Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 209
Văn bản gốc(Tây Tạng)
Trang 17 / 28 (50.000 ký tự/trang)
རྣམས་ལ་ཡང་བརྗོད་པར་བྱའོ་ ཞེས་སློབ་དཔོན་འདུས་བཟང་ཟེར་རོ། །སློབ་དཔོན་ནི་རྫས་སུ་ཡོད་པའི་མཚན་ཉིད་དུ་བརྗོད་པར་འདོད་པ་མེད་དེ། འདུས་པ་ལ་དྲི་བ་བྱས་པའི་ཕྱིར་རོ། །དེའི་ཕྱིར་མིང་གི་ཚོགས་ནི་མིང་གི་ལུས་ཏེ་མིང་གི་རྫས་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་མཚན་ཉིད་བསམ་པ་ལ་འདུས་པས་ དགོས་པ་མེད་པ་ཅི་ཞེ་ན། བསྟན་བཅོས་ལས་བཤད་པ། མིང་གི་ཚོགས་གང་ཞེ་ན། མིང་གང་ཡིན་པ་ཞེས་རྒྱ་ཆེར་འབྱུང་སྟེ། གལ་ཏེ་ཚོགས་ཀྱི་སྒྲ་ནི་ལུས་བརྗོད་པ་ཉིད་དེ་ས་ཏི་ཀཱ་ཡ་<སོགས་པའི་ཚོགས་>གྲ་ལྕི་བ་པ་མ་ནརྠ་ཀཾ། <དོན་མ་ཡིན་པ་ཅན།> མིང་དང་མིང་ཁོ་ན་ལས་དེའི་རང་བཞིན་རྗོད་པར་བྱེད་པའི་ཕྱིར་རོ། །དེ་ བཞིན་དུ་བུམ་པ་ལ་སོགས་པ་ལ་ཡང་བརྗོད་པར་བྱའོ། །བསྟན་བཅོས་སུ་མིང་གི་ཚོགས་གང་ཞེ་ན་ཞེས་དྲིས་ཏེ། ཇི་སྐད་དུ་མིང་གང་ཡིན་པ་དང་ཞེས་བྱ་བ་ནི་དེ་ལས་དོན་གཞན་དུ་གྱུར་པའི་མིང་གི་ཚོགས་དགག་པའི་དོན་ཏོ། །ཇི་ལྟར་བསྟན་ བཅོས་སུ་དྲི་བ་བྱ་བ་དེ་ལྟར་སློབ་དཔོན་གྱི་འདི་ལ་འགལ་བ་ཅི་ཞིག་ཡོད། དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས་སྔར་ནི་དེའི་ངོ་བོ་བསྟན་ལ། ཕྱིས་ནི་ཚོགས་པ་དང་ཚོགས་པ་ཅན་གྱི་ཚོགས་དོན་གཞན་མ་ཡིན་པའོ། །དེ་དག་ཀྱང་ངག་གི་རང་བཞིན་ཡིན་པའི་ཕྱིར། ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། བརྗོད་པར་འདོད་པ་སྔོན་དུ་འགྲོ་བ་མགྲིན་པ་དང་། དཀན་དང་། མཆུ་དང་། སོ་དང་ལྕེ་ཕྲད་པ་ལས་ཡི་གེ་ཨ་ལ་སོགས་པའི་ངོ་བོར་གྱུར་པའི་སྒྲ་ལ་ངག་ཅེས་བྱ་ལ། ངག་ལས་ཐ་དད་པར་མིང་གི་ཚོགས་ལ་སོགས་པ་དག་རང་གི་ངོ་བོའམ། འབྲས་ བུའི་སྒོ་ནས་འཛིན་པ་ཡང་མ་ཡིན་ནོ། །དེའི་ཕྱིར་དེ་དག་ངག་གི་རང་བཞིན་ཁོ་ན་ཡིན་ལ། ངག་གི་རང་བཞིན་ཡིན་པའི་ཕྱིར་སྒྲའི་བདག་ཉིད་ཡིན་པས་གཟུགས་ཀྱི་རང་བཞིན་དུ་འགྱུར་ཏེ། སྒྲ་ནི་གཟུགས་ཀྱི་ཕུང་པོས་བསྡུས་པའི་ཕྱིར་རོ། །དེས་ན་ཅིའི་ཕྱིར་སེམས་དང་ལྡན་པ་མ་ཡིན་པ་ རྣམས་ཞེས་བྱ་སྟེ། དེ་དག་རྣ་བའི་དབང་པོས་གཟུང་བར་འདོད་བཞིན་དུ་ཡང་ཞེས་བྱ་བར་བསམས་པའོ། །དེ་དག་ནི་ངག་གི་རང་བཞིན་མ་ཡིན་ཏེ་ཞེས་བྱ་བ་ནི་སྒྲའི་བདག་ཉིད་མ་ཡིན་པའོ། །དེ་ཉིད་ལ་རྒྱུ་སྨྲས་པ་ནི་ངག་ནི་སྒྲ་ཡིན་ན་ཞེས་བྱ་བ་རྒྱས་པར་འབྱུང་བའོ། །ཙམ་ཞེས་བྱ་བའི་ སྒྲ་ནི་མིང་དང་ཚིག་རྣམ་པར་གཅད་པར་བྱ་བའི་ཕྱིར་རོ། །སྒྲ་ནི་རྒྱུད་ནས་མིང་དང་ཚིག་གསལ་བར་བྱེད་པ་ཡིན་པའི་ཕྱིར་དོན་རྟོགས་པའི་རྒྱུ་ཡིན་གྱི། མིང་དང་ཚིག་ལ་བལྟོས་པ་མེད་པར་དངོས་སུ་ནི་མ་ཡིན་ཏེ། དེའི་ཕྱིར་གང་གིས་དོན་རྟོགས་པར་བྱེད་པ་མིང་གི་ཚོགས་ལ་སོགས་པ་དག་ལས་ ཐ་དད་པར་ཡོད་དོ། །དེའི་ཕྱིར་ངག་གིས་དོན་རྗོད་པར་བྱེད་པ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ངག་ནི་མིང་གསལ་བར་བྱེད་པའམ། མིང་སྐྱེད་པར་བྱེད་པའི་ཕྱིར་མིང་ལ་འཇུག་ལ། མིང་གི་དོན་རྗོད་པར་བྱེད་དེ། དེ་གོ་བར་བྱེད་པའི་ཕྱིར་རོ། །འདིས་ནི་མིང་འདི་དོན་དག་ལ་དངོས་སུ་འཇུག་གི ། ཚིག་ནི་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །སྒྲ་ཙམ་ཁོ་ན་ནི་ངག་མ་ཡིན་གྱི། འོ་ན་ཅི་ཞེ་ན། སྒྲའི་ཁྱད་པར་རོ། ཡང་དེ་ཅི་འདྲ་བ་ཞིག་ཅེ་ན། དེའི་ཕྱིར་བཤད་པ། ཡི་གེ་ཀ་ལ་སོགས་པའི་བདག་ཉིད་སྒྲ་གང་གིས་དོན་གོ་བར་འགྱུར་བའི་སྒྲ་དེ་དག་ཡིན་ནོ། །མིང་ལ་སོགས་པའི་ཚོགས་བཀག་ པས་འདྲི་བ་ནི། སྒྲ་གང་གིས་དོན་གོ་བར་འགྱུར་ཞེ་ན་ཞེས་བྱ་བ་ལ་སོགས་པའོ། །གང་ཞིག་སྨྲ་བ་པོ་རྣམས་ཀྱིས་དོན་དག་ལ་མཚམས་བཅད་པ་སྟེ་ཞེས་བྱ་བ་ལ། ཡི་གེ་ཨ་ལ་སོགས་པ་འདི་སྙེད་ཅིག་གི་རིམ་པ་འདིས་དོན་འདི་རྗོད་པར་བྱེད་པ་སྟེ། གང་ཞིག་དེ་ལྟར་དོན་གང་དག་ལ་མཚམས་ བཅད་པ་དེས་དོན་རྟོགས་པར་བྱེད་ཀྱི་ཐམས་ཅད་ཀྱིས་ནི་མ་ཡིན་ནོ། །འདིས་ནི་བརྡ་ལ་བལྟོས་ནས་སྒྲ་དོན་གོ་བར་བྱེད་ཀྱི་ཐམས་ཅད་ཀྱིས་ཀྱང་མ་ཡིན་ལ། ཡོད་པ་ཙམ་གྱིས་ཀྱང་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །དཔེར་ན་གཽཿཞེས་བྱ་བ་ལ་སོགས་པ་ལ་ཡི་གེ་ག་དང་། ཡི་གེ་ཨཽ་ དང་། ཚེག་དྲག་གི་བདག་ཉིད་ཅན་གྱི་སྒྲ་ནི་གོ་རིམས་འདིས་དོན་དགུ་དག་ལ་མཚམས་བཅད་པ་དེ་ལས་དེ་དག་རྟོགས་པར་འགྱུར་རོ། །གང་ཡང་མིང་གི་དོན་རྗོད་པར་བྱེད་དོ་སྙམ་དུ་སེམས་པ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཇི་ལྟར་དོན་གོ་བ་ཅན་ཡིན་ཞེ་ན། དོན་འདིའི་མིང་ནི་འདི་ཡིན་ནོ། ། རྒྱས་པར་བྱས་པ་ལས་ཏེ། དོན་གོ་བ་ཅན་མ་ཡིན་པས་རྟོགས་ན་ནི་བརྡ་བྱང་བ་མེད་པར་ཡང་གོ་བར་འགྱུར་བ་ཞིག་ན་འགྱུར་བ་ཡོད་པ་མ་ཡིན་ནོ། །དེ་ནི་དོན་གོ་བ་ཅན་གྱི་སྒྲ་ཙམ་ཁོ་ནས་འགྲུབ་ལ་ཞེས་བྱ་བ་ལ། དོན་རྗོད་པར་བྱེད་པ་དེ་ནི་མིང་དང་བྲལ་ཞིང་དོན་གོ་བ་ཅན་གྱི་སྒྲས་འགྲུབ་པོ། ། འབྲེལ་པ་ལ་བྱང་བས་དོན་གོ་བ་འདི་ལ་ཡོད་པ་ནི་སྒྲ་དོན་གོ་བ་ཅན་ཏེ། དོན་འདིའི་མིང་འདི་ཡིན་ནོ་ཞེས་བརྡར་བཏགས་པས་འབྲེལ་པ་ལ་བྱང་བའི་ཕྱིར་རོ། །ཇི་ལྟར་ན་གང་མིང་ལ་འཇུག་པ་འདི་ཡང་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་བ་ལ། ངག་ནི་སྒྲའི་བདག་ཉིད་ཡིན་ན། དེ་གལ་ཏེ་རང་གི་བྱེ་བྲག་མིང་སྐྱེད་པར་བྱེད་པ་འམ་གསལ་བར་བྱེད་པ་ཞིག་ཡིན་གྲང་། དེ་ལྟ་ཡིན་ན་འདིར་བྱེ་བྲག་ཁས་མ་བླངས་པའི་ཕྱིར་སྒྲ་ཐམས་ཅད་ཀྱིས་ཀྱང་མིང་སྐྱེད་པའམ་གསལ་བར་བྱེད་པར་འགྱུར་རོ། །འོན་ཏེ་མིང་ཕན་ཚུན་ཁྱད་པར་དུ་འགྱུར་བ་ཁོ་ནའི་སྒྲ་ངག་ཏུ་འདོད་དོ་ ཞེ་ན། འོན་ཏེ་སྒྲའི་ཁྱད་པར་དེ་ལྟ་བུ་ཞིག་ཅེས་བྱ་བ་རྒྱ་ཆེར་འབྱུང་ངོ་། །དོན་བརྗོད་པ་ནི་དོན་གྱི་ཡུལ་ཅན་གྱི་ཤེས་པ་སྐྱེད་པ་ཡིན་ན། དེ་ནི་སྒྲའི་ཁྱད་པར་དོན་དག་ལ་མཚམས་བཅད་པ་ཁོ་ནས་བྱེད་པར་འགྱུར་བས་འདིར་དེ་ལ་ཐ་དད་པར་མིང་བཏགས་པས་ཅི་དགོས། སྒྲའི་ཁྱད་པར་གྱིས་ མིང་གི་ཁྱད་པར་གསལ་བར་བྱེད་པ་ཡང་མ་ཡིན་ཏེ་ངེས་པའི་རྒྱུ་མེད་པའི་ཕྱིར་རོ། །སྒྲ་ཐམས་ཅད་ཀྱིས་མིང་ཐམས་ཅད་གསལ་བར་བྱེད་པའམ་གསལ་བར་མི་བྱེད་པ་ཉིད་དུ་ཁས་བླང་བར་བྱའོ། །གལ་ཏེ་བརྡ་ལ་བྱང་བ་ངེས་པའི་རྒྱུ་ཡིན་ནོ་ཞེ་ན། དེ་ལྟ་ན་དོན་ཡོད་པ་ཉིད་ཀྱིས་ གསལ་བར་བྱེད་དེ། བརྡ་ལ་བྱང་བ་ལ་བལྟོས་པའི་ཕྱིར་ཞེས་ཅི་སྟེ་མི་འདོད། དེས་ན་མིང་དང་ངག་ཐ་དད་པར་ཉེ་བར་དམིགས་སོ། །དེ་ལ་བརྡ་ལ་བྱང་བ་ཡོད་པ་མ་ཡིན་པ་མི་རིགས་ཏེ། ཤེས་པ་དང་ཐ་དད་པ་མེད་པས་གཟུགས་བརྙན་བཞིན་དུ་ ཤེས་བྱའི་རྒྱུ་མཚན་གྱི་མིང་ངེས་པར་གཟུང་སྟེ། དེའི་ཕྱིར་ཤེས་པ་ཁོ་ན་ཤེས་བྱའི་གཟུགས་བརྙན་གྱི་བདག་ཉིད་ཅན་གྱི་སྒྲ་སྐྱེད་པ་མ་ཡིན་པས་དོན་གསལ་བར་མི་བྱེད་པར་འདོད་པ་ཅི་ཞིག་ཡིན་ཞེས་བྱའོ། །ཡང་སྒྲ་རྣམས་ནི་ཚོགས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་ལ། ངག་ནི་རིམ་ གྱིས་ཡི་གེ་དག་ལ་གནས་པའི་ཕྱིར་ཡི་གེ་རྣམས་ཀྱང་སྐད་ཅིག་མ་ཡིན་པའི་ཕྱིར་ཡི་གེ་ཨ་ལ་སོགས་པའི་སྒྲ་རྣམས་ཅིག་ཅར་ཡོད་པ་མ་ཡིན་ལ། ཆ་མེད་པའི་ཕྱིར་ཆོས་གཅིག་ཆ་ཤས་ཀྱིས་སྐྱེ་བ་ཡང་མ་ཡིན་ནོ། །སྐྱེད་པར་བྱེད་པ་ན་ཞེས་བྱ་བ་ལ་སོགས་པ་ལ་ཡི་གེ་དུ་མ་ཅན་གྱི་མིང་ནི་སྒྲ་དུ་ མ་ལ་བལྟོས་ནས་ཡོངས་སུ་གཅད་པར་བྱ་བ་ཡིན་པས་དེ་སྐྱེད་པར་བྱེད་པ་ན་ཇི་ལྟར་ངག་གིས་སྐྱེད་པར་བྱེད་དེ། ཅི་འདས་པའམ། མ་འོངས་པའམ། ད་ལྟར་བྱུང་བ་ཞིག་གིས་ཡིན། འདི་ལྟར་སྒྲ་རྣམས་ལ་ནི་ཅིག་ཅར་བ་ཉིད་ཡོད་པ་མ་ཡིན་ཏེ། རིམ་གྱིས་འཇུག་པའི་ཕྱིར་དང་། སྐད་ཅིག་མ་ཡིན་པའི་ ཕྱིར་རོ། །དེའི་ཕྱིར་རེ་ཞིག་ཇི་ལྟར་འདས་པ་ལ་བལྟོས་པའི་ཞེས་བྱ་བ་རྒྱས་པར་སྨྲས་སོ། །སོ་སོར་ཐར་པའི་སྡོམ་པ་ལེན་པའི་ཚེ་ལུས་དང་ངག་གི་རྣམ་པར་རིག་བྱེད་རྣམས་ཚོགས་པ་མེད་མོད་ཀྱི། འོན་ཀྱང་འདས་པའི་ལུས་ངག་གི་རྣམ་པར་རིག་བྱེད་ཀྱི་སྐད་ཅིག་ལ་བལྟོས་པའི་རྣམ་པར་རིག་བྱེད་ཀྱི་སྐད་ ཅིག་མ་ཐ་མ་དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་སྲོག་གཅོད་པ་སྤོང་བར་བགྱིད་དོ་ཞེས་བྱ་བའི་སྒྲ་གང་ཡིན་པས་སོ་སོར་ཐར་པའི་སྡོམ་པས་བསྡུས་པའི་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེད་པར་བྱེད་པ་དེ་བཞིན་དུ་འདས་པའི་སྒྲ་ལ་བལྟོས་པའི་ངག་གི་སྒྲ་ཐ་མས་མིང་སྐྱེད་པར་བྱེད་དེ། དེའི་ཕྱིར་གཅིག་ཆ་ཤས་ ཀྱིས་སྐྱེ་བར་ཐལ་བར་མི་འགྱུར་རོ། །སློབ་དཔོན་འདུས་བཟང་ན་རེ། མངོན་པར་འདོད་པའི་མིང་ལ་ཡིད་བཞག་ནས་འདི་དང་འདི་བརྗོད་པར་བྱའོ་སྙམ་དུ་དུས་ཕྱི་མའི་བརྗོད་པ་འཇུག་པར་འགྱུར་བས་དེ་ལྟར་བརྗོད་དེ། ངག་ནི་མིང་ལ་འཇུག་གོ་ཞེས་ཟེར་རོ། །དེའི་ཕྱིར་དོན་ཇི་སྙེད་དག་ལ་མཚམས་ བཅད་པའི་སྒྲ་མཐའ་དག་བྱེ་བྲག་མེད་པར་ཡིད་ལ་བཟུང་སྟེ། ཕྱིས་རིམ་གྱིས་རྗོད་པར་བྱེད་ལ། རྟོགས་པ་པོ་ཡང་རིམ་གྱིས་བརྗོད་པ་ཁོ་ན་མཉན་ནས་ཕྱིས་ཐམས་ཅད་བྱེ་བྲག་མེད་པར་ཡིད་ལ་བྱེད་དོ། །དེའི་ཕྱིར་ཡིད་ཀྱི་ཡུལ་གཅིག་པུར་ཐ་དད་མེད་པར་བྱས་ཏེ་སྒྲའི་གཟུགས་ལས་བརྡ་བྱང་ བ་ལ་བལྟོས་ནས་དོན་རྟོགས་པར་བྱེད་དོ། །དེས་ན་སྒྲའི་གཟུགས་མཐའ་དག་ལས་ཐ་དད་པའི་མིང་ཡོད་པ་དེ་ལྟར་ཡང་མ་ཡིན་ནོ། །འདིར་ནི་རྣམ་པར་དཔྱད་པས་བརྗོད་པར་བྱ་བ་མང་པོ་འབྱུང་སྟེ། དེ་ལྟར་ཐལ་བར་མི་འགྱུར་བས་གང་འདིར་མངོན་པར་བརྗོད་པའི་སྒྲ་དང་མིང་ལ་སོགས་པ་རྣམས་དོན་ གཞན་ཉིད་དུ་རབ་ཏུ་བསྒྲུབ་པའི་ཕྱིར་མང་དུ་བཤད་པ་དེ་ཡང་འདས་པ་དང་འབྲེལ་པས་རྣམ་པར་དཔྱད་དོ། །དེ་ལྟ་ན་འོ་ན་ནི་སྒྲ་ཐ་མ་ཁོ་ནས་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཡི་གེ་དུ་མ་ཅན་གྱི་མིང་ལ། གང་ཞིག་ཡི་གེ་ཐ་མ་གཅིག་གིས་བསྡུས་པའི་སྒྲ་ཐོག་མ་དེས་ཀྱང་དོན་དེ་གོ་བར་འགྱུར་ ཏེ། སྒྲ་ཕྱི་མ་ཁོ་ནས་མིང་སྐྱེད་པར་བྱེད་པའི་ཕྱིར་རོ། །གལ་ཏེ་དམིགས་པའི་སྒྲ་འདས་པ་ལ་བལྟོས་པའི་སྒྲ་ཐ་མས་མིང་སྐྱེད་པར་བྱེད་པས་ཉེས་པ་འདི་མེད་དོ་ཞེ་ན། དེ་ལྟ་ན་འོ་ན་རྣམ་པར་རིག་བྱེད་དཔེ་མ་ཡིན་ཏེ། རྣམ་པར་རིག་བྱེད་ཀྱི་སྐད་ཅིག་མ་ཐ་མ་ནི་རྣམ་པར་རིག་བྱེད་ཀྱི་སྐད་ཅིག་སྔར་སྐྱེས་པ་ དམིགས་ཤིང་འགགས་པ་དག་ལ་བལྟོས་ནས་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེད་པར་མི་བྱེད་ཀྱི། འོ་ན་ཅི་ཞེ་ན། དེ་ཡོད་པ་ཙམ་ཉིད་ལ་བལྟོས་ནས་རྣམ་པར་རིག་བྱེད་མ་ཡིན་པའི་རྒྱུར་འགྱུར་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་གཡེངས་པ་དང་སེམས་མེད་པ་ལ་རྣམ་པར་རིག་བྱེད་མ་ཡིན་པ་མེད་པར་ འགྱུར་རོ། །དེའི་ཕྱིར་སྒྲ་ཐ་མ་ནི་རྣམ་པར་རིག་བྱེད་ཁོ་ན་ལྟར་མིང་སྐྱེད་པར་བྱེད་ཀྱི། སྔར་གྱི་སྒྲ་དམིགས་པ་ལ་བལྟོས་པ་ནི་མ་ཡིན་ནོ། །འོན་ཏེ་འདི་སྙམ་དུ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་ན་སྨྲས་མ་ཐག་པའི་སྐྱོན་མེད་དེ། སྒྲ་རེ་རེ་ལ་ཡི་གེ་སྐྱེ་བའི་ཕྱིར་དང་། ཡི་གེ་དག་གིས་ཀྱང་མིང་ སྐྱེད་པར་བྱེད་པའི་ཕྱིར་རོ། །འདི་ལ་ཡང་སྐྱོན་དེ་ཉིད་ཡོད་དོ་ཞེས་བྱ་བ་ནི་སྒྲ་རྣམས་མིང་སྐྱེད་པ་ལ་བསྟན་པ་གང་ཡིན་པའོ། །ཅི་ལྟར་ཞེ་ན། ཡི་གེ་རྣམས་ནི་ཚོགས་པ་མེད་པའི་ཕྱིར་དང་། སྒྲ་ལྟར་རིམ་གྱིས་འཇུག་པའི་ཕྱིར་དང་། སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་ཡི་གེ་རྣམས་ལ་ཡང་ཅིག་ཅར་ བ་ཉིད་མེད་དོ། །དེར་མིང་ཡི་གེ་དུ་མས་བསྐྱེད་པར་བྱ་བ་ཆ་མེད་པ་གཅིག་ལ་རིམ་གྱིས་ཆ་ཤས་ཀྱིས་སྐྱེད་པར་ཡང་རིགས་པ་མ་ཡིན་ནོ། །ཅི་སྟེ་འདས་པའི་ཡི་གེ་ལ་བལྟོས་པའི་ཡི་གེ་ཕྱི་མ་ཁོ་ནས་མིང་སྐྱེད་པར་བྱེད་དོ་སྙམ་ན། དེ་ལྟ་ན་འོ་ན་ནི་གང་གིས་ཡི་གེ་ཐ་མ་སྐྱེད་ པར་བྱེད་པའི་སྒྲ་ཐོས་པ་དེས་ཀྱང་དོན་དེ་གོ་བར་འགྱུར་ཏེ། ཡི་གེ་ཐ་མ་ཁོ་ནས་མིང་བསྐྱེད་པའི་ཕྱིར་དང་། མིང་གིས་ཀྱང་དོན་རྗོད་པར་བྱེད་པའི་ཕྱིར་རོ། །ངག་མིང་གསལ་བར་བྱེད་པ་ཡིན་ན་ཡང་ཞེས་བྱ་བ་ལ་སོགས་པ་ལ། གང་ཞིག་ཅེ་ན། མིང་སྐྱེད་པར་བྱེད་པ་ཉིད་ལ་བསྟན་པ་ ཁོ་ནའོ། །ཡང་སྒྲ་རྣམས་ཚོགས་པ་མེད་ལ། ཆོས་གཅིག་ལ་ཆ་ཤས་ཀྱིས་གསལ་བ་ཡང་རིགས་པ་མ་ཡིན་ནོ། །ཞེས་བྱ་བ་ཐམས་ཅད་རྒྱས་པར་བརྗོད་པར་བྱའོ། །གོང་དུ་ནི་ངག་ལས་ཐ་དད་པའི་ཡི་གེ་ཁས་བླངས་ནས་ཡི་གེ་མིང་གིས་སྐྱེད་པ་ཉིད་ཡིན་པ་བཀག་པ་ཡིན་ལ། ད་ནི་ ངག་ལས་ཐ་དད་པའི་ཡི་གེ་ཡོད་པ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར་ཡི་གེ་ཡང་ངག་ཅེས་བྱ་བ་རྒྱས་པར་སྨོས་སོ། ངག་ལས་ཐ་དད་པའི་ཡི་གེ་ནི་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་ཡོད་པ་མ་ཡིན་པའི་ཡི་གེ་ཇི་ལྟར་ངག་གིས་སྐྱེད་པའམ་གསལ་བར་བྱེད་པ་འདི་ཇི་ལྟར་ཞེས་ཤེ་ན། དེའི་ཕྱིར་ཤེས་རབ་དང་ལྡན་ པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཤེས་རབ་འཆལ་བ་ནི་ཤེས་རབ་ཉམས་པའི་ཕྱིར་ལ། ཤེས་རབ་ལྡན་པ་ཡང་གཡེང་བ་ཡོད་པའི་ཕྱིར་ཡོངས་སུ་བཅད་པར་མི་ནུས་པས་ཤེས་རབ་དང་ལྡན་པ་ཡིད་བསྟད་པས་ཀྱང་ཞེས་གཉིས་ཀ་བརྗོད་དོ། །མཚན་ཉིད་ཀྱི་སྒོ་ནས་ཞེས་བྱ་བ་ནི་རང་གི་ངོ་བོའི་ སྒོ་ནས་སོ། དེའི་ཕྱིར་ངག་ལས་ཐ་དད་པའི་ཡི་གེ་མེད་པས་ངག་ནི་མིང་ལྟར་ཡི་གེ་སྐྱེད་པར་བྱེད་པ་ཡིན་པར་ཡང་མི་རུང་ལ། གསལ་བར་བྱེད་པ་ཡིན་པར་ཡང་མི་རུང་ངོ་། །གཞན་ཡང་ངག་ནི་སྒྲ་ཙམ་ཡིན་པའི་ཕྱིར་སྒྲ་ཙམ་ཐམས་ཅད་ཡི་གེས་སྐྱེད་པའམ་གསལ་བར་བྱེད་པར་འགྱུར་རོ། །ཞེས་ ཐམས་ཅད་འདིར་ཡང་རྒྱས་པར་བརྗོད་པར་བྱའོ། །གང་ཞིག་སྒྲ་ཙམ་མིང་ཡིན་ན་དེ་ལ་ཡང་མིང་གི་ཡི་གེ་དུ་མ་རྣམས་ཀྱི་སྒྲ་ཅིག་ཅར་དོན་གོ་བར་བྱེད་པ་མེད་དེ། བརྡར་བྱས་པའི་སྒྲ་བརྗོད་པ་ལ་བསྟད་པ་རྣམས་ཀྱིས་ཀྱང་སྒྲ་དམིགས་ཀྱི་དོན་ངེས་པར་འཛིན་པ་མ་ཡིན་ནོ། །ཡང་དེ་རྣམས་ཉིད་ངེས་པར་ གཟུང་བས་འདིར་ཉེ་བར་དམིགས་པ་ཡང་མ་ཡིན་གྱི་དེའི་དོན་ངེས་པར་གཟུང་བ་དང་དེ་ནམ་ཞིག་རྣ་བས་ཐོས་པས་ཀྱང་ཉེ་བར་དམིགས་སོ། །དེ་གཞན་དུ་གཏོགས་པ་ལས་སྒྲ་དང་ཐ་དད་པ་དེ་ཉིད་དོན་རྣམས་དང་མཚུངས་པར་ལྡན་པར་འགྱུར་བས་ན། སློབ་དཔོན་འདུས་བཟང་གིས། མངོན་པར་ འདོད་པའི་མིང་ལ་ཡིད་བཞག་ནས་འདི་དང་འདི་བརྗོད་པར་བྱའོ་སྙམ་དུ་དུས་ཕྱི་མའི་བརྗོད་པ་འཇུག་པར་འགྱུར་བས་དེ་ལྟར་བརྗོད་དེ། ངག་ནི་མིང་ལ་འཇུག་གོ་ཞེས་བཤད་དོ། །གང་ཡང་སྒྲ་སྔ་མ་ཕྱི་མའི་ཚོགས་ཐམས་ཅད་བསྡོམས་ནས་བསྐྱེད་པས་ན། དེ་ལྟར་ཡི་གེ་སོ་སོ་རྣ་བའི་རྣམ་པར་ཤེས་པས་ དམིགས་པ་རྣམས་ཕྱིས་རྣ་བའི་རྣམ་པར་ཤེས་པའི་སྟོབས་ཀྱིས་རང་བཞིན་མཐའ་དག་དྲན་པའི་ཡུལ་དུ་གྱུར་པ་ན་བརྡ་ལ་བྱང་བས་དོན་གོ་བ་ཡིན་གྱི། ཡི་གེ་དེ་རྣམས་ཡོད་པ་ཙམ་གྱིས་ནི་མ་ཡིན་ནོ། །འབྲེལ་པ་ལ་བྱང་བའི་དུས་ཉིད་དུ་ཡང་མཐའ་དག་དྲན་པའི་ཡུལ་དུ་བྱས་ཏེ་བརྡ་ལ་བྱང་བར་བྱས་པས་ འབྲེལ་པ་དང་མཐུན་པར་སྒྲའི་དོན་རྟོགས་ཀྱི། གཞན་དུ་ནི་མ་ཡིན་ཏེ་འབྲེལ་པ་དོན་མེད་པར་ཐལ་བའི་ཕྱིར་རོ། །གང་བཤད་པ་མངོན་པར་འདོད་པའི་མིང་ལ་ཡིད་བཞག་ནས་ཞེས་བྱ་བ་ལ་སོགས་པ་དེ་ཡང་གནོད་པ་ཅན་ཏེ། སྒྲ་མཐའ་དག་ཡིད་ལ་བཞག་ནས་ཕྱིས་རིམ་གྱིས་བརྗོད་པའི་ཕྱིར་རོ། །འོན་ཏེ་མིང་ དོན་དང་ལྷན་ཅིག་སྐྱེས་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་བ་ལ། དེ་ལ་ངག་གི་བྱ་བ་མེད་པའི་ཕྱིར་སྐྱོན་མེད་དོ་སྙམ་དུ་བསམས་པའོ། །དེ་ལྟར་ཡང་མིང་མངོན་པར་གསལ་བ་ཉིད་ལས་མངོན་པར་མི་གསལ་བའི་བྱ་བ་ཡོད་པ་གཟུང་བའི་ཕྱིར་རོ། །གཞན་དུ་ན་ངག་མིང་ལ་འཇུག་ཅེས་པ་འགལ་ཏེ་མངོན་པར་མི་གསལ་ བ་ནི་ཚིག་ཏུ་མི་འཐད་དོ་ཞེས་རྒྱ་ཆེར་བཤད་དོ། །དེ་ལྟ་ན་དོན་འདས་པ་དང་མ་འོངས་པའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཇི་ལྟར་འདས་པ་དང་མ་འོངས་པའི་སྐྱེ་བ་དང་། གནས་པ་དང་། རྒ་བ་དང་། མི་རྟག་པ་ཉིད་དང་། སྐྱེ་བའི་སྐྱེ་བ་ལ་སོགས་པ་རྣམས་ད་ལྟར་བ་མ་ཡིན་པ་དེ་བཞིན་ དུ་མིང་ཡང་ད་ལྟར་བ་ཡིན་པར་མི་འགྱུར་རོ། །དེའི་ཕྱིར་འདས་པ་དང་མ་འོངས་པའི་ཐ་སྙད་ཀུན་ཏུ་འཆད་པར་འགྱུར་རོ། །འདི་ལྟར་འདས་པ་དང་མ་འོངས་པའི་མིང་གིས་ནི་དོན་བརྗོད་པར་མི་ནུས་ཏེ་ངག་བཞིན་ནོ། །འདས་པ་དང་མ་འོངས་པའི་ངག་གིས་ནི་མིང་གསལ་བར་བྱ་བར་མི་ནུས་ཏེ། གོ་རིམས་ བཞིན་འགགས་ཟིན་པའི་ཕྱིར་དང་མ་སྐྱེས་པའི་ཕྱིར་རོ། །ཕ་རྣམས་ཀྱི་བུ་དག་གིས་ཞེས་བྱ་བ་ལ། གཅིག་གིས་མིང་ནི་སྐྱེ་བ་ལ་སོགས་པ་བཞིན་དུ་གཅིག་ཁོ་ན་ལྷན་ཅིག་སྐྱེའི། རྣམ་པར་གཞག་པ་མེད་པའི་ཕྱིར་དུ་མ་ནི་མ་ཡིན་པས། འདིར་མིང་གང་གིས་དེ་དང་ ལྷན་ཅིག་སྐྱེས་པར་བརྗོད་པར་བྱ། ཆོས་འདུས་མ་བྱས་ཀྱི་ཞེས་བྱ་བ་ལ། མིང་ནི་མི་སྐྱེ་བའི་ཆོས་ཅན་ཁོ་ནར་འགྱུར་ཏེ། འདུས་མ་བྱས་རྣམས་མི་སྐྱེ་བའི་ཕྱིར་རོ། །ཚིགས་བཅད་མིང་ལ་བརྟེན་པ་སྟེ། ཞེས་བྱ་བ་ལ། འདིར་ལྡན་པ་མ་ཡིན་པའི་མིང་ཡོད་དེ་ཞེས་བྱ་བའི་ཁུངས་ནི་འདི་ཡིན་ ཏེ། དེ་མེད་ན་ཚིགས་སུ་བཅད་པ་མེད་པར་ཐལ་བའི་ཕྱིར་རོ། །རྟེན་མེད་པར་ནི་བརྟེན་པ་ཡོད་པར་བྱ་བར་མི་ནུས་སོ། །ཚིགས་སུ་བཅད་པ་མིང་ལ་བརྟེན་པ་བདེན་མོད་ཀྱི། དེ་དང་མི་ལྡན་པ་མ་ཡིན་པ་ནི་ཞལ་གྱིས་མ་བཞེས་ཏེ། འོ་ན་ཅི་ཞེ་ན། དོན་རྣམས་ལ་མཚམས་བྱས་པའི་སྒྲ་ ནི་མིང་ཡིན་ལ། མིང་རྣམས་བཀོད་པའི་ཁྱད་པར་ཡང་ཚིགས་སུ་བཅད་པ་ཡིན་པས། མིང་རྗོད་པར་བྱེད་པ་ཇི་ལྟར་བཀོད་པ་རྣམས་ཀྱིས་ཚིགས་སུ་བཅད་པ་ཞེས་བྱ་བ་ཐོབ་པའི་བཀོད་པ་དེ་ཚིགས་སུ་བཅད་པ་ཡིན་གྱི་ཐམས་ཅད་ནི་མ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་བཀོད་པའི་ཁྱད་པར་ཞེས་ བྱ་བ་སྨོས་སོ། །འདས་པ་དང་མ་འོངས་པའི་སྒྲ་རྣམས་མེད་པའི་ཕྱིར་ཐམས་ཅད་ལ་བརྟེན་པའི་དངོས་པོར་མི་རིགས་པས་དེ་ཉིད་ཀྱི་ཕྱིར། བཀོད་པའི་ཁྱད་པར་ཡང་རྫས་གཞན་དུ་མི་འཐད་དོ་ཞེས་སྨོས་སོ། །ཇི་ལྟར་ཞེ་ན་ཕྲེང་བ་བཞིན་ནོ། །ཇི་ལྟར་ཕྲེང་བ་ནི་ཤིང་ལྗོན་པ་དང་། འདབ་ཆགས་དང་། གྲོག་མ་ལ་སོགས་པ་རྣམས་ཕན་ཚུན་ཉེ་བ་ན་གནས་པ་ལས་མ་གཏོགས་པའི་རྫས་གཞན་དུ་མི་འཐད་དེ། དཔུང་པ་བཞིན་དུ་དེ་མ་གཟུང་ན་དེའི་བློ་མེད་པའི་ཕྱིར་རོ། །དེ་ལྟ་ན་ཡང་དཔེ་ནི་མཚུངས་ཏེ། ཤིང་ལྗོན་པ་ལ་སོགས་པ་ད་ལྟར་བ་རྣམས་ཁོ་ནའི་བཀོད་པའི་ཁྱད་པར་ལས་ཕྲེང་དུ་སྙེད་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་སེམས་ཀྱི་རིམ་པ་ལྟ་བུའོ་ཞེས་སྨོས་ཏེ། ཇི་ལྟར་སེམས་དང་སེམས་ལས་བྱུང་བ་དུས་སྔ་ཕྱིར་བྱུང་བ་རྣམས་ལ་བར་མེད་པར་འགག་པ་དང་། སྐྱེ་བ་ལས་མ་གཏོགས་པའི་རིམ་པ་གཞན་ཡོད་པ་མ་ཡིན་པ་དེ་བཞིན་དུ་སྒྲ་སྔ་ཕྱིར་བྱུང་བ་རྣམས་ལ་ཡང་བར་མཚམས་མེད་པར་འགག་པ་དང་། སྐྱེ་བ་ ལས་མ་གཏོགས་པའི་བཀོད་པའི་ཁྱད་པར་མི་དམིགས་སོ། །དེའི་ཕྱིར་འདས་པ་དང་མ་འོངས་པའི་སྒྲ་རྣམས་ཀྱང་སེམས་ལྟར་བཀོད་པའི་ཁྱད་པར་གྱི་རྟེན་གྱི་ངོ་བོར་མི་འགལ་ལོ། །ཡི་གེ་ཙམ་ཞིག་ཞེས་བྱ་བ་ལ། ཉེས་པ་ཆུང་བའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་གྱི། ངེས་པར་མ་ཟིན་པའི་ཕྱིར་ ངག་ལས་ཁྱད་པར་འཕགས་པའི་ཡི་གེ་ཡོད་པ་ནི་མ་ཡིན་ནོ། །དེ་དག་ཏུ་རྟོགས་པ་དོན་མེད་པ་ཡིན་ན་ཞེས་བྱ་བ་ལ། ཡི་གེ་དག་ལས་མིང་དང་ཚིག་ཐ་དད་པར་ཡོངས་སུ་རྟོགས་པ་དོན་མེད་དོ། །སློབ་དཔོན་འདུས་བཟང་ན་རེ། ཡི་གེ་རྣམས་ཅིག་ཅར་འཛིན་པ་མེད་པའི་ཕྱིར་དང་སྐད་ཅིག་མ་ཉིད་ ཡིན་པའི་ཕྱིར་དང་ཚོགས་པ་མི་འཐད་པའི་ཕྱིར་ཡི་གེ་རྣམས་ཚོགས་པ་མིང་གི་ཚོགས་ལ་སོགས་པ་མ་ཡིན་ནོ་ཞེས་ཟེར་རོ། །ཡི་གེ་རྣམས་ནི་རིམ་གྱིས་སོ་སོ་སོ་སོར་དམིགས་པ་དེའི་སྟོབས་ཀྱིས་མཐའ་དག་མ་འདྲེས་པའི་རིམ་པས་གཅིག་ཏུ་དྲན་པའི་ཤེས་པས་ཤེས་པའི་ཡུལ་གྱི་ངོ་བོར་བཞག་པ་ཚོགས་སུ་ བསྟན་པར་བྱས་པས་ན་འདི་ལ་སྐྱོན་མེད་དོ། །ཁྱེད་ཀྱང་ཡི་གེའི་ཚོགས་འདོད་པ་ཉིད་དེ། འདི་ལྟར་བཤད་པ། ཤིང་ཞེས་བྱ་བ་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཚོགས་པ་ལ་བརྟེན་ནས་གྲིབ་མར་འགྱུར་ཏེ། འདི་ཉེར་ལེན་མེད་པ་མ་ཡིན་ཞིང་ཐ་དད་པར་མི་འགྱུར་རོ། །ཡི་གེ་དེའི་ཚོགས་པ་མངོན་པར་ མཚོན་པ་ནི་རེ་ཞིག་མིང་དང་ཚིག་གི་ཚོགས་སུ་འགྱུར་ཏེ། དོན་གཞན་ཉིད་མ་ཡིན་པར་བརྗོད་པ་མ་ཡིན་ནོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་ཡི་གེ་ཚོགས་པ་མེད་པའི་ཕྱིར་ཡི་གེའི་ཚོགས་པ་མངོན་པར་མཚོན་པ་དག་མིང་དང་ཚིག་གི་ཚོགས་དག་ཏུ་འགྱུར་ཞེས་གསུངས་སོ། །མཚུངས་པའི་ཕྱིར་གཅིག་ ཏུ་བརྗོད་པར་མི་བྱ་སྟེ། ཐམས་ཅད་བཏགས་པ་ཁོ་ནར་ཡོད་པ་དང་རྫས་ཉིད་དུ་རྣམ་པར་གཞག་པར་ཡང་ཅི་ལྟར་ནུས། ཡི་གེ་གཅིག་པའི་མིང་ཡང་ཡོད་དོ། །ཉེ་བར་ལན་པའི་རྫས་གཅིག་ནི་བཏགས་པར་ཡོད་པ་དང་ཡོད་པའི་ཁྱད་པར་ཡང་མ་ཡིན་ནོ། །རྫས་གཅིག་ཉིད་ཚོགས་པའི་རྒྱུན་གྱིས་ཉེ་ བར་ལེན་པ་ཡིན་ཏེ། འདི་གནས་སྐབས་ཀྱི་ཁྱད་པར་ལ་ཡོད་པ་མ་ཡིན་ནོ། །དེ་ལ་ཅི་ལྟར་ཡི་གེ་ལས་དོན་གཞན་དུ་གྱུར་པའི་མིང་རྟོགས་པར་བྱེད། གང་བཤད་པ་མཚུངས་པར་ལྡན་པ་ཉིད་ཀྱི་ཕྱིར་ཐ་དད་པ་མ་ཡིན་པ་བི་བྷཱ་བྱ་སྟེ་རྩིག་པ་དང་ཉི་མའི་གཟུགས་བཞིན་ཞེས་བྱ་སྟེ། རྩིག་པ་དང་ཉི་མའི་ གཟུགས་དག་ནི་སོ་སོ་སོ་སོར་དམིགས་ཏེ། འདི་ཡང་སྔོན་པོ་དང་སེར་པོ་དང་དམར་པོ་དང་རྩིག་པའི་གཟུགས་ལ་ཉི་མ་ཐ་དད་དུ་ཉེ་བར་དམིགས་ཏེ་དེ་ཉིད་ཀྱི་ཕྱིར་ཁ་དོག་ཐ་དད་པའོ་ཞེས་བྱ་བ་སྟེ་སྤྲོས་པས་ཆོག་གོ། །གཞན་ཡང་ཆོས་ཐམས་ཅད་རྟོག་གེའི་སྤྱོད་ཡུལ་མ་ཡིན་ པས་ཞེས་བྱ་བ་ལ། དེ་ལྟར་ཡིད་ཆེས་པའི་ལུང་གི་ཚད་མ་ལས་གྲུབ་པ་ཡིན་ཏེ། ཆོས་ཁ་ཅིག་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཁོ་ན་ཡིན་པ་ཡང་ཡོད་དོ། །རྣམ་པའི་བྱེ་བྲག་བཤད་པ་བརྗོད་པར་འདོད་པས་དྲི་བ་བྱེད་པ་ནི། ཡང་ཅི་མིང་གི་ཚོགས་ལ་སོགས་པ་འདི་དག་གང་དང་ལྡན་ པའམ་ཞེས་བྱ་བ་རྒྱ་ཆེར་འབྱུང་བའོ། །གང་དང་ལྡན་ཞེས་བྱ་བ་ནི་ཁམས་གང་དང་ལྡན་ཞེས་བྱ་བའོ། །འདོད་པ་དང་གཟུགས་སུ་གཏོགས་པ་ཁོ་ན་ཡིན་གྱི། གཟུགས་མེད་པར་གཏོགས་པ་ནི་མ་ཡིན་ཏེ། དེ་ན་ངག་མེད་པའི་ཕྱིར་རོ། །གཞན་དག་ན་རེ་གཟུགས་མེད་པར་གཏོགས་པ་ཡང་ཡོད་ མོད་ཀྱི་དེ་དག་ནི་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ལ། གཞན་གྱི་ས་པའི་ངག་གིས་ས་གཞན་གྱི་མིང་གི་ཚོགས་ལ་སོགས་པ་དག་བརྗོད་པ་ནི་མ་ཡིན་ལ་གཟུགས་མེད་པ་དག་ན་ངག་མེད་པས་བརྗོད་པར་བྱ་བ་མ་ཡིན་ནོ། །གཟུགས་ཀྱི་ཁམས་སུ་ཡང་བསམ་གཏན་དང་པོ་དང་གཉིས་ པ་ལ་སོགས་པ་རྣམས་སུའོ་ཞེས་ཁ་ཅིག་ཟེར་རོ། །གཉིས་པ་ལ་སོགས་པ་རྣམས་སུ་ཡོད་ཀྱང་བརྗོད་པར་བྱ་བ་ནི་མ་ཡིན་ནོ་ཞེས་གཞན་དག་གོ། །ས་གང་ཡིན་པ་དེའི་ས་པའི་ངག་དང་མིང་ངོ་ཞེས་བྱ་སྟེ། འདོད་པ་ན་སྤྱོད་པ་ནི་འདོད་པ་ན་སྤྱོད་པའི་ངག་དང་བརྗོད་པ་སྟེ། རང་གི་ས་པའི་ངག་ དང་མིང་དང་གང་ཟག་དང་དོན་དུ་འགྱུར་གྱི། ཁམས་གསུམ་པའི་ལྡན་པ་མ་ཡིན་ནོ། །དེ་བཞིན་དུ་བསམ་གཏན་དང་པོའི་ས་པའི་ངག་དང་བརྗོད་པ་ནི་བསམ་གཏན་དང་པོའི་ས་པའི་ངག་དང་མིང་དང་དོན་ནོ། །སྔ་མ་ཁོ་ན་ལྟར་བསམ་གཏན་དང་པོར་སྐྱེས་པ་ལ་ཡང་སྦྱར་ཏེ། གང་ཟག་ས་གང་གི་ ཡིན་པ་དེའི་ས་པའི་མིང་ངོ་ཞེས་གཞན་དག་ཟེར་རོ། །དེ་དག་རང་གི་སའི་མིང་དང་གང་ཟག་དང་ངག་ཏུ་འགྱུར་རོ། །རང་གི་སར་འགྱུར་བ་ནི་གཞན་གྱི་ས་མ་ཡིན་པའི་དོན་ཏོ། །སྔ་མ་ཁོ་ན་ལྟར་མིང་གི་ཚོགས་ལ་སོགས་པ་རྣམས་གཟུགས་མེད་པའི་ཁམས་སུ་བརྗོད་པར་བྱ་བ་མ་ཡིན་ཏེ། དེར་ སྐྱེས་པ་རྣམས་ལ་ངག་མེད་པའི་ཕྱིར་རོ། །དེ་དག་ནི་སེམས་ཅན་དུ་བགྲང་བ་ཡིན་ཏེ། འགོག་པ་གཉིས་མ་གཏོགས་པའི་སེམས་ཅན་དུ་བགྲང་བ་མ་ཡིན་པ་དང་ལྡན་པ་མེད་པའི་ཕྱིར་རོ། །གང་རྗོད་པར་བྱེད་པ་དེ་དག་དང་ལྡན་གྱི་ཞེས་བྱ་བ་ལ། གང་བརྗོད་པར་བྱ་བ་དེ་དག་དང་ལྡན་ པར་འགྱུར་རོ་སྙམ་པའི་དོགས་པ་འདི་གང་ལས་ཤེ་ན། མིང་འདི་ནི་དོན་གྱི་ཡིན་ནོ་ཞེས་ཐ་སྙད་འདོགས་པ་ལས་སོ། །ཇི་ལྟར་མིང་གི་དབང་པོ་ལྟ་བ་པོ་ཁོ་ན་ཡིན་གྱི། བལྟ་བར་བྱ་བ་མ་ཡིན་པ་དེ་བཞིན་དུ་འདིར་ཡང་གང་གི་ཚེ་མིང་རྗོད་པར་བྱེད་པ་དེའི་ཚེ་གང་དག་དང་ལྡན་པ་དེ་དག་ཁོ་ནས་ བརྗོད་པར་བྱའོ། །སྐལ་བ་མཉམ་པའི་རྒྱུས་བསྐྱེད་པའི་ཕྱིར། རྒྱུ་མཐུན་པ་ལས་བྱུང་བ་ཁོ་ན་ཡིན་གྱི། རྒྱས་པ་ལས་བྱུང་བ་མ་ཡིན་ཏེ་རྡུལ་ཕྲ་རབ་བསགས་པ་མ་ཡིན་པའི་ཕྱིར་རོ། །རྣམ་པར་སྨིན་པ་ལས་སྐྱེས་པ་ཡང་མ་ཡིན་ཏེ། འདོད་དགུར་འབྱུང་བའི་ཕྱིར་རོ། །བཅོམ་ལྡན་ འདས་ཀྱིས་ནི་ལས་ཀྱི་བདག་པོའི་འབྲས་བུ་ཡིན་པའི་ཕྱིར་མིང་ཡང་ལས་ལས་སྐྱེས་པར་སྨྲའོ་ཞེས་གསུངས་སོ། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་དག་ཀྱང་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དགེ་བའི་རྩ་བ་ཀུན་ཏུ་ཆད་པ་ཆོས་དགེ་བ་རྣམས་བརྗོད་པ་ན་དགེ་བ་རྣམས་དང་མི་ལྡན་ལ། དེ་དག་གི་མིང་དང་ ནི་ལྡན་པ་ཡིན་ནོ། །དེ་བཞིན་དུ་འདོད་ཆགས་དང་བྲལ་བ་ཆོས་མི་དགེ་བ་དག་བརྗོད་པ་ན་ཞེས་བྱ་བ་བརྗོད་པར་བྱའོ། །དེ་བཞིན་དུ་སྐལ་མཉམ་ཞེས་བྱ་བ་ལ། སྐལ་མཉམ་སེམས་ཅན་འདྲ་བའོ། །ཞེས་འབྱུང་བའི་ཕྱིར་ན་སེམས་ཅན་དུ་སྟོན་པ་ཁོ་ནའོ། །དགེ་བའི་རྩ་བ་ཀུན་ཏུ་ཆད་པ་རྣམས་དང་། འདོད་ཆགས་དང་བྲལ་བ་རྣམས་ཀྱང་དེ་དང་ལྡན་པའི་ཕྱིར་ན་ལུང་དུ་མ་བསྟན་པའོ། །དེ་ནི་རྒྱུ་མཐུན་པ་འབའ་ཞིག་མ་ཡིན་གྱི་རྣམ་པར་སྨིན་པའང་ཡིན་ནོ། །དེ་ལ་རྣམ་པར་སྨིན་པ་ལས་སྐྱེས་པ་ནི་དཔེར་ན་དམྱལ་བ་ལ་སོགས་པ་རྣམས་དམྱལ་བ་ལ་སོགས་པ་དག་དང་སྐལ་བ་མཉམ་པ་ལྟ་བུ་སྟེ། ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་འབྱུང་བའི་ཕྱིར་རོ། །རྒྱུ་མཐུན་པ་ལས་བྱུང་བ་ནི་ཁམས་དང་གླིང་དང་མདོག་དང་རིགས་དང་རུས་དང་དགེ་སྦྱོང་དང་བྲམ་ཟེ་དང་བསླབ་པ་ལ་སོགས་པ་སྐལ་བ་མཉམ་པའོ། །རྣམ་པར་སྨིན་པ་ལས་སྐྱེས་པ་ཆོས་ཀྱི་སྐལ་བ་མཉམ་པ་ནི་རྣམ་པར་སྨིན་ པ་ལས་སྐྱེས་པའོ། །རྒྱུ་མཐུན་པ་ལས་བྱུང་བའི་ཆོས་ཀྱི་སྐལ་བ་མཉམ་པ་ནི་རྒྱུ་མཐུན་པ་ལས་བྱུང་བའོ། །གཞན་དག་ན་རེ། སྔོན་གྱི་ལས་ཀྱིས་བསྒྲུབས་པ་རྣམ་པར་སྨིན་པ་ལས་སྐྱེས་པ་ད་ལྟར་བའི་སྦྱོར་བས་གྲུབ་པ་ནི་རྒྱུ་མཐུན་པ་ལས་བྱུང་བའོ་ཞེས་ ཟེར་རོ། །ཁམས་ཀྱི་དབྱེ་བས་ནི་མིང་གི་ཚོགས་ལ་སོགས་པ་བལྟར་འདོད་པ་དང་། གཟུགས་སུ་གཏོགས་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཁམས་གསུམ་པ་སྟེ། སེམས་ཅན་འདྲ་བའོ་ཞེས་འབྱུང་བའི་ཕྱིར་དང་། སེམས་ཅན་རྣམས་ཀྱང་ཁམས་གསུམ་པ་ཡིན་པའི་ཕྱིར་རོ། །ཐོབ་ རྣམ་གཉིས་ཞེས་བྱ་བ་ནི། རྣམ་པར་སྨིན་པ་ལས་སྐྱེས་པ་རྣམས་ཀྱིས་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་དག་གོ། །ལྷག་མ་རྣམས་ཀྱིས་ནི་རྒྱུ་མཐུན་པ་ལས་བྱུང་བའོ། །རྒྱས་པ་ལས་བྱུང་བ་ནི་མ་ཡིན་ཏེ། གཟུགས་ཅན་མ་ཡིན་པའི་ཕྱིར་རོ། །མཚན་ཉིད་རྣམས་ཀྱང་རྣམ་ པར་སྨིན་པ་ལས་སྐྱེས་པ་རྣམས་ཀྱིས་ནི་རྣམ་པར་སྨིན་པ་ལས་སྐྱེས་པ་དག་གོ། །ལྷག་མ་རྣམས་ཀྱིས་ནི་རྒྱུ་མཐུན་པ་ལས་བྱུང་བ་དག་གོ། །རྒྱས་པ་ལས་བྱུང་བ་དག་ནི་མེད་དེ། གཟུགས་ཅན་མ་ཡིན་པ་རྣམས་ལ་བསགས་པ་མེད་པའི་ཕྱིར་རོ། །སེམས་མེད་པའི་སྙོམས་ པར་འཇུག་པ་གཉིས་ནི་འགོག་པའི་སྙོམས་པར་འཇུག་པ་དང་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་སྟེ། སྙོམས་པར་འཇུག་པ་དང་བསམ་གཏན་གྱིས་བསྡུས་པའི་ཕྱིར་རྣམ་པར་སྨིན་པ་མ་ཡིན་ནོ། །རྣམ་པར་སྨིན་པ་ནི་སྐྱེ་བའི་བསམ་གཏན་གྱིས་བསྡུས་པ་ཁོ་ན་ཡིན་ནོ། ། རྒྱས་པ་ལས་བྱུང་བ་དག་ཀྱང་མ་ཡིན་ཏེ་གཟུགས་ཅན་མ་ཡིན་པའི་ཕྱིར་རོ། །མི་ལྡན་པ་ནི་མ་ཐོབ་པ་སྟེ། རྣམ་པར་སྨིན་པའི་མི་ལྡན་པ་ནི་རྣམ་པར་སྨིན་པ་ཡིན་པར་མི་རུང་སྟེ། དེའི་ཕྱིར་འདི་དག་གསུམ་ཀ་ཡང་རྒྱུ་མཐུན་པ་ལས་བྱུང་བ་ཡིན་ནོ། །འདི་དག་གི་བརྗོད་པར་བྱ་བ་ལྷག་མ་ ཞེས་བྱ་བ་ནི་ཐོབ་པ་དང་། མཚན་ཉིད་དང་། སྙོམས་པར་འཇུག་པ་དང་མི་ལྡན་པ་དག་གིའོ། །ལྷག་མ་དེ་ཡང་གང་ཞིག་ཅེ་ན། ཐོབ་པ་རྣམས་དང་སྙོམས་པར་འཇུག་པ་དག་དང་མི་ལྡན་པའི་སེམས་ཅན་དུ་སྟོན་པ་ཉིད་དང་། མཚན་ཉིད་རྣམས་ཀྱི་སེམས་ཅན་དུ་སྟོན་པ་དང་། སེམས་ ཅན་དུ་སྟོན་པ་མ་ཡིན་པ་དང་། ཐོབ་པ་རྣམས་དང་། མཚན་ཉིད་རྣམས་ཀྱི་ཁམས་གསུམ་པ་ཉིད་དང་། མི་ལྡན་པ་ཉིད་དང་། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་ཉིད་དང་། མི་ལྡན་པའི་ཁམས་གསུམ་པ་ཉིད་དང་། སྙོམས་པར་འཇུག་པ་དག་གི་དགེ་བ་ཉིད་དང་། གཟུགས་སུ་གཏོགས་པ་ཉིད་དོ། །གཞན་དུ་སེམས་ཅན་དུ་བགྲང་བ་མ་ཡིན་པ་དང་ལྡན་པ་མེད་པའི་ཕྱིར་དང་ལྡན་པ་ཞེས་འབྱུང་བ་འགལ་བ་མེད་དོ། །སེམས་ཅན་དུ་སྟོན་པ་ཉིད་བཤད་ཟིན་ཏོ།། །།ཇི་ལྟར་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་ཉིད་བཤད་ཅེ་ན། དགེ་ལ་ སོགས་ཀྱིས་དགེ་ལ་སོགས། །ཞེས་བཤད་པའི་ཕྱིར་རོ། །ཇི་ལྟར་ཁམས་གསུམ་པ་ཉིད་དང་མི་ལྡན་པ་ཉིད་བཤད་ཅེ་ན། དེར་གཏོགས་རྣམས་ཀྱི་རང་ཁམས་པ། །མ་གཏོགས་རྣམས་ཀྱི་རྣམ་པ་བཞི། །ཞེས་བཤད་པའི་ཕྱིར་རོ། །ཐམས་ཅད་འདུས་བྱས་མཚན་ཉིད་དང་། །ཞེས་ འབྱུང་བའི་ཕྱིར། མཚན་ཉིད་རྣམས་ཀྱིས་སེམས་ཅན་དང་སེམས་ཅན་མ་ཡིན་པར་སྟོན་པ་དང་ཁམས་གསུམ་པ་དང་མི་ལྡན་པ་བཤད་དོ། །སེམས་ཀྱི་རྗེས་འཇུག་དུས་དང་ནི། །འབྲས་སོགས་དགེ་ལ་སོགས་པས་སོ། །ཞེས་བྱ་བ་ནི་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་ བསྟན་པ་ཉིད་དོ། །འདུ་ཤེས་མེད་པའི་སྙོམས་འཇུག །བསམ་གཏན་ཐ་མར་ཞེས་བྱ་བ་དང་། དགེ་བའོ་ཞེས་འབྱུང་བའི་ཕྱིར་གཟུགས་ཀྱི་ཁམས་དང་ལྡན་པ་དང་དགེ་བ་བཤད་དོ། །དེ་ཉིད་ཀྱི་ཕྱིར། སེམས་ཅན་དུ་སྟོན་པ་ཡང་ཡིན་ཏེ། སྐྱེས་ནས་མྱོང་འགྱུར་ཉིད་ཅེས་བཤད་པའི་ཕྱིར་ རོ། །འགོག་པའི་སྙོམས་པར་འཇུག་པ་ཡང་སྲིད་རྩེ་སྐྱེ་ཞེས་བྱ་བ་དང་། དགེ་བའོ་ཞེས་བྱ་བ་འབྱུང་བའི་ཕྱིར་གཟུགས་མེད་པར་གཏོགས་པ་དང་དགེ་བ་ཡིན་པར་བཤད་དོ། །དེ་ཉིད་ཀྱི་ཕྱིར་སེམས་ཅན་དུ་སྟོན་པ་ཡང་ཡིན་ཏེ། འདུས་བྱས་ཡིན་པའི་ཕྱིར་རོ། །མི་ལྡན་པ་ཁམས་གསུམ་པ་ཁོ་ན་ སྟེ། འདོད་སོགས་གཏོགས་དང་དྲི་མེད་ཀྱིའང་། །ཞེས་བཤད་པའི་ཕྱིར་རོ། །མ་ཐོབ་པ་ནི་སེམས་ཅན་དུ་སྟོན་པ་ཡིན་ཏེ། རང་རྒྱུད་དུ་གཏོགས་པ་རྣམས་ཀྱིའོ་ཞེས་བཤད་པའི་ཕྱིར་རོ། །མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ཡང་ཡིན་ཏེ། མ་ཐོབ་མ་བསྒྲིབས་ལུང་མ་བསྟན། །ཞེས་བཤད་པའི་ ཕྱིར་རོ། །འདུ་ཤེས་མེད་པ་པ་ནི་གཟུགས་སུ་གཏོགས་པ་དང་། སེམས་ཅན་དུ་སྟོན་པ་དང་། ལུང་དུ་མ་བསྟན་པ་དང་། རྣམ་པར་སྨིན་པ་བཤད་དེ། རྣམ་སྨིན་དེ་འབྲས་ཆེ་ཞེས་འབྱུང་བའི་ཕྱིར་རོ། །སྲོག་ནི་ཁམས་གསུམ་པ་སྟེ། སྲོག་གི་དབང་པོ་གང་ཞེ་ན། ཁམས་གསུམ་པའི་ཚེ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །རྣམ་པར་སྨིན་པ་ལས་སྐྱེས་པ་དང་། སེམས་ཅན་དུ་སྟོན་པ་དང་། ལུང་དུ་མ་བསྟན་པ་ཡང་མ་ཡིན་ཏེ། སྲོག་ནི་རྣམ་སྨིན་ཞེས་བཤད་པའི་ཕྱིར་རོ། །ལྡན་པ་མ་ཡིན་པ་རྣམས་བཤད་ཟིན་ཏོ་ཞེས་བྱ་བ་ལ། མཚན་ཉིད་དང་། རབ་ ཏུ་དབྱེ་བ་དང་། རྣམ་པར་དཔྱད་པའི་སྒོ་ནས་ཏེ། ལྡན་པ་མ་ཡིན་པ་རྣམས་བཤད་ཟིན་ཏོ།། །།རྒྱུ་དང་། རྐྱེན་དང་སྦྲེལ་བར་བྱ་བའི་ཕྱིར། རྒྱུ་དང་རྐྱེན་དག་མེད་པར་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་བཤད་པ། རྒྱུ་རྣམས་ནི་གང་། རྐྱེན་རྣམས་ནི་གང་ཞེ་ན་ཞེས་བྱེ་བྲག་ཏུ་འདྲི་བ། རྒྱུ་ རྣམས་ལས་རྐྱེན་རྣམས་ལ་ཁྱད་པར་ཅི་ཡོད་ཅེ་ན། ཁ་ཅིག་ན་རེ་ཅི་ཡང་མེད་དེ། འདི་སྐད་དུ། བཅོམ་ལྡན་འདས་ཀྱིས་ཡང་དག་པའི་ལྟ་བ་སྐྱེད་པ་ལ་གཉིས་དང་། རྐྱེན་གཉིས་ཏེ། གཞན་གྱི་སྒྲ་དང་ནང་གི་ཚུལ་བཞིན་ཡིད་ལ་བྱེད་པའོ་ཞེས་གསུངས་སོ། །དེའི་ཕྱིར་རྒྱུ་དང་རྐྱེན་དག་དང་། བྱེད་ རྒྱུ་དང་རྒྱུ་མཚན་ཞེས་བྱ་བ་ནི་རྣམ་གྲངས་དག་གོ་ཞེས་ཟེར་རོ། །གལ་ཏེ་ཁྱད་པར་མེད་ན་ཅིའི་ཕྱིར་བྱེ་བྲག་ཏུ་བསྟན་ཅེ་ན། གདུལ་བྱ་ལ་བལྟོས་ནས་ཏེ་ཁམས་དང་སྐྱེ་མཆེད་བཞིན་ནོ། །འདི་ལྟར་རྐྱེན་ཁྱད་པར་མེད་པར་བསྟེན་ལ། རྒྱུ་ནི་ཁྱད་པར་དུ་བསྟན་ཏོ། །བྱེད་རྒྱུ་ལྷན་ཅིག་འབྱུང་བ་དང་། ། ཞེས་རྒྱ་ཆེར་འབྱུང་བ་ལ། དང་ཞེས་བྱ་བ་དང་ཉིད་ཅེས་བྱ་བའི་ཚིག་ཕྲད་གཉིས་ནི་གོ་རིམས་བཞིན་དུ་ཀུན་སྡུད་པ་དང་ངེས་པར་གཟུང་བ་སྟེ། བྱེད་རྒྱུ་དང་ལྷན་ཅིག་འབྱུང་བ་གཉིས་ཁོ་ན་འདུས་བྱས་ཐམས་ཅད་ལ་ཁྱབ་པ་ཉིད་དུ་ངེས་པར་འཛིན་པར་བྱེད་དོ། །གང་དག་བསྟན་བཅོས་འདིར་ཐ་སྙད་དུ་ བྱེད་པ་དྲུག་པོ་འདི་རྣམས་རྒྱུ་ཡིན་ནོ། །འཐོབ་པར་བྱེད་པས་ན་རྒྱུ་སྟེ། དངོས་པོས་སྐྱེ་བ་ཐོབ་པར་བྱེད་དུ་འཇུག་ཅེས་བྱ་བའི་དོན་ནོ། །བྱེད་པ་ཉིད་རྒྱུ་ཡིན་པ་ནི་རྒྱུའོ། །ལྷན་ཅིག་འབྱུང་བ་ཡང་དེ་ཡིན་ལ། རྒྱུ་ཡང་ཡིན་པས་སམ། ལྷན་ཅིག་འབྱུང་བ་རྣམས་ཀྱི་རྒྱུ་ནི་ལྷན་ཅིག་འབྱུང་བའི་ རྒྱུའོ། །སྐལ་བ་མཉམ་པའི་རྒྱུ་ནི་སྐལ་བ་མཉམ་པའི་རྒྱུའོ། །མཚུངས་པར་ལྡན་པ་རྣམས་ཀྱི་རྒྱུ་ནི་མཚུངས་པར་ལྡན་པའི་རྒྱུའོ། །ཀུན་ཏུ་འགྲོ་བ་ཡང་དེ་ཡིན་ལ། རྒྱུ་ཡང་ཡིན་པས་ན་ཀུན་ཏུ་འགྲོ་བའི་རྒྱུའོ། །རྣམ་པར་སྨིན་པའི་རྒྱུ་ནི་རྣམ་པར་སྨིན་པའི་རྒྱུའོ། །ཡང་ཅི་ལྟར་བཅོམ་ལྡན་ འདས་ཀྱིས་མ་བསྟན་པའི་རྒྱུ་རྣམས་ཀྱིས་བསྟན་བཅོས་སུ་ཐ་སྙད་བྱེད་ཅེ་ན། བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། དེ་ནི་དེ་ལྟ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་མ་བསྟན་པ་ནི་འགའ་ཡང་ཆོས་མངོན་པར་སྤྲོས་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་ཡང་ནུབ་པའི་ཕྱིར་རང་གི་ངོ་བོས་དམིགས་པ་མེད་མོད་ཀྱི། འོན་ ཀྱང་གདུལ་བྱའི་དབང་གིས་ལ་ལས་རྣམ་པ་གཞན་གྱི་སྒོ་ནས་ཉེ་བར་ལན་པའི་ས་བོན་ཙམ་མཐོང་བས་ཡོད་པ་ཉིད་དུ་དམིགས་ནས་ཆོས་མངོན་པར་གསལ་བར་མཛད་པ་ཡིན་ནོ། །འདི་ལྟར་མདོ་སྡེ་དེ་དང་དེར་རྒྱུ་འདི་རྣམས་སྦྱོར་བར་སྣང་སྟེ། དཔེར་ན་མིག་དང་གཟུགས་ལ་སོགས་པ་ལ་བརྟེན་ནས་མིག་ གི་རྣམ་པར་ཤེས་པ་སྐྱེའོ་ཞེས་བྱ་བ་ནི་བྱེད་རྒྱུའོ། །འདི་ནི་སྐྱེད་པར་བྱེད་པ་དང་གེགས་མི་བྱེད་པའི་ངོ་བོར་རྣམ་པར་གཞག་གོ། །ལམ་གྱི་ཡན་ལག་གསུམ་པོ་འདི་དག་ནི་ཡང་དག་པའི་ལྟ་བའི་རྗེས་སུ་འབྲང་བ་ཡིན་ཏེ། ལྷན་ཅིག་སྐྱེས་པའི་ཚོར་བ་དང་འདུ་ཤེས་དང་སེམས་པའོ་ཞེས་བྱ་བ་ནི་ལྷན་ ཅིག་འབྱུང་བའི་རྒྱུ་སྟེ། འདི་ནི་ཕན་ཚུན་རྗེས་སུ་འབྲང་བ་དང་བྱ་བ་གཅིག་པའི་དོན་གྱིས་རྣམ་པར་གཞག་གོ། །སྐྱེས་བུ་གང་ཟག་འདི་ནི་ཆོས་དགེ་བ་རྣམས་དང་ཡང་ལྡན་ལ། མི་དགེ་བ་རྣམས་དང་ཡང་ལྡན་ཞེས་བྱ་བ་ནས་འདི་ལ་དགེ་བའི་རྩ་བ་ཀུན་ཏུ་མ་ཆད་པ་གང་ལས་འདིའི་དགེ་བའི་རྩ་བ་གཞན་ སྐྱེ་བར་འགྱུར་བ་ཆུང་ངུ་དང་ལྷན་ཅིག་པར་གྱུར་པ་ཡོད་ན་དེ་ལྟ་ན་སྐྱེས་བུ་གང་ཟག་འདི་ཕྱིས་རྣམ་པར་དག་པའི་ཆོས་ཅན་དུ་འགྱུར་རོ་ཞེས་འབྱུང་བ་འདི་ནི་སྐལ་བ་མཉམ་པའི་རྒྱུ་ཡིན་ཏེ། འདི་ནི་འདས་པ་དང་ད་ལྟར་བྱུང་བའི་ཆོས་རྣམས་ཀྱི་འབྲས་བུ་འདྲ་བར་འགྲུབ་པའི་དོན་གྱིས་རྣམ་པར་གཞག་གོ། ། འདི་བརྗོད་པར་བྱ་སྟེ། རྟོགས་ནས་ཤེས་པ་དང་མཚུངས་པར་ལྡན་པ་འདི་ནི་མཐོང་བའི་གཞི་ཅན་གྱི་དད་པའོ་ཞེས་བྱ་བ་འདི་མཚུངས་པར་ལྡན་པའི་རྒྱུ་ཡིན་ཏེ། འདི་ནི་དམིགས་པ་གཅིག་པའི་དོན་གྱིས་རྣམ་པར་གཞག་གོ། །ལྟ་བར་གྱུར་པ་གང་ཅུང་ཟད་ཅིག་འབྱུང་བ་དེ་ཐམས་ཅད་ནི་ འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་ནོ། །གང་དག་ལྟ་བ་ཐམས་ཅད་བཟོད་པ་ཉིད་འདི་ནི་ལྟ་བ་སྟེ། ཀུན་ནས་ཆགས་པ་དང་ཀུན་ནས་སྡང་བ་དང་ཀུན་ནས་རྨོངས་པས་སོ་ཞེས་བྱ་བ་འདི་ནི་ཀུན་ཏུ་འགྲོ་བའི་རྒྱུའོ། །འདི་ཡང་སྐལ་བ་མཉམ་པ་དང་སྐལ་བ་མི་ མཉམ་པའི་ཉོན་མོངས་པ་ཅན་གྱི་ཆོས་ཀྱི་རྒྱུན་སྐྱེད་པར་བྱེད་པའི་དོན་གྱིས་རྣམ་པར་གཞག་གོ། །ཨེ་ཀཱ་ནཻ་ཀཱ་པི་ཀ་སྱ་སརྦ་ཏྲ་ག་ཧེ་ཏོཿ པཉྩ་ནཻ་ཀཱ་ཡི་ཀཾ་ཕ་ལ་མུརྦྷ་བ་ཏི། འདི་ན་ལས་དགེ་བ་དང་མི་དགེ་བ་ཟག་པ་དང་བཅས་པ་དང་བསྒོམ་པ་ལས་བྱུང་བའི་རྣམ་པར་སྨིན་པ་དེར་སྐྱེས་པ་ རྣམས་ཀྱིས་སོ་སོར་ཡང་དག་པར་མྱོང་བར་འགྱུར་རོ། །ཆེད་དུ་བསམས་པའི་ལས་བྱས་ཤིང་བསགས་པའི་རྣམ་པར་སྨིན་པ་སོ་སོ་ཡང་དག་པར་མྱོང་བར་འགྱུར་རོ་ཞེས་བྱ་བ་ནི་རྣམ་པར་སྨིན་པའི་རྒྱུ་ཡིན་ཏེ། འདི་ནི་འབྲས་བུ་མི་འདྲ་བའི་འཕེན་པ་ཉིད་ཀྱིས་རྣམ་པར་གཞག་གོ། །དེ་ལྟར་ན་རྒྱུ་དེ་ དག་སྟོན་པ་སངས་རྒྱས་ཀྱིས་ཉེ་བར་བསྟན་མོད་ཀྱི། །མདོ་སྡེ་པ་རྣམས་ཀྱིས་ནི་རབ་ཏུ་སྤང་བས་མ་མཐོང་ངོ་། །རྒྱུ་རྣམས་ནི་དྲུག་གོ་ཞེས་གྲངས་དྲུག་ཏུ་ཡོངས་སུ་ཆད་པའི་མདོ་ནི། གཅིག་ལས་འཕྲོས་པའི་ལུང་དུ་ཉམས་མོད་ཀྱི། དེ་གནས་བརྟན་ཀཱ་ཏྱཱ་ཡ་ནཱའི་བུ་ལ་ལྷས་ཉེ་བར་གཏད་པ་ཡིན་ནོ། ། མདོ་སྡེ་པ་རྣམས་ཤེས་བྱེད་འདི་དག་ལ་བརྟེན་ནས་དམིགས་པ་དང་བདག་པོའི་རྐྱེན་གྱི་དབང་བྱས་ཏེ་བྱེད་པའི་རྒྱུ་གསུངས་སོ། །དེ་ལྟ་མ་ཡིན་ན་མིག་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པའི་ཆོས་ཐམས་ཅད་སྒྲིབ་པ་མེད་པའི་ངོ་བོས་དོན་གྱི་གནས་གཉིས་ཁོ་ན་མངོན་པར་བརྗོད་པ་མི་རུང་བར་མཚུངས་སོ་ ཞེས་ཟེར་རོ། །ལམ་གྱི་ཡན་ལག་གསུམ་པོ་འདི་དག་ནི་ཞེས་བྱ་བ་འདིར་ཡོན་ཏན་གཙོ་བོར་གྱུར་པས་ཕན་ཚུན་ཡོངས་སུ་བཏང་བར་རྟོགས་པར་བྱ་སྟེ། རྒྱུ་དང་འབྲས་བུར་གྱུར་པ་ནི་མ་ཡིན་ནོ། །དགེ་བའི་རྩ་བ་ཆུང་ངུ་དང་ལྷན་ཅིག་ཏུ་གྱུར་པ་ཡོད་ན་ཞེས་བྱ་བ་འདིར་ཡང་ས་བོན་གྱི་གནས་སྐབས་ བརྗོད་པ་སྟེ། རང་བཞིན་གྱི་གནས་སྐབས་འདས་པ་དག་ཡོད་པ་མ་ཡིན་པའི་ཕྱིར་རོ། །རྟོགས་ནས་ཤེས་པ་དང་མཚུངས་པར་ལྡན་པ་ཞེས་བྱ་བ་འདིར་ཡང་མཚུངས་པར་ལྡན་པ་ཙམ་རྟོགས་པར་བྱའི། རྒྱུ་དང་འབྲས་བུར་གྱུར་པ་ནི་མ་ཡིན་ནོ། །དེ་བཞིན་དུ་གཞན་ལ་ཡང་ཇི་ལྟར་བརྟེན་ པ་བརྗོད་པར་བྱ་སྟེ། འདིར་ནི་གཞུང་མངས་པའི་འཇིགས་པས་རྣམ་པར་དཔྱད་པ་མ་བྱས་སོ། །རང་ལས་གཞན་པ་བྱེད་རྒྱུའི་རྒྱུ། །ཞེས་བྱ་བ་ལ་བདག་ཉིད་ལ་བྱེད་པ་མི་སྲིད་པའི་ཕྱིར། རང་ལས་གཞན་པ་ཞེས་བྱ་བ་སྨོས་སོ། །གཞན་དག་ན་རེ་རང་གི་ངོ་བོའི་བྱེད་པའི་རྒྱུ་མི་སྲིད་པའི་ཕྱིར་ ཞེས་ཟེར་རོ། །སྒྲིབ་པ་མེད་པའི་དོན་གྱིས་ན་བྱེད་པའི་རྒྱུའོ། །དངོས་པོ་ཡང་རང་བཞིན་གྱིས་རྟག་ཏུ་མི་བསྒྲིབས་པས་སོ། །གཞན་དག་ན་རེ་རང་གི་ངོ་བོ་རང་གི་ངོ་བོའི་བྱད་<བྱེད་>རྒྱུར་གྱུར་ནི་མ་རིག་པ་ལ་སོགས་པ་རྣམས་སྐད་ཅིག་མ་ཉིད་ཀྱི་ཕྱིར་འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པའི་ཕྱིར་ འདི་སྐྱེ་ཞེས་གསུངས་པས་དེ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་དང་འགལ་ལོ་ཞེས་ཟེར་རོ། །བྱེད་རྒྱུའི་རྒྱུ་ཞེས་བྱ་བ་ནི། གཟུགས་ཀྱི་སྐྱེ་མཆེད་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་ལ་སོགས་པའི་ཁྱད་པར་རྣམས་ཀྱིས་ཁྱད་པར་དུ་བྱས་པ་མེད་པའོ། །ཆོས་ཐམས་ཅད་ཅེས་བྱ་བ་ནི་འདུས་བྱས་དང་འདུས་མ་ བྱས་རྣམས་སོ། །མྱ་ངན་ལས་འདས་པ་ནི་འཇུག་པ་དང་འགལ་བའི་ཕྱིར་ལ། ལམ་ནི་ཉོན་མོངས་པ་སྐྱེ་བ་དང་འགལ་བའི་ཕྱིར་ཇི་ལྟར་ཆོས་ཐམས་ཅད་བྱེད་རྒྱུ་ཉིད་ཡིན་ཞེ་ན། སྐྱེ་བ་ལ་གེགས་མི་བྱེད་པའི་ངོ་བོར་གནས་པའི་ཕྱིར་རོ། །འབྲས་བུ་མི་སྐྱེ་བ་ནི་རྣམ་པ་གཉིས་ཏེ། རྒྱུ་མེད་པའི་ཕྱིར་ དང་། གེགས་བྱེད་པ་ཡོད་པའི་ཕྱིར་རོ། །བཟློག་སྟེ་རྒྱུ་ཡོད་པའི་ཕྱིར་དང་། གེགས་བྱེད་པ་མེད་པའི་ཕྱིར་ནི་སྐྱེ་བ་ཡིན་པས་གེགས་མི་བྱེད་པའི་ངོ་བོར་གནས་པ་ལས་རང་ལས་གཞན་པ་བྱེད་རྒྱུའི་རྒྱུ་ཡིན་པར་གྲུབ་པོ། །རྒྱུ་དང་རྐྱེན་རྣམས་ཚོགས་ན་སྐད་ཅིག་མས་བར་ཆོད་པ་མེད་པས་འབྱུང་བའི་ཆོས་ ལ་ནི་སྐྱེ་བཞིན་པ་ཞེས་བརྗོད་དོ། །ཟག་པ་གང་དག་མི་ཤེས་པ། །ཞེས་རྒྱས་པར་འབྱུང་བ་ལ། མི་ཤེས་པ་ནི་ཟག་པ་སྐྱེ་བ་གཙོ་བའི་རྒྱུ་ཡིན་ཏེ། དེའི་ཕྱིར་ཟག་པ་གང་དག་མི་ཤེས་པ་དེ་ལ་སྐྱེ་བ་དེ་དག་ནི་ཤེས་པ་དེ་ལ་མི་སྐྱེ་སྟེ། ཤེས་པས་དེ་དག་གི་རྒྱུ་མི་ཤེས་པ་སྤང་བའི་ཕྱིར་རོ། །ཉི་མའི་འོད་ ཀྱིས་ཀྱང་སྐར་མ་ཟིལ་གྱིས་གནོན་པ་དེའི་ཕྱིར་མིག་གི་ཡུལ་དུ་འགྱུར་བ་མ་ཡིན་ཏེ། དེའི་ཕྱིར་འདི་ལས་མཐོང་བ་མི་འབྱུང་བ་ཡིན་ན་ཇི་ལྟར་རང་ལས་གཞན་པ་བྱེད་རྒྱུའི་རྒྱུ་ཡིན་ཞེ་ན། བཤད་པ་སྐྱེ་བཞིན་པ་མ་ཡིན་པ་ལ་གེགས་མི་བྱེད་པའི་ངོ་བོར་གནས་པའི་ཕྱིར་བྱེད་རྒྱུ་ཞེས་མི་བྱ་སྟེ། འོ་ན་ཅི་ཞེ་ན། སྐྱེ་ བཞིན་པ་ལ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །རྒྱུ་དང་རྐྱེན་རྣམས་ཚོགས་ན་བར་མེད་པར་འབྱུང་བའི་ཆོས་ནི་སྐྱེ་བཞིན་པ་ཞེས་བྱ་སྟེ། སྐྱེ་བཞིན་པ་སྐྱེ་བའི་བྱ་བ་ལ་བལྟོས་ཏེ་དེ་བསྐྱེད་པ་ལ་ཆོས་ཐམས་ཅད་གེགས་མི་བྱེད་པའི་ངོ་བོས་གནས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མ་འོངས་པ་ ཉིད་དུ་མཚུངས་བཞིན་དུ་ད་ལྟར་བའི་ངོ་བོར་བྱ་བ་ལ་གེགས་བྱེད་པ་མེད་པའི་ཕྱིར་གནས་སྐབས་དེ་ལ་སྐྱེ་བཞིན་པ་ཞེས་བྱའོ། །ད་ལྟར་བའི་དངོས་པོ་ལ་གེགས་ཡོད་པ་ནི་སྐྱེ་བཞིན་པ་ཞེས་མི་བྱའོ། །གེགས་བྱེད་ནུས་རྣམས་ནི་ཞེས་བྱ་བ་ནི་དཔེར་ན་ཟག་པ་སྐྱེ་བ་ལ་ཤེས་པ་དང་། སྐར་མ་ རྣམས་མཐོང་བ་བསྐྱེད་པ་ལ་ཉི་མའི་འོད་ལྟ་བུའོ། །དཔེར་ན་ཆོས་ཐམས་ཅད་སྐྱེ་བ་ལ་མྱ་ངན་ལས་འདས་པ་དང་ཞེས་རྒྱས་པར་འབྱུང་སྟེ། མྱ་ངན་ལས་འདས་པ་དང་མི་སྐྱེ་བའི་ཆོས་ཅན་རྣམས་ལ་ནི་འདུ་བྱེད་སྐྱེ་བའི་གེགས་བྱེད་པར་ནུས་པ་མེད་དེ་དངོས་པོ་མེད་པའི་ཕྱིར་རོ། །དམྱལ་ བ་ལ་སོགས་པ་དག་ཅེས་བྱ་བ་ནི་དམྱལ་བ་དང་ཡི་དགས་དང་དུད་འགྲོ་རྣམས་སོ། །སོགས་པ་སྨོས་པ་ནི་མི་ལ་སོགས་པས་རེས་འགའ་གེགས་བྱེད་ནུས་པར་ཡང་འགྱུར་བའོ། །མྱ་ངན་ལས་འདས་པ་ལ་སོགས་པ་དེ་དག་མེད་ཀྱང་ཡོད་པ་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་གེགས་བྱེད་མི་ནུས་པར་ འགྱུར་རོ། །ཡོད་དམ་མེད་ཀྱང་རུང་སྟེ། གེགས་བྱེད་པར་ནུས་པ་གེགས་མི་བྱེད་པ་དང་། བྱེད་པར་མི་ནུས་པ་མི་བྱེད་པའི་ངོ་བོར་ཁྱད་པར་འགའ་ཡང་མེད་དེ། གཉིས་ཀ་ཡང་དེ་ལ་བྱེད་པ་མཚུངས་པའི་ཕྱིར་རོ། །གཞན་དག་ན་རེ་ཆོས་ཐམས་ཅད་ཕན་ཚུན་གེགས་བྱེད་པའི་ནུས་པ་ཡོད་པ་ཉིད་དོ་ ཞེས་ཟེར་རོ། །གང་དུ་གཅིག་ཡོད་པ་དེར་གཉིས་པའི་སྐབས་མེད་པ་ཉིད་དོ། །གལ་ཏེ་གཞན་དུ་ཡང་སྲིད་ན་དེར་ཡང་ཕན་ཚུན་གོ་སྐབས་སུ་མི་འགྱུར་རོ། །དེ་ལྟར་ཆོས་ཐམས་ཅད་ཕན་ཚུན་ངེས་པར་བཟུང་བས་བྱེད་རྒྱུའི་དངོས་པོར་གྲུབ་པ་ཡིན་ནོ། །གཟུགས་མེད་པ་རྣམས་ལ་ཡང་དུས་དང་རྟེན་ལ་སོགས་ པ་ངེས་པར་ཤབྡཱ་ནྡཱ་ནུ་པྲ་ད་ན་ཡོ་གེ་ན་བཱ། འདིར་སྤྱིར་བསྟན་པ་ཡིན་གྱི་ཞེས་བྱ་བ་ལ། གང་ཞིག་བྱེད་རྒྱུའི་གཙོ་བོ་དང་། གང་ཞིག་བྱེད་རྒྱུའི་གཙོ་བོ་མ་ཡིན་པ་ཐམས་ཅད་ཀྱི་དབང་དུ་བྱས་ནས། རང་ལས་གཞན་པ་བྱེད་རྒྱུའི་རྒྱུ་ཞེས་བྱ་བ་བཤད་པའོ། །བྱེད་རྒྱུའི་གཙོ་བོ་གང་ཡིན་པ་དེ་ནི་ཞེས་བྱ་བ་རྒྱས་ པར་འབྱུང་སྟེ། དེ་ཉིད་ཀྱི་ཕྱིར་བྱེད་རྒྱུའི་རྒྱུ་ཞེས་བྱའོ། །བྱེད་རྒྱུ་ཉིད་ལ་བརྟེན་ནས་རྒྱུ་ཡིན་ཏེ། སྐྱེད་པར་བྱེད་པའི་ངོ་བོས་བྱེད་པ་དང་ལྡན་པའི་ཕྱིར་ཡིན་གྱི། གེགས་མི་བྱེད་པའི་ངོ་བོ་ཙམ་དུ་གནས་པའི་ཕྱིར་ནི་མ་ཡིན་ནོ། །དཔེར་ན་མིག་གི་རྣམ་པར་ཤེས་པ་ལས། མིག་དང་གཟུགས་དག་ དང་ཞེས་བྱ་བ་ལ། དེ་ལ་མིག་ནི་ངེས་པའི་རྒྱུའོ། །གཟུགས་ནི་རྟེན་གྱི་རྒྱུའོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པས་རྗེས་སུ་གཅོད་དོ། །རྒྱུ་ནི་ས་བོན་གྱི་ཆོས་ཀྱི་ཚུལ་གྱིས་མཚུངས་པར་ལྡན་པས་རྗེས་སུ་འཛིན་པའི་རྒྱུའོ། །ལྷན་ཅིག་འབྱུང་བ་ནི་གྲོགས་ཀྱི་རྒྱུའོ། །རྣ་བ་ལ་སོགས་པའི་ ཡང་རྟེན་དང་གནས་ཀྱི་རྒྱུ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའོ། །སློབ་དཔོན་གྱིས་ནི་རྟེན་དང་གནས་ཀྱི་རྒྱུ་ཙམ་གསུངས་ལ། མདོ་ལས་ཕྱོགས་ཙམ་གསུངས་པའི་ཕྱིར་རོ། །ལུས་ལ་ཟས་དང་ཞེས་བྱ་བ་ལ་ཡང་ཅི་ཞེ་ན། བསྐྱེད་པར་བྱ་བ་ལ་ནུས་པ་ཡོད་དེ་ཞེས་བྱ་བར་སྦྱར་ཏེ། ཟས་ཀུན་འབྱུང་བ་ལས་ རོ་ལ་སོགས་པའི་ཡོངས་སུ་འགྱུར་བ་ལས་ཟས་ཀུན་འབྱུང་ངོ་ཞེས་འབྱུང་བའི་ཕྱིར་རོ། །ས་བོན་ལ་སོགས་པ་ལས་མྱུ་གུ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ལ། ས་བོན་དང་མྱུ་གུ་དང་ལོ་མ་དང་ཚིགས་འཆས་པ་ལ་སོགས་པ་ནི་མྱུ་གུ་དང་ལོ་མ་དང་ཚིགས་འཆས་པ་ལ་སོགས་པའོ། །ཡང་ན་སོགས་པའི་སྒྲས་ གཟུགས་ཀྱི་ཁམས་ལ་སོགས་པ་གསུང་ངོ་། །ཡང་མིག་ལ་སོགས་པ་རྣམས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་ལ་སྒྲིབ་པ་མེད་པར་གྱུར་པས་བྱེད་རྒྱུའི་ངོ་བོར་བརྗོད་པ་ཅི་ཞེ་ན་གཉིས་གའི་བྱེད་པ་ཉིད་ཀྱིས་ཏེ། ལྷན་ཅིག་འབྱུང་བའི་རྒྱུ་ལ་སོགས་པ་བཞིན་ནོ། །གལ་ཏེ་སྒྲིབ་པ་མེད་པའི་ངོ་ བོས་མ་ཡིན་ན་འོ་ན་བྱེད་རྒྱུའི་གཙོ་བོ་དེ་སྐྱེད་པ་ལ་ནུས་པ་ཅན་གང་ཡིན་པ་བརྗོད་དགོས་སོ། །ཅི་སྟེ་བྱེད་པ་པོའི་ངོ་བོས་ཤེ་ན། འོ་ན་འདི་བརྗོད་པར་མི་བྱ་སྟེ། གེགས་མེད་པའི་ངོ་བོས་གནས་པའི་ཕྱིར་རོ། །དེའི་མིག་ལ་སོགས་པ་རྣམས་རྣམ་པར་ཤེས་པ་སྐྱེད་པ་པོ་ཉིད་ཡིན་ཏེ། བདུན་པའི་རྒྱུ་གཞན་ བརྗོད་པར་བྱའོ། །ལྷན་ཅིག་འབྱུང་བའི་རྒྱུ་ལ་སོགས་པ་རྣམས་ཀྱང་བྱེད་པའི་རྒྱུ་ཉིད་དུ་ཐལ་བར་འགྱུར་རོ་ཞེ་ན། དེ་ལ་འདི་ནི་ཀླན་ཀར་མི་རུང་སྟེ་ཞེས་བྱ་བ་རྒྱ་ཆེར་འབྱུང་སྟེ། འགལ་བའི་རྐྱེན་ཡོད་པ་ཉིད་ཀྱིས་ཆོས་རྣམས་ལ་སྐྱེ་བ་དང་དེ་མེད་པའི་ཕྱིར་ཅིག་ཅར་སྐྱེ་བར་ཀུན་བརྟགས་པ་ཡང་མ་ཡིན་ནོ། ། འོ་ན་རྒྱུ་གཉིས་ཀྱིས་ཆོས་རྣམས་མི་སྐྱེ་སྟེ་རྒྱུ་མ་ཚང་བའི་ཕྱིར་དང་འགལ་བའི་ཆོས་ཡོད་པའི་ཕྱིར་ཞེས་བྱ་བ་ཅི་ཞེ་ན། དེ་ལ་མ་ངེས་པ་ནི་རང་གི་རྒྱུའི་རྐྱེན་གྱིས་ཆོས་གཞན་དུ་འཇུག་པ་ཙམ་ཡིན་ལ་འགལ་བའི་ཕྱིར་བདག་པོའི་རྐྱེན་ནོ། །གང་དག་སྐྱེད་པར་བྱེད་པའི་ རྒྱུ་རྣམས་ལ་ཡང་གེགས་བྱེད་པ་ཡོད་པ་མ་ཡིན་པ་ནི་རྒྱུའི་ངོ་བོས་སྐྱེའོ། །ཆོས་ཐམས་ཅད་སྒྲིབ་པ་མེད་པའི་ངོ་བོས་གེགས་བྱེད་པ་མེད་པ་ནི་རྒྱུ་རྣམས་སུ་འདོད་དོ། །བྱེད་པ་པོའི་ངོ་བོས་ནི་མ་ཡིན་པ་སྟེ། དེའི་ཕྱིར་འདི་ཀླན་ཀ་མ་ཡིན་ནོ། །གཞན་དག་ན་རེ་གེགས་མི་བྱེད་པའི་ངོ་བོ་ཉིད་དུ་ གནས་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཐམས་ཅད་སྐྱེ་བ་ལ་བྱེད་རྒྱུ་ཐམས་ཅད་ནུས་པ་ཡོད་དོ་ཞེས་ཟེར་རོ། །དགེ་བ་དང་མི་དགེ་བ་ཞེས་བྱ་བ་ལ། ཡང་དག་པའི་ལྟ་བ་དང་མཚུངས་པར་ལྡན་པ་ནི་དགེ་བའོ། །ལོག་པའི་ལྟ་བ་ལ་སོགས་པ་དང་མཚུངས་པར་ལྡན་པ་ནི་མི་དགེ་བའོ། །དེ་བཞིན་དུ་ གཞན་ལ་ཡང་རྟོགས་པར་བྱ་སྟེ་ཞེས་བྱ་བ་ལ། ཐལ་བའི་སྨན་དང་ཚེར་མ་ལ་སོགས་པ་དང་ཕྲད་པ་ཡང་ཚོར་བ་མེད་པའི་རྒྱུ་ཡིན་ཏེ། དེ་ནི་བདེ་བའི་དངོས་ཀྱི་རྒྱུ་ཡིན་ལ། སྡུག་བསྔལ་གྱི་ནི་བརྒྱུད་པའི་སྒོ་ནས་རྒྱུ་ཡིན་ནོ། །དེ་བཞིན་དུ་ཆོས་འདས་པ་རྣམས་མ་འོངས་པ་དང་ད་ལྟར་བྱུང་བའི་རྣམས་ཀྱི་བྱེད་རྒྱུ་ སྟེ། དེ་ཡང་འདས་པ་རྣམས་ཀྱི་འབྲས་བུ་ནི་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ལ་སྒྲིབ་པ་མེད་པའི་ངོ་བོས་བྱེད་རྒྱུ་ཡིན་ནོ། །ད་ལྟར་བྱུང་བ་རྣམས་འདས་པ་རྣམས་ཀྱི་བྱེད་རྒྱུ་སྟེ། དེ་རྣམས་མ་འོངས་པའི་འབྲས་བུ་ཉིད་ནི་མ་ཡིན་ནོ། །འདུས་བྱས་དང་འདུས་མ་བྱས་རྣམས་ཀྱིས་གཉི་ག་སྟེ་འདུས་མ་བྱས་རྣམས་ཀྱི་ དེས་གཉི་ག་ཉིད་འདུས་བྱས་དང་འདུས་མ་བྱས་རྣམས་ཏེ། དེ་ནི་འདུས་བྱས་རྣམས་ཀྱི་བྱེད་པའི་རྒྱུའོ། །འདུས་བྱས་རྣམས་དེའི་འབྲས་བུ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བརྗོད་པར་བྱ་སྟེ། བྱེད་རྒྱུར་གྱུར་པ་ལས་དེའི་འབྲས་བུ་མ་ཡིན་ཏེ། ཆོས་ཐམས་ཅད་བྱེད་རྒྱུ་ཡིན་ལ། དེའི་འབྲས་བུ་ནི་འདུས་བྱས་ཁོ་ ནའོ། །དེ་བཞིན་དུ་དམྱལ་བ་ལ་སོགས་པ་རྣམས་ཀྱང་གཟུགས་མེད་པའི་ཕུང་པོ་སྐྱེད་པ་ལ་ནུས་པ་ཡོད་དོ། །འདི་ལྟར་ཀྱེ་མ་དམྱལ་བ་དང་ཡི་དགས་ལ་སོགས་པ་འདི་རྣམས་ནི་མཆོག་ཏུ་སྡུག་བསྔལ་བའོ་སྙམ་ནས་དམྱལ་བ་ལ་སོགས་པ་ལ་དམིགས་པའི་ཡིད་ཀྱིས་རྣམ་པར་ཤེས་པ་དགེ་བ་སྐྱེ་ལ། དེ་ལས་རིམ་གྱིས་ཚུལ་ཁྲིམས་ལ་གནས་པ་དང་། བསྒོམ་པ་ལ་རབ་ཏུ་སྦྱོར་བས་གཟུགས་མེད་པའི་སྙོམས་པར་འཇུག་པ་སྐྱེ་བར་འགྱུར་བའི་ཕྱིར་རོ། །བྱེད་པའི་རྒྱུ་བཤད་ཟིན་ཏོ།། །།ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། རྒྱུ་ཞེས་བྱ་བར་སྦྱར་རོ། །འདི་ལ་ཁ་ཅིག་ནི་ལྷན་ཅིག་འབྱུང་ བའི་རྒྱུ་ནི་ཆེས་ཕན་ཚུན་འབྲས་བུར་གྱུར་པ་དག་ཁོ་ན་ཡིན་ནོ་ཞེས་ངེས་པར་འཛིན་པར་བྱེད་དོ། །དེ་ལྟར་ན་ཕན་ཚུན་འབྲས་བུ་མ་ཡིན་པ་རྣམས་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པ་བསམ་པར་འགྱུར་ཏེ། དེའི་ཕྱིར་ཆོས་མཐུན་པའི་མཚན་ཉིད་རྣམས་ཀྱི་ལྷན་ཅིག་འབྱུང་བར་མི་འགྱུར་རོ། །དེའི་ཕྱིར་ཕན་ཚུན་འབྲས་ བུ་ཡིན་པར་གྱུར་ན་ལྷན་ཅིག་འབྱུང་བ་ཉིད་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་ངེས་པར་གཟུང་བར་བྱའོ། །དེ་ལྟ་ཡིན་དང་ལྷན་ཅིག་འབྱུང་བ་ཐམས་ཅད་ལྷན་ཅིག་འབྱུང་བའི་རྒྱུ་ཉིད་དུ་ཉེ་བར་གཟུང་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་གང་དག་ཕན་ཚུན་གྱི་འབྲས་བུ་ཡིན་པ་ཞེས་བཤད་དེ། ཕན་ཚུན་གྱི་རྒྱུ་ཡིན་ པའི་ཕྱིར། འབྲས་བུ་དང་ལྷན་ཅིག་འབྱུང་བས་ན་ལྷན་ཅིག་འབྱུང་བའི་རྒྱུའོ། །ལྷན་ཅིག་འབྱུང་བ་ཡང་འདི་ཡིན་ལ་རྒྱུ་ཡང་ཡིན་པས་ན་ལྷན་ཅིག་འབྱུང་བའི་རྒྱུའོ། །ཡང་ན་ལྷན་ཅིག་འབྱུང་བ་རྣམས་ཀྱི་རྒྱུ་ཡིན་པས་ན་ལྷན་ཅིག་འབྱུང་བའི་རྒྱུའོ། །དེ་ཉིད་ཀྱི་ཕྱིར་དེ་དག་ནི་ཕན་ཚུན་ལྷན་ཅིག་འབྱུང་ བའི་རྒྱུའོ་ཞེས་བྱ་བ་སྨོས་སོ། །འདི་དཔེ་མེད་པར་རྟོགས་པར་མི་ནུས་པས་འདྲི་བར་བྱེད་པ་ནི། དཔེར་ན་ཅི་ལྟ་བུ་ཞེས་བྱའོ། །འདིར་རྒོལ་བའི་ཚིག་ནི། འདྲི་བའི་དོན་ནི་ཡོད་པ་མ་ཡིན་ཏེ། ཐམས་ཅད་དཔེར་བརྗོད་པའི་ཕྱིར་རོ་ཞེ་ན། འདིར་ཐམས་ཅད་དཔེར་བརྗོད་པ་མ་ཡིན་གྱི། འོན་ཀྱང་ གང་ཞིག་བཞིན་ནོ་ཞེས་བྱ་བས་ཉེ་བར་སྟོན་པ་དཔེར་མ་བརྗོད་པ་ཡང་ཡོད་དོ། དེ་ཡང་གང་ཞེ་ན། སེམས་ཀྱི་རྗེས་སུ་འཇུག་པ་ཕན་ཚུན་དང་། མཚན་ཉིད་རྣམས་ཕན་ཚུན་ནོ། །འབྱུང་བ་ཆེན་པོ་བཞི་དག་ནི། །ཞེས་བྱ་བ་ལ། རྫས་ལྷག་མ་ཡོད་ཀྱང་གསུམ་གཅིག་གིས་ཡིན་ཏེ། རང་གི་ངོ་བོ་ལ་མི་ ལྟོས་པའི་ཕྱིར་དང་། རྫས་སྐལ་བ་མཉམ་པ་ལ་མི་ལྟོས་པ་མ་ཡིན་ནོ། །གཞན་རྣམས་རེ་རེ་གསུམ་ལ་ལྟོས་ཤིང་། བཞི་འདུས་པ་རྣམས་རྒྱུར་བྱས་པའི་གཟུགས་ཀྱི་རྗེས་སུ་འཇུག་ནུས་པའི་ཕྱིར། རང་གི་མཚན་ཉིད་ལྷག་མ་ཉིད་མ་གཏོགས་པ་གཞན་རྫས་ལྷག་མ་ཉིད་ཡོད་པས་ན་འདི་དཔྱད་ པར་བྱའོ། །དེ་ལྟར་འདུས་བྱས་ཐམས་ཅད་ཅེས་གང་བཤད་པ་ཧ་ཅང་ཐལ་བ་དང་། ཅི་རིགས་པར་ཞེས་བྱ་བ་སྨོས་སོ། །འདི་སྐད་བསྟན་པར་འགྱུར་ཏེ། ཐམས་ཅད་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་གྱི་ཐམས་ཅད་ཀྱིས་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཕན་ ཚུན་འབྲས་བུ་ཉིད་ཡིན་པ་ན་སེམས་ཀྱི་རྗེས་སུ་འབྲང་བ་དག་ཀྱང་ཕན་ཚུན་མཚན་ཉིད་ཅན་རྣམས་ཀྱང་ངོ་ཞེས་བརྗོད་པར་བྱའོ། །འདི་ཡང་རྩོད་པའི་ཚིག་གི་ལན་ཉིད་ཀྱིས་བཤད་དོ། །ཕན་ཚུན་འབྲས་བུ་ཉིད་མེད་བཞིན་དུ་ཆོས་ནི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། ཆོས་ནི་གཙོ་བོ་ཡིན་པའི་ཕྱིར་མཐུན་ པའི་མཚན་ཉིད་རྣམས་ཀྱི་ཡིན་གྱི། དེ་དག་ནི་དེའི་མ་ཡིན་ཏེ་རིང་བའི་ཕྱིར་རོ། །ཁ་བསྐང་བར་བྱའོ་ཞེས་བྱ་བ་ནི་ཉེ་བར་ཁ་བསྐང་བར་བྱའོ་ཞེས་བྱ་བའོ། །ཅིའི་ཕྱིར་དེ་ལྟར་མཚན་ཉིད་མ་ཁྱབ་པ་བྱས་ཤེ་ན། ལྷན་ཅིག་འབྱུང་བའི་རྒྱུ་ནི་འདུས་བྱས་ཀྱི་ཆོས་འབྲས་བུ་གཅིག་པ་རྣམས་ཀྱིའོ་ཞེས་བསྟན་བཅོས་ལས་ དེ་སྐད་འདོན་པའི་ཕྱིར་རོ། །བསྟན་བཅོས་ལས་སེམས་ཀྱི་རྗེས་སུ་འཇུག་པའི་གཟུགས་སེམས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུར་མ་བཤད་དོ། །འདི་ལ་སློབ་དཔོན་འདུས་བཟང་གིས་ལན་སྨྲས་པ། མཚན་ཉིད་བྷཱཾ་བྱཾ་ཏཱུ་ན་ཏཱ་ཡཱཾ་ཙ་ཡེ་<རང་བཞིན་ནི་དམན་པ་མ་ཡིན་པའི་ཚོགས་>སེམས་ཐམས་ཅད་དང་ལྷན་ཅིག་སྐྱེ་བར་ངེས་པར་གྱུར་པ་རྣམས་སེམས་ལ་བལྟོས་ པས་འཇུག་སྟེ། དེ་དག་ཉིད་སེམས་དང་ཕན་ཚུན་ལྷན་ཅིག་ཡིན་པས་ལྷན་ཅིག་འབྱུང་བའི་རྒྱུར་བཤད་དོ། །སེམས་དང་ལྷན་ཅིག་སྐྱེ་བར་མ་ངེས་པ་འགའ་ཞིག་ནི་མང་བ་དང་ཉུང་བར་དམིགས་སོ། །ལུས་དང་ངག་གི་ལས་ནི་སེམས་ཐམས་ཅད་དང་ལྷན་ཅིག་པར་མི་འགྱུར་ ཏེ། མཉམ་པར་མ་བཞག་པ་ལ་དེ་དག་མེད་པའི་ཕྱིར་རོ། །སྐྱེ་བ་ལ་སོགས་པ་འདི་དག་ཐམས་ཅད་ནི་སེམས་ལ་ལྟོས་ནས་འཇུག་པས་ཕན་ཚུན་བལྟོས་པ་མ་ཡིན་ཏེ། དྷརྨཱ་མུ་ཁཻ་ནཻ་པི་ཧི་ཛཱ་ཏིཿསྠི་ཏྱཱ་དཱི་ནཱ་མུ་པ་ཀུ་རུ་ཏེ། <གང་གི་ཕྱིར་སྐྱེ་བ་དང་གནས་པ་ལ་སོགས་པ་རྣམས་ནི་ཆོས་གཙོ་བོར་གྱུར་པ་ཉིད་ཀྱིས་ཉེ་བར་བྱེད་དོ། །>སྐྱེ་བའི་གནས་པ་ལ་སོགས་པ་དང་ཞེས་བྱ་བ་ནི། དེ་དག་ཕན་ཚུན་ལྷན་ཅིག་འབྱུང་བའི་ རྒྱུར་མ་བཤད་པའོ། །ལུས་དང་ངག་གི་ལས་སེམས་དང་བཅས་པའི་རྗེས་སུ་འཇུག་པ་རྣམས་སེམས་ལ་རག་ལས་པ་ཉིད་རྣམ་པར་རིག་བྱེད་མ་ཡིན་པ་ལ་རག་ལས་པ་ཉིད་ཅེས་རྣམ་པར་བཤད་པ་ཅི་ལྟར་ཡིན་ཞེ་ན། དེ་ལྟར་ མཚན་ཉིད་བཤད་པ་ལ་དོན་མ་ཚང་བ་ཉིད་བསྟན་བཅོས་ཀྱི་སྐྱོན་དུ་ཐལ་བར་འགྱུར་རོ། །གནས་བརྟན་གྱིས་ཀྱང་གལ་ཏེ་སྐྱེ་བ་ལས་གཅིག་པ་ལ་སོགས་པ་སྨོས་པ་ཉིད་ཀྱིས་དུས་གཅིག་གཏོགས་པ་ཉིད་ཀྱང་ཆུད་པ་ཉིད་མ་ཡིན་ནམ། དུས་གཅིག་ཏུ་གཏོགས་པ་ཉིད་ཀྱིས་སོ། །ཞེས་ཡང་ཅིའི་ ཕྱིར་སྨོས་ཤེ་ན། འདས་པ་དང་མ་འོངས་པ་ཉིད་ཀྱིས་ཞེས་བྱ་སྟེ། འདས་པ་དང་མ་འོངས་པའི་དུས་དག་དང་མ་བྲལ་བར་ཤེས་པར་བྱ་བའི་ཕྱིར་རམ། མི་སྐྱེ་བའི་ཆོས་ཅན་ཤེས་པར་བྱ་བའི་ཕྱིར་རོ། །དེ་ལྟ་ན་འོ་ན་དུས་གཅིག་ཏུ་གཏོགས་པ་ཉིད་ཡིན་ལ་རག་མོད་ཅེ་ན། དེ་ལྟ་ན་ཡང་དུས་གཅིག་པ་ཁོ་ན་ རྟོགས་པར་འགྱུར་རོ། །འབྲས་བུ་སྨོས་པས་ནི་སྐྱེས་བུ་བྱེད་པ་དང་། བྲལ་བའི་འབྲས་བུར་བསྡུའོ། །གལ་ཏེ་རྒྱུ་མཐུན་པ་དང་། རྣམ་པར་སྨིན་པའི་འབྲས་བུ་གཉིས་ཀྱང་འབྲས་བུའི་རང་བཞིན་ཉིད་མ་ཡིན་ནམ། དེ་དག་ལོགས་སུ་ཅིའི་ཕྱིར་སྨོས་ཤེ་ན། སྐྱེས་བུ་བྱེད་པའི་འབྲས་བུ་ནི་རྣམ་པ་བཞི་ སྟེ། ལྷན་ཅིག་དང་། མཇུག་ཐོགས་དང་། དུས་གཞན་དུ་སྐྱེ་བ་དང་མི་སྐྱེ་བའོ། །དེ་ལ་འདིར་རྒྱུ་ལྷན་ཅིག་ཏུ་མ་གྱུར་པའི་འབྲས་བུ་བསྟན་པས་ཚོགས་པ་རྣམས་དང་ལྷན་ཅིག་སྐྱེས་པ་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་པ་བསལ་ལོ། །རང་གི་ངོ་བོ་རང་གི་ངོ་བོའི་འབྲས་བུ་མ་ཡིན་པས་ཕན་ཚུན་ འབྲས་བུ་ཡིན་པའི་ཕྱིར་རོ། །ཚོགས་པ་ལྷན་ཅིག་སྐྱེ་བ་མ་ཡིན་ཞིང་སྐྱེས་བུ་བྱེད་པའི་འབྲས་བུ་ཡང་གཅིག་མ་ཡིན་པས། དེའི་ཕྱིར་འདི་ཉིད་གསུངས་སོ་ཞེས་སློབ་དཔོན་འདུས་བཟང་ཟེར་རོ། །གཅིག་ཉིད་དང་ཐ་དད་པས་ཀྱང་མངོན་པར་བརྗོད་པ་རྟོགས་པར་བྱ་སྟེ་ལྷན་ཅིག་པས་མ་ཡིན་ནོ། །སྐྱེས་ བུ་བྱེད་པའི་འབྲས་བུ་དང་། འདི་དག་འབྲས་བུ་གཅིག་པ་ཉིད་ཡོད་པ་མ་ཡིན་ནོ། །རང་གི་ངོ་བོའི་འབྲས་བུ་མ་ཡིན་པ་དེའི་ཕྱིར་འདིར་འབྲས་བུ་སྨོས་པས་སྐྱེས་བུ་བྱེད་པའི་འབྲས་བུ་ཉིད་གཟུང་ངོ་། །བྲལ་བའི་འབྲས་བུ་ཡང་དེའི་ཁྱད་པར་ཉིད་ཀྱི་ཕྱིར། གང་ཞིག་འདི་དག་ཐམས་ཅད་ཀྱི་དུས་ གཞན་དང་མཇུག་ཐོགས་སུ་གཟུང་ངོ་། །དེ་ཉིད་ཀྱི་ཕྱིར་འདིར་བདག་པོའི་འབྲས་བུ་མི་གཟུང་བ་དེ་ནི་ཆོས་ཐམས་ཅད་ཀྱི་འབྲས་བུ་ཡིན་གྱི་དེ་དག་གི་རྗེས་སུ་འཇུག་པ་ཁོ་ནའི་མ་ཡིན་པས་སོ། །གཞན་དག་ན་རེ་འདི་དག་འབྲས་བུའི་ཉེ་བའི་མཚན་ཉིད་རྣམས་མ་ཡིན་པས་བདག་པོའི་འབྲས་བུ་ཡང་ འདིས་འབྲས་བུའི་སྒྲས་གཟུང་ངོ་ཞེས་ཟེར་རོ། །སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་ཐུན་མོང་བའི་མཚན་ཉིད་དུ་མ་གྱུར་པ་ཉིད་ཅེས་སོ། །གཅིག་ཅེས་བྱ་བའི་སྒྲ་སྔ་མ་ནི་ལྷན་ཅིག་པའི་དོན་དུ་བསྡུ་བར་བྱ་སྟེ། སྐྱེ་བ་དང་གནས་པ་དང་འགག་པ་གཅིག་པ་ཉིད་ དང་ཞེས་བྱ་བ་དེའི་སྒྲ་གང་ཡིན་པ་དེ་ནི་སྔ་མའོ། །གཅིག་ཅེས་བྱ་བའི་སྒྲ་ཕྱི་མ་ནི་ཐུན་མོང་བའི་དོན་དུ་རིག་པར་བྱའོ། །དེ་ལྟ་ན་རྒྱུ་བཅུས་ཞེས་བྱ་བ་ལ། དུས་ལས་བཞི་དང་། འབྲས་བུ་ལས་གསུམ་དང་། དགེ་བ་ལ་སོགས་པ་གསུམ་གྱིས་སོ། །འདིར་ནི་མཉམ་པའི་རྣམ་པ་ཅི་རིགས་པར་ཡོངས་ སུ་བགྲང་གི །ཐམས་ཅད་ལ་ཐམས་ཅད་ནི་མ་ཡིན་ནོ། །དེ་ལ་དགེ་བ་ལ་སོགས་པ་རྣམས་ནི་ཕན་ཚུན་དུ་བདག་ཉིད་ཀྱི་རང་གི་ངོ་བོ་མེད་པའི་ཕྱིར་རོ། །དེ་བཞིན་དུ་བར་ཆད་མེད་པའི་ལམ་གྱིས་བསྡུས་པ་ཟག་པ་མེད་པ་རྣམས་ལ་ནི་རྣམ་པར་སྨིན་པའི་འབྲས་བུ་མེད་ལ། གཞན་རྣམས་ལ་ནི་བྲལ་བའི་འབྲས་བུ་ ཡོད་དོ། །དགེ་བ་ཟག་པ་དང་བཅས་པ་བར་ཆད་མེད་པའི་ལམ་གྱིས་བསྡུས་པ་རྣམས་ལ་ནི་འབྲས་བུ་ཐམས་ཅད་ཡོད་དོ། །གཞན་རྣམས་ལ་ནི་དགེ་བ་དང་མི་དགེ་བ་དང་བྲལ་བའི་འབྲས་བུ་མ་གཏོགས་པའོ། །ལུང་དུ་མ་བསྟན་པ་རྣམས་ལ་ནི་རྣམ་པར་སྨིན་པ་དང་བྲལ་བའི་འབྲས་བུ་མ་གཏོགས་པའོ། །དེ་ ལྟར་ན་ཁ་ཅིག་ནི་རྒྱུ་ལྔ་ཡིས་དང་། ཁ་ཅིག་ནི་བརྒྱད་ཀྱིས་སེམས་ཀྱི་རྗེས་སུ་འཇུག་པ་ཡིན་ནོ། །སེམས་ནང་ན་ཉུང་བ་ནི་བསམ་གཏན་གཉིས་པ་ལ་སོགས་པ་དག་དང་གཟུགས་མེད་པ་རྣམས་སུ་གལ་ཏེ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་ནི་འཁོར་ཉུང་བའི་ཕྱིར་ཉུང་བ་ཞེས་བྱའོ། །རང་གི་མཐུན་ པའི་མཚན་ཉིད་རྣམས་མ་གཏོགས་པ་རྣམས་སོ་ཞེས་བྱ་བ་ལ། དེ་དག་ཅིའི་ཕྱིར་སེམས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་མ་ཡིན་ཞེ་ན། དེའི་མཚན་ཉིད་རྣམས་ཁོ་ན་ལ་བྱེད་པ་དང་ལྡན་པའི་ཕྱིར་རོ། །གཞན་དག་ན་རེ་བཅུ་བཞི་ཡིན་ཏེ། མཐུན་པའི་མཚན་ཉིད་བཞིན་དུས་མང་པོ་པའི་མཚན་ཉིད་ རྣམས་ཀྱང་སེམས་ལ་བྱེད་པ་དང་མི་ལྡན་པའི་ཕྱིར་ལྷན་ཅིག་འབྱུང་བའི་རྒྱུ་ཉིད་མ་ཡིན་ནོ་ཞེས་ཟེར་རོ། །དེ་ལྟ་ན་རབ་ཏུ་བྱེད་པའི་གཞུང་ཞེས་བྱ་བ་ལ། གལ་ཏེ་ས་མང་པོ་དག་གི་མཚན་ཉིད་རྣམས་སེམས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་མ་ཡིན་ནའོ། །སྡུག་བསྔལ་གྱི་བདེན་པ་ལ་འཇིག་ཚོགས་ལ་ལྟ་བའི་ རྒྱུ་ཅན་ཡིན་ལ་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །སྡུག་བསྔལ་གྱི་བདེན་པ་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་མ་ཡིན་པ་ཡང་ཡོད་དོ། །འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་མ་ཡིན་པ་ཡང་ཡོད་དོ། །འཇིག་ཚོགས་ལ་ལྟ་ བའི་རྒྱུ་ཅན་ཡང་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་མ་ཡིན་པ་ཡོད་དམ་ཞེ་ན། དེ་ལ་བདེན་པ་བཞི་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བའི་ཕྲ་རྒྱས་རྣམས་དང་། དེ་དག་དང་མཚུངས་པར་ལྡན་པ་ཚོར་བ་ལ་སོགས་པ་ཐམས་ཅད་ལ་སྡུག་བསྔལ་གྱི་བདེན་པ་ཞེས་བྱ་སྟེ་དེ་དག་ལ་འདི་ བསམ་པར་བྱའོ། །དེ་ལ་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་མ་ཡིན་པ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་འདས་པ་དང་། ད་ལྟར་བྱུང་བ་རྣམས་དང་། དེ་དག་དང་མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པ་མ་གཏོགས་པ་དང་། ཀུན་འབྱུང་བ་ མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་ཀུན་ཏུ་འགྲོ་བ་འདས་པ་དང་། ད་ལྟར་བྱུང་བ་རྣམས་དང་། དེ་དག་དང་ལྷན་ཅིག་འབྱུང་བའི་སྡུག་བསྔལ་གྱི་བདེན་པ་མ་གཏོགས་པ་དང་། འཇིག་ཚོགས་ལ་ལྟ་བ་མ་འོངས་པ་དང་། དེ་དང་མཚུངས་པར་ལྡན་པའི་སྡུག་བསྔལ་གྱི་བདེན་པ་མ་གཏོགས་པ་དང་། འཇིག་ཚོགས་ལ་ལྟ་བ་དང་། དེ་དང་མཚུངས་པར་ལྡན་པའི་ཆོས་རྣམས་ཀྱི་སྐྱེ་བ་དང་། རྒ་བ་དང་། གནས་པ་དང་། མི་རྟག་པ་དག་མ་གཏོགས་པ་དེ་དག་ལས་གཞན་པའི་སྡུག་བསྔལ་གྱི་བདེན་པ་ཉོན་མོངས་པ་ཅན་གང་ཡིན་པའོ། །དེ་ནི་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཕྲ་རྒྱས་མ་འོངས་ པ་རྣམས་དང་། དེ་དག་དང་མཚུངས་པར་ལྡན་པ་ཚོར་བ་ལ་སོགས་པ་རྣམས་དང་། ཀུན་འབྱུང་བ་མཐོང་བས་སྤང་བར་བྱ་བ་ཀུན་ཏུ་འགྲོ་བ་མ་ཡིན་པ་དུས་གསུམ་པ་རྣམས་དང་། ཀུན་ཏུ་འགྲོ་བ་མ་འོངས་པ་རྣམས་དང་། དེ་དག་དང་མཚུངས་པར་ལྡན་པ་ཚོར་བ་ལ་སོགས་པ་རྣམས་དང་། འགོག་ པ་དང་ལམ་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བ་དུས་གསུམ་པ་རྣམས་དང་། དེ་དག་དང་མཚུངས་པར་ལྡན་པའི་ཚོར་བ་ལ་སོགས་པ་རྣམས་ཏེ། དེ་དག་ནི་འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་མ་ཡིན་པའོ། །དེ་ལྟར་སྔར་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་ནི་འདི་ དག་གི་ཀུན་ཏུ་འགྲོ་བའི་རྒྱུས་རྒྱུ་ཡིན་གྱི། དེ་དག་ནི་འཇིག་ཚོགས་ལ་ལྟ་བའི་རྒྱུ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཀུན་ཏུ་འགྲོ་བའི་རྒྱུ་མ་ཡིན་པའི་ཕྱིར་རོ། །སྐྱེས་པའི་རྒྱུ་མཐུན་པའི་འབྲས་བུ་སྔར་སྐྱེས་པ་ནི་ཀུན་ཏུ་འགྲོ་བའི་རྒྱུའི་རྒྱུའོ། །མུ་གཉིས་པ་ན་མེད་དོ། ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ཡང་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་ཡིན་པ་གང་ཞེ་ན། དེའི་ཕྱིར་མ་གཏོགས་པ་གང་ཡིན་པའོ་ཞེས་བྱ་བ་སྨོས་སོ། །མ་གཏོགས་པ་ཡང་འཇིག་ཚོགས་ལ་ལྟ་བ་དང་མཚུངས་པར་ལྡན་པའི་ཆོས་རྣམས་ཀྱི་སྐྱེ་བ་ལ་སོགས་པ་དག་སྟེ། དེ་དག་སྔར་ སྐྱེས་པ་ནི་འཇིག་ཚོགས་ལ་ལྟ་བའི་ཀུན་ཏུ་འགྲོ་བའི་རྒྱུས་སྐྱེད་པ་ཡིན་ལ། ད་ལྟར་བྱུང་བ་ནི་ལྷན་ཅིག་འབྱུང་བའི་རྒྱུས་བསྐྱེད་པ་ཡིན་ནོ། །དེ་དག་གིས་ཀྱང་ལྷན་ཅིག་འབྱུང་བའི་རྒྱུས་འཇིག་ཚོགས་ལ་ལྟ་བ་ད་ལྟར་བྱུང་བ་བསྐྱེད་པ་ཡིན་ནོ། །དེའི་ཕྱིར་ལྷན་ཅིག་འབྱུང་བའི་རྒྱུ་ནི་ཆོས་ལྔ་བཅུ་རྩ་ བཞི་སྟེ། ཞེས་བྱ་བ་གནས་པ་ཡིན་ནོ། །འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་མ་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་མ་ཡིན་པ་ནི་སྡུག་བསྔལ་གྱི་བདེན་པ་ཉོན་མོངས་པ་ཅན་མ་ཡིན་པ་སྟེ། དེ་ནི་ཀུན་ཏུ་འགྲོ་བའི་རྒྱུའམ་སྐལ་བ་མཉམ་པའི་རྒྱུའམ། ལྷན་ཅིག་འབྱུང་བའི་རྒྱུས་འཇིག་ཚོགས་ ལ་ལྟ་བའི་རྒྱུ་མ་ཡིན་ལ། འཇིག་ཚོགས་ལ་ལྟ་བ་ཡང་དེའི་མ་ཡིན་ནོ། །མ་གཏོགས་པ་གང་ཡིན་པའོ་ཞེས་བྱ་བ་འདིར་ཁོ་བོ་ཅག་གིས་ནི་སྐྱེ་བ་ལ་སོགས་པ་ཁོ་ན་བཤད་དེ། དེ་དག་གི་དོན་དུ་འདིར་ཉེ་བར་བཀོད་པའི་ཕྱིར་རོ། །མ་གཏོགས་པ་གཞན་གང་ཡིན་པ་དེ་ཡང་འཇིག་ཚོགས་ལ་ལྟ་བའི་རྒྱུ་ ཅན་ཡིན་ལ། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཡང་ཡིན་པར་བརྗོད་པར་བྱའོ། །ཁ་ཆེ་བ་རྣམས་ན་རེ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་བ་ལ། འོ་ན་ཇི་ལྟར་འདོན་ཞེ་ན་འཇིག་ཚོགས་ལ་ལྟ་བའི་སྐྱེ་བ་དང་། རྒ་བ་དང་། གནས་པ་དང་། མི་རྟག་པ་དག་མ་གཏོགས་པ་ཞེས་དེ་སྐད་དུ་འདོན་ཏེ། འདི་ལྟར་འདི་དག་གི་སྐྱེ་བ་ལ་སོགས་པའི་སྟོབས་ཀྱིས་ནི་སེམས་མི་སྐྱེད་དེ་རང་གི་མཐུན་པའི་མཚན་ཉིད་བཞིན་ནོ། །དེའི་ཕྱིར་དེ་དང་མཚུངས་པར་ལྡན་པའི་ཆོས་རྣམས་ཀྱི་ཞེས་དེ་སྐད་དུ་མི་འདོན་ཏོ། །ཁ་ཆེ་བ་རྣམས་ན་རེ་ཞེས་བྱ་བ་སྨོས་པ་ནི་དེ་དག་གིས་ཀྱང་དེ་སྐད་དུ་འདོན་པར་བྱ་བའམ་ཞེས་བྱ་བ་འདི་ལ་རྒྱུ་ ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་རོ། །གཞན་དག་ན་རེ་ཚོགས་འདི་དག་ཐམས་ཅད་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུའོ་ཞེས་ཟེར་རོ། །ཆོས་གཞན་དུ་གནས་པའི་ཕྱིར་འདི་དག་ཐམས་ཅད་མི་འཐད་པར་སྤང་ཉིད་དུ་བཤད་དོ། །ཅིག་ཅར་སྐྱེས་པ་རྣམས་ལ་ཡང་རབ་ཏུ་འཇུག་པ་ ཉིད་སེམས་ཀྱི་རྗེས་སུ་འཇུག་པ་ཉིད་དོ། །གཟུགས་དང་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་དང་སེམས་ལས་བྱུང་བ་རྣམས་རབ་ཏུ་འཇུག་པ་དང་རྗེས་སུ་འཇུག་པ་ཡང་ཡིན་ཏེ། སེམས་ཀྱི་རྗེས་སུ་འཇུག་པའི་ཕྱིར་དང་། སེམས་དང་མཚུངས་པར་ལྡན་པའི་འདུ་བྱེད་རབ་ཏུ་འཇུག་པ་ཉིད་ཀྱི་ ཕྱིར་རོ། །གཉི་ག་མ་གཏོགས་པ་ནི་རྣམ་པ་དེ་དག་མ་གཏོགས་པ་སྟེ། ཆོས་ཀྱི་མཐུན་པའི་མཚན་ཉིད་རྣམས་སོ། །དེ་དག་ཕན་ཚུན་དང་ཞེས་བྱ་བ་རྒྱ་ཆེར་འབྱུང་བ་ལ། གང་ལས་ཆོས་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ཞེ་ན། དེའི་སྟོབས་ཀྱིས་མ་བསྐྱེད་པའི་ཕྱིར་དང་། དེ་དག་ ཀྱང་འབྲས་བུ་དུ་མ་ཉིད་ཡིན་པའི་ཕྱིར་ཆོས་ཆེས་མང་བ་དེ་དག་དེའི་ཚོགས་ཀྱི་འབྲས་བུ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་རྣམས་སེམས་ཀྱི་རྗེས་སུ་འཇུག་པ་ཞེས་མི་བྱའོ། །འོ་ན་ཅི་ལྟར་དེ་དག་སེམས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ཞེ་ན། སེམས་སྐྱེ་བ་ལ་སོགས་པ་རྣམས་ལ་དེ་རབ་ཏུ་ འཇུག་པའི་ཕྱིར་རོ། །འབྱུང་བ་རྣམས་ཀྱི་འབྱུང་བའི་སྐྱེ་བ་ལ་སོགས་པ་རྣམས་ཀྱང་ཕན་ཚུན་འབྲས་བུ་མི་སྐྱེད་པས་འདི་ལ་སྐྱོན་མེད་དོ། །ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་ནི་མ་ཡིན་ཏེ་ཆོས་གཅིག་ལ་འཇུག་པའི་ཕྱིར་རོ། །སེམས་ཀྱི་རྗེས་སུ་འཇུག་པ་ནི་སེམས་ལས་བྱུང་བ་རྣམས་དང་བསམ་གཏན་ དང་ཟག་པ་མེད་པའི་སྡོམ་པ་དག་སྟེ། དེ་དག་གི་མཚན་ཉིད་དང་སྐྱེ་བ་ཉིད་ལ་སོགས་པ་རྣམས་ཀྱི་མཚན་ཉིད་གང་དག་ཡིན་པ་དང་། སྐྱེ་བའི་སྐྱེ་བ་ལ་སོགས་པ་རྣམས་དང་མཐུན་པའི་མཚན་ཉིད་དེ་རྣམས་ནི་བྱ་བ་བསྐལ་པའི་ཕྱིར་སེམས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་མ་ཡིན་ལ། ཕན་ཚུན་དུ་ཡང་ མ་ཡིན་ཏེ། ཆོས་གཅིག་ལ་འཇུག་པའི་ཕྱིར་རོ། །རྒྱུར་བྱས་པའི་གཟུགས་ཐོགས་པ་དང་བཅས་པ་ཕན་ཚུན་དང་ཞེས་བྱ་བ་ལ། རྡུལ་ཕྲ་རབ་རྫས་བརྒྱད་པ་ལ་སོགས་པ་དག་གི་རྒྱུར་བྱས་པའི་གཟུགས་དང་། ཆོས་གཞན་པ་ཡོད་པ་མ་ཡིན་ཡང་གཟུགས་ཀྱི་ཁམས་ལ་སོགས་པ་བཞིན་དུ་དྲི་དང་ རོ་དག་མེད་པའི་ཕྱིར་རོ། །ཐོགས་པ་མེད་པ་ཅུང་ཟད་དང་། །ཞེས་བྱ་བ་ནི་སོ་སོར་ཐར་པའི་སྡོམ་པ་སྟེ། རྒྱུར་བྱས་པའི་གཟུགས་ཐོགས་པ་མེད་པ་བསམ་གཏན་དང་། ཟག་པ་མེད་པའི་སྡོམ་པས་བསྡུས་པ་རྣམ་པ་བདུན་ནི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུས་རྒྱུ་ཡིན་ཏེ་སེམས་ཀྱི་ རྗེས་སུ་འཇུག་པའི་ཕྱིར་རོ། །ཐམས་ཅད་འབྱུང་བ་དག་དང་ཞེས་བྱ་བ་ལ། ཐོགས་པ་དང་བཅས་པའམ་ཐོགས་པ་མེད་ཀྱང་རུང་ལྷན་ཅིག་འབྱུང་བ་ཡིན་གྱི། ལྷན་ཅིག་འབྱུང་བའི་རྒྱུས་རྒྱུ་ནི་མ་ཡིན་ནོ། །འབྱུང་བ་རྣམས་དང་འབྱུང་བ་ལས་གྱུར་པ་གཉིས་ཀ་ཡང་ལྷན་ཅིག་འབྱུང་གི །ལྷན་ཅིག་འབྱུང་ བའི་རྒྱུས་རྒྱུ་ནི་མ་ཡིན་ཏེ། ཐོབ་པ་དང་ལྡན་པའི་འབྲས་བུ་དུ་མ་ཉིད་ཀྱི་ཕྱིར་རོ། །འབྲས་བུ་དང་རྣམ་པར་སྨིན་པ་དང་རྒྱུ་མཐུན་པ་དུ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བས་ནི་ལྷན་ཅིག་འབྱུང་བའི་རྒྱུ་དང་ཆོས་མི་མཐུན་པའམ། སེམས་ཀྱི་རྗེས་སུ་འཇུག་པ་དང་ཆོས་མི་མཐུན་པ་སྟོན་པའོ། །འདི་ལྟར་ ཐོབ་པ་རྣམས་ཀྱིས་ནི་སྐྱེས་བུ་བྱེད་པའི་འབྲས་བུ་ཁོ་ན་ཡིན་ལ། སེམས་ཀྱིས་ནི་བྲལ་བའི་འབྲས་བུ་ཡང་ཡིན་ནོ། །ཐོབ་པ་རྣམས་ཀྱི་རྒྱུ་མཐུན་པའི་འབྲས་བུ་ནི་ཐོབ་པ་རྣམས་ཁོ་ན་ཡིན་ལ་སེམས་ཀྱིས་ནི་སེམས་སོ། །སེམས་གཞན་གྱི་རྣམ་པར་སྨིན་པ་ནི་གཞན་ཡིན་ཏེ། ཐོབ་པ་རྣམས་འཕེན་པར་ བྱེད་པ་དང་ཡོངས་སུ་རྫོགས་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་དག་ནི་སེམས་དང་ལྷན་ཅིག་སྤྱོད་པའི་ངང་ཚུལ་ཅན་ཡང་མ་ཡིན་ཏེ་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པ་རྣམས་ཀྱང་དེའི་ངང་ཚུལ་ཅན་མ་ཡིན་པར་སྟོན་པར་བྱེད་པའོ། །འབྱུང་བ་རྣམས་ཅི་ལྟར་ན་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུས་ རྒྱུ་ཡིན་ཞེ་ན། ལྷན་ཅིག་ཏུ་སྐྱེ་བ་དང་གནས་པ་དང་འགག་པ་ཉིད་ཀྱིས་སོ། །འབྲས་བུ་གཅིག་ནི་ནྡ་ཏ་ཡཱ་ཙ། འདི་ལྟར་འབྱུང་བ་ཆེན་པོ་བཞི་པོ་རྣམས་རྒྱུར་བྱས་པས་རྒྱུར་བྱས་པའི་གཟུགས་གཅིག་ཏུ་འགྱུར་ཏེ། སྔར་སྐྱེས་པའི་འབྱུང་བ་ཆེན་པོ་རྣམས་དང་། ཕྱིས་སྐྱེས་པའི་འབྱུང་བ་ ཆེན་པོ་རྣམས་སྐལ་བ་མཉམ་པའི་རྒྱུས་རྒྱུ་ཡིན་ནོ། །རྒྱུ་མཐུན་པའི་འབྲས་བུས་ཀྱང་སྐལ་བ་མཉམ་པའི་རྒྱུའོ། །འབྲས་བུ་དང་བཅས་པ་རྒྱུར་བྱས་པའི་གཟུགས་ནི་འབྱུང་བ་ཆེན་པོ་རྣམས་སོ། །དེའི་ཕྱིར་ལྷན་ཅིག་འབྱུང་བའི་རྒྱུས་རྒྱུ་མ་ཡིན་ཏེ། རྣམ་པར་སྨིན་པ་དང་རྒྱུ་མཐུན་པའི་འབྲས་བུ་ དུ་མ་ཉིད་ཡིན་པའི་ཕྱིར་རོ། །དགེ་བ་དང་མི་དགེ་བའི་རྒྱུ་མཐུན་པ་དང་རྣམ་པར་སྨིན་པའི་འབྲས་བུ་ཡང་འབྱུང་བ་རྣམས་རྒྱུར་བྱས་པའི་གཟུགས་སྐྱེས་བུ་བྱེད་པའི་འབྲས་བུ་ནི་མ་ཡིན་ལ། རྒྱུར་བྱས་པའི་གཟུགས་ཀྱི་རང་གི་རང་བཞིན་ཁོ་ན་སྐྱེས་བུ་བྱེད་པའི་འབྲས་བུ་ནི་མ་ཡིན་ནོ། །འབྱུང་བ་ཆེན་པོ་རྣམས་ རྒྱུར་བྱས་པའི་གཟུགས་འགའ་ཞིག་ནི་ལྷན་ཅིག་འབྱུང་བའི་རྒྱུ་ཉིད་དུ་སེམས་ཏེ། སྐྱེད་པ་པོ་ལ་སོགས་པ་ཡོད་པའི་ཕྱིར་རོ། །དེ་དག་ཐམས་ཅད་ཀྱང་རུང་མོད་ཀྱི་ཞེས་བྱ་བ་ནི། རེ་ཞིག་ལྷན་ཅིག་འབྱུང་བའི་རྒྱུས་རྒྱུ་ཡིན་པ་དེ་ནི་ལྷན་ཅིག་འབྱུང་བ་ཡིན་ནོ་ཞེས་བྱ་བ་རྒྱས་པར་གང་སྨྲས་པའོ། །ས་ བོན་ལ་སོགས་པ་རྣམས་ཞེས་བྱ་བ་ལ། ས་བོན་དང་། མྱུ་གུ་དང་། འོ་མ་དང་། སྦུབས་འཕྱིས་པ་དང་། སྡོང་བུ་ལ་སོགས་པ་རྣམས་སམ། ཡང་ན་ས་བོན་དང་། འོ་མ་དང་། བརྡབས་པ་ལ་སོགས་པ་རྣམས་ལའོ། །དེ་ལ་ས་བོན་ནི་སྔ་ལ། མྱུ་གུ་ནི་འཕྱི་ཞིང་འོ་མ་ནི་སྔ་ལ་ཞོ་ནི་ འཕྱིའོ། །བརྡབས་པ་ནི་སྔ་ལ་སྒྲ་ནི་འཕྱིའོ། །ཚུལ་འདི་མི་སྣང་བས་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་དག་ལྷན་ཅིག་འབྱུང་བ་དང་། ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོའོ། །ཇི་ལྟར་ལྷན་ཅིག་འབྱུང་བའི་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ། སྐྱེས་པ་དང་མ་སྐྱེས་པའི་གནས་སྐབས་སུ་ངག་ལྷན་ཅིག་ འབྱུང་བ་རྣམས་རྒྱུ་དང་དངོས་པོར་འབྱུང་བ་མི་རིགས་ཏེ། བདག་ཉིད་དེར་གྲུབ་པའི་ཕྱིར་དང་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་བརྗོད་པར་བྱའོ་ཞེས་བྱ་བ་སྨོས་སོ། །ལྷན་ཅིག་འབྱུང་བ་ལ་ཡང་རྒྱུ་དང་འབྲས་བུའི་དངོས་པོ་མཐོང་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་དཔེར་ན་ཞེས་བྱ་བ་རྒྱས་པར་སྨོས་སོ། ། འོད་མར་མེའི་རྒྱུ་ཅན་ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟར་རྟོགས་པར་བྱ་ཞེ་ན། འདི་ནི་མར་མེའི་འཕེལ་བ་དང་འགྲིབ་པ་དང་འགྲོ་བ་དང་གནས་པའི་རྗེས་སུ་བྱེད་པའི་ཕྱིར་ལ། འོད་དོན་དུ་གཉེར་བ་རྣམས་མར་མེ་ཉེ་བར་ལེན་པའི་ཕྱིར་དང་། དེ་ལ་སྡང་བ་རྣམས་མར་མེ་གསོད་པར་འཇུག་པའི་ཕྱིར་རོ། ། རེ་ཞིག་ཅི་མར་མེ་འོད་ཀྱི་རྒྱུ་ཡིན་ནམ་ཞེས་བྱ་བ་རྒྱས་པར་འབྱུང་བ་ལ་འདི་སྐད་དུ། གཉི་ག་ལས་གྲུབ་པ་ནི་ཤེས་པར་བྱེད་པ་ཡིན་ན་འདིས་ནི་ལྷན་ཅིག་འབྱུང་བ་རྣམས་རྒྱུ་དང་། རྒྱུ་དང་ལྡན་པའི་དངོས་པོར་ཤེས་པར་ནུས་པ་མ་ཡིན་ཏེ་དཔྱད་པའི་ཕྱིར་རོ་ཞེས་སྟོན་པར་བྱེད་དོ། །ཚོགས་པ་སྔར་བྱུང་བ་ནི་ འབྲུ་མར་དང་སྡོང་བུ་དང་། མེ་ལ་སོགས་པ་ཕྲད་པའོ། །དེ་ལ་ཇི་ལྟར་འོད་དང་བཅས་པའི་སྐད་ཅིག་མ་དང་པོའི་རྒྱུ་འབྲུ་མར་དང་། སྡོང་བུ་དང་མེ་ཡིན་པ་དེ་བཞིན་དུ་འོད་དང་བཅས་པའི་མར་མེའི་སྐད་ཅིག་མ་གཉིས་པ་ལ་སོགས་པ་རྣམས་ཀྱི་རྒྱུ་ཡང་འབྲུ་མར་དང་སྡོང་བུ་ དང་། མེ་དང་ཕྲད་པ་ཁོ་ན་ཡིན་གྱི་འོད་ཀྱི་རྒྱུ་མར་མེ་ནི་མ་ཡིན་ནོ། །དེ་བཞིན་དུ་ཚོགས་པ་སྔར་བྱུང་བ་ཁོ་ན་གྲིབ་མ་དང་བཅས་པའི་མྱུ་གུའི་རྒྱུ་ཡིན་གྱི། གྲིབ་མའི་མྱུ་གུ་ནི་མ་ཡིན་ནོ། །དེ་ལ་གྲིབ་མ་དང་བཅས་པའི་མྱུ་གུ་དང་པོའི་རྒྱུ་ཞིང་དང་ས་བོན་ལ་སོགས་པའི་ཚོགས་གང་ཡིན་པ་དེ་བཞིན་དུ་ གཉིས་པ་ལ་སོགས་པ་རྣམས་ཀྱི་ཡང་ཡིན་པར་བརྗོད་པར་བྱའོ། །གལ་ཏེ་དེ་ལྟར་ལྷན་ཅིག་འབྱུང་བ་རྣམས་རྒྱུ་དང་། རྒྱུ་དང་ལྡན་པའི་དངོས་པོ་མ་ཡིན་ན། འོ་ན་ནི་ཞེས་བྱ་བ་རྒྱས་པར་འབྱུང་ངོ་། །དེ་དག་དང་ལྡན་པ་དེའི་ཕྱིར་ཞེས་བྱ་བ་ལ། ཡོད་པ་དང་མེད་པ་དེ་དག་འབྲས་བུ་གང་ཡོད་པ་དེ་ནི་དེ་དག་དང་ ལྡན་པ་ཡིན་ནོ། །དེ་དག་དང་ལྡན་པའི་དངོས་པོ་ནི་དེ་དག་དང་ལྡན་པ་ཉིད་དོ། །རེ་ཞིག་མིག་དང་། གཟུགས་དང་། མིག་གི་རྣམ་པར་ཤེས་པ་དང་། མར་མེ་དང་། མྱུ་གུ་དང་། གྲིབ་མ་བཞིན་ལྷན་ཅིག་འབྱུང་བ་རྣམས་རྒྱུ་དང་འབྲས་བུའི་དངོས་པོར་མི་རུང་ན་ཕན་ཚུན་ནི་གོ་ཅི་ལྟར་རུང་ སྟེ་ཡོད་པ་མ་ཡིན་ནོ་སྙམ་དུ་བསམས་པའོ། །དེའི་ཕྱིར་སེམས་ཀྱི་རྗེས་སུ་འཇུག་པ་རྣམས་ནི་སེམས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ལ། མཚན་ཉིད་རྣམས་ཀྱང་མཚན་གཞིའི་ཡིན་ནོ་ཞེས་བྱ་བར་མི་རུང་ངོ་། །དེ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ལ། ཕན་ཚུན་དག་ཡོད་པ་དང་མེད་པ་ཡོད་པ་དང་མེད་པའི་ ཕྱིར་རོ་ཞེས་བྱ་བའི་དོན་ནོ། །དེ་ལྟ་ན་འོ་ན་ནི་ཞེས་བྱ་བ་ལ་སོགས་པ་ལ། རྒྱུར་བྱས་པའི་གཟུགས་དང་། དྲི་དང་། རོ་དང་། རེག་བྱའི་ནི་ཕན་ཚུན་མེད་ན་མི་འབྱུང་བས་མེད་ན་མི་འབྱུང་བ་ཡིན་ཏེ། དེ་ནི་ཕན་ཚུན་དག་ཡོད་པ་དང་། མེད་ན་དེ་དང་ལྡན་པའི་ཕྱིར་ཕན་ཚུན་རྒྱུ་དང་འབྲས་བུའི་ དངོས་པོར་ཐལ་བར་འགྱུར་རོ། །འབྱུང་བ་རྣམས་དང་རྒྱུར་བྱས་པའི་གཟུགས་ཀྱང་ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོར་ཐལ་བར་འགྱུར་ཏེ། ཕན་ཚུན་དག་ཡོད་པའམ། མེད་ན་ཡོད་པ་དང་མེད་པ་ཉིད་ཀྱི་ཕྱིར་རོ། །སེམས་ཀྱི་མཐུན་པའི་མཚན་ཉིད་ལ་སོགས་པ་རྣམས་ཀྱང་ཞེས་བྱ་ བ་རྒྱས་པར་འབྱུང་བ་ལ། ཕན་ཚུན་ཐལ་བར་འགྱུར་རོ་ཞེས་བྱ་བར་སྦྱར་ཏེ། སེམས་ཀྱི་མཐུན་པའི་མཚན་ཉིད་ལ་སོགས་པ་རྣམས་མེད་པར་ནི་སེམས་ལ་སོགས་པ་རྣམས་འབྱུང་བ་མེད་དོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་སེམས་ཀྱི་རྗེས་སུ་འཇུག་པའི་མཐུན་པའི་མཚན་ཉིད་ རྣམས་དང་། ཐོབ་པ་ལྷན་ཅིག་སྐྱེས་པ་རྣམས་བསྡུ