Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 193

Văn bản gốc(Tây Tạng)

Trang 21 / 21 (50.000 ký tự/trang)
ན་ཐ་དད་པས་ཞེས་
པ་ལ་སོགས་པ་མཚན་ཉིད་དོ། །དོན་ནི་རྣམ་པ་གཉིས་ཏེ། དམ་བཅའ་བའི་དོན་དང་གཏན་ཚིགས་ཀྱི་དོན་ཏོ། །དེ་ཐ་དད་ནི་བརྗོད་པར་འདོད་པའི་དོན་ལས་དོན་གཞན་ཉིད་དེ་དེས་གཏན་ཚིགས་ལ་གང་ཐེ་ཚོམ་རྩོད་པ་ཐེ་ཚོམ་དུ་རྗོད་པར་བྱེད་པ་དེ་ཐེ་ཚོམ་མཚུངས་པའི་ལྟག་ཆོད་དོ། །གང་དུ་དམ་

བཅས་པའི་དོན་བརྟགས་པས་སམ་ཞེས་པ། བརྗོད་པར་འདོད་པའི་དམ་བཅའི་དོན་ལས་དམ་བཅའ་བའི་དོན་གཞན་བརྟགས་པས་སོ། །གཏན་ཚིགས་ཀྱི་དོན་བརྟགས་པས་ཞེས་པ་བརྗོད་པར་འདོད་པའི་གཏན་ཚིགས་ཀྱི་དོན་ལས་གཞན་པའི་གཏན་ཚིགས་ཀྱི་དོན་བརྟགས་པས་སོ། །རྩོལ་མ་
ཐག་པ་ནི་གསལ་བ་དང་སྐྱེ་བ་མཐོང་བའི་ཕྱིར་ཐེ་ཚོམ་ཟའོ་ཞེས་པ། སྐྱེ་བའི་དོན་དུ་དམ་བཅའི་དོན་བརྟགས་ནས་སུན་འབྱིན་པར་བྱེད་དེ། བརྩལ་མ་ཐག་ཏུ་གསལ་བ་ཡང་མཐོང་སྟེ། དཔེར་ན་རྩ་བའི་ཆུ་ལ་སོགས་པ་རྣམས་ལྟ་བུའོ། །སྐྱེ་བ་ཡང་བུམ་པ་ལ་སོགས་པ་རྣམས་སོ། །དེས་ན་
ཅི་འདི་རྩ་བའི་ཆུ་ལ་སོགས་པ་ལྟར་གསལ་བར་བྱ་བའམ། འོན་ཏེ་བུམ་པ་ལ་སོགས་པ་བཞིན་བསྐྱེད་པར་བྱ་བ་ཡིན་ཞེས་མ་ངེས་པ་སྟེ། དེའི་ཕྱིར་མི་རིགས་ཞེས་པ་ལ་སོགས་པའོ། །གང་གི་ཕྱིར་དེ་ལྟར་ཐེ་ཚོམ་ཟ་བ་དེའི་ཕྱིར་ན་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་གཏན་ཚིགས་འདི་ལས་སྒྲ་ནི་སྐྱེས་པར་
མི་རིགས་སོ་ཞེས་པ་ངག་གི་དོན་ཏོ། །བསྒྲུབ་བྱར་སྒྲོ་བཏགས་ན་མ་ངེས། ལྟར་སྣང་ཞེས་པ་བསྒྲུབ་པར་བྱ་བ་མི་རྟག་པ་ཉིད་བསྐྱེད་པར་བྱ་བར་སྒྲོ་བཏགས་ན་ནི་མ་ངེས་པ་ལྟར་སྣང་བའོ་ཞེས་པའི་དོན་ཏོ། །དེ་ལ་ཡང་ཞེས་པ་བསྐྱེད་པར་བྱ་བ་ལའོ། །ཅིའི་ཕྱིར་ཐེ་ཚོམ་ཟ་ཞེ་ན། བཤད་པ། དེ་
