་ཡིན་པ་རྣམ་པར་གཞག་པར་བྱ་བ་མ་ཡིན་པས་རེ་རེ་ཕྲི་ནས་ཞེས་བྱ་བར་བཤད་དོ། །
གནས་སྐབས་སྔ་མ་དགུ་རྣམས་ནི་ཕྱི་མའི་རྐྱེན་དུ་འགྱུར་ཏེ། བཅུ་པ་རྒན་པའི་གནས་སྐབས་ཀྱི་བར་དུ་རྐྱེན་ཏེ་རྒྱུ་ཉིད་མ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་འབྲས་བུ་དང་བཅས་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེ་ན། དེའི་ཕྱིར་རིས་མཐུན་གཅིག་ལ་ཞེས་བྱ་བ་སྨོས་ཏེ། སྐྱེ་བ་གཅིག་ལ་ཞེས་བྱ་བའི་ཐ་
ཚིག་གོ། །རྣམ་པ་མཐུན་པ་གཞན་དུ་ནི་ཞེས་བྱ་བ་ལ། དཔེར་ན་སྔར་སྐྱེས་པའི་མིའི་རིས་མཐུན་པས་བསྡུས་པའི་གནས་སྐབས་བཅུ་པོ་དག་ནི་ཕྱིས་སྐྱེས་པའི་མིའི་རིས་མཐུན་པས་བསྡུས་པའི་གནས་སྐབས་བཅུ་ཆར་གྱི་ཡང་སྐལ་བ་མཉམ་པའི་རྒྱུ་ཡིན་ཏེ་འདྲ་བའི་ཡིན་པའི་ཕྱིར་དང་། སྔར་
སྐྱེས་པ་ཡིན་པའི་ཕྱིར་ཏེ། ནུར་ནུར་པོའི་གཟུགས་ནི་རྒྱུ་ཉིད་དང་ཐ་མ་རྒན་པོའི་གཟུགས་ནི་འབྲས་བུ་ཉིད་དོ། །ཕྱིའི་དག་ལ་ཡང་ཞེས་བྱ་བ་ལ་ནས་དང་སཱ་ལུ་ལ་སོགས་པ་དག་ལ་ཡང་ཚུལ་འདི་ཉིད་ཀྱིས་ཅི་རིགས་པར་བརྗོད་པར་བྱའོ། །མདོ་སྡེ་པ་ཁ་ཅིག་ན་རེ་གཟུགས་ལ་སྐལ་བ་མཉམ་
པའི་རྒྱུ་མེད་ཀྱི་དེ་ནི་རྐྱེན་ལ་རག་ལས་ཏེ་སྐྱེ་བ་ཡིན་ཏེ། ཁྲོན་པའི་གཏིང་ནས་དྲངས་པའི་ས་ལས་མྱུ་གུ་སྐྱེ་བའི་ཕྱིར་རོ། །འདི་ལྟར་དེ་ལ་དེའི་ས་བོན་ཡོད་པ་ནི་མ་ཡིན་ནོ་ཞེས་ཟེར་བ་དེ་དག་གི་དབང་དུ་བྱས་ནས་གང་དག་གཟུགས་ཀྱི་ཞེས་བྱ་བ་རྒྱས་པར་སྨོས་སོ། །རྒྱུ་དང་བདག་པོ་ཞེས་
བྱ་བ་ནི་རྒྱུའི་རྐྱེན་དང་བདག་པོའི་རྐྱེན་ནོ་ཞེས་བྱ་བའི་དོན་གང་ཡིན་པའོ། །དེ་ལ་སྐྱེས་ཟིན་པའི་ཕྱིར་དང་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་གཟུགས་ཡིན་པའི་ཕྱིར། འདས་པའི་འབྱུང་བ་ཆེན་པོ་རྣམས་ནི་མ་འོངས་པའི་འབྱུང་བ་ཆེན་པོ་རྣམས་ཀྱི་ལྷན་ཅིག་འབྱུང་བ་དང་། རྣམ་པར་སྨིན་
པ་དང་ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་པའི་རྒྱུ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། འདྲ་བའི་ཕྱིར་དང་སྔར་སྐྱེས་པའི་ཕྱིར་སྐལ་བ་མཉམ་པའི་རྒྱུ་ཡིན་ཞིང་རྐྱེན་རྣམས་ལས་བདག་པོའི་རྐྱེན་ཡིན་པར་རྟོགས་པར་བྱ་བ་ཡིན་པས་འགལ་བ་མེད་དེ། འདིར་ཉེ་བ་ནི་བདག་པོའི་རྐྱེན་དང་རྒྱུར་བཤད་དོ། །

རིང་བའི་རྐྱེན་ཞེས་བྱ་བ་རིགས་པ་དང་འགལ་བས་འདི་གཞུང་གི་ཚུལ་དུ་མི་གཟུང་ངོ་། །ན་དྷཱ་ཏུ་ཡུགྟི་བྷཱིརྱ་ཏེ་ཁྲོན་པའི་གཏིང་ནས་བཏོན་པའི་ས་ལ་ཡང་མྱུ་གུ་སྐྱེས་པའི་སྔ་རོལ་ན་ས་བོན་ཡོད་ཀྱང་རྐྱེན་དང་བྲལ་བའི་ཕྱིར་མྱུ་གུ་མི་སྐྱེའོ། །དེ་ལྟ་མ་ཡིན་ཏེ་སྐལ་བ་མཉམ་
པའི་རྒྱུ་མེད་ན་ནི་ཐམས་ཅད་དེ་ལས་སྐྱེ་བའོ། །ཡང་ན་ཅུང་ཟད་ཀྱང་མི་སྐྱེ་སྟེ། ངེས་པའི་རྒྱུ་མེད་པའི་ཕྱིར་རོ། །འདྲ་བ་ཉིད་ངེས་པར་མ་དཔྱད་པའི་ཕྱིར་ཐམས་ཅད་ཐམས་ཅད་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ན་དེ་ལྟ་ན་ས་དགུ་པ་རྣམས་དང་། རིས་ལྔ་པ་རྣམས་ཕན་ཚུན་སྐལ་བ་མཉམ་པའི་
རྒྱུར་ཐལ་བར་འགྱུར་ན་རིགས་པ་མ་ཡིན་པས་འདྲ་བ་ཉིད་ངེས་པར་དཔྱད་པར་བྱ་བའི་ཕྱིར་འདྲི་བ་ནི། ཅི་འདྲ་བ་ཐམས་ཅད་ཅེས་བྱ་བ་རྒྱས་པར་འབྱུང་བའོ། །དེ་ལྟ་ན་ཡང་ཕྱིས་སྐྱེ་བ་ཡང་སྔར་སྐྱེས་པའི་སྐལ་བ་མཉམ་པའི་རྒྱུ་ཡིན་ཞིང་། ལྷན་ཅིག་སྐྱེས་པ་ཡང་ལྷན་ཅིག་སྐྱེས་པ་ཡིན་
ལ། མ་སྐྱེས་པ་ཡང་སྐྱེས་པ་ཡིན་པར་འགྱུར་རོ་ཞེ་ན། དེའི་ཕྱིར་དེ་དག་ཀྱང་ཐམས་ཅད་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྔར་སྐྱེས་རྣམས་ཞེས་བྱ་བ་སྨོས་སོ། །སྔར་སྐྱེས་པ་ཉིད་ཀྱིས་འདས་པ་དང་ད་ལྟར་བྱུང་བ་གཟུང་ངོ་། །དེ་ལྟར་ན་སྐལ་བ་མཉམ་པའི་རྒྱུའི་མཚན་ཉིད་
ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ལྟ་མ་ཡིན་པར་སྔར་སྐྱེས་པ་དང་ཕྱིས་སྐྱེས་པ་རྣམས་སོ་ཞེས་བརྗོད་ན་འབྲས་བུ་མ་སྐྱེས་པ་སྐལ་བ་མཉམ་པའི་རྒྱུར་མ་བཤད་པར་འགྱུར་ལ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ཞེས་བརྗོད་ན། འབྲས་བུ་འདས་པ་མ་བཤད་པར་འགྱུར་བའི་
ཕྱིར་རོ། །དེ་ལྟར་བཤད་ན་འདས་པ་རྣམས་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ལ། ད་ལྟར་བྱུང་བ་ནི་མ་འོངས་པ་རྣམས་ཀྱི་ཡིན་གྱི། མ་འོངས་པ་རྣམས་ནི་སྐལ་བ་མཉམ་པའི་རྒྱུ་མ་ཡིན་པ་ཁོ་ནའོ་ཞེས་བྱ་བ་བསྟན་པར་འགྱུར་རོ། །
འདི་གང་ལས་ཞེས་བྱ་ནི་ཅི་ལུང་ངམ་འོན་ཏེ་རིགས་པ་ལས་ཡིན་ཞེས་བྱའོ། །མ་འོངས་པ་ནི་སྐལ་བ་མཉམ་པའི་རྒྱུ་མ་ཡིན་ནོ་སྙམ་དུ་བསམས་པའོ། །བསྟན་བཅོས་ལས་ཏེ་ཞེས་བྱ་བས་ནི་ལུང་སྟོན་པར་བྱེད་དེ། སྐལ་བ་མཉམ་པའི་རྒྱུ་གང་ཞེ་ན་དགེ་བའི་རྩ་བ་སྔར་བྱུང་བ་

རྣམས་ནི་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། ཨ་ཡི་མ་ཏཱི་ཏ་ཝརྞཱ་སཱ་ནཱ་དྷཱ་བྷེ་དེ་ན་གྲནྠཿ <འདིས་འདས་པ་ནུས་པས་བསྒྲིབས་པས་ལམ་ཐ་དད་པ་བརྒྱུད།> དེ་ལྟར་ན་འདས་པ་རྣམས་ནི་འདས་པ་དང་ད་ལྟར་བྱུང་བ་རྣམས་ཀྱི་ཡིན་ནོ་ཞེས་བྱ་བ་ནི་དུས་ཀྱི་དབྱེ་བས་སོ། །དེ་དག་དང་མཚུངས་པར་ལྡན་པའི་ཆོས་རྣམས་ཀྱི་ཞེས་བྱ་བ་ནི་ཚོར་བ་ལ་སོགས་པ་རྣམས་ཀྱིའོ། །
དེའི་ཕྱིར་སྐལ་བ་མཉམ་པའི་རྒྱུ་མ་འོངས་པ་མེད་དོ་ཞེས་བཤད་དོ། །ཇི་ལྟར་འདས་པ་དང་ད་ལྟར་བྱུང་བ་རྣམས་ཤེ་ན། མ་འོངས་པ་རྣམས་སྐལ་བ་མཉམ་པའི་རྒྱུ་ཉིད་དུ་མ་བཤད་པའི་ཕྱིར་རོ། །གལ་ཏེ་བསྟན་བཅོས་ཚད་མར་བྱེད་ན་
གང་སྐལ་བ་མཉམ་པའི་རྒྱུ་དུས་གསུམ་པ་ཉིད་དུ་སྟོན་པ་འདི་ཡང་བསྟན་བཅོས་ཡིན་ནོ། །སྨྲས་པ་ནམ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ། སྐབས་སུ་བབ་པའི་ཕྱིར་རྒྱུ་མ་ཡིན་ནོ་ཞེས་སྦྱར་ཏེ། དུས་གསུམ་ཀར་ཡང་རྒྱུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི་སྐལ་བ་མཉམ་པའི་
རྒྱུ་མ་འོངས་པ་ཡོད་དོ་ཞེས་སྟོན་པར་བྱེད་དོ། །དེས་ནི་ཉེས་པ་མེད་དོ་ཞེས་བྱ་བ་ནི་ནམ་ཡང་མ་ཡིན་ནོ་ཞེས་བསྟན་བཅོས་ལས་འབྱུང་བའི་ཕྱིར་སྐལ་བ་མཉམ་པའི་རྒྱུ་མ་འོངས་པ་བཞིན་དུ་ཡང་བཀག་པས་བསྟན་བཅོས་དང་འགལ་བའི་ཉེས་པ་གང་ཡིན་པ་སྟེ། ཕལ་ཆེ་བའི་ཚུལ་ལ་བརྟེན་ནས་
ལྷན་ཅིག་འབྱུང་བའི་རྒྱུ་ལ་སོགས་པ་ལ་དགོངས་ཏེ་གསུངས་པའི་ཕྱིར་རོ། །འདི་ལྟར་དེ་དག་གི་སྔ་ཕྱིའི་རིམ་པ་མེད་པའི་ཕྱིར་དང་། རྒྱུ་དང་འབྲས་བུ་དག་མི་འདྲ་བའི་ཕྱིར་མ་འོངས་པ་ཡང་ཡིན་པར་འདོད་དོ། །གང་ཞིག་ཆོས་མ་འོངས་པ་དེ་ཡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ།
སྐྱེ་བ་ལ་མངོན་དུ་ཕྱོགས་པ་ནི་གེགས་ཐམས་ཅད་ལོག་པ་ཡིན་པའི་ཕྱིར་སྐལ་བ་མཉམ་པའི་རྒྱུ་ཉིད་དུ་ངེས་ཏེ། སྔ་ཕྱིའི་རིམ་པ་གནས་པ་དེའི་ཕྱིར་མ་འོངས་པའི་གནས་སྐབས་ཐ་མ་ལ་དགོངས་ནས། ནམ་ཡང་རྒྱུ་མ་ཡིན་པ་མ་ཡིན་ཞེས་གསུངས་པས་མ་འོངས་པ་ཡང་སྐལ་བ་
མཉམ་པའི་རྒྱུ་ཡིན་པའི་ཕྱིར་བསྟན་བཅོས་ལ་འགལ་བ་མེད་དོ། །དེའི་དེ་ནི་ལན་དུ་མི་རུང་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཐ་མའི་གནས་ལ་དགོངས་པ་ཡིན་ཞེ་ན་ནི་སྔ་ན་མེད་པའི་ཕྱིར་སྐྱེ་བཞིན་པའི་གནས་སྐབས་ནི་མ་བྱུང་བ་ལས་བྱུང་བ་ཡིན་པ་དེའི་ཕྱིར་ནམ་ཡང་རྒྱུ་མ་ཡིན་ནོ། །ཞེས་བྱ་བ་

འདི་འགལ་ཏེ། གནས་སྐབས་ཐམས་ཅད་ཀྱི་རྒྱུའི་དངོས་པོ་གསལ་བར་བྱས་པའི་ཕྱིར་རོ། །གཞན་དག་ན་རེ་ཐ་མའི་གནས་སྐབས་ཀྱང་མ་བྱུང་བ་ལས་ད་ལྟར་བྱུང་བའི་དུས་ཉིད་དུ་འགྱུར་ཏེ། ཚོགས་པ་ནི་གནས་སྐབས་ཀྱི་འབྲས་བུའོ་ཞེས་ཟེར་རོ། །མ་འོངས་པ་ནི་སྔ་
ཕྱིའི་རིམ་པ་མ་ངེས་པས་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་གནས་སྐབས་ཀྱང་ཕྱིས་དངོས་པོ་ལ་མངོན་པར་འཇུག་གོ། །དུས་ངེས་པས་ནི་འདས་པ་སྔ་བ་དང་། མ་འོངས་པས་འཕྱི་བ་དང་ད་ལྟར་བ་སྔ་ཕྱི་མེད་པ་མ་ཡིན་ནོ། །དེ་ལ་ཡང་སྐྱེ་བ་དང་སྐྱེ་བ་ཞེས་བྱ་བ་མ་འོངས་པ་དང་ཕྱིས་བྱས་པ་ཡིན་པས།
དེའི་ཚེ་དེ་འབྲས་བུ་ལ་ཉེ་བ་ཡིན་ནོ། །མཚུངས་པ་དེ་མ་ཐག་པ་ཞེས་བྱ་བ་ནི་མཚུངས་པ་དེ་མ་ཐག་པའི་རྐྱེན་ཞེས་བྱ་བའི་དོན་ཏོ། །རྟོག་པ་འདི་ཞེས་བྱ་བ་ནི་སྐལ་བ་མཉམ་པའི་རྒྱུ་ལ་བྱས་པ་གང་ཡིན་པ་སྟེ། ཆོས་མ་སྐྱེས་པའི་ཚེའི་གནས་སྐབས་ན་གེགས་ཐམས་ཅད་བསལ་བ་ཡིན་པའི་ཕྱིར་
མཚུངས་པ་དེ་མ་ཐག་པའི་དངོས་པོར་ངེས་པས་ནམ་ཡང་མཚུངས་པ་དེ་མ་ཐག་པ་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་བཞིན་དུ་ཅིའི་ཕྱིར་འདི་སྐད་དུ་གལ་ཏེ་ཞེས་བྱ་བ་རྒྱ་ཆེར་སྨྲས་སོ། །གནས་བརྟན་འདུས་བཟང་ནི་འདི་ལ་སྐྱོན་མེད་དོ་ཞེས་ཟེར་རོ། །གོ་སྐབས་བཞིན་པས་རབ་ཏུ་ཕྱེ་བས་མཚུངས་པ་དེ་
མ་ཐག་པའི་རྐྱེན་ནོ། །སྐྱེ་བའི་གོ་སྐབས་འབྱིན་པ་ཡིན་གྱི་སྐྱེས་པ་ནི་མ་ཡིན་ལ། ས་བོན་གྱི་ཆོས་ཀྱི་ཚུལ་གྱི་རྒྱུ་ལས་སྐྱེ་བ་འབྱིན་པ་ཉིད་ས་བོན་གྱི་ཆོས་སུ་གནས་པ་ཡིན་ནོ། །དེ་ལྟར་མཚུངས་པ་དེ་མ་ཐག་པའི་རྐྱེན་དང་རྒྱུ་མེད་པར་མཚུངས་པས་ད་ལྟར་བ་རྣམས་འབྲས་བུ་ལྔ་འཛིན་པར་བྱེད་དོ། །
ཞེས་གསུངས་པའི་ཕྱིར་རོ། །ད་ལྟར་བ་ཉིད་འགག་པ་ལ་མངོན་དུ་ཕྱོགས་པའི་ཕྱིར་འགག་བཞིན་པ་ཞེས་བྱ་སྟེ། དེ་ལྟར་རྒྱུ་དང་རྐྱེན་དག་ཁྱད་པར་མེད་དོ། །རྒྱུའི་དངོས་པོ་མེད་པར་ས་བོན་གྱི་ཆོས་དག་ཡོད་པ་མ་ཡིན་པས་གང་དུ་སྐྱེ་བ་ཉིད་རྒྱུར་ཀུན་ཏུ་གནས་སོ། །དེ་ལྟ་མ་ཡིན་ན་མི་སྐྱེ་བའི་ཆོས་
ཅན་མ་གཏོགས་པ་མ་འོངས་པ་ཐམས་ཅད་སྐལ་བ་མཉམ་པའི་རྒྱུར་འགྱུར་རོ། །སྔོན་ཉིད་དུ་སྐྱེ་བའི་གནས་སྐབས་རྣམས་སྐལ་བ་མཉམ་པའི་རྒྱུར་མ་ངེས་པའི་ཕྱིར་རོ། །དེར་ཇི་ལྟ་བ་བཞིན་དུ་འདིར་ཡང་བརྗོད་པར་བྱ་བ་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཇི་ལྟར་དེ་ནམ་ཡང་རྒྱུ་མ་ཡིན་པ་མ་

ཡིན་ནོ་ཞེས་བྱ་བ་ཡིན་པ་དེ་བཞིན་དུ་འདིར་ཡང་ནམ་ཡང་མཚུངས་པ་དེ་མ་ཐག་པ་མ་ཡིན་པ་མ་ཡིན་ནོ་ཞེས་བརྗོད་པར་བྱ་བ་ཡིན་ལ། ཇི་ལྟར་འདིར་གལ་ཏེ་ཆོས་མ་སྐྱེས་པ་ཡིན་ནའོ་ཞེས་བྱ་བ་ཡིན་པ་དེ་བཞིན་དུ་དེར་ཡང་གལ་ཏེ་ཆོས་མ་སྐྱེས་པར་འགྱུར་ནའོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ན་
འདིར་བསྟན་བཅོས་བྱེད་པ་མི་མཁས་པ་ཞེས་བྱ་བ་ལ། གང་གི་ཕྱིར་ནམ་ཡང་མ་ཡིན་ནོ་ཞེས་སྨྲས་པས་ཐ་མའི་གནས་སྐབས་ཀྱི་དབང་དུ་བྱས་ནས་གོ་སྐབས་མ་ཕྱེ་བ་ཡིན་པས་གལ་ཏེ་ཆོས་དེ་ལ་སྐྱེས་པར་གྱུར་ན་མཚུངས་པ་དེ་མ་ཐག་པ་མ་ཡིན་ནོ་ཞེས་བྱ་བས་ཐ་མའི་གནས་སྐབས་ཀྱི་དབང་དུ་བྱས་
ནས་བརྗོད་པར་བྱ་སྟེ། ནམ་ཡང་མ་ཡིན་པ་མ་ཡིན་ནོ་ཞེས་བྱའོ། །དེ་ལྟ་བས་ན་སྔ་མ་ཞེས་བྱ་བ་ལ་སོགས་པ་ལ་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པ་དང་རྣམ་པར་སྨིན་པའི་རྒྱུའི་དབང་དུ་བྱས་ནས་ཞེས་བྱའོ། །མ་གཏོགས་པ་གང་ཡིན་པ་དེ་ནི་འཇིག་ཚོགས་ལ་ལྟ་བའི་རྒྱུ་ལས་བྱུང་བ་
ཡང་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་ཡིན་ནོ་ཞེས་བྱ་བ་ལ། འདི་ནི་འདིར་མ་འོངས་པ་ལ་སྐལ་བ་མཉམ་པའི་རྒྱུ་ཡོད་དོ་ཞེས་བྱ་བའི་ཁུངས་ཡིན་ནོ། །འཇིག་ཚོགས་ལ་ལྟ་བ་མ་འོངས་པ་དང་། དེ་དང་མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པ་མ་གཏོགས་པ་ཞེས་
འབྱུང་བའི་ཕྱིར། འཇིག་ཚོགས་ལ་ལྟ་བ་མ་འོངས་པར་བཞག་པ་ཡིན་ནོ། །གང་ལས་འཇིག་ཚོགས་ལ་ལྟ་བ་འཇིག་ཚོགས་ལ་ལྟ་བའི་ལྷན་ཅིག་འབྱུང་བའི་རྒྱུའམ། མཚུངས་པར་ལྡན་པའི་རྒྱུ་ཉིད་དུ་རྣམ་པར་འཇོག་པར་འགྱུར་བ། ཚོགས་པ་དེ་ལ་འཇིག་ཚོགས་ལ་ལྟ་བ་གཞན་ཡོད་
པ་མ་ཡིན་ཏེ། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་རྣམ་པར་སྨིན་པའི་རྒྱུ་ནི་མི་སྲིད་ལ། དེའི་ཕྱིར་འདིར་སྐལ་བ་མཉམ་པའི་རྒྱུ་ཁོ་ན་བཞེད་པས་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པ་དང་རྣམ་པར་སྨིན་པའི་རྒྱུ་ལ་དགོངས་པ་མ་ཡིན་ནོ། །དེས་ན་ལན་སྔ་མ་ཁོ་ན་ལེགས་པ་
ཡིན་ནོ་ཞེས་བརྗོད་པར་མི་བྱའོ་ཞེ་ན། འདི་སྐད་དུ་འཇིག་ཚོགས་ལ་ལྟ་བ་མ་འོངས་པ་དང་མཚུངས་པར་ལྡན་པའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དེ་སྐད་དུ་འདོན་པའི་ཁྱད་པར་གྱིས་ནི་སྐལ་བ་མཉམ་པའི་རྒྱུ་སྤངས་པར་འགྱུར་ལ། ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པའི་རྒྱུ་རྙེད་པར་

འགྱུར་རོ། །དོན་གྱིས་ནི་དེ་ལྟར་གོ་བར་བྱའོ་ཞེས་བྱ་བ་ལ། གལ་ཏེ་རབ་ཏུ་གྲགས་པའི་ཕྱིར་འདོན་པ་གཞན་དུ་བྱ་བ་མ་ཡིན་ནོ་སྙམ་པའི་སེམས་ནི། མ་འོངས་པའི་དུས་ན་སྔ་ཕྱི་རིམ་པ་མེད་པའི་ཕྱིར་མ་སྐྱེས་པ་ལ་སྐལ་བ་མཉམ་པའི་རྒྱུ་ཉིད་དང་ཀུན་ཏུ་
འགྲོ་བའི་རྒྱུ་ཉིད་མི་སྲིད་དོ་ཞེས་དོན་གྱིས་ན་དེ་ལྟར་ཁོང་དུ་ཆུད་པར་བྱའོ། །བཞི་ཚན་དུ་ངེས་པ་ཡིན་ཏེ་ཞེས་བྱ་བ་ལ། ཆོས་གང་ཞིག་ཆོས་གང་གི་རྒྱུ་ཡིན་པ་ནམ་ཡང་རྒྱུ་མ་ཡིན་པ་མ་ཡིན་ཏེ། དུས་གསུམ་དག་ཏུ་ཡང་རྒྱུ་ཉིད་དེ་འབྲས་བུ་དང་རྟེན་དང་དམིགས་པར་ཡང་བརྗོད་པར་
བྱའོ། །དེའི་ཕྱིར་རྒྱུ་རྣམས་ནི་འབྲས་བུ་ལ་སོགས་པ་ལྟར་གནས་སྐབས་ཐམས་ཅད་དུ་ངེས་པ་ཁོ་ན་ཡིན་པས་སྐལ་བ་མཉམ་པའི་རྒྱུ་མ་འོངས་པ་ཡོད་དོ། །འདིར་རྒྱུ་ནི་མཚུངས་པར་ལྡན་པའི་རྒྱུ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདིར་ཐམས་ཅད་ཅེས་བྱ་བའི་སྒྲ་ནི་ཆོས་འདུས་བྱས་སམ།
སེམས་དང་སེམས་ལས་བྱུང་བ་ཡོངས་སུ་གཟུང་ངོ་། །ཐམས་ཅད་ལ་རྣམ་པར་སྨིན་པའི་འབྲས་བུ་ཡོད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་རྣམ་པར་སྨིན་པའི་རྒྱུ་མ་ཡིན་ལ། བྱེ་བྲག་མེད་པར་འཇུག་པའི་ཕྱིར་བྱེད་རྒྱུ་ཡང་མ་ཡིན་ནོ། །མ་འོངས་པའི་དུས་ན་སྔ་ཕྱིའི་རིམ་པ་མེད་པའི་ཕྱིར་སྐལ་བ་
མཉམ་པ་དང་། ཀུན་ཏུ་འགྲོ་བའི་རྒྱུ་ཡང་མ་ཡིན་ནོ། །ཆོས་ཐམས་ཅད་ལ་ཡོད་པའི་ཕྱིར་སྐྱེས་བུ་བྱེད་པ་དང་། བདག་པོའི་འབྲས་བུ་དག་ཁོ་ན་ཡོངས་སུ་གཟུང་གི་གཞན་དག་ནི་མ་ཡིན་ཏེ། ཆོས་ཐམས་ཅད་ལ་མེད་པའི་ཕྱིར་རོ། །སྐལ་བ་མཉམ་པའི་རྒྱུ་མ་འོངས་པ་ཡིན་པར་ཁས་མི་
ལེན་པ་ལ་ཡང་ཉེས་པ་དེ་ཡིན་ནོ་ཞེས་བསྟན་པའི་ཕྱིར་དེ་ལྟ་ན་ཞེས་བྱ་བ་རྒྱས་པར་སྨོས་སོ། །སྐལ་བ་མཉམ་པའི་རྒྱུ་ད་ལྟར་བ་ཁོ་ན་ཡིན་གྱི། མ་འོངས་པ་མ་ཡིན་ན་དེ་ལྟ་ན་སྐལ་བ་མཉམ་པའི་རྒྱུ་མ་ཡིན་པ་ལས་ཡིན་པར་གྱུར་ཏོ་ཞེས་བྱ་བར་འགྱུར་རོ། །དེའི་ཕྱིར་དུས་ཐམས་ཅད་ཀྱི་ཚེ་ཡོད་
པ་ཉིད་དུ་དམ་བཅའ་བ་དང་འགལ་ལོ། །གནས་སྐབས་ལ་ནི་འདོད་པ་ཁོ་ན་ཡིན་གྱི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདིས་ནི་རྫས་ཐམས་ཅད་ཀྱི་ཚེ་ཡོད་པ་ཉིད་དུ་དམ་འཆའི་གནས་སྐབས་རྣམས་ནི་མ་ཡིན་པས་འགལ་བ་མེད་པར་སྟོན་ཏོ། །ཆོས་ནི་ཚོགས་པའི་དབང་གིས་གནས་

སྐབས་གཞན་དུ་འགྱུར་གྱི། མེད་པ་ནི་ཆོས་གཞན་དུ་འགྱུར་བར་མི་འཐད་དོ། །དེའི་ཕྱིར་ཚོགས་པ་ནི་གནས་སྐབས་ཀྱི་འབྲས་བུ་ཅན་ཁོ་ན་ཡིན་གྱི། རྫས་ཀྱི་འབྲས་བུ་ཅན་མ་ཡིན་པས་ཉེས་པ་འདི་མེད་དོ། །གལ་ཏེ་རྣམ་པར་སྨིན་པའི་རྒྱུ་བཞིན་དུ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །ཅིར་
འགྱུར་ཞེས་བྱ་བ་ལ་སྐྱོན་ཅིར་འགྱུར་ཞེ་ན། གལ་ཏེ་རྣམ་པར་སྨིན་པའི་རྒྱུ་བཞིན་དུ་མ་འོངས་པ་ཡིན་པར་འགྱུར་ན་ནི། བསྟན་བཅོས་ལས་དེ་ཡང་སྨོས་པར་འགྱུར་ན། སྨོས་པ་ནི་ཡོད་པ་ཡང་མ་ཡིན་ནོ། །དེ་ལས་ནི་དགེ་བའི་རྩ་བ་མ་འོངས་པ་རྣམས་ནི་དགེ་བའི་རྩ་བ་མ་འོངས་པ་རྣམས་ཀྱི་སྐལ་བ་
མཉམ་པའི་རྒྱུ་ཡིན་ནོ་ཞེས་གསུངས་ཏེ། དེའི་ཕྱིར་སྐལ་བ་མཉམ་པའི་རྒྱུ་མ་འོངས་པར་རྟོགས་ན་བསྟན་བཅོས་དང་འགལ་བར་འགྱུར་རོ། །འབྲས་བུ་འབྱིན་པ་དང་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། འདིས་ནི་བསྟན་བཅོས་དང་འགལ་བ་སྤོང་ངོ་། །འབྲས་བུ་འབྱིན་པར་ནུས་པ་ནི་འདས་པ་ཡིན་ལ།
འབྲས་བུ་འཛིན་པར་ནུས་པ་ནི་ད་ལྟར་བ་ཡིན་ཞིང་། འགའ་ཞིག་འབྱིན་པ་ཡང་ཡིན་ན་མ་འོངས་པ་དེ་ལྟར་འབྲས་བུ་འབྱིན་པ་དང་། འཛིན་པར་བྱེད་ནུས་པ་མ་ཡིན་པས་བསྟན་བཅོས་ལས་མ་སྨོས་ཀྱི། མེད་པའི་ཕྱིར་ནི་མ་ཡིན་ནོ། །དེའི་ཕྱིར་བསྟན་བཅོས་དང་འགལ་བ་མེད་དོ། །དེ་ནི་མ་
ཡིན་ཏེ་ཞེས་བྱ་བ་ལ། མ་འོངས་པ་འབྲས་བུ་འབྱིན་པ་དང་འཛིན་པར་མི་ནུས་པའི་ཕྱིར་མ་སྨོས་པ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན་མེད་པ་ཁོ་ནའི་ཕྱིར་རོ། །འདི་ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར་སྐལ་བ་མཉམ་པའི་རྒྱུ་ནི་ཞེས་བྱ་བ་རྒྱས་པར་སྨོས་སོ། །རྒྱུ་མཐུན་པ་ནི་རྒྱུ་དང་འབྲས་བུ་འདྲ་བ་ཡིན་ལ།
སྐལ་བ་མཉམ་པའི་རྒྱུ་ཡང་། རྒྱུ་མཐུན་སྐལ་མཉམ་ཀུན་འགྲོ་བའི་ཞེས་འབྱུང་བ་དེས་འབྲས་བུ་དང་བཅས་པ་ཡིན་ན་དེ་ནི་མ་འོངས་པ་ལ་རིགས་པ་མ་ཡིན་ཏེ་སྔ་ཕྱི་མེད་པའི་ཕྱིར་རོ། །ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོར་ཐལ་བའི་ཕྱིར་ཕན་ཚུན་འབྲས་བུ་ཉིད་རུང་བ་མ་ཡིན་ནོ། །ཅིའི་ཕྱིར་འདི་
ལྟར་སྐྱེ་བ་མ་འོངས་པའི་རྒྱུ་མཐུན་པར་འགྱུར་བ་མི་རུང་ཞེ་ན། ཇི་ལྟར་འདས་པ་ད་ལྟར་བྱུང་བའི་རྒྱུ་མཐུན་པའི་འབྲས་བུ་མ་ཡིན་པ་བཞིན་དང་རྒྱུ་དང་འབྲས་བུ་དག་སྔ་མ་དང་ཕྱི་མའི་དངོས་པོ་ཉིད་ཀྱི་ཕྱིར་མ་ཡིན་ནོ། །རྒྱུ་བས་འབྲས་བུ་སྔ་ན་རྒྱུ་དོན་མེད་པར་ཐལ་བའི་ཕྱིར་དང་རྒྱུ་དང་འབྲས་བུ་དག་