ལྟར་ནི་ཞེས་པ་ལ་སོགས་པའོ། །ཅིའི་ཕྱིར་མ་ངེས་པ་ལྟར་སྣང་བ་ཡིན་ཞེ་ན་གསུངས་པ། འཇིག་པ་ཉིད་བསྒྲུབ་པར་བྱ་བ་ཉིད་ཀྱི་ཕྱིར་ཞེས་པ་དང་། གསལ་བར་བྱ་བ་རྣམས་ལ་ཡང་འཇིག་པ་ཉིད་ཡོད་དོ་ཞེས་པ། འཇིག་པ་ཉིད་བསྒྲུབ་པར་བྱ་བ་ལ་རྩ་བ་ཆུ་ལ་སོགས་པ་རྣམས་ཀྱིས་
མ་ངེས་པ་ཉིད་མེད་དོ་ཞེས་སྟོན་ཏོ། །སྒྲོ་བཏགས་ན་འཇུག་གོ་ཞེས་པ། བསྒྲུབ་བྱ་སྒྲོ་བཏགས་ནས་ཞེས་པ་འདིར་བཤད་པའི་སྒྲོ་བཏགས་པ་སྨོས་པ་འདིར་ཡང་རྗེས་སུ་འཇུག་གོ། །གལ་ཏེ་གཏན་ཚིགས་སྒྲོ་བཏགས་ནས། །ཞེས་པ་ལ་སོགས་པ། བརྩལ་མ་ཐག་ཏུ་ཉེ་བར་
དམིགས་པ་པའི་མཚན་ཉིད་ཅན་གཏན་ཚིགས་སུ་བརྗོད་པ་ལ། གལ་ཏེ་བརྩལ་མ་ཐག་ཏུ་སྐྱེ་བར་སྒྲོ་བཏགས་ནས་སུན་འབྱིན་པར་བྱེད་དེ། བརྩལ་མ་ཐག་པ་ཅན་ཉིད་ཀྱི་ཕྱིར་ཞེས་པས་ཅི་བརྗོད་པར་འགྱུར་ན། བརྩལ་མ་ཐག་ཏུ་སྐྱེ་བའི་ཕྱིར་རོ་ཞེས་པ་སྟེ།

སྐྱེ་བ་དེ་ཡང་དེ་ལ་མ་གྲུབ་པོ་ཞེས་པ། དེའི་ཕྱིར་མ་གྲུབ་པ་ལྟར་སྣང་བའོ། །ཅིའི་ཕྱིར་ཞེ་ན་གསུངས་པ། བརྩལ་མ་ཐག་ཉེ་བར་དམིགས་པ་ཞེས་པ་ལ་སོགས་པའོ། །མི་མཐུན་ཕྱོགས་ལ་དོན་གྱིས་ནི། །མི་འདོད་བརྗོད་པ་ཞེས་པ་མཚན་ཉིད་དོ། །ལྷག་མ་
མཚོན་བྱའོ། །སྔ་མ་བཞིན་དུ་སྒྲུབ་བྱེད་བྱས་པ་ལ་སྨྲས་པ། འདི་སྐད་སྨྲ་བའི་ཁྱོད་ཀྱི་དོན་གྱིས་བརྩལ་མ་ཐག་བྱུང་བ་ནི་རྟག་པའོ་ཞེས་བརྗོད་པར་འགྱུར་རོ། །དེ་ལས་ཀྱང་གློག་ལ་སོགས་པ་རྣམས་ཀྱིས་མ་ངེས་པའོ་ཞེས་སོ། །གཞན་བསྒྲུབ་བྱ་ཉིད་ལ་འཁྲུལ་པ་ཞེས་པ་མི་རྟག་པ་ཉིད་ལས་གཞན་
རྟག་པ་ཉིད་དེ་དེ་རྩོལ་མ་ཐག་པ་ཅན་མ་ཡིན་པ་ཉིད་ཀྱིས་བསྒྲུབ་པར་བྱ་བ་ལ། གཏན་ཚིགས་འཁྲུལ་པ་སྟེ། མི་རྟག་པ་ཉིད་ལ་བརྩལ་མ་ཐག་ཅན་གྱིས་ནི་མ་ཡིན་ནོ། །དེའི་ཕྱིར་མ་ངེས་པ་ལྟར་སྣང་བའོ། །ཅིའི་ཕྱིར་ཞེ་ན་གསུངས་པ། གཏན་ཚིགས་རྟག་པ་ལ་ཡང་ཡོད་པ་ནི་མ་ཡིན་
ནོ་ཞེས་སོ། །ཡང་ན་ཞེས་པ་རྣམ་པ་གཞན་སྟོན་པའོ། །འདིར་ནི་སྒྲོ་བཏགས་པའི་ངེས་པའི་འཁྲུལ་པ་གང་ཡིན་པ་དེ་གཏན་ཚིགས་ལ་སྒྲོ་བཏགས་ནས་རྩོད་པ་ལས་མ་ངེས་པ་ལྟར་སྣང་བར་འགྱུར་རོ་ཞེས་རིག་པར་བྱའོ། །ཐལ་འགྱུར་མཚུངས་པ་ཞེས་པ་མཚོན་བྱ་དང་། ལྷག་མ་མཚན་ཉིད་དོ། །རབ་ཏུ་གྲུབ་
པའི་དཔེ་ལ་ཡང་། གཉིས་དག་ནི་རྒོལ་བ་དང་ཕྱིར་རྒོལ་བ་དག་གོ། །གང་གིས་གཏན་ཚིགས་ཚོལ་བར་བྱེད་པའོ། །བུམ་པ་ཁོ་ན་རེ་ཞིག་མི་རྟག་པའོ་ཞེས་པ་འདི་ལ་གཏན་ཚིགས་ཅི་ཞིག་ཅེས་པ་འདི་ནི་ཐལ་འགྱུར་མཚུངས་པའོ། །དཔེ་ལྟར་སྣང་བ་བཞིན་འདི་ཡིན། །ཞེས་པ།
བསྒྲུབ་པར་བྱ་བ་དང་ལྡན་པ་ཉིད་དུ་གྲུབ་པའི་བུམ་པ་ལ་ཡང་བསྒྲུབ་བྱ་དང་བྲལ་བ་ཉིད་དུ་རྩོད་པའི་ཕྱིར་རོ། །ཡང་འབྲས་བུ་མཚུངས་པ་ལས་འདིའི་ཁྱད་པར་ཅི་ཞིག་སྟེ། ཇི་ཙམ་དུ་དེར་ཡང་སྒྲའི་འབྲས་བུ་ཉིད་བུམ་པ་ལ་མེད་དོ་ཞེས་རྩོད་པའི་ཕྱིར་དཔེའི་སྐྱོན་ལྟར་སྣང་བར་བརྗོད་པ་ཁོ་ནའོ་ཞེ་ན་དེའི་
ཕྱིར་གསུངས་པ། སྔ་མ་ནི་ཞེས་པ་ལ་སོགས་པའོ། །དེར་ནི་སྒྲའི་འབྲས་བུ་ཉིད་བུམ་པ་ལ་མེད་དོ་ཞེས་གཏན་ཚིགས་རྗེས་སུ་འགྲོ་བ་མེད་པས་དཔེའི་སྐྱོན་ལྟར་སྣང་བ་ཉིད་དུ་བཤད་ཅིང་། འདིར་ནི་བསྒྲུབ་པར་བྱ་བ་རྗེས་སུ་འགྲོ་བ་མེད་པས། དེ་ལྟར་སྣང་བ་ཉིད་དུའོ་ཞེས་

པ་ཁྱད་པར་རོ། །འདི་ནི་ཕྱོགས་ཙམ་ཞེས་པ་ལ་སོགས་པ། འདི་ནི་ངེད་ཀྱིས་ལྟག་ཆོད་རྣམས་ལ་ཕྱོགས་ཙམ་ཉེ་བར་བསྟན་པ་སྟེ། གཏན་ཚིགས་མ་ཚང་བ་ཉིད་ལ་སོགས་པ་ལྟར་སྣང་བའི་ཕྱིར། དེ་རྣམས་ནི་མ་ཚང་བ་ཉིད་ལ་སོགས་པ་ལྟར་སྣང་བ་ཉིད་ཀྱིས་ན་ལན་ལྟར་སྣང་བ་ཉིད་དུ་ཤེས་པའི་དོན་
དུའོ། །ཕྱོགས་འདིས་གཞན་རྣམས་ལ་ཡང་མི་རིགས་པའི་ལན་ཉིད་དུ་རིག་པར་བྱའོ། །མ་ཚང་བ་ཉིད་ལ་སོགས་པ་ལྟར་སྣང་བ་ཉིད་ཀྱིས་ཞེས་པ། སོགས་པའི་སྒྲས་མ་གྲུབ་པ་ཉིད་ལ་སོགས་པ་རྣམས་གཟུང་ངོ་། །འཕེལ་བ་དང་འགྲིབ་པ་མཚུངས་པ་ལ་སོགས་པ་རྣམས་ལ་ཞེས་པ་འདིར་
ཡང་སོགས་པའི་སྒྲ་བསྒྲགས་བྱ་དང་། བསྒྲགས་བྱ་མ་ཡིན་པ་དང་། འཐད་པ་དང་ཟླ་བོའི་དཔེ་དང་སྐབས་མཚུངས་པ་ལ་སོགས་པ་རྣམས་སོ། །ཡང་ཅི་ལྟར་ཕྱོགས་ཙམ་གྱིས་གཞན་ལ་ཡང་མི་རིགས་པའི་དོན་ཉིད་དུ་ཤེས་པར་ནུས་ཤེ་ན་གསུངས་པ། འདི་རྣམས་ཁོ་ན་ཞེས་པ་ལ་སོགས་པ་སྟེ།