མཚན་ཉིད་ཐ་དད་པའི་ཕྱིར་རོ། །རྣམ་པར་སྨིན་པའི་རྒྱུའི་མཚན་ཉིད་དེའི་འབྲས་བུ་ལས་ཐ་དད་དེ། རྣམ་སྨིན་རྒྱུ་ནི་མི་དགེ་དང་། དགེ་བ་ཟག་བཅས་རྣམས་ཁོ་ན། །ཞེས་འབྱུང་ངོ་། །རྣམ་པར་སྨིན་པའི་འབྲས་བུ་ཡང་རང་གི་རྒྱུ་ལས་མཚན་ཉིད་ཐ་དད་
དེ། རྣམ་སྨིན་ལུང་དུ་མ་བསྟན་ཞེས་སོ། །དེའི་ཕྱིར་འདིར་སྔ་ཕྱི་མེད་ཅིང་ཕན་ཚུན་འབྲས་བུ་མེད་དོ། །མཚུངས་པར་ལྡན་པ་དང་སྐལ་བ་མཉམ་པའི་རྒྱུ་དག་ནི་འདིར་རྒྱུ་དང་འབྲས་བུ་དག་རང་བཞིན་ཐ་དད་པས་ཐ་དད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན་དུས་སྔ་ཕྱིར་འབྱུང་བ་ཉིད་ཀྱི་
ཕྱིར་རོ། །དེའི་ཕྱིར་སྔ་ཕྱི་མེད་ན་སྐལ་བ་མཉམ་པའི་རྒྱུ་ཁོ་ན་ཕན་ཚུན་འབྲས་བུ་ཉིད་དུ་འགྱུར་གྱི། རྣམ་པར་སྨིན་པའི་རྒྱུ་ནི་མ་ཡིན་ནོ། །གནས་སྐབས་ལས་རྣམ་པར་གནས་པ་ཞེས་བྱ་བ་ལ། སྔ་མ་དང་ཕྱི་མའི་རིམ་པ་རྒྱུ་དང་འབྲས་བུ་ངེས་པའི་ཕྱིར་སྐལ་བ་མཉམ་པའི་རྒྱུ་ནི་
འདས་པ་དང་། ད་ལྟར་བའི་གནས་སྐབས་ཁོ་ན་ཡིན་གྱི་མ་འོངས་པའི་གནས་སྐབས་ནི་མ་ཡིན་ནོ། །རྣམ་སྨིན་རྒྱུ་ནི་མི་དགེ་དང་། དགེ་བ་ཟག་བཅས་རྣམས་ཁོ་ན་ཞེས་མཚན་ཉིད་ལས་རྣམ་པར་གནས་པ་ཡིན་ལ། མཚན་ཉིད་ཀྱང་དུས་གསུམ་དུ་འཁྲུལ་བ་མེད་པས་མ་འོངས་
པ་ཡང་མི་བཟློག་གོ། །ས་དགུའི་ལམ་ནི་ཕན་ཚུན་དུ། །མཉམ་དང་ཁྱད་པར་ཅན་གྱི་ཡིན། །ཞེས་རྒྱ་ཆེར་འབྱུང་སྟེ། ས་དགུ་ལ་བརྟེན་ནས་རྟོགས་པའི་ཕྱིར་ས་དགུའི་ཞེས་བརྗོད་དོ། །ཟག་པ་དང་བཅས་པའི་ལམ་དེ་ནི་སས་བསྡུས་པས་ལམ་ཡང་ས་ཐ་དད་པར་མཚུངས་བཞིན་དུ་ས་དགུའི་
ལམ་ཁོ་ན་ཕན་ཚུན་སྐལ་བ་མཉམ་པའི་རྒྱུ་ཡིན་གྱི། ཟག་པ་དང་བཅས་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་རྒྱུ་ཅི་ཡོད་ཅེ་ན། དེའི་ཕྱིར་རྒྱུ་སྨྲས་པ་ནི་འདི་ནི་ས་དེ་དག་ཏུ་གློ་བུར་དུ་འོངས་པ་ཡིན་ལ་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། ཟག་པ་དང་བཅས་པ་ལྟར་འདོད་པ་དང་གཟུགས་དང་གཟུགས་མེད་པས་མ་བསྡུས་
པས་ས་དག་གློ་བུར་དུ་འོངས་པ་ཡིན་ལ། ས་དགུ་པ་ལ་བརྟེན་ནས་འཐོབ་པའི་ཕྱིར་ས་དགུ་པ་ཞེས་བྱའོ། །ཡང་ཇི་ལྟར་ས་དེ་དག་ཏུ་གཏོགས་པ་མ་ཡིན་པར་ཤེས་ཤེ་ན། དེའི་ཕྱིར་ས་དེ་པའི་སྲིད་པ་བདག་གིས་བདག་གིར་མ་བྱས་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། སྲེད་པས་བདག་གིར་བྱས་པས་ཡོངས་

སུ་བཅད་པས་ཁམས་དང་ས་རྣམས་ཡོངས་སུ་གཅོད་པ་ཡིན་ལ་བདག་གིར་བྱས་པ་ཡང་དམིགས་པ་དང་མཚུངས་པར་ལྡན་པའི་སྒོ་ནས་རྒྱས་པ་ཡིན་ན། ཟག་པ་མེད་པའི་ཆོས་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲེད་པས་བདག་གིར་བྱས་པ་མ་ཡིན་ཏེ་དེའི་གཉེན་པོ་ཡིན་པའི་ཕྱིར་རོ། །
འོ་ན་ཅི་ལྟར་ལམ་དོན་དུ་གཉེར་བར་བྱེད་ཅེ་ན། དེ་ནི་ཆོས་ལ་འདུན་པ་དགེ་བ་ཞིག་ཡིན་ཏེ། འདོད་ཆགས་མིན་ཏེ་སྤང་བྱའི་ཕྱིར། །ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟར་ལམ་གློ་བུར་བ་ཡིན་པའི་ཕྱིར་རིས་མཐུན་པ་གཞན་གྱི་ས་པའི་སྐལ་བ་མཉམ་པའི་རྒྱུ་ཡིན་པས་ཐམས་ཅད་ཀྱི་རྒྱུ་ཉིད་དུ་ཐལ་བ་
ཡིན་ཀྱང་། མཉམ་དང་ཁྱད་པར་ཅན་གྱི་ཡིན། །ཞེས་བྱ་བ་སྨོས་ཏེ། གོང་དང་འོག་དང་རང་གི་ས་པ་མཉམ་པ་དང་ཁྱད་པར་ཅན་གཉིས་ཀྱི་ཡིན་གྱི། ཆུང་ངུའི་ནི་མ་ཡིན་ནོ། །འདི་ལྟ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི་ཞེས་བྱ་བ་ལ་སོགས་པ་ལ། སྡུག་བསྔལ་ལ་
ཆོས་ཤེས་པའི་བཟོད་པ་ནི་ལན་ཅིག་ཁོ་ན་སྐྱེའི་ཡང་དང་ཡང་དུ་ནི་མ་ཡིན་ནོ་ཞེ་ན། དེའི་ཕྱིར་དེ་ཉིད་མ་འོངས་པ་དང་ཞེས་བྱ་བ་སྨོས་ཏེ། དེ་ལྟ་ཡང་དབང་པོ་རྟུལ་པོའི་ལམ་གྱིས་བསྡུས་པ་ནི་དབང་པོ་རྟུལ་པོ་དང་། རྣོན་པོའི་ལམ་གྱིས་བསྡུས་པ་ནི་དབང་པོ་རྣོན་པོའི་ལམ་གྱིས་བསྡུས་པ་ཁོ་ནའི་ཡིན་
ནོ། །གང་ལས་རྒྱུ་མ་ཚང་བ་ལས་འབྲས་བུར་མི་འགྱུར་བ་ཇི་སྲིད་མི་སྐྱེ་བ་ཤེས་པའི་བར་དུའོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་མཇུག་ཐོགས་ཀྱི་སྡུག་བསྔལ་ལ་རྗེས་སུ་ཤེས་པ་ནི་མ་འོངས་པའི་ཡང་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །དེ་ལ་དབང་པོ་རྟུལ་པོས་བསྡུས་པ་རྣམས་ནི་ཕྱི་མ་
མ་ཡིན་པ་དབང་པོ་རྟུལ་པོས་བསྡུས་པ་ཁོ་ནའི་འོ། །མ་འོངས་པའི་ནི་རྣམ་པ་གཉིས་ཏེ་དབང་པོ་རྣོན་པོས་བསྡུས་པ་ཉིད་དང་མཇུག་ཐོགས་ཀྱི་མ་འོངས་པ་ཡང་དབང་པོ་རྣོན་པོས་བསྡུས་པ་ཁོ་ནའི་ཡིན་ནོ། །དེ་བཞིན་དུ་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་དང་ཤེས་པ་དང་ཀུན་འབྱུང་བ་དང་
འགོག་པ་དང་ལམ་རྣམས་ལ་བཟོད་པ་དང་ཤེས་པ་རྣམས་སོ། །བསྒོམ་པའི་ལམ་ལ་ཡང་བར་ཆད་མེད་པ་དང་རྣམ་པར་གྲོལ་བའི་ལམ་རྒྱ་ཆེར་བརྗོད་པར་བྱའོ། །མི་སློབ་པའི་ལམ་ལ་ནི་ཟད་པ་ཤེས་པ་དང་། ཟད་པ་དང་མི་སྐྱེ་བ་ཤེས་པ་དག་གོ། །མི་སྐྱེ་བ་ཤེས་པ་ནི་མི་སྐྱེ་བ་ཤེས་པ་ཁོ་ནའི་

ཡིན་གྱི་གཞན་གྱི་མ་ཡིན་ནོ། །དེ་ཉིད་ལ་རྒྱུ་སྨྲས་པ་ནི་ཁྱད་པར་ཅན་གཞན་མེད་པའི་ཕྱིར་རོ་ཞེས་བྱ་བ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་མཉམ་མོ། །དབང་པོ་འགའ་ཞིག་ལས་ཁྱད་པར་དུ་འཕགས་སོ། །སྡུག་
བསྔལ་ལ་ཆོས་ཤེས་པ་ལ་སོགས་པ་བཞིན་མི་སྐྱེ་བ་ཤེས་པའོ། །རྒྱུས་བྱས་པ་ལས་བྱུང་བའི་སྒོ་ནས་ནི་དབང་པོ་འགའ་ཞིག་ལས་ཀྱང་ཁྱད་པར་དུ་འཕགས་སོ། །མི་སྐྱེ་བ་ཤེས་པ་ལས་གཞན་པའི་ཤེས་པ་རྒྱུས་རྒྱས་པ་ལས་བྱུང་བའི་སྒོ་ནས་ཁྱད་པར་དུ་འཕགས་པ་མེད་དོ། །གང་ཞིག་དེའི་རྒྱུ་
ཉིད་ཡོངས་སུ་མི་རྟོགས་ཤེ་ན། མི་སྐྱེ་བ་ཤེས་པ་ལས་མི་སྐྱེ་བ་ཤེས་པར་གྱུར་པ་ནི་རབ་ཏུ་གྱུར་པའི་ཕྱིར་དང་། རྒྱུས་རྒྱས་པ་ལས་བྱུང་བའི་སྒོ་ནས་དང་དབང་པོའི་སྒོ་ནས་ཀྱང་ཁྱད་པར་དུ་འཕགས་སོ། །དེ་བཞིན་དུ་སྡུག་བསྔལ་ལ་ཆོས་ཤེས་པ་མ་འོངས་པ་ནི་སྡུག་བསྔལ་ལ་ཆོས་ཤེས་
པ་ཁྱད་པར་ཅན་གྱི་ཡིན་པ་ནས་མི་སྐྱེ་བ་ཤེས་པའི་བར་གྱིས་ཡིན་ནོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ནི་མ་ཡིན་ནོ། །རྒྱུ་ལས་སྔར་རམ་འབྲས་བུ་དམན་པ་ནི་མི་རུང་ངོ་། །དེ་བཞིན་དུ་གཞན་ལ་ཡང་རྒྱ་ཆེར་བརྗོད་པར་བྱའོ། །མཐོང་བའི་ལམ་ལས་བསྒོམ་པ་དང་མི་སློབ་པའི་
ལམ་དག་དང་། བསྒོམ་པའི་ལམ་ལས་ཀྱང་མི་སློབ་པའི་ལམ་ནི་རྒྱུས་རྒྱས་པའི་ཕྱིར་ཁྱད་པར་དུ་འཕགས་སོ། །མཐོང་བའི་ལམ་ནི་མཉམ་པའི་སྟེ། དེའི་ཕྱིར་མཐོང་བའི་ལམ་མོ། །མཉམ་དང་ཁྱད་པར་ཅན་གྱི་རྒྱུ་ནི་བཞི་པ་རྣམས་ཀྱང་སྟེ། བསྒོམ་པའི་ལམ་གྱིས་
མཉམ་དང་ཁྱད་པར་ཅན་གཉིས་ཉིད་དོ། །མཐོང་བའི་ལམ་གྱིས་ནི་མ་ཡིན་ཏེ་དམན་པའི་ཕྱིར་རོ། །མི་སློབ་པའི་ལམ་ནི་མཉམ་པའི་ཕྱིར་མི་སློབ་པའི་ལམ་ཁོ་ནའི་ཡིན་གྱི། མཐོང་བ་དང་བསྒོམ་པའི་ལམ་དག་གི་མ་ཡིན་ཏེ་དམན་པའི་ཕྱིར་རོ། །དེ་ལྟར་ཐུན་མོང་གི་དབང་དུ་བྱས་ནས་
མཐོང་བའི་ལམ་ལ་སོགས་པ་བཤད་དེ། སྐད་ཅིག་ཐ་དད་པས་དབང་པོ་ཐ་དད་པ་ཡན་ལག་ཏུ་བྱས་ཏེ། དབང་པོ་རེ་རེ་བ་དང་རྒྱུའི་སྒོ་ནས་ཀྱང་ཁྱད་པར་དུ་འགྱུར་བ་ཉིད་མ་དཔྱད་དེ། །དེ་ཉིད་ཀྱི་ཕྱིར་དེ་ལ་ཡང་དབང་པོ་རྟུལ་པོའི་ལམ་ནི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །འདི་ནི་མདོར་

བསྡུས་ན་དབང་པོའི་སྒོ་ནས་ཁྱད་པར་དུ་གྱུར་པ་ན་རྒྱུས་རྒྱས་པའམ་མཉམ་པའི་རྒྱུར་འགྱུར་རོ། །དབང་པོའི་སྒོ་ནས་དམན་པ་དང་རྒྱུས་རྒྱས་པའི་མ་ཡིན་ནོ། །དབང་པོའི་སྒོ་ནས་དམན་པའི་རྒྱུ་མ་ཡིན་ནོ། །དབང་པོའི་སྒོ་ནས་དམན་པ་དང་ཁྱད་པར་ཅན་གྱི་ཡང་རྒྱུ་མ་ཡིན་ཏེ། དབང་པོ་ལས་
དམན་པའི་ཞེས་སྔར་བཤད་པ་ཉིད་དོ། །ས་འོག་མ་དམན་པའི་ཕྱིར་འདྲི་བ་ནི། ཡང་ཇི་ལྟར་ས་གོང་མ་པ་ཞེས་རྒྱ་ཆེར་འབྱུང་བའོ། །དེ་ལ་དད་པས་རྗེས་སུ་འབྲང་བའི་ས་གོང་མ་པའི་ལམ་ནི་ས་འོག་མ་པའི་དད་པས་རྗེས་སུ་འབྲང་བའི་ལམ་དང་མཉམ་སྟེ། གཉི་ག་ཡང་དབང་པོ་རྟུལ་པོ་ཡིན་
པའི་ཕྱིར་རོ། །ཆོས་ཀྱི་རྗེས་སུ་འབྲང་བའི་ལམ་ནི་ཁྱད་པར་ཅན་ཏེ་དབང་པོ་རྣོན་པོ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ས་གོང་མ་པའི་ཆོས་ཀྱི་རྗེས་སུ་འབྲང་བའི་ལམ་དང་ནི། །ཆོས་ཀྱི་རྗེས་སུ་འབྲང་བ་ས་འོག་མ་པ་མཉམ་པ་ཡིན་ཏེ། གཉི་ག་ཡང་དབང་པོ་རྣོན་པོ་ཡིན་པའི་ཕྱིར་རོ། །དེ་བཞིན་
དུ་དབང་པོའི་སྒོ་ནས་ས་གོང་མ་པའི་དད་པ་དང་ཆོས་ཀྱི་རྗེས་སུ་འབྲང་བའི་ལམ་ནི། ས་འོག་མ་པའི་དད་པས་མོས་པ་དང་། མཐོང་བས་ཐོབ་པ་དང་། དུས་དང་སྦྱོར་བ་དང་། དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་ལམ་རྣམས་དང་མཉམ་པ་དང་ཁྱད་པར་ཅན་ཡིན་པ་ཡང་བརྗོད་པར་བྱའོ། །
དེ་བཞིན་དུ་ས་གོང་མ་པའི་བསྒོམ་པ་དང་མི་སློབ་པའི་ལམ་དབང་པོ་རྟུལ་པོ་དང་རྣོན་པོས་བསྡུས་པ་དག་ནི་ས་འོག་མ་པའི་མཐོང་བ་དང་བསྒོམ་པ་དང་མི་སློབ་པའི་ལམ་དབང་པོ་རྟུལ་པོ་དང་རྣོན་པོའི་དབྱེ་བས་ཐ་དད་པ་རྣམས་དང་དབང་པོའི་སྒོ་ནས་མཉམ་པ་དང་ཁྱད་པར་ཅན་ཡིན་པ་ཡང་བརྗོད་པར་བྱའོ། །
དེ་བཞིན་དུ་རྒྱུས་རྒྱས་པའི་སྒོ་ནས་ཀྱང་ཡིན་ཏེ། ས་འོག་མ་པའི་བསྒོམ་པ་དང་མི་སློབ་པའི་ལམ་དག་ནི་ས་གོང་མའི་མཐོང་བའི་ལམ་ལས་རྒྱུས་རྒྱས་པའི་སྒོ་ནས་ཁྱད་པར་ཅན་ཡིན་ནོ། །དེ་བཞིན་དུ་ས་གོང་མ་པའི་བསྒོམ་པའི་ལམ་ལས་ས་འོག་མ་པའི་མི་སློབ་པའི་ལམ་ཁྱད་པར་ཅན་ཡིན་ནོ། །ཆུང་ངུའི་
ཆུང་ངུ་ལ་སོགས་པ་ཞེས་བྱ་བ་ལ་ཆུང་ངུའི་ཆུང་ངུ་ལས་ཆུང་ངུའི་འབྲིང་རྒྱུས་རྒྱས་པའི་སྒོ་ནས་ཁྱད་པར་ཅན་ཡིན་ལ་ཆུང་ངུ་དང་ནི་མཉམ་མོ། །དེ་བཞིན་དུ་ཆུང་ངུའི་འབྲིང་ལས་ཆུང་ངུའི་ཆེན་པོ་ཁྱད་པར་ཅན་ཡིན་པ་ནས་ཆེན་པོའི་འབྲིང་ལས་ཆེན་པོའི་ཆེན་པོའི་བར་དུ་ཡིན་ནོ། །ཆེན་པོའི་ཆེན་པོ་ལས་ཁྱད་པར་དུ་གྱུར་པ་ནི་མེད་དོ། །