ཙམ་སྨོས་པས་ནི་སྦྱོར་བའི་ཁྱད་པར་ཁོ་ན་ལས་རབ་ཏུ་དབྱེ་བ་མཐའ་ཡས་པ་སྐྱེའི། དོན་གྱི་ཁྱད་པར་ལས་ནི་མ་ཡིན་ནོ་ཞེས་སྟོན་ཏོ། །དེ་ཉིད་ཀྱི་ཕྱིར་དོན་ཐ་མི་དད་པ་ཉིད་ཀྱི་ཕྱིར་ན་དེ་རྣམས་ལ་ཇི་སྐད་བརྗོད་པའི་ཕྱོགས་ཀྱིས་མ་ཚང་བ་ཉིད་ལ་སོགས་པ་ལྟར་སྣང་བ་ཉིད་ཀྱིས་ན་མི་རིགས་པའི་ལན་
ཉིད་དུ་ཤེས་པར་ནུས་སོ། །དེ་ལ་འཕེལ་བ་མཚུངས་པ་ནི་སྦྱོར་བ་སྔ་མ་བཞིན་བྱས་པ་ལ་ལྟག་ཆོད་སྨྲ་བ་པོས་སྨྲས་པ། གལ་ཏེ་བརྩལ་མ་ཐག་ཏུ་བྱུང་བ་ཉིད་དུ་ཆོས་མཐུན་པ་ལས་ཇི་ལྟར་བུམ་པ་མི་རྟག་པ་དེ་ལྟར་སྒྲ་ཡང་འདོད་ན་བུམ་པ་དང་འདྲ་བ་ཁོ་ནར་སྒྲ་ཡང་ལུས་ཅན་དུ་འཐོབ་བོ་ཞེས་
པའོ། །འདི་ནི་བསྒྲུབ་པར་བྱ་བ་ལ་དཔེའི་ཆོས་འཕེལ་བར་བྱེད་པའི་ཕྱིར་འཕེལ་བ་མཚུངས་པའོ། །ཡང་ན་བུམ་པ་མཉན་བྱ་མ་ཡིན་ཏེ། དེའི་ཕྱིར་སྒྲ་ཡང་མཉན་བྱ་ཡིན་པར་མི་འགྱུར་རོ་ཞེས་པ་འདི་ནི་བསྒྲུབ་བྱ་ལ་ཆོས་གཞན་འགྲིབ་པར་བྱེད་པའི་ཕྱིར་འགྲིབ་པ་མཚུངས་པའོ། །བསྒྲགས་
པར་འོས་པ་ནི་བསྒྲགས་བྱ་སྟེ། བསྒྲུབ་བྱའོ་ཞེས་པའི་དོན་ཏོ། །ཇི་ལྟར་སྒྲ་བསྒྲགས་བྱ་ཡིན་པ་དེ་ལྟར་བུམ་པ་ཡང་ངོ་ཞེས་པ་བསྒྲགས་བྱ་མཚུངས་པའོ། །ཡང་ན་བུམ་པ་བསྒྲགས་བྱ་མ་ཡིན་པ་དེ་ལྟར་ཡང་ངོ་ཞེས་པ་བསྒྲགས་བྱ་མ་ཡིན་པ་མཚུངས་པའོ། །བཞི་པོ་འདི་རྣམས་ཀྱང་ཁྱད་པར་

མེད་པ་མཚུངས་པ་དང་། རྣམ་རྟོག་མཚུངས་པར་ནང་དུ་འདུའོ། །གལ་ཏེ་མི་རྟག་པའི་འཐད་པ་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ལས་སྒྲ་མི་རྟག་པ་ཡིན་ན། རྟག་པའི་འཐད་པ་ལུས་ཅན་མ་ཡིན་པ་ཉིད་ལས་རྟག་པར་འགྱུར་རོ་ཞེས་པ་འཐད་པ་མཚུངས་པ་སྟེ། འདི་ཡང་རྟག་པར་
ཆོས་མཐུན་པ་ཉིད་དམ། མི་རྟག་པར་ཆོས་མི་མཐུན་པ་ཉིད་ཀྱིས་མ་ངེས་པར་དགྲ་ཟླར་གནས་པར་བྱེད་པའི་ཕྱིར་ཆོས་མཐུན་པ་ཉིད་དང་། མི་མཐུན་པ་ཉིད་མཚུངས་པ་དག་གི་ནང་དུ་འདུའོ། །དཔེའི་ཟླ་བོ་མཚུངས་པ་ནི་གལ་ཏེ་མི་རྟག་པ་བསྒྲུབ་པར་བྱ་བ་ལ་བུམ་པ་ལ་སོགས་པའི་དཔེ་ཡོད་དོ་ཞེས་པས་སྒྲ་མི་