ས་གོང་མ་ནི་ས་འོག་མ་དང་དབང་པོ་མཚུངས་ཀྱང་རྒྱུས་རྒྱས་པའི་སྒོ་ནས་ཁྱད་པར་ཅན་ཡིན་ནོ། །དད་པས་རྗེས་སུ་འབྲང་བའི་ལམ་ནི་དྲུག་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ་ཞེས་སྨྲས་ན། དད་པས་རྗེས་སུ་འབྲང་བ་དང་། ཆོས་ཀྱིས་རྗེས་སུ་འབྲང་བའི་ལམ་དག་ནི་
རྒྱུན་གཅིག་ལ་སྐྱེ་བ་མི་སྲིད་དོ་ཞེས་བྱ་བའི་ཕྱོགས་སྔ་མ་ཁོང་ན་ཡོད་པ་བསལ་བར་བྱ་བའི་ཕྱིར་རྒྱུད་གཅིག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དད་པས་རྗེས་སུ་འབྲང་བའི་ལམ་བྱུང་བ་ནི་དད་པས་མོས་པའི་ལམ་མམ་དུས་ཀྱིས་རྣམ་པར་གྲོལ་བའི་ལམ་མོ། །མ་སྐྱེས་པ་ནི་ཆོས་ཀྱི་རྗེས་སུ་འབྲང་
བའི་ལམ་སྟེ། མཐོང་བས་ཐོབ་པའམ་དུས་དང་མི་སྦྱོར་བར་རྣམ་པར་གྲོལ་བའི་ལམ་གྱི་ཡང་རྒྱུའོ། །གང་ཞིག་དབང་པོ་འཕོས་པ་ནི་དབང་པོ་རྣོན་པོས་བསྡུས་པའི་ལམ་མངོན་དུ་གྱུར་པའོ། །དད་པས་རྗེས་སུ་འབྲང་བའི་ལམ་སྔར་སྐྱེས་པ་དེ་ནི། འབྲས་བུའི་ངོ་བོས་ཟིན་པ་ཉིད་ཀྱིས་མི་སྐྱེ་
བའི་ཆོས་ཅན་གྱི་ཡང་རྒྱུའི་ངོ་བོར་འགྱུར་མོད་ཀྱི། དེ་མི་སྐྱེ་བ་ནི་རྐྱེན་མ་ཚང་བ་ལས་ཡིན་ནོ། །ཡང་གཞན་དག་ནི་མི་ལྕོགས་པ་མེད་པ་འབའ་ཞིག་ཐོབ་པ་ལ་རག་ལས་པ་ནི་མི་ལྕོགས་པ་མེད་པ་ལ་བརྟེན་ནོ། །ས་ཐམས་ཅད་པ་ནི་ཇི་ལྟར་སྲིད་པ་བཞིན་སྐལ་བ་མཉམ་པའི་རྒྱུའོ། །
བསམ་གཏན་གྱི་དངོས་གཞི་ཐོབ་པ་ལ་རག་ལས་པ་ནི་དེ་ལ་བརྟེན་པ་ཁོ་ན་ཡིན་ལ་མི་ལྕོགས་པ་མེད་པ་ཐོབ་པ་རག་ལས་པ་འབའ་ཞིག་ནི་མ་གཏོགས་སོ། །དེ་བཞིན་དུ་བསམ་གཏན་གཉིས་པ་ལ་སོགས་པ་ཐོབ་པ་ལ་རག་ལས་པ་ལ་སོགས་པ་ཡང་ངོ་། །ས་འོག་མ་ཐོབ་པ་ལ་རག་ལས་
པ་རྣམས་ཀྱི་རྒྱུ་མ་ཡིན་ནོ། །དེ་བཞིན་དུ་བསམ་གཏན་དང་པོའི་ས་པའི་ལམ་ལ་ཡོད་པ་ནི་བསམ་གཏན་དང་པོ་ལ་རག་ལས་པ་ཡོད་པ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་ལ་རག་ལས་པའི་བར་རོ། །བསམ་གཏན་གཉིས་པ་ནི་རང་གི་གོང་མའི་ས་ལ་རག་ལས་པ་ཡོད་ལ་ས་འོག་མ་ལ་རག་ལས་པ་
ནི་མེད་དོ། །དེ་བཞིན་དུ་བསམ་གཏན་གསུམ་པའི་ས་པ་ལ་ཡང་བརྗོད་པར་བྱའོ། །དེ་ལ་བསམ་གཏན་དང་པོ་ལ་རག་ལས་པ་ནི་རང་གི་ས་པ་ཐམས་ཅད་དང་ས་གོང་མའི་ཡང་སྐལ་བ་མཉམ་པའི་རྒྱུའོ། །དེའི་ནི་བསམ་གཏན་དང་པོ་ཐོབ་པའིའོ། །དེ་བཞིན་དུ་བསམ་གཏན་གཉིས་པ་ལ་རག་

ལས་པ་ནི་བསམ་གཏན་དང་པོ་ལ་རག་ལས་པ་མ་གཏོགས་པ་ལྷག་མའི་སྐལ་བ་མཉམ་པའི་རྒྱུའོ། །དེའི་ནི་བསམ་གཏན་དང་པོ་དང་གཉིས་པ་ལ་རག་ལས་པ་ཁོ་ནའི་སྟེ་གཞན་མ་ཡིན་ནོ། །དེ་བཞིན་དུ་ཐམས་ཅད་ལ་རྒྱ་ཆེར་བརྗོད་པར་བྱའོ་ཞེས་བཤད་དོ། །གཞན་དག་བསྒོམ་པའི་ལམ་ནི་མཐོང་
བའི་ལམ་གྱི་སྐལ་བ་མཉམ་པའི་རྒྱུ་མ་ཡིན་གྱི་མི་སློབ་པའི་ལམ་དང་སྒོམ་པའི་ལམ་གྱི་ཡིན་ནོ་ཞེས་སེམས་སོ། །འདི་ལྟར་དབང་པོ་རྟུལ་པོའི་རིགས་ཅན་གྱིས་བསྒོམ་པའི་ལམ་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་རང་རྒྱུད་པ་ནི་དབང་པོ་རྣོན་པོའི་རིགས་ཅན་གྱི་མཐོང་བའི་ལམ་གྱི་སྐལ་བ་མཉམ་པའི་
རྒྱུར་འགལ་བ་མེད་དོ། །མི་སློབ་པའི་ལམ་སྐྱེ་བའི་ཆོས་ཅན་ཡང་བསྒོམ་པའི་ལམ་གྱི་སྐལ་བ་མཉམ་པའི་རྒྱུ་སྟེ། དབང་པོ་ཡོངས་སུ་ཉམས་པ་རྣོན་པོར་བྱེད་པ་སྲིད་པའི་ཕྱིར་རོ། །དེ་ལྟ་ན་འོ་ན་ཉན་ཐོས་ལ་སོགས་པའི་ལམ་རྣམས་ཀྱང་ཕན་ཚུན་རྒྱུ་ཉིད་དུ་ཐལ་བར་འགྱུར་རོ་ཞེ་ན་དེ་ནི་དེ་ལྟ་མ་ཡིན་ཏེ་
གང་གི་ཕྱིར་དབང་པོ་རྟུལ་པོ་དབང་པོ་རྣོན་པོར་འགྱུར་བ་ཡོད་ཀྱང་། ཉན་ཐོས་ཀྱི་རྒྱུད་ལ་རང་སངས་རྒྱས་ཀྱི་ལམ་ནི་མི་སྲིད་པ་ཉིད་དོ། །དེ་ལྟ་ན་འོ་ན་དད་པས་རྗེས་སུ་འབྲང་བའི་རྒྱུད་ལ་ཆོས་ཀྱི་རྗེས་སུ་འབྲང་བའི་ལམ་སྲིད་པའི་ཕྱིར་བསྒོམ་པའི་ལམ་མ་ཡིན་ཞིང་མཐོང་བའི་ལམ་གྱི་རྒྱུ་མ་ཡིན་ནོ་ཞེ་ན་སྦྱོར་བྱུང་ཞེས་བྱ་བ་
སྟེ། སྦྱོར་བ་ལས་བྱུང་བ་སྨོས་པ་ནི་སྐྱེས་ནས་ཐོབ་པ་འགག་པར་བྱ་བའི་ཕྱིར་རོ། །སྦྱོར་བ་ལས་བྱུང་བ་ནི་སྦྱོར་བ་ལས་སྐྱེས་པའོ། །ཐོས་པ་ལས་བྱུང་བ་ནི་གང་དག་སངས་རྒྱས་ཀྱི་གསུང་རབ་ཐོས་པ་ལས་སྐྱེས་པ་ཡིན་ནོ། །བསམ་པ་ལས་བྱུང་བ་ནི་བསམ་པ་ལས་བྱུང་བ་ཉིད་དེ་དམན་
པའི་མ་ཡིན་ནོ། །རྒྱུ་ལས་འབྲས་བུ་དམན་པ་མི་རིགས་སོ། །འདོད་པའི་ཁམས་ན་མཉམ་པར་མ་བཞག་པ་ཡིན་པའི་ཕྱིར་བསྒོམ་པ་ལས་བྱུང་བ་མེད་དོ། །བསམ་པ་ལས་བྱུང་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ། །གཟུགས་ན་སྤྱོད་པ་རྣམས་ནི་རྒྱུད་ཞི་གནས་ཀྱིས་བརླན་པའི་ཕྱིར་གང་གི་ཚེ་སེམས་
པར་རྩོམ་པ་དེའི་ཚེ་དེ་དག་ཏིང་ངེ་འཛིན་ལ་ཉེ་བར་གནས་པར་འགྱུར་རོ། །གཞན་དག་ན་རེ། མ་ཡིན་ཏེ་གཟུགས་ཀྱི་ཁམས་ན་བསམ་པ་ལས་བྱུང་བ་ཡོད་པའི་བསམ་པ་ལས་བྱུང་བ་ཡང་བསྒོམ་པ་ལས་བྱུང་བ་རྣམས་སོ་ཞེས་ཟེར་རོ། །དེ་ནི་ཐབས་ཀྱིས་ཡོངས་སུ་ཟིན་པའི་བསམ་པ་ལས་བྱུང་བ་

སྟེ། དགེ་བའི་རྩ་བ་རྣམས་ཀྱིས་རབ་ཏུ་ཞི་བ་ཉིད་ཀྱི་ཕྱིར་བསྒོམ་པ་ལས་བྱུང་བ་རྣམས་དང་འདྲ་བས་བསྒོམ་པ་ལས་བྱུང་བ་ཞེས་བྱའོ། །དེ་དག་གི་བསྒོམ་པ་ལས་བྱུང་བ་རྣམས་བསམ་པ་ལས་བྱུང་བའི་རྒྱུའོ། །གཞན་དག་ན་རེ་ཟད་པ་ཤེས་པ་ཐོབ་པ་འདོད་པ་ན་སྤྱོད་པ་རྣམས་
ནི་དགྲ་བཅོམ་པ་རྣམས་ཀྱིས་བསྒོམ་པའི་འབྲས་བུ་ཡིན་པའི་ཕྱིར་བསྒོམ་པ་ལས་བྱུང་བ་དང་མཚུངས་སོ་ཞེས་ཟེར་རོ། །དེ་དག་གི་བསམ་པ་ལས་བྱུང་བ་དེ་རྣམས་ནི་དོན་དམ་པའི་སྒོ་ནས་བསྒོམ་པ་ལས་བྱུང་བའི་རྒྱུའོ། །བསམ་པ་ལས་བྱུང་བ་རྣམས་ཁོ་ན་བསྒོམ་པ་ལས་བྱུང་བ་མ་ཡིན་ཏེ། བསྒོམ་པ་
ལས་བྱུང་བ་ནི་དེ་དག་གིས་བཏགས་པ་ཡིན་ལ་བསམ་པ་ལས་བྱུང་བ་ནི་མ་ཡིན་པས་བསྒོམ་པ་ལས་བྱུང་བ་རྣམས་ཀྱི་རྒྱུའོ། །ཐོས་པ་དང་བསམ་པ་དང་བསྒོམ་པ་ལས་བྱུང་བ་དེ་དག་ཀྱང་ཆུང་ངུའི་ཆུང་ངུ་ལ་སོགས་པའི་དབྱེ་བས་སོ་སོར་རྣམ་པ་དགུའོ། །ཆུང་ངུའི་ཆུང་ངུ་ནི་རྣམ་པ་དགུ་པོ་ཐམས་ཅད་ཀྱི་ཡིན་
ལ། ཆུང་ངུའི་འབྲིང་པོ་དག་ནི་བརྒྱད་ཀྱི་ཡིན་ཏེ། རྣམ་པ་སྔ་མ་ཆུང་ངུའི་ཆུང་ངུ་མ་གཏོགས་པའིའོ། །ལུགས་ནི་དེ་ལྟའོ་ཞེས་བྱ་བ་ནི། ཇི་ལྟར་ཆུང་ངུ་དང་འབྲིང་སྔ་མ་བྲི་ཞིང་ཕྱི་མ་དེ་དག་གི་རྒྱུ་ཡིན་པ་དེ་བཞིན་དུ། ཆུང་ངུའི་ཆེན་པོ་ལ་སོགས་པ་སྔ་མ་བྲི་ཞིང་ཕྱི་མ་དེ་དག་གི་རྒྱུ་ཡིན་པ་ནས་ཆེན་པོའི་ཆེན་
པོའི་བར་དུ་དེ་དག་ཁོ་ནའི་ཡིན་ནོ། །སྐྱེ་བས་ཐོབ་པ་ནི་སྐྱེས་ནས་ཐོབ་པ་སྟེ། དེ་འདི་ལ་ཡོད་པས་ན་སྐྱེས་ནས་ཐོབ་པ་ཅན་ནོ། །སྐལ་བ་མཉམ་པའི་རྒྱུ་ཡིན་ཏེ་ཆུང་ངུའི་ཆུང་ངུ་དག་གི་ཡིན་པ་ནས་ཆེན་པོའི་ཆེན་པོ་དག་ཏུ་ཆུང་ངུའི་ཆུང་ངུ་དག་གི་བར་ཡིན་ནོ། །ཅི་ལྟར་ཡང་ཁྱད་པར་ཅན་
དམན་པའི་རྒྱུར་འགྱུར་ཞེ་ན། སྐལ་བ་མཉམ་པའི་རྒྱུ་མངོན་པར་འདུ་བྱེད་པ་ཅན་གྱི་འབྲས་བུ་ནི་དམན་པ་ཡིན་པར་མི་འདོད་ཀྱི། རྒྱབ་ཀྱིས་ཕྱོགས་པ་སྲིད་པའི་ཕྱིར་ཕན་ཚུན་ཐམས་ཅད་ཀྱི་མ་ཡིན་ནོ། །ཁ་ཅིག་ན་རེ་ཕན་ཚུན་གྱི་རྒྱུ་ཞེས་ཟེར་རོ། །གཞན་དག་ན་རེ་ཐམས་ཅད་སེམས་གཅིག་
གིས་དམིགས་སོ་ཞེས་ཟེར་རོ། །རྣམ་པར་སྨིན་པ་ཀུན་ཏུ་སྤྱོད་པ་རྣམ་པ་དགུ་ནི་རྣམ་པ་འདི་དགུ་ཉིད་དུ་མངོན་ནོ། །ཉོན་མོངས་པ་ཅན་རྣམས་ཀྱང་ཚུལ་འདི་ཉིད་ཀྱིས་ཏེ་རྣམ་པ་དགུ་པོ་ཐམས་ཅད་ཕན་ཚུན་སྐལ་བ་མཉམ་པའི་རྒྱུའོ། །ཉོན་མོངས་པ་རྣམས་ལ་ནི་གཉེན་པོ་རྣམ་པ་དགུ་ཉིད་ཀྱིས་ཀྱང་

རྣམ་པ་དགུར་མངོན་ནོ། །བཞི་པ་གསུམ་དང་གཉིས་དང་། གཅིག་གི་ཞེས་བྱ་བ་ལ། རྣམ་པར་སྨིན་པ་ལས་སྐྱེས་པ་ནི་བཞི་རྣམས་ཀྱི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །སྤྱོད་ལམ་པ་ནི་གསུམ་གྱི་ཡིན་གྱི། རྣམ་པར་སྨིན་པ་ལས་སྐྱེས་པ་རྣམས་ཀྱིས་ནི་མ་ཡིན་ཏེ། དེ་དག་ནི་མངོན་པར་འདུ་
བྱེད་པ་མ་ཡིན་པ་ཉིད་ཀྱིས་དམན་པའི་ཕྱིར་རོ། །བཟོའི་གནས་པ་ནི་གཉིས་དག་གིས་ཡིན་ཏེ། བཟོའི་གནས་པ་དང་སྤྲུལ་པ་པ་དག་གིའོ། །སྤྲུལ་པ་ནི་སྤྲུལ་པ་པ་རྣམས་ཁོ་ནའི་ཡིན་གྱི། ཅིག་ཤོས་ཀྱི་མ་ཡིན་ཏེ་དམན་པའི་ཕྱིར་རོ། །གཞན་དག་ན་རེ་རྒྱུ་གཞན་དག་ནི་ཕན་ཚུན་འཆིང་བས་བཅིངས་པའི་
ཕྱིར་རོ་ཞེས་ཟེར་རོ། །ཨེ་ཏཙྪན་ཝརྞྱ་ཏེ་མ་བྷཱུཏ་<འདི་ཡང་མ་ཡིན་བརྗོད་མ་གྱུར།> བསམ་གཏན་དང་པོའི་ས་པ་རྣམས་དང་དྲོ་བ་ལ་སོགས་པ་ཕན་ཚུན་རྒྱུ་ཅན་ཉིད་དུ་ཐལ་བར་འགྱུར་ཞེས་ཟེར་རོ། །སྤྲུལ་པའི་སེམས་བསམ་གཏན་བཞིའི་འབྲས་བུ་འདོད་པ་ན་སྤྱོད་པ་ཡང་ཡིན་ཞེས་བྱ་བ་ལ། དེ་ཡང་རིམ་པ་བཞིན་དུ་བཞི་དང་གསུམ་དང་གཉིས་དང་
གཅིག་དག་གི་སྐལ་བ་མཉམ་པའི་རྒྱུ་ཡིན་ནོ། །ཇི་ལྟར་ཞེ་ན། དེའི་ཕྱིར་དེ་ལ་བསམ་གཏན་གོང་མའི་འབྲས་བུ་ནི་ཞེས་བྱ་བ་རྒྱས་པར་སྨོས་སོ། །དེ་ཉིད་ལ་རྒྱུ་སྨྲས་པ་ནི་འབད་པ་འབྲས་བུ་མེད་པར་འགྱུར་དུ་འོང་བའི་ཕྱིར་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །མངོན་པར་
འདུ་བྱེད་པས་བསྐྱེད་པ་ནི་མངོན་པར་འདུ་བྱེད་པ་ཅན་ཏེ། དེ་དག་རྣམ་པ་བཞི་ཆར་ཡང་མངོན་པར་འདུ་བྱེད་པ་ཅན་ཡིན་ནོ། །བསམ་གཏན་གོང་མའི་འབྲས་བུ་ནི་བསམ་གཏན་འོག་མའི་འབྲས་བུ་བས་ཆེས་ཁྱད་པར་དུ་འཕགས་པ་ཡིན་པས་དེ་དེ་དག་གི་སྐལ་བ་མཉམ་པའི་རྒྱུ་ཡིན་གྱི། ལྷག་མ་
རྣམས་ནི་དེའི་ཡིན་ཏེ་དམན་པའི་ཕྱིར་དང་སྔར་སྐྱེས་པའི་ཕྱིར་རོ། །དེ་ཉིད་ལ་དཔེ་ནི་སཱ་ལུ་དང་ནས་ལ་སོགས་པ་ལྟ་བུའོ་ཞེས་བྱ་བའོ། །དེ་དག་གི་འབྲས་བུ་ནི་མཉམ་པའམ་ལྷག་པ་ཡིན་ཏེ། སཱ་ལུའི་ས་བོན་གཅིག་ལས་འབྲས་བུ་གཅིག་གམ་དུ་མ་འབྱུང་གི་དམན་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཞེས་
བྱ་བ་ནི། གང་གི་ཕྱིར་སྐལ་བ་མཉམ་པའི་རྒྱུ་མངོན་པར་འདུ་བྱེད་པ་ཅན་གྱི་འབྲས་བུ་དམན་པ་མ་ཡིན་པའི་ཕྱིར་རོ། །ཟག་པ་མེད་པ་སྐྱེས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྡུག་བསྔལ་ལ་ཆོས་ཤེས་པ་ནི་སྐྱེས་ཀྱང་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་རང་གི་རིགས་ཅན་མ་འོངས་པ་རྣམས་ཀྱི་རྒྱུ་མ་

ཡིན་ཏེ་དམན་པའི་ཕྱིར་རོ། །སྡུག་བསྔལ་ལ་ཆོས་ཤེས་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་རྣམས་ལས་ཁྱད་པར་ཅན་ཉིད་ཡིན་ཏེ། ཉོན་མོངས་པའི་བྲལ་བའི་ཐོབ་པ་དང་ལྷན་ཅིག་སྐྱེས་པའི་ཕྱིར་རོ། །དེ་བཞིན་དུ་ཇི་སྲིད་རྡོ་རྗེ་ལྟ་བུའི་གཞིའི་བར་དུ་རང་གི་རིགས་ཅན་
ཁོ་ནའི་ཡིན་གྱི་ཐམས་ཅད་ཀྱི་རྒྱུ་མ་ཡིན་ནོ། །གང་གི་ཕྱིར་འདྲ་བའམ་འབྲས་བུ་ལྷག་པར་གྱུར་པས་རང་གི་རིགས་ཅན་ཁོ་ནའི་ཡིན་གྱི་དམན་པའི་རྒྱུར་མི་འགྱུར་ན་འོ་ན་ཅི་གཞན་གྱི་རིགས་ཅན་གྱི་ཡང་དམན་པ་ནི་དམན་པ་དང་ལྷག་པ་ཉིད་དབང་པོའི་སྒོ་དང་རྒྱུའི་སྒོ་ནས་འདོད་དེ། དེ་རྒྱུ་འབའ་ཞིག་གི་སྒོ་ནས་མ་ཡིན་པ་
ཉིད་དོ། །རྒྱུད་གཅིག་ལ་ངེས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་མ་འོངས་པ་དག་ནི་སྡུག་བསྔལ་ལ་ཆོས་ཤེས་པ་མ་སྐྱེས་པའི་སྔར་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་དུས་ཁོ་ནར་ཐོབ་པས་སྡུག་བསྔལ་ལ་ཆོས་ཤེས་པའི་སྔོན་དུ་ཐོབ་པ་ཡིན་ནོ། །སྡུག་བསྔལ་
ལ་ཆོས་ཤེས་པ་དེ་དག་ཐོབ་ནས་གཟོད་སྐྱེ་བས་དེ་དག་ཐོབ་པ་བས་ཕྱིས་སྐྱེས་པ་ཡིན་ནོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྔར་སྐྱེས་པ་གང་ཡིན་པ་དེ་ནི་དེའི་སྐལ་བ་མཉམ་པའི་རྒྱུར་འགྱུར་བ་ཁོ་ན་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་སྔར་ཐོབ་པ་ཞེས་སྨོས་ཀྱི་སྔར་སྐྱེས་པ་ཞེས་ནི་མ་ཡིན་ནོ། །དེ་ཉིད་ལ་
རྒྱུ་བཤད་པ་ནི་འདི་འབྲས་བུ་སྔ་བ་དང་ཞེས་བྱ་བ་རྒྱས་པར་འབྱུང་བ་སྟེ། གལ་ཏེ་འབྲས་བུ་ཆེས་སྔ་བར་གྱུར་ན་ནི་རྒྱུ་དོན་མེད་པར་འགྱུར་ལ། སྐལ་བ་མཉམ་པའི་རྒྱུ་མ་འོངས་པ་ན་ཡང་སྔ་ཕྱི་མེད་པའི་ཕྱིར་རྒྱུ་དང་འབྲས་བུ་དག་འཆོལ་བར་འགྱུར་རོ་ཞེས་སྔར་བཤད་ཟིན་ཏོ། །ཟག་པ་མེད་པའི་
ཆོས་སྔར་སྐྱེས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདིས་ནི་འབྲས་བུ་སྔར་སྐྱེས་པ་ཉིད་དང་། སྐལ་བ་མཉམ་པའི་རྒྱུ་མ་འོངས་པ་ཉིད་ཡོད་པ་མ་ཡིན་ནོ་སྙམ་སྟེ་དྲིས་པའོ། །འདི་ལྟ་སྟེ། འབྲས་བུ་གོང་མ་ལས་ཡོངས་སུ་ཉམས་ཞེས་བྱ་བ་ལ། འབྲས་བུ་གོང་མ་ནི་དགྲ་བཅོམ་པ་ཉིད་
དམ། ཕྱིར་མི་འོང་བའི་འབྲས་བུའམ་ལན་ཅིག་ཕྱིར་འོང་བའི་འབྲས་བུའོ། །འབྲས་བུ་འོག་མ་མངོན་དུ་བྱེད་པའི་ཚེ་ཞེས་བྱ་བ་ལ་འོག་མ་ནི་ཕྱིར་མི་འོང་བའི་འབྲས་བུའམ། ལན་ཅིག་གཅིག་ཕྱིར་འོང་བའི་འབྲས་བུའམ། རྒྱུན་ཏུ་ཞུགས་པའི་འབྲས་བུའོ། །དེ་ལ་འབྲས་བུ་གོང་མ་

ལས་ཡོངས་སུ་ཉམས་པ་འབྲས་བུ་འོག་མ་མངོན་དུ་བྱེད་པའི་ཚེ་འབྲས་བུ་འོག་མའི་ལམ་སྔར་སྐྱེས་པ་ཡིན་ཡང་འབྲས་བུ་འོག་མས་བསྡུས་པའི་ལམ་ཕྱིས་སྐྱེས་པའི་སྐལ་བ་མཉམ་པའི་རྒྱུ་མ་ཡིན་པ་ལྟ་བུ་སྟེ། དེ་ནི་དམན་པའི་ཕྱིར་རོ། །སློབ་དཔོན་འདུས་བཟང་ན་རེ། འདི་ལ་ཡོངས་སུ་ཉམས་
སྲིད་པ་ཡོད་དེ། དབང་པོ་བཀག་པའི་ཕྱིར་དང་ཟག་པ་མེད་པའི་ཆོས་མངོན་སུམ་དུ་བྱས་པའི་ཕྱིར་རོ་ཞེས་ཟེར་རོ། །བྱེ་བྲག་ཏུ་བྱས་པ་སྟེ་བརྗོད་པར་བྱའོ་ཞེས་བྱ་བ་ནི་དབང་པོའི་སྒོ་ནས་ཁྱད་པར་དུ་གྱུར་ཀྱང་འབྲས་བུ་ཕྱི་མའི་ལམ་དམན་པ་ཉིད་དོ། །གཞན་དུ་ན་འབྲས་བུ་སྔ་ཕྱིའི་ལམ་རྣམས་
སྤང་བྱ་ཁྱད་པར་མེད་པར་འགྱུར་རོ། །དེའི་ཕྱིར་འབྲས་བུ་ཕྱི་མའི་ལམ་ནི་དབང་པོའི་སྒོ་ནས་ཁྱད་པར་དུ་གྱུར་ཀྱང་འབྲས་བུ་ཕྱི་མའི་ལམ་གྱི་སྐལ་བ་མཉམ་པའི་རྒྱུ་མ་ཡིན་ནོ། །སྡུག་བསྔལ་ལ་ཆོས་ཤེས་པའི་ཐོབ་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་དེ་ཐོབ་པའི་སྡུག་བསྔལ་ལ་ཆོས་ཤེས་པ་དང་ལྷན་
ཅིག་སྐྱེས་པ་སྟེ། དེ་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའི་ཐོབ་པ། སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ལ་སོགས་པ་དང་། ལྷན་ཅིག་སྐྱེས་པ་ཐམས་ཅད་ཀྱི་རྒྱུ་མ་ཡིན་པ་ལྟ་བུ་སྟེ་དེ་དག་ནི་ཕྱིས་སྐྱེས་མོད་ཀྱི། སྡུག་བསྔལ་ལ་ཆོས་ཤེས་པའི་ཐོབ་པ་བས་དམན་པ་ཁོ་ན་
ཡིན་ནོ། །དེ་བཞིན་དུ་སྐད་ཅིག་མ་གོང་མ་གོང་མ་དང་ལྷན་ཅིག་སྐྱེས་པ་དག་ལ་ཡང་བརྗོད་པར་བྱའོ། །དེ་བཞིན་དུ་འཕགས་པའི་ལམ་ཐམས་ཅད་ལ་རིག་པར་བྱའོ། །འདིར་ཡང་འདི་སྐད་བསྟན་པར་འགྱུར་ཏེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཐོབ་པ་རྣམས་ཆོས་མང་པོ་ཡིན་མོད་ཀྱི།
སྐལ་བ་མཉམ་པ་ནི་རྒྱུས་རྒྱས་པ་ལས་བྱུང་བའི་ཕྱིར་རྒྱུས་ཆེས་ཆེར་རྒྱས་པ་དེ་ལྟ་ན་ཡང་དམན་པ་ཉིད་ཁོ་ནའོ། །དེ་ལྟ་ན་འོ་ན་རྒྱུས་རྒྱས་པའི་སྒོ་ནས་ཁྱད་པར་ཅན་ཉིད་དུ་བརྗོད་པར་མི་བྱའོ་ཞེ་ན། རྒྱུས་ཆེས་ཆེར་རྒྱས་པ་ཉིད་ནི་ཁྱད་པར་དུ་འཕགས་པ་ཉིད་དེ། ཀཱ་ཤཱ་དི་ཏི། ཐོབ་པ་རྣམས་ནི་ཆོས་ཀྱི་
དབང་གིས་བཞག་གོ། །ཆོས་ཤེས་པའི་བཟོད་པ་ཡང་སྐལ་བ་མཉམ་པའི་རྒྱུ་མེད་པར་སྐྱེ་བས་སྡུག་བསྔལ་ལ་ཆོས་ཤེས་པ་དམན་པ་མ་ཡིན་པ་ཉིད་དེ། དེའི་ཐོབ་པ་སྡུག་བསྔལ་ལ་ཆོས་ཤེས་པའི་ཐོབ་པ་ལས་དམན་པས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཐོབ་པའི་སྐལ་བ་མཉམ་