རྟག་པ་ཡིན་ན། རྟག་པ་བསྒྲུབ་པར་བྱ་བ་ལ་ཡང་ནམ་མཁའ་ལ་སོགས་པའི་དཔེ་ཡོད་དོ་ཞེས་པས་ལུས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་ནམ་མཁའ་ལ་སོགས་པ་བཞིན་དུ་རྟག་པར་འགྱུར་རོ་ཞེས་པའོ། །འདི་ནི་ཆོས་མི་མཐུན་པ་མཚུངས་པའི་ནང་དུ་འདུ་སྟེ། གལ་ཏེ་བུམ་པའི་ཆོས་མི་མཐུན་
པ་ཉིད་དུ་དོད་ཟླར་གནས་པར་བྱེད་ནའོ། །ཅི་སྟེ་ནམ་མཁའི་ཆོས་མཐུན་པ་ཉིད་དུ་ཡིན་ན་དེའི་ཚེ་ཆོས་མཐུན་པ་ཉིད་མཚུངས་པར་རོ། །སྐབས་མཚུངས་པ་ནི་འདི་ལྟ་སྟེ། སྔ་མ་བཞིན་བྱས་པ་ལ། རྩོལ་མ་ཐག་ཏུ་བྱུང་བ་ཉིད་འདི་ཡོད་པ་ལ། སྐབས་འདི་བརྩམས་ན། ཅིས་ན་རྟག་པ་མི་རྟག་པ་ཡིན་
ཞེས་པ་སྟེ། རྩོལ་མ་ཐག་ཏུ་བྱུང་བ་ནི་གསལ་བྱ་དང་བསྐྱེད་བྱ་དག་གིས་རྟག་པ་དང་མི་རྟག་པ་དག་ལ་མཐོང་བའི་ཕྱིར་རོ། །དེའི་ཕྱིར་གཏན་ཚིགས་སྐབས་ལས་མི་འདའོ་ཞེས་པ་འདི་ཡང་ཅུང་ཟད་ཙམ་གྱི་ཁྱད་པར་ཐ་དད་པ་སྟེ། ཐེ་ཚོམ་མཚུངས་པར་ནང་དུ་འདུའོ། །དེ་ལྟར་གཞན་ལ་ཡང་
ནང་དུ་འདུས་པ་ཤེས་པར་བྱའོ། །འོ་ན་མ་ཚང་བ་ཉིད་ལ་སོགས་པ་རྣམས་བརྗོད་པར་བྱ་བའི་ཆོས་མ་ཡིན་ནམ། དེ་ཅི་ལྟར་ལྟག་ཆོད་ཀྱི་ལན་མ་ཚང་བ་ཉིད་ལ་སོགས་པ་ལྟར་སྣང་བར་བཤད་ཅེ་ན། གསུངས་པ། འདིར་གང་ཁོ་བོ་ཅག་གིས་ཞེས་པ་ལ་སོགས་པའོ། །གཞན་དུ་ན་ཞེས་པ་
གལ་ཏེ་ཉེ་བར་བཏགས་པ་མ་བྱས་པར་བརྗོད་ན་ཞེས་པའི་དོན་ཏོ། །གལ་ཏེ་འདི་ལྟར་བརྗོད་ན་སྐྱོན་ཅི་ཞིག་ཏུ་འགྱུར་ཞེ་ན་གསུངས་པ། དེ་ལྟ་ན་ཡང་ཞེས་པ་ལ་སོགས་པའོ། །ཐམས་ཅད་ཉེ་བར་སྡུད་པ་རྣམས་ལ་མཚུངས་པར་ཐལ་བར་འགྱུར་བའི་ཕྱིར་ཞེས་པ། ཇི་ལྟར་ཁོ་ནར་འདི་ཁྱོད་ཀྱི་སྒྲུབ་བྱེད་

ཡིན་པ་དེ་ལྟར་ངའི་ཡང་འདི་ལན་ནོ་ཞེས་པ་འདི་ལྟར་སྔ་མ་དང་ཕྱི་མའི་ཕྱོགས་ཐམས་ཅད་ལ་མཚུངས་པ་ཉིད་དུ་འབྱུང་བར་བྱེད་པའི་ཕྱིར་རོ། །ཕྱིན་ཅི་ལོག་དང་མི་བདེན་ཉིད། །ཅེས་པ་ལ་སོགས་པ་སྟེ། དང་གི་སྒྲ་ནི་བསྡུ་བ་ལའོ། །ནིའི་སྒྲ་ནི་ངེས་པར་འཛིན་པ་ལ་སྟེ། འདི་ལ་ཁྱད་པར་མཚོན་པ་
མེད་པ་ཁོ་ནའོ། །ཡང་ན་སྐྱོན་གསུམ་ཁོ་ནའོ་ཞེས་རིམ་པ་གཞན་དུ་སྦྱར་བར་ཤེས་པར་བྱའོ། །དེ་ལ་ཕྱིན་ཅི་ལོག་ནི་སྔ་མའི་ཕྱོགས་ལ་རབ་ཏུ་སྦྱར་བའི་གཏན་ཚིགས་མཚན་ཉིད་དང་བྲལ་བའོ། །མི་བདེན་པ་ནི་བརྫུན་པ་སྟེ། གང་གི་དོན་ཇི་ལྟར་དམ་བཅས་པ་དེ་ལྟར་མ་ཡིན་པའོ། །འགལ་བ་ནི་གང་གི་དོན་
ལྷན་ཅིག་མི་གནས་པའོ། །དེ་ལ་རེ་ཞིག་ཕྱིན་ཅི་ལོག་ཅེས་པ་ལ་སོགས་པ། སོགས་པའི་སྒྲས་ནི་དེའི་རྣམ་པ་ཅན་གཞན་ཡང་གཟུང་ངོ་། །དེ་ལ་གཞི་རྣམས་ཞེས་པ་ཆོས་མཐུན་པ་མཚུངས་པ་ལ་སོགས་པ་རྣམས་ཀྱིའོ། །མ་ངེས་པ་ཆོས་མཐུན་པ་ཉིད་ལ་སོགས་པས་ཞེས་པ་ཆོས་མཐུན་པ་ཉིད་དང་ཆོས་མི་
མཐུན་པ་ཉིད་མཚུངས་པ་དག་གི་ལུས་ཅན་མ་ཡིན་པ་ཉིད་ཀྱིས་དང་། རྣམ་པར་རྟོག་པ་དང་ཁྱད་པར་མེད་པ་མཚུངས་པ་དག་གི་ཚོས་བྱ་མ་ཡིན་པ་དང་། མིག་གིས་གཟུང་བྱ་མ་ཡིན་པ་ཉིད་ལ་སོགས་པས་སོ། །ངེས་པ་ལ་ནི་ཞེས་པ་ལ་སོགས་པས་ཐ་མི་དད་པ་སྟོན་ཏོ། །ལྷན་ཅིག་མི་
གནས་པའི་ཕྱིར་ཞེས་པ། ངེས་པ་དང་མ་ངེས་པ་དག་ལྷན་ཅིག་གནས་པ་ཡོད་པ་ནི་མ་ཡིན་པས་ཏེ། དེ་ལྟར་ནི་ངེས་པ་ཡོད་ན་མ་ངེས་པ་ལྡོག་གོ། །རྣམ་པར་རྟོག་པ་མཚུངས་པ་ལ་ནི་འདི་མི་རིགས་ཏེ་ཞེས་པ། རྩོད་པ་སྒྲུབ་པར་ནི་ཚོས་པར་བྱ་བ་ཉིད་མ་ངེས་པ་ཉིད་དུ་བསྟན་པའི་
ཆེད་དུ་བཤད་དེ། མི་རྟག་པ་ཉིད་མེད་པར་བརྩལ་མ་ཐག་ཏུ་བྱུང་བ་ཉིད་མཐོང་བ་མེད་དེ། མེ་དང་དུ་བ་བཞིན་ནོ། །རྗེས་སུ་དཔག་པའི་ཆེད་དུ་དེ་བཤད་དོ། །ཚོས་བྱ་ཉིད་ལ་སོགས་པ་མེད་པར་རླུང་གཡབ་ཀྱི་རླུང་ལ་སོགས་པ་རྣམས་ལ་མི་རྟག་པ་ཉིད་མཐོང་བ་མེད་པ་ནི་མ་ཡིན་ཏེ།
དེའི་ཕྱིར་འདི་ཕྱིན་ཅི་ལོག་གོ་ཞེས་སོ། །དེ་འདི་མི་རིགས་སོ། །ཅི་ལྟར་མི་རིགས་ཤེ་ན་གསུངས་པ། ཕ་རོལ་པོས་ནི་ཞེས་པ་ལ་སོགས་པ། ཚོས་བྱ་ཉིད་ལ་སོགས་པས་བུམ་པ་ལ་མི་རྟག་པ་ཉིད་དུ་བརྗོད་པ་མ་ཡིན་ཞེས་སྦྲེལ་ལོ། །ཅིའི་ཕྱིར་བརྗོད་པ་མ་ཡིན་ཞེ་ན། བུམ་པ་ལ་མི་རྟག་པ་ཉིད་གཉིས་ཀ་