པའི་རྒྱུ་མ་ཡིན་ནོ། །སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་མ་འོངས་པ་ཡང་སྡུག་བསྔལ་ལ་ཆོས་ཤེས་པ་མ་འོངས་པ་ལས་དམན་པ་མ་ཡིན་ནོ། །དེ་ལྟ་ན་མ་འོངས་པའི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་རྣམས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཁོ་ནའི་
སྐལ་བ་མཉམ་པའི་རྒྱུའོ། །སྡུག་བསྔལ་ལ་ཆོས་ཤེས་པའི་ནི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་ཡང་མ་ཡིན་ནོ། །སྐལ་བ་མཉམ་པའི་རྒྱུ་འདི་ནི་འབྲས་བུ་ཨ་ན་བ་སི་ཏ་འབྱིན་པར་ནུས་ཏེ། རྣམ་པར་སྨིན་པའི་རྒྱུ་ལྟར་འབྲས་བུ་འབྱིན་པ་སོ་
སོར་བསྟན་པ་མ་ཡིན་ནོ། །སྐལ་བ་མཉམ་པའི་རྒྱུ་འབྲས་བུ་ལ་ཉེ་བར་མི་སྦྱོར་བ་ན་དགྲ་བཅོམ་པ་རྣམས་ཡོངས་སུ་མྱ་ངན་ལས་འདའོ། །སྐལ་བ་མཉམ་པའི་རྒྱུ་ཡོད་པས་ངེས་པར་དེ་འབྲས་བུ་སྐྱེད་པ་མ་ཡིན་ཏེ། སྐལ་བ་མཉམ་པའི་རྒྱུ་འགའ་ཞིག་ཡོད་ཀྱང་གེགས་ཀྱིས་དུས་གཞན་ནམ་
འབྲས་བུ་གཏན་མི་སྐྱེ་བ་ཡང་ཡོད་དོ། །སྐལ་བ་མཉམ་པའི་རྒྱུ་བཤད་ཟིན་ཏོ།། །།མཚུངས་ལྡན་རྒྱུ་ནི་སེམས་དག་དང་། །སེམས་བྱུང་ཞེས་བྱ་བ་ལ། ནི་ཞེས་བྱ་བའི་སྒྲ་ནི་མཚུངས་པར་ལྡན་པའི་རྒྱུ་ནི་སེམས་དང་སེམས་ལས་བྱུང་བ་ཁོ་ནའོ་ཞེས་ངེས་པར་གཟུང་བ་སྟེ། རྣམ་པ་
གཞན་དུ་ངེས་པར་གཟུང་བ་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ལ་ལྷན་ཅིག་འབྱུང་བའི་རྒྱུ་ལ་སོགས་པ་བཀག་པ་མི་འདོད་པར་ཐལ་བར་འགྱུར་རོ། །དེ་ལྟ་ན་ནི་དུས་དང་རྒྱུ་ཐ་དད་པ་ལས་སྐྱེས་པ་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །འོ་ན་ནི་དམིགས་པ་གཅིག་པ་དག་ཡིན་ནོ་ཞེས་བྱ་བ་ལ། དེ་ལྟ་
ན་དུས་དང་རྒྱུད་ཐ་དད་པ་ལ་སྐྱེས་པ་རྣམས་རྣམ་པ་ཐ་དད་པ་དང་དམིགས་པ་ཐ་དད་པའི་ཕྱིར་མཚུངས་པར་ལྡན་པའི་རྒྱུ་ཉིད་དུ་ཐལ་བར་འགྱུར་བ་ལྡོག་པ་ཡིན་ནོ། །དེ་ལྟ་ན་ཡང་དེ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་རྒྱུ་དང་དུས་ཐ་དད་པ་ལས་སྐྱེས་པ་རྣམས་ཞེས་བྱ་བ་ལ་སོགས་པ་གང་སྔར་སྨྲས་པའོ། །འདི་
ལྟར་དུས་དང་རྒྱུ་ཐ་དད་པ་ལས་སྐྱེས་པ་ནི་རྣམ་པ་དང་དམིགས་པ་གཅིག་པ་དང་། དམིགས་པ་དང་རྣམ་པ་ཐ་དད་པ་དག་གོ། །དེ་ལ་རྣམ་པ་དང་དམིགས་པ་གཅིག་པ་དག་ཅེས་བྱ་བ་སྨོས་པས་ནི་རྣམ་པ་དང་དམིགས་པ་ཐ་དད་པ་བཀག་གོ། །ཅིག་ཤོས་ནི་མ་བཀག་པས་ཐལ་བ་དེ་ཉིད་དུ་འགྱུར་རོ། །

འོ་ན་ནི་དུས་གཅིག་པ་དག་ཡིན་ནོ་ཞེས་བྱ་བ་འབྱུང་ངོ་། །དེ་ལྟ་ན་ཡང་རྒྱུད་ཐ་དད་པ་ལས་སྐྱེས་ཤིང་དུས་ཐ་མི་དད་པ་རྣམས་ལ་ཡང་ཐལ་བར་འགྱུར་ཏེ། མང་པོ་རྣམས་ཟླ་བ་ཚེས་པ་ལ་སོགས་པ་ལ་ལྟ་བ་དག་གི་ལྟ་བུ་རྒྱུད་ཐ་དད་པ་ལས་སྐྱེས་པ། དུས་གཅིག་ཅིང་རྣམ་པ་དང་དམིགས་པ་གཅིག་པ་དག་ལ་
ཡང་ཐལ་བར་འགྱུར་རོ། །གང་གི་ཕྱིར་ཁྱད་པར་དེ་དག་གིས་ནི་གཞན་དུ་ཐལ་བར་འགྱུར་བ་དེ་ལྟ་བས་ན་རྟེན་མཚུངས་ཅན་རྣམས་སོ། །རྒྱུད་ཐ་དད་པ་རྣམས་ཀྱང་རིགས་ཀྱི་སྒོ་ནས་རྟེན་མིག་ལ་སོགས་པ་མཚུངས་པ་ཅན་ཡིན་པས་དེ་ལས་ཁྱད་དུ་བྱ་བའི་ཕྱིར་མཚུངས་པ་ཞེས་བྱ་བ་ནི་ཐ་མི་དད་པ་སྟེ་ཞེས་
བྱ་བ་སྨོས་ཏེ། འདིས་ནི་སྐད་ཅིག་མའི་དབང་དུ་བྱས་ནས་མཚུངས་པ་ཉིད་དུ་འདོད་ཀྱི། རིགས་ཀྱི་དབང་དུ་བྱས་ནས་ནི་མ་ཡིན་ནོ་ཞེས་སྟོན་ཏེ། དེ་ཉིད་ཀྱི་ཕྱིར་འདི་ལྟ་སྟེ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །སློབ་དཔོན་འདུས་བཟང་ན་རེ། རྟེན་མཚུངས་པ་ཞེས་བྱ་བ་ལ་འདི་སྐད་ཅིག་གཅིག་གིས་རྟེན་
མཚུངས་པ་དང་། ཡང་རྣམ་པ་གཅིག་གིས་རྟེན་མཚུངས་པ་ཞེས་བྱ་བ་འདི་ཅི་ལྟར་ཤེས་པར་བྱ། གལ་ཏེ་དེ་རྣམས་རྣམ་པར་བཤད་དོ་ཞེ་ན། སྔར་མདོ་ཉིད་དུ། མཚུངས་ལྡན་རྒྱུ་ནི་སེམས་དག་དང་། སེམས་བྱུང་ཞེས་མཚུངས་ལྡན་གསུངས་པའི་ཕྱིར་འདི་ཉིད་དུ་ཐལ་བར་འགྱུར་བ་མེད་དོ། །
དུས་དང་རྒྱུད་ཐ་དད་དུ་སྐྱེས་པ་རྣམས་ལ་མཚུངས་པར་ལྡན་པ་ཡོད་པ་མ་ཡིན་ནོ་ཞེ་ན། རྟེན་མཚུངས་པ་ཞེས་བྱ་བ་གང་དག་གི་རྟེན་ཁོ་ན་མཚུངས་ཤིང་ཐ་དད་པ་ཡང་མ་ཡིན་པ་དེ་དག་རྟེན་མཚུངས་རྣམས་སོ། །རྣམ་པ་སྨོས་ནི་རྫས་ཀྱི་སྒོ་ནས་ཐ་དད་པ་ཡང་སྟེ། འདི་རྣམས་ཀྱི་རྟེན་ཡིན་པས་རྣམ་པ་ཡོངས་སུ་
མི་གཟུང་ངོ་། །མཚུངས་ལྡན་རྒྱུ་ནི་སེམས་དགེ་དང་། །སེམས་བྱུང་ཞེས་བྱ་བའི་མཚན་ཉིད་དེ་ཡང་ཁྱད་པར་ཅན་མེད་པར་ཁྱད་པར་བཞག་པར་མི་ནུས་པས་རྟེན་མཚུངས་ཞེས་བརྗོད་དོ། །རིགས་མཚུངས་པ་ནི་རྫས་མཉམ་པར་འཛིན་པ་སོ་སོར་འཇོག་པ་སྟེ། སེམས་དང་སེམས་ལས་བྱུང་བ་མཚུངས་
པར་ལྡན་པའི་རྒྱུ་སྟེ། འདིར་ཡང་ཁྱད་པར་ནི་རྟེན་མཚུངས་པ་ཉིད་ཀྱིས་རྟོགས་པར་བྱའི་རྣམ་པ་གཞན་དུ་མ་ཡིན་ནོ་ཞེས་ཟེར་རོ། །ཡང་མཚུངས་པར་ལྡན་པ་དང་། ལྷན་ཅིག་འབྱུང་བའི་རྒྱུ་ལ་ཐ་དད་དུ་བྱ་བ་ཅི་ཡོད་ཅེས་ཁོང་ན་ཡོད་པའི་དྲི་བ་གཏན་ལ་དབབ་པར་བྱ་བའི་ཕྱིར། མཚུངས་པར་ལྡན་

པའི་རྒྱུ་གང་ཡིན་པ་དེ་ནི་ལྷན་ཅིག་འབྱུང་བའི་རྒྱུ་ཡང་ཡིན་ནོ་ཞེས་བྱ་བ་སྨོས་སོ། །ལྷན་ཅིག་འབྱུང་བའི་རྒྱུ་ནི། མཚུངས་པར་ལྡན་པའི་རྒྱུ་མ་ཡིན་པ་ཡོད་དེ། སེམས་ཀྱི་རྗེས་སུ་འཇུག་པའི་གཟུགས་དང་། སྐྱེ་བ་ལ་སོགས་པ་དག་དང་འབྱུང་བ་ཆེན་པོ་རྣམས་སོ། །
མཚུངས་པར་ལྡན་པའི་རྒྱུ་གང་ཡིན་པ་ཁོ་ན་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ནོ། །དེ་ལ་རྫས་ཁྱད་པར་མེད་པས་འདྲི་བ་ནི་ཡང་དོན་གང་གིས་ཞེས་བྱ་བ་ལ་སོགས་པའོ། །ཕན་ཚུན་འབྲས་བུའི་དོན་གྱིས་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཇི་ལྟར་འགྲོན་པོ་རྣམས་ཕན་ཚུན་གྱི་སྟོབས་ཀྱིས་ལྷན་
ཅིག་ལམ་དུ་འགྲོ་བ་དེ་བཞིན་དུ། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་ཕན་ཚུན་གྱི་སྟོབས་ཀྱིས་སྐྱེ་བའི་ཕྱིར་ཕན་ཚུན་འབྲས་བུ་ཉིད་དུ་འདོད་ལ། ཕན་ཚུན་འབྲས་བུ་ཉིད་ཀྱིས་ཀྱང་ལྷན་ཅིག་འབྱུང་བའི་རྒྱུར་འདོད་དོ། །མཚུངས་པ་ལྔས་ཞེས་བྱ་བ་ནི་རྟེན་དང་། དམིགས་དང་། རྣམ་
པ་དང་། དུས་དང་། རྫས་མཚུངས་པའི་རྣམ་པ་དག་གིས་སོ། །མཚུངས་པར་ལྡན་པའི་དོན་གྱིས་ཞེས་བྱ་བ་ནི་མཚུངས་པར་འཇུག་པའི་དོན་གྱིས་ཏེ། ཇི་ལྟར་འགྲོན་པོ་ཕན་ཚུན་གྱི་སྟོབས་ཀྱིས་ལམ་དུ་འགྲོ་བ་དེ་དག་ཟས་དང་། བཏུང་བ་དང་། ཁྲུས་དང་། མལ་དང་། སྟན་ལ་སོགས་
པ་ཡོངས་སུ་ལོངས་སྤྱོད་པའི་བྱ་བ་ལ་འདྲ་བར་སྤྱོད་པ་དེ་བཞིན་དུ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་མ་འོངས་པའི་དུས་ནས་ད་ལྟ་བའི་དུས་སུ་འོང་བ་གཅིག་མེད་ན་ཡང་ཐམས་ཅད་མཚུངས་པར་མི་ལྡན་པས་འདི་ནི་དེ་དག་གི་རྒྱུའི་དངོས་པོ་ཡིན་ཏེ་དེ་ཡོད་ན་ཡོད་པའི་ཕྱིར་རོ། །གཞན་དག་ན་རེ། དངོས་
པོ་མི་ལྡན་པ་མེད་པའི་ཕྱིར་མཚུངས་པར་ལྡན་པའི་འབྲས་བུ་གཅིག་པའི་དོན་གྱིས་ལྷན་ཅིག་འབྱུང་བའི་རྒྱུ་དང་ཕན་ཚུན་འབྲས་བུ་བསྐྱེད་པས་རབ་ཏུ་ཕྱེ་བའམ། ལྷན་ཅིག་འབྱུང་བའི་རྒྱུ་དང་དམིགས་པ་གཅིག་པར་སྦྱོར་བས་རབ་ཏུ་ཕྱེ་བ་ནི་མཚུངས་པར་ལྡན་པའི་རྒྱུའོ་ཞེས་ཟེར་རོ། །མཚུངས་པར་ལྡན་
པའི་རྒྱུ་བཤད་ཟིན་ཏོ།། །།ཀུན་འགྲོ་ཞེས་བྱ་ཉོན་མོངས་ཅན། །རྣམས་ཀྱི་ཞེས་བྱ་བ་ལ། ཉོན་མོངས་པ་སྨོས་པ་ནི་སྐལ་བ་མཉམ་པའི་རྒྱུ་ལས་ཁྱད་པར་དུ་བྱ་བའི་ཕྱིར་ཏེ། དེ་ནི་ཉོན་མོངས་པ་ཅན་རྣམས་དང་ཉོན་མོངས་པ་ཅན་མ་ཡིན་པ་རྣམས་ཀྱི་ཡིན་གྱི་འདི་ནི་ཉོན་མོངས་

པ་ཅན་ཁོ་ནའི་ཡིན་ནོ། །དེ་ལྟ་ཡིན་ན་གཞན་གྱི་ས་པ་དང་། མ་འོངས་པ་དང་། ཕྱིས་སྐྱེས་པ་དང་། ལྷན་ཅིག་སྐྱེས་པ་ཡང་ཀུན་ཏུ་འགྲོ་བའི་རྒྱུར་ཐལ་བར་འགྱུར་རོ། །ཉོན་མོངས་པ་ཅན་རྣམས་ཀྱི་ཞེས་ཁྱད་པར་གྱི་ཚིག་མེད་པ་དེའི་ཕྱིར། རང་ས་ཀུན་འགྲོ་སྔ་ཞེས་བྱ་བ་སྨོས་སོ། །འདིར་
སྐལ་བ་མཉམ་པའི་རྒྱུ་བཞིན་དུ་རང་གི་རིས་སྨོས་པ་ནི་མ་བྱས་ཏེ། འདི་ལྟར་འདི་ནི་ཉོན་མོངས་པ་ཅན་གྱི་ཐུན་མོང་བའི་རྒྱུ་ཡིན་པ་ཉིད་ཀྱིས་སྐལ་བ་མཉམ་པའི་རྒྱུ་ལས་ཁྱད་པར་དུ་གྱུར་པའི་ཕྱིར་རོ། །དེ་དག་ཀྱང་འོག་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། དེ་དག་ཀྱང་། སྡུག་བསྔལ་རྒྱུ་མཐོང་
སྤང་བྱ་བ། ལྟ་དང་དེ་བཞིན་ཐེ་ཚོམ་མེད། །གང་དེ་ལྷན་ཅིག་མ་འདྲེས་པའི། །མ་རིག་གང་ཡིན་ཀུན་ཏུ་འགྲོ། །ཞེས་བྱ་བ་སྟེ། དངོས་པོ་རིས་ལྔ་པོ་ཐམས་ཅད་ཀྱང་དམིགས་པར་འགྱུར་བའམ། ཉོན་མོངས་པའི་ཚོགས་ཐམས་ཅད་ཀྱི་རྒྱུའི་དངོས་པོར་འགྱུར་བས་ན་ཀུན་ཏུ་འགྲོ་བ་རྣམས་
སོ། །དེ་ཉིད་ཀྱི་ཕྱིར་འདི་ནི་ཉོན་མོངས་པ་ཅན་གྱི་ཆོས་ཀྱི་ཐུན་མོང་གི་རྒྱུ་ཉིད་ཡིན་པས་སྐལ་བ་མཉམ་པའི་རྒྱུ་ལས་ལོགས་ཤིག་ཏུ་རྣམ་པར་གཞག་གོ། །རིས་གཞན་དག་གི་ཡང་ཞེས་བྱ་བ་འདིས་ནི་འདི་ཉོན་མོངས་པ་ཅན་གྱི་ཆོས་ཀྱི་ཐུན་མོང་གི་རྒྱུ་ཉིད་དུ་རྟོགས་པར་བྱེད་དོ། །དེ་ལ་ཀུན་འབྱུང་
དང་། འགོག་པ་དང་། ལམ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བ་རྣམས་ནི་ཀུན་ཏུ་འགྲོ་བའི་རྒྱུ་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་རིས་མཐུན་གཞན་ཡིན་ལ། དེ་བཞིན་དུ་གང་དག་ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ལས་གཞན་པ་དེ་དག་ཀྱང་རིས་གཞན་ཡིན་ནོ། །དེའི་ཕྱིར་རིས་
གཞན་པ་དེ་དག་གི་ཡང་རྒྱུ་ཡིན་པའི་ཕྱིར་ཏེ། ཡང་ཞེས་བྱ་བའི་སྒྲས་ནི་རང་གི་རིས་པ་རྣམས་ཀྱི་ཡང་ཡིན་ནོ་ཞེས་བྱ་བར་རྟོགས་སོ། །ཀུན་ཏུ་འགྲོ་བའི་རྒྱུ་སྔར་སྐྱེས་པ་ནི་རིས་ལྔ་ཆར་གྱི་ཉོན་མོངས་པ་ཅན་མ་སྐྱེས་པ་ཡང་རྒྱུ་མཐུན་པའི་འབྲས་བུ་ཉིད་དུ་ཡོངས་སུ་འཛིན་ཏེ། དེའི་ཕྱིར་དེ་དག་གི་
མཐུན་ནི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་ཀྱང་ཉོན་མོངས་པ་ཐམས་ཅད་ནི་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་ནོ། །འཇིག་ཚོགས་ལ་ལྟ་བ་ལས་སྐྱེས་པའོ། །འཇིག་ཚོགས་ལ་ལྟ་བའི་ཀུན་འབྱུང་བ་ཅན་ནོ་ཞེས་གསུངས་སོ། །གཞན་དག་ན་རེ། ལྷན་ཅིག་འབྱུང་

བའི་རྒྱུའི་ཕྱོགས་གཅིག་དང་མཚུངས་པར་ལྡན་པ་དང་སྐལ་བ་མཉམ་པའི་རྒྱུའི་ཕྱོགས་གཅིག་ནི་ཀུན་ཏུ་འགྲོ་བའི་རྒྱུའོ་ཞེས་ཟེར་རོ། །དེ་དག་གིས་ནི་འདི་སྐད་བཤད་པར་འགྱུར་ཏེ། ཀུན་ཏུ་འགྲོ་བའི་རྒྱུ་གང་ཡིན་པ་དེ་སྐལ་བ་མཉམ་པའི་རྒྱུ་ཡང་ཡིན་ནོ་ཞེས་བྱ་བའོ། །དེ་ནི་
དེ་ལྟར་མ་ཡིན་ཏེ། ཧེ་ཏུ་སཾ་བྷེ་ད་པྲ་སཾ་གཱ་དཱ་སཾ་བྷིནྣ་པྲ་ཀཱ་རཱ་ཤྩ་ཧེ་ཏ་བཿ། ས་ཏྱ་པི་དྲ་བྱ་སཾ་བྷེ་དེ། <རྒྱུ་འཆོལ་བ་ཐལ་བའི་ཕྱིར་མ་འདྲེས་རྣམ་པ་རྣམས་ཀྱང་རྒྱུ་རྣམས་ཡོད་ཀྱང་རྫས་འཆོལ་བ་ལ།> འདི་ལྟར་རང་གི་རིགས་ཀྱི་སྲེད་པ་དང་འཇིག་ཚོགས་ལ་ལྟ་བ་དག་ཕན་ཚུན་རབ་ཏུ་འཇུག་པར་བྱེད་པ་ཉིད་ཡིན་ཀྱང་སྐལ་བ་མཉམ་པ་དང་ཀུན་ཏུ་འགྲོ་བའི་རྒྱུ་དག་ལ་བྱེ་བྲག་ཡོད་དོ། །སྲེད་པ་མཐའ་དག་མིགས་
པའི་ཡུལ་ཡིན་པའི་ཕྱིར་ཨཱཏྨཱ་བྷི་ནི་བེ་ཤཿ <བདག་མངོན་པར་ཞུགས།> སྲེད་པ་རབ་ཏུ་འཇིག་ཅིང་ཐེ་ཚོམ་དུ་བྱེད་ཅིང་སྲིད་པ་ཉིད་འཇིག་ཚོགས་ལ་ལྟ་བ་མཐའ་དག་གི་དམིགས་པའི་ཡུལ་ཡིན་པས་བརྟན་པོར་བྱེད་པ་ལ་བདག་ཏུ་ལྟ་བ་དང་ཐེ་ཚོམ་དུ་བྱེད་དོ། །དེས་ན་ཀུན་ཏུ་
འགྲོ་བ་རྣམས་ནི་ཉོན་མོངས་པ་ཐམས་ཅད་ཀྱི་དམིགས་པའི་ཡུལ་ཡིན་པའི་ཕྱིར་དང་། ཉོན་མོངས་པ་རྣམས་ཀྱི་རྒྱུ་བ་ཤིན་ཏུ་སྤངས་པར་གཏོད་པའི་ཕྱིར་རོ། །འཕགས་པ་རྣམས་ཀྱི་ཀུན་ཏུ་འགྲོ་བའི་རྒྱུ་སྤང་བའི་ཕྱིར་ལ། སྤང་བ་ཡང་རྒྱུའི་དངོས་པོར་མི་སྲིད་དོ་སྙམ་དུ་འདྲི་བ་ནི།
ཅི་འཕགས་པའི་གང་ཟག་གི་ཞེས་བྱ་བ་རྒྱས་པར་སྨོས་སོ། །འཕགས་པའི་གང་ཟག་ནི་རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་རྣམས་ལ་མངོན་པར་འདོད་དོ། །དེ་དག་ལ་ཉོན་མོངས་པ་ཀུན་ཏུ་སྤྱོད་པ་སྲིད་པའི་ཕྱིར་རོ། །ཁ་ཆེ་བ་རྣམས་ན་རེ། ཉོན་མོངས་པ་ཅན་ཐམས་
ཅད་ཀྱི་ཞེས་བྱ་བ་རྒྱས་པར་འབྱུང་སྟེ། དེ་དག་ནི་སྤངས་ཟིན་པའི་འཕགས་པའི་གནས་སྐབས་ནི་རྒྱུའི་དངོས་པོར་འགྱུར་བ་མི་རུང་སྟེ། འོ་ན་ཅི་ཞེ་ན། དེ་དག་ནི་སོ་སོ་སྐྱེ་བོའི་གནས་སྐབས་ཁོ་ནར་རྒྱུའི་དངོས་པོར་རྣམ་པར་གནས་པ་ཡིན་ཏེ། གང་ཞིག་གང་གི་རྒྱུ་ཡིན་པ་དེ་ནི་ནམ་ཡང་
དེའི་རྒྱུ་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བས་དེ་དག་ནི་སྤངས་ཀྱང་། དེ་དག་ནི་ཉོན་མོངས་པ་ཅན་གྱི་ཆོས་རྣམས་ཀྱི་རྒྱུ་ཉིད་དུ་བསྙད་དོ། །འདིར་ཀུན་ཏུ་འགྲོ་བའི་རྒྱུ་ཉོན་མོངས་པ་ཅན་གྱི་ཆོས་ཀྱི་ཐུན་མོང་གི་རྒྱུ་ཉིད་ཡིན་པའི་ཁུངས་ནི་འདི་ཡིན་ཏེ། འདིར་འཕགས་པའམ། སོ་སོ་སྐྱེ་བོའི་ཉོན་མོངས་

པ་ཅན་ཞེས་བྱ་བར་ཁྱད་པར་དུ་མ་བྱས་པ་དེའི་ཕྱིར་ན་འཕགས་པའི་ཡང་ཡིན་ནོ་ཞེས་བྱ་བར་རྟོགས་སོ། །མཐོང་བས་སྤང་བར་བྱ་བའི་རྒྱུ་ལས་བྱུང་བ་ཞེས་ཁྱད་པར་མེད་པ་ཡིན་ཡང་ཀུན་ཏུ་འགྲོ་བ་རྣམས་ཁོ་ན་གཟུང་ངོ་། །དེ་བཞིན་དུ་རྣམ་པར་སྨིན་པ་ཡང་ཁྱད་པར་མེད་པར་བརྗོད་དུ་ཟིན་ཀྱང་མི་དགེ་
བ་རྣམས་ཁོ་ནའི་ཡིན་གྱི་ལུང་དུ་མ་བསྟན་པ་རྣམས་ཀྱི་ནི་མ་ཡིན་ནོ། །ལུང་དུ་མ་བསྟན་པའི་རྒྱུ་ལས་བྱུང་བའི་ཆོས་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། འདིར་ཡང་མི་དགེ་བ་རྣམས་སོ་ཞེས་བྱ་བ་འདི་ཁུངས་ཡིན་ནོ། །ལུང་དུ་མ་བསྟན་པ་ནི་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་གཉིས་
ཏེ། དེ་དག་ཀྱང་ཁྱད་པར་མེད་པར་མི་དགེ་བའི་ཆོས་རྣམས་ཀྱི་རྒྱུའི་དངོས་པོར་བསྟན་པས་འཕགས་པའི་མི་དགེ་བའི་ཆོས་རྣམས་ཀྱང་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བའི་རྒྱུ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བར་ངེས་པ་ཡིན་ནོ། །གཞན་ལུང་མ་བསྟན་མ་ཡིན་པའི་ཆོས་རྣམས་ནི་བྱེད་
རྒྱུ་མ་གཏོགས་པར་རྒྱུ་གཞན་གྱིས་དགེ་བའི་ཆོས་རྣམས་ཀྱི་རྒྱུ་ཉིད་བྱེད་དེ་བྱེད་རྒྱུ་ཉིད་ཀྱང་ལུང་མ་བསྟན་གྱི་ཆོས་རྣམས་ནཱ་ནེ་བྷྱོ་བཱ་ཉི་ཤ་ཡཿལུང་དུ་མ་བསྟན་པའི་ཆོས་འདུས་བྱས་རྣམས་ཞེས་བྱ་བ་ལ། འདུས་བྱས་སྨོས་པ་ནི་ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་རྣམ་པར་གཅད་
པར་བྱ་བའི་ཕྱིར་རོ། །ལུང་དུ་མ་བསྟན་པ་རྣམས་དང་ལུང་དུ་མ་བསྟན་པ་རྣམས་ཀྱི་ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པ་དང་སྐལ་བ་མཉམ་པ་དང་ཀུན་ཏུ་འགྲོ་བའི་རྒྱུ་རྣམས་ཀྱི་ཇི་ལྟར་སྲིད་པའི་རྒྱུར་འགྱུར་རོ། །ཀུན་ཏུ་འགྲོ་བའི་རྒྱུ་ནི་མ་ཡིན་ནོ། །སྡུག་བསྔལ་གྱི་བདེན་པ་འཇིག་ཚོགས་
ལ་ལྟ་བའི་རྒྱུ་ཅན་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་མ་ཡིན་པ་ཡང་ཡོད་དེ་ཞེས་བྱ་བ་ནས་རྒྱས་པར་འཇིག་ཚོགས་ལ་ལྟ་བ་དང་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལ། འདིར་རྒྱས་པར་ཞེས་བྱ་བ་སྨོས་པ་ནི་སྡུག་བསྔལ་གྱི་བདེན་པ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་ལ། འཇིག་
ཚོགས་ལ་ལྟ་བའི་རྒྱུ་མ་ཡིན་པ་ཡང་ཡོད་དོ། །འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་མ་ཡིན་པ་ཡང་ཡོད། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་མ་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་ཡིན་པ་ཡོད་དོ། །འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་མ་ཡིན་

ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་མ་ཡིན་པ་ཡོད་དམ་ཞེ་ན། དེ་ལ་མུ་དང་པོ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་འདས་པ་དང་ད་ལྟར་བྱུང་བ་རྣམས་དང་། དེ་དག་དང་མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པ་མ་གཏོགས་པ་དང་། ཀུན་འབྱུང་
བ་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་ཀུན་ཏུ་འགྲོ་བ་འདས་པ་དང་། ད་ལྟར་བྱུང་བ་རྣམས་དང་། དེ་དག་དང་མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པ་མ་གཏོགས་པ་དང་། འཇིག་ཚོགས་ལ་ལྟ་བ་མ་འོངས་པ་དང་། དེ་དག་དང་མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པ་མ་གཏོགས་པ་
དང་། འཇིག་ཚོགས་ལ་ལྟ་བ་དེ་དང་མཚུངས་པར་ལྡན་པའི་ཆོས་སྐྱེ་བ་དང་རྒ་བ་དང་གནས་པ་དང་མི་རྟག་པ་དང་ཞེས་བྱ་བའི་གཞུང་འདི་འཕེན་པ་ཡིན་ནོ། །མ་གཏོགས་པ་དག་ལས་གཞན་པ་དེ་དག་གང་ཞེ་ན། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་མ་འོངས་པ་མཚུངས་པར་ལྡན་པ་དང་བཅས་པ་
རྣམས་དང་། སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་མ་འོངས་པ་རྣམས་དང་། ཀུན་འབྱུང་མཐོང་བས་སྤང་བར་བྱ་བ་ཀུན་ཏུ་འགྲོ་བ་མ་འོངས་པ་རྣམས་དང་། འགོག་པ་དང་ལམ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བ་ཐམས་ཅད་ཁོ་ན་སྟེ། དེ་ནི་སྡུག་བསྔལ་གྱི་བདེན་པ་འཇིག་ཚོགས་ལ་ལྟ་
བའི་རྒྱུ་ཅན་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་མ་ཡིན་ནའོ། །དེ་ལ་འདིར་གསུམ་པའི་ཁུངས་འཕགས་པའི་གང་ཟག་གི་ཡང་ཉོན་མོངས་པ་ཅན་གྱི་ཆོས་ཀུན་ཏུ་འགྲོ་བའི་རྒྱུ་ཅན་ནོ་ཞེས་བསྒོམ་པས་སྤང་བར་བྱ་བ་རྣམས་ཁྱད་པར་དུ་མ་བྱས་ཏེ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཉིད་དུ་བསྟན་པའི་ཕྱིར་
རོ། །གལ་ཏེ་འཕགས་པའི་གང་ཟག་གི་ཉོན་མོངས་པ་ཅན་གྱི་ཆོས་རྣམས་ཀྱི་ཀུན་ཏུ་འགྲོ་བའི་རྒྱུ་ཅན་ཡིན་ན། འོ་ན་བཏགས་པའི་བཤད་པ་འདི་ཇི་ལྟར་དྲང་ཞེས་བྱ་བ་ནི་བསྟན་བཅོས་དང་འགལ་བར་སྟོན་ཏོ། །གལ་ཏེ་འཕགས་པའི་ཉོན་མོངས་པ་ཅན་གྱི་ཆོས་རྣམས་ཀྱང་ཀུན་ཏུ་འགྲོ་བའི་རྒྱུ་ལས་
བྱུང་བ་ཡིན་ནའོ། །འདྲི་བའི་བསམ་པ་ནི་མི་དགེ་བ་ནི་མི་དགེ་བའི་རྒྱུ་ལས་བྱུང་བ་ཁོ་ནའོ་ཞེས་ངེས་པར་གཟུང་བའི་ཕྱིར་ན། ལུང་དུ་མ་བསྟན་པའི་རྒྱུ་ཅན་ནི་མ་ཡིན་ནོ་སྙམ་པའོ། །ཡོད་དེ་འཕགས་པའི་གང་ཟག་འདོད་པའི་འདོད་ཆགས་དང་བྲལ་བ་ལས་ཞེས་བྱ་བ་ལ་སོགས་པ་ལ་སེམས་པ་