ལ་གྲུབ་ཟིན་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་ཞེས་པ་ཚོས་པར་བྱ་བ་མ་ཡིན་པ་ཉིད་ལ་སོགས་པ་རྟག་པ་ཉིད་སྒྲུབ་པར་བྱེད་པ་ལའོ། །དེ་ལྟར་གཞན་གྱི་ཕྱོགས་ལ་མ་ངེས་པ་ཉིད་དུ་བཤད་པར་འགྱུར་རོ་ཞེས་པ་མི་མཐུན་པའི་ཕྱོགས་ལ་ཡང་ཚོས་བྱ་མ་ཡིན་པ་ཉིད་ལ་སོགས་པ་མཐོང་བའི་ཕྱིར་རོ། །
སྔ་མ་ལ་ནི་མ་ཁྱབ་པ་ཉིད་ཅེས་པ། རེ་ཞིག་ཕ་རོལ་པོས་ཚོས་བྱ་ཉིད་ལ་སོགས་པས་མི་རྟག་པ་ཉིད་དུ་བརྗོད་པ་མ་ཡིན་ཞིང་། དེ་ལྟར་བརྗོད་པ་ཡོད་ན་ཡང་མ་ངེས་པ་ཉིད་དུ་འདི་ལྟར་བསྟན་པར་འགྱུར་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། གཏན་ཚིགས་བསྒྲུབ་བྱ་ལ་མ་ཁྱབ་པ་ཉིད་དུའོ། །མ་ཁྱབ་པ་
གོ་བར་བྱེད་པ་མ་ཡིན་པ་ཡང་མ་ཡིན་ཏེ། ཇི་ལྟར་བརྩལ་མ་ཐག་ཏུ་བྱུང་བ་ཉིད་མི་རྟག་པ་ཉིད་ལ་བཞིན་ནོ། །ཕ་རོལ་པོས་ཤེས་པ་ལ་སོགས་པ་སྟེ། རྩོད་པ་སྒྲུབ་པར་བཤད་པ་མཉན་པར་བྱ་བ་ཉིད་ཀྱང་སྒྲ་དང་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱིའང་ཡོད་པ་ལ་མཐོང་སྟེ། དེ་ལས་ཐལ་བར་འགྱུར་ཡང་འདི་
ལས་མཉན་པར་བྱ་བ་མ་ཡིན་པ་ཉིད་རྗེས་སུ་དཔག་པ་ནི་མཐོང་བའི་ནུས་པ་ལས་ལྡོག་གོ། །རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱིའང་ཡོད་པ་འདི་རྟག་པ་ཉིད་དུ་མཐོང་ཞིང་། གང་ནུས་པ་ལས་མི་རྟག་པ་ཉིད་རྗེས་སུ་དཔག་པ་ལྡོག་པ་ནི་མ་ཡིན་ནོ། །དེའི་ཕྱིར་འདི་ཕྱིན་ཅི་ལོག་ཁོ་ནའོ་ཞེས་སོ། །འདི་ཡང་མི་
རིགས་ཏེ། གང་གི་ཕྱིར་ཕ་རོལ་པོས་སྒྲ་ལ་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་མཉན་པར་བྱ་བ་མ་ཡིན་པ་ཉིད་རྗེས་སུ་དཔག་པར་བྱས་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། མཉན་པར་བྱ་བ་ཉིད་ཀྱི་ཕྱིར་ན། བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཡོད་ན་ཡང་སྒྲ་ཁོ་ན་རྟག་པར་འགྱུར་རོ་ཞེས་པས་ལན་ཕྱོགས་