དེའི་རྒྱུ་ནི་མི་དགེ་བ་འབའ་ཞིག་ཏུ་མ་ཟད་ཀྱི། འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པའི་ལྟ་བའི་བདག་ཉིད་ཅན་ལུང་དུ་མ་བསྟན་པ་ཡང་ཡིན་ནོ། །དེ་ནི་མི་དགེ་བ་དང་ལུང་དུ་མ་བསྟན་པའི་རྒྱུ་ཅན་ཉིད་ཀྱང་ཡིན་མོད་ཀྱང་། དེ་ནི་རྒྱུ་མ་སྤངས་པ་ལ་དགོངས་ནས་གསུངས་པ་ཡིན་ནོ། །དེའི་རྒྱུ་
ལུང་དུ་མ་བསྟན་པ་ཡང་སྤང་བ་ཡིན་ནོ། །མཐོང་བས་སྤང་བར་བྱ་བ་ཡོངས་སུ་གཏུགས་ཏེ་སྤང་བའི་ཕྱིར་ལ། མཐོང་བའི་ལམ་ལས་ཡོངས་སུ་ཉམས་པ་ཡང་མེད་པའི་ཕྱིར་རོ། །དེ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་སྐྱེ་བ་ཡིན་ཏེ། དེའི་ཕྱིར་མི་དགེ་བ་འདོད་ཆགས་ལ་སོགས་པའི་
བསྒོམ་པས་སྤང་བར་བྱ་བ་མ་སྤངས་པ་ལ་དགོངས་ནས་གསུངས་པ་ཡིན་ནོ། །དེ་ཇི་ལྟར་མ་སྤངས་ཤེ་ན། དེ་སྤངས་པ་ལས་ཡོངས་སུ་ཉམས་པའི་ཕྱིར་ཏེ། ལྷན་ཅིག་འབྱུང་བ་དང་། མཚུངས་པར་ལྡན་པའི་རྒྱུས་བསྡུས་པའི་རྒྱུ་མི་དགེ་བ་ལ་དགོངས་ནས་དེ་སྐད་དུ་གསུངས་པས་བསྟན་བཅོས་
དང་འགལ་བ་མེད་དོ། །ཀུན་ཏུ་འགྲོ་བའི་རྒྱུ་བཤད་ཟིན་ཏོ།། །།རྣམ་སྨིན་རྒྱུ་ནི་མི་དགེ་དང་། །ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རྣམ་པར་སྨིན་པའི་རྒྱུ་ནི་དེ་དག་ཁོ་ན་ཡིན་ནོ་ཞེས་བྱ་བར་ངེས་པར་གཟུང་སྟེ། དེ་དག་རྣམ་པར་སྨིན་པའི་རྒྱུ་ཁོ་ནའོ་ཞེས་བྱ་བར་ནི་མ་ཡིན་ནོ། །ཟག་པ་དང་
བཅས་པ་སྨོས་པ་ནི་ཟག་པ་མེད་པ་བསལ་བར་བྱ་བའི་ཕྱིར་རོ། །མི་དགེ་བ་ནི་ཟག་པ་དང་བཅས་པ་ཁོ་ན་ཡིན་པས་དེ་ལས་ཁྱད་པར་དུ་མ་བྱས་སོ། །ཡང་འདིར་རྒྱུའི་དོན་ཅི་ཞེ་ན། ཇི་ལྟར་ལས་ཉེ་བར་སོན་པས་སེམས་ཅན་རྣམས་ལས་ཀྱི་རྣམ་པར་འབྱེད་དེ། སེམས་ཅན་དམན་པ་རྣམས་ལ་དམན་པ་
དང་བཟང་པོ་རྣམས་ལ་གྱ་ནོམ་པའོ་ཞེས་པ་ལྟ་བུའོ། །དང་གི་སྒྲ་ནི་རྒྱུ་ཐ་དད་ཀྱང་འབྲས་བུ་ཐ་མི་དད་པར་ཤེས་པར་བྱེད་པའི་ཕྱིར་རོ། །ངེས་པར་གཟུང་བ་ནི་ཐལ་བར་གྱུར་པ་ལས་རྣམ་པར་སྨིན་པའི་རྒྱུ་བཟློག་པར་བྱ་བའི་ཕྱིར་རོ། །ཁ་ཅིག་ནི་ཐམས་ཅད་རྣམ་པར་སྨིན་པ་ཞེས་སེམས་ཏེ། སྣང་བ་
རྒྱ་ཆེན་པོ་ཅན་རྣམ་པར་སྨིན་པ་ཞེས་གསུངས་པའི་ཕྱིར། སྲེད་པའི་རྣམ་པར་སྨིན་པ་ཚོར་བའོ་ཞེ་ན། ཚིག་དེ་དེ་བཞིན་གཤེགས་པའི་གསུང་མ་ཡིན་ཏེ། གང་རྣམ་པར་སྨིན་པར་འགྱུར་བ་དེ་ཐམས་ཅད་ཀྱི་རྒྱུ་རྣམ་པར་སྨིན་པའི་རྒྱུ་ཞེས་བྱ་བར་འགྱུར་རོ། །སཱ་མཱ་སྟ་དྱ་ཏེ་ཨེ་ཏེ།

ཨཽ་བ་མྱ་ཏཱ་མིན་ནོ། །རྣམ་པར་སྨིན་པའི་སྒྲ་ཞེས་བྱ་བ་གང་ལས་ཀྱང་འདི་ཉིད་རྣམ་པར་སྨིན་པའི་རྒྱུ་གཞན་མ་ཡིན་ཞེས་བྱ། དེ་ཉིད་ཀྱི་ཕྱིར་རྣམ་པར་སྨིན་པའི་ཆོས་ཡིན་པའི་ཕྱིར་ཞེས་ཏེ། རྣམ་པར་སྨིན་པའི་སྐབས་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གཞན་
དག་རྣམ་པར་སྨིན་པའི་ཆོས་ཅན་འདི་མ་ཡིན་པར་བསྟན་པའི་ཕྱིར་དྲི་བ་ནི། ཅིའི་ཕྱིར་ལུང་དུ་མ་བསྟན་པའི་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །ཇི་ལྟར་ས་བོན་རུལ་བ་དག་ནི་མངོན་པར་བརླན་ཡང་སྟོབས་ཆུང་བའི་ཕྱིར་མྱུ་གུའི་རྒྱུ་མ་ཡིན་པ་དེ་བཞིན་དུ་ལུང་དུ་མ་བསྟན་པ་ཡང་ཟག་པ་དང་བཅས་པའི་ཕྱིར།
སྲེད་པས་མངོན་པར་བརླན་ཡང་སྟོབས་ཆུང་བའི་ཕྱིར་རྣམ་པར་སྨིན་པའི་རྒྱུ་མ་ཡིན་ནོ། །ཡང་ཇི་ལྟར་ས་བོན་གྲུང་པོ་ཆུ་དག་གིས་མངོན་པར་མ་བརླན་པ་མྱུ་གུའི་རྒྱུ་མ་ཡིན་པ་དེ་བཞིན་དུ་ཟག་པ་མེད་པ་རྣམས་ཀྱང་དགེ་བ་ཡིན་པའི་ཕྱིར། གྲུང་ཡང་སྲེད་པས་མངོན་པར་མ་བརླན་པའི་ཕྱིར་རྣམ་པར་
སྨིན་པའི་རྒྱུ་མ་ཡིན་ནོ། །གཅིག་ནི་རང་གི་ནུས་པ་དང་བྲལ་བའི་ཕྱིར་རྣམ་པར་སྨིན་པའི་རྒྱུ་མ་ཡིན་ལ། ཅིག་ཤོས་ནི་ལྷན་ཅིག་སྐྱེས་པའི་རྐྱེན་མ་ཚང་བའི་ཕྱིར་རྣམ་པར་སྨིན་པའི་རྒྱུ་མ་ཡིན་ནོ། །ལྡན་པ་མ་ཡིན་པ་རྣམས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། རྣམ་པར་སྨིན་པ་ནི་འདོད་པའི་
ཁམས་ལ་སོགས་པའི་ཆོས་ཅན་ཡིན་པའི་ཕྱིར། གདོན་མི་ཟ་བར་འདོད་པའི་ཁམས་ལ་སོགས་པ་དང་ལྡན་པར་འགྱུར་ན། ལྡན་པ་མ་ཡིན་པ་ནི་རྣམ་པར་སྨིན་པ་དང་ལྡན་པའི་རྒྱུར་མི་རུང་སྟེ། ངེས་པའི་རྒྱུ་མེད་པའི་ཕྱིར་རོ། །ལྷག་མ་རྣམས་ཞེས་བྱ་བ་ནི་མི་དགེ་བ་དང་དགེ་བ་ཟག་པ་དང་བཅས་
པ་དག་གོ། །རྣམ་པ་གཉིས་ཀ་ཡིན་པའི་ཕྱིར་ཞེས་བྱ་བ་ལ། དགེ་བ་དང་མི་དགེ་བ་ཉིད་ཀྱིས་གྲུང་པོ་ཡིན་པའི་ཕྱིར། རང་གི་ནུས་པ་དང་ལྡན་ལ། སྲེད་པས་མངོན་པར་བརླན་པའི་ཕྱིར་ལྷན་ཅིག་བྱེད་པའི་རྐྱེན་དང་ལྡན་པ་ཡིན་ནོ། །གཉིས་ཀ་ལྟར་ཡང་རུང་ངོ་ཞེས་སྔར་བཤད་ཟིན་ཏོ་ཞེས་བྱ་བ་ལ།
རྣམ་པར་སྨིན་པའི་རྒྱུ་ནི་རྣམ་པར་སྨིན་པའོ་ཞེས་ཚིག་བསྡུ་ན་ནི། རྒྱུའི་སྒྲ་མི་མངོན་པར་བྱས་པས་མིག་རྣམ་པར་སྨིན་པ་ལས་སྐྱེས་པ་ཡིན་ནོ་ཞེས་བྱ་བ་དང་མི་འགལ་ལོ། །ཡང་ན་རྣམ་པར་སྨིན་པ་ཉིད་རྒྱུ་ཡིན་པས་རྣམ་པར་སྨིན་པའི་རྒྱུ་ཡིན་ནོ་ཞེས་ཚིག་བསྡུ་ན་ཡང་འབྲས་བུའི་དུས་སུ་ཕྱིན་པའི་ལས་ལ་རྣམ་པར་སྨིན་

པར་འགྱུར་བས་ན། རྣམ་པར་སྨིན་པ་ཞེས་བྱ་སྟེ། དེ་ལྟ་ན་ལས་ཀྱི་རྣམ་པར་སྨིན་པ་ཞེས་བྱ་བ་དང་མི་འགལ་ལོ། །འབྲས་བུ་ནི་རྣམ་པར་སྨིན་པ་ཡིན་པས་རྣམ་པར་སྨིན་པ་ཞེས་བྱའི། རྣམ་པར་སྨིན་པར་འགྱུར་བས་ནི་མ་ཡིན་ནོ། །མི་འདྲ་བར་སྨིན་པ་ནི་ཞེས་བྱ་བ་ལ་རྣམ་པར་སྨིན་པའི་འབྲས་བུ་ནི་
རྒྱུ་དང་མི་འདྲ་བའི་འབྲས་བུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་རྒྱུ་ནི་མི་དགེ་བ་དང་དགེ་བ་ཟག་པ་དང་བཅས་པ་དག་ཡིན་ལ་འབྲས་བུ་ནི་ལུང་དུ་མ་བསྟན་པ་ཡིན་པས་རྒྱུ་དང་མི་འདྲ་བ་ཡིན་ནོ། །ལྷན་ཅིག་འབྱུང་བ་དང་མཚུངས་པར་ལྡན་པ་དང་སྐལ་བ་མཉམ་པ་དང་ཀུན་ཏུ་འགྲོ་བའི་རྒྱུ་རྣམས་
ལ་མི་འདྲ་བར་རྣམ་པར་སྨིན་པ་མེད་དོ། །བྱེད་པའི་རྒྱུ་ལ་ནི་འདྲ་བ་དང་མི་འདྲ་བ་གཉི་ག་ཅི་རིགས་པའོ། །རྣམ་པར་སྨིན་པའི་རྒྱུ་བཤད་པའི་སྒོ་ནས་འདོད་པའི་ཁམས་ན་རྣམ་པར་སྨིན་པའི་རྒྱུ་ཕུང་པོ་གཅིག་ལ་ཞེས་བྱ་བ་རྒྱས་པར་འབྱུང་བ་འདི་ཡང་བསྟན་པར་བྱའོ། །ཐོབ་པ་རྣམས་དང་དེ་དག་གི་སྐྱེ་བ་
ལ་སོགས་པ་རྣམས་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་པའི་ཕྱིར་ན་ཕུང་པོ་གཅིག་གོ། །ཐོབ་པ་རྣམས་ཀྱི་འབྲས་བུ་གང་ཡིན་པ་དེ་ཉིད་དེ་དག་གི་སྐྱེ་བ་ལ་སོགས་པ་རྣམས་ཀྱི་ཡང་ཡིན་པས་འབྲས་བུ་གཅིག་གོ། །ཐོབ་པ་རྣམས་ནི་ཐོབ་པ་དང་ལྡན་པ་དང་འབྲས་བུ་ཐ་དད་ཀྱི། མཚན་ཉིད་རྣམས་ནི་མ་
ཡིན་ཏེ། མཚན་གཞི་དང་། གཉིས་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཕུང་པོ་གཉིས་ལ་ཞེས་བྱ་བ་ལ། ལུས་དང་ངག་གི་ལས་དགེ་བ་དང་མི་དགེ་བ་ནི་གཟུགས་ཀྱི་ཕུང་པོ་ཡིན་ནོ། །དེ་དག་གི་སྐྱེ་བ་ལ་སོགས་པ་རྣམས་ནི་འདུ་བྱེད་ཀྱི་ཕུང་པོ་ཡིན་ནོ། །ལྷན་ཅིག་འབྱུང་བའི་རྒྱུ་ཡིན་
པའི་ཕྱིར་ལུས་དང་ངག་གི་ལས་དང་། དེ་དག་གི་སྐྱེ་བ་ལ་སོགས་པ་རྣམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ནི་གཅིག་ཁོ་ན་ཡིན་ཏེ། འབྲས་བུ་ཐ་དད་ནི་ལྷན་ཅིག་འབྱུང་བའི་རྒྱུ་ཉིད་དུ་འགལ་བའི་ཕྱིར་རོ། །ཕུང་པོ་གསུམ་པ་ནི་ཁམས་གསུམ་ཀ་ན་ཡང་མེད་དེ། སེམས་དང་སེམས་
ལས་བྱུང་བ་རྣམས་གདོན་མི་ཟ་བར་འབྲས་བུ་གཅིག་པ་ཡིན་པའི་ཕྱིར་རོ། །ཕུང་པོ་བཞི་ལ་ཞེས་བྱ་བ་ལ། སེམས་དང་སེམས་ལས་བྱུང་བ་དགེ་བ་དང་མི་དགེ་བ་དག་ནི་ཅི་རིགས་པར་ཕུང་པོ་བཞིས་བསྡུས་པ་ཡིན་ལ། དེ་དག་གི་སྐྱེ་བ་ལ་སོགས་པ་རྣམས་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་

པ་ཡིན་ནོ། །འདོད་པའི་ཁམས་ན་མཉམ་པར་གཞག་པའི་སེམས་མེད་པས་རྗེས་སུ་འཇུག་པའི་སེམས་གཟུགས་མི་སྲིད་པའི་ཕྱིར་ཕུང་པོ་ལྔ་པོ་ནི་ཡོད་པ་མ་ཡིན་ནོ། །ཕུང་པོ་བཞི་པོ་བཞི་ཆར་གྱི་ཡང་རྣམ་པར་སྨིན་པའི་འབྲས་བུ་ནི་གཅིག་ཁོ་ནའི་ཡིན་གྱི་ཐ་དད་པ་ནི་མ་ཡིན་
ནོ། །ལྷན་ཅིག་འབྱུང་བའི་རྒྱུ་མ་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་དག་གི་དེའི་སྐད་ཅིག་དང་དེའི་ཀུན་སློང་གི་སེམས་དང་སེམས་ལས་བྱུང་བ་རྣམས་འབྲས་བུ་གཅིག་གོ་ཞེས་ཟེར་རོ། །འདོད་པའི་ཁམས་ན་ཕུང་པོ་ལྔ་ཡང་ཡོད་པ་དེའི་ལྷན་
ཅིག་འབྱུང་བའི་རྒྱུ་མ་ཡིན་པ་མེད་པའི་ཕྱིར་གཞན་ཉིད་དོ། །གང་གི་ཕྱིར་ལུས་དང་ངག་གི་ལས་རྣམ་པར་སྨིན་པ་ལས་གཞན་པ་དང་། དེའི་ཀུན་ནས་སློང་བའི་སེམས་དང་སེམས་ལས་བྱུང་བ་རྣམས་སྐད་ཅིག་མ་རེ་རེ་བ་དག་ཁོ་ནའོ། །རེ་ཞིག་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་
པ་དག་འབྲས་བུ་ཐ་དད་དེ། རྣམ་པར་རིག་བྱེད་ཀྱི་ནི་རྡུལ་ཕྲ་རབ་རྣམས་སོ། །རྣམ་པར་རིག་བྱེད་མ་ཡིན་པའི་སྲོག་ཆགས་གསོད་པ་ལ་སོགས་པའི་རྫས་རྣམས་སོ། །སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་ནི་སྔར་བཤད་པ་ཉིད་དོ། །འདོད་པའི་ཁམས་རྣམ་པར་སྨིན་པའི་རྒྱུ་
ཕུང་པོ་ལྔ་པ་མེད་དོ། །གཟུགས་ཀྱི་ཁམས་ན་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཐོབ་པ་སྐྱེ་བ་ལ་སོགས་པ་དང་བཅས་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་སྐྱེ་བ་ལ་སོགས་པ་དང་བཅས་པ་སྟེ། ཐོབ་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་གཉིས་དང་། དེ་དག་གི་
སྐྱེ་བ་ལ་སོགས་པ་རྣམས་ནི་འདུ་བྱེད་ཀྱི་ཕུང་པོས་བསྡུས་པའི་ཕྱིར་ཕུང་པོ་གཅིག་ཡིན་ལ། མཚན་ཉིད་དང་མཚན་གཞི་གཉིས་འབྲས་བུ་ཐ་མི་དད་པ་ཡིན་པའི་ཕྱིར་འབྲས་བུ་གཅིག་པ་ཡིན་ནོ། །ཕུང་པོ་གཉིས་པ་ནི་ཞེས་བྱ་བ་ལ། བསམ་གཏན་དང་པོ་ཁོ་ནའི་རྣམ་པར་རིག་བྱེད་
དགེ་བ་ཡིན་གྱི། བསམ་གཏན་གཉིས་པ་ལ་སོགས་པ་དག་གི་ནི་མ་ཡིན་ཏེ། དེའི་ས་པའི་རྟོག་པ་དང་དཔྱོད་པ་མེད་པའི་ཕྱིར་ལ། ས་འོག་མ་པའི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ཁོ་ན་དེར་མངོན་དུ་བྱེད་པའི་ཕྱིར་རྣམ་པར་སྨིན་པ་མེད་དོ། །རྣམ་པར་རིག་བྱེད་

ནི་གཟུགས་ཀྱི་ཕུང་པོའ