སྔ་མ་དང་འབྲེལ་པ་མ་ཡིན་ནོ། །འདི་བདེན་པར་ཞེས་པ་རྩོད་པ་སྒྲུབ་པར་བྱེད་པའོ། །འདིར་མ་ངེས་པ་ཉིད་རྣམ་པ་གཉིས་སུ་རྩོད་དོ། །ཆོས་མཐུན་པས་ནི་མི་མཐུན་ཕྱོགས་ལ་ཡང་གཏན་ཚིགས་ཡོད་པ་ཉིད་དུ་རབ་ཏུ་བསྟན་པ་ལས་སམ། ཆོས་མི་མཐུན་པ་ཉིད་ཀྱི་བསྒྲུབ་བྱ་ལྡོག་པ་ན་
གཏན་ཚིགས་ལྡོག་པ་མེད་པར་བསྟན་པ་ལས་སོ། །དེ་ལ་གལ་ཏེ་ངེད་ཀྱིས་ཚོས་བྱ་ཉིད་ནི་ཆོས་མཐུན་པ་ཉིད་ཀྱིས་མ་ངེས་པ་ཉིད་དུ་བརྗོད་ན་དེའི་ཚེ་འདི་བདེན་མོད། ཚོས་བྱ་ཉིད་ལ་སོགས་པ་མེད་པར་མི་མཐོང་བ་ནི་མ་ཡིན་ཞེས་པ་ལ་སོགས་པའི་ལན་ཕྱོགས་སྔ་མ་དང་འབྲེལ་པ་མ་ཡིན་ནོ། །ཆོས་མཐུན་པ་ཉིད་ཀྱིས་

བརྗོད་པ་ནི་མ་ཡིན་གྱི་འོ་ན་ཅི་ཞེ་ན། ཆོས་མི་མཐུན་པ་ཉིད་ཀྱིས་ཏེ། ཕ་རོལ་པོས་ཚོས་བྱ་མིན་པ་ཉིད་ལ་སོགས་པས་སྒྲ་རྟག་པ་ཉིད་དུ་བརྗོད་དེ། དེ་ལ་བསྒྲུབ་བྱ་མེད་པ་ལ་གཏན་ཚིགས་མེད་པ་ཉེ་བར་བསྟན་པར་བྱ་ན། ཚོས་པར་བྱ་བ་མ་ཡིན་པ་ཉིད་བསྒྲུབ་བྱ་རྟག་པ་ཉིད་མེད་པ་ལ་མེད་པར་ཡང་མ་ཡིན་ཏེ། དེའི་
ཕྱིར་མ་ངེས་པའོ་ཞེ་ན། དེ་མི་རིགས་ཏེ། དེ་འདི་སྐད་དུ་ཚོས་བྱ་ཉིད་ལ་སོགས་པ་མེད་པར་རླུང་གཡོབ་ཀྱི་རླུང་ལ་སོགས་པ་རྣམས་ལ་མི་རྟག་པ་ཉིད་མ་མཐོང་བ་ནི་མ་ཡིན་ཞེས་པས་ཚོས་བྱ་མིན་པ་ཉིད་དང་། མི་རྟག་པ་ཉིད་དག་རླུང་གཡོབ་ཀྱི་རླུང་ལ་སོགས་པ་རྣམས་ལ་ལན་ཅིག་འབྱུང་བ་མཐོང་བའི་ཕྱིར་
བསྒྲུབ་པར་བྱ་བ་ལྡོག་པ་ན། གཏན་ཚིགས་ལྡོག་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །འདི་ལ་སློབ་དཔོན་གྱིས་གསུངས་པ། འདི་ཡོད་དོ་ཞེས་པ་ལ་སོགས་པའོ། །རྗེས་སུ་འགྲོ་བ་ནི་ཁྱབ་པའོ། །དེའི་བཟློག་པ་ནི་ཆོས་མཐུན་པ་ཉིད་ཀྱིས་གཏན་ཚིགས་ཀྱི་རྗེས་སུ་བསྒྲུབ་པར་བྱ་བས་འགྲོ་བ་དང་ཆོས་
མི་མཐུན་པ་ཉིད་ཀྱིས་ནི་བསྒྲུབ་བྱ་མེད་ན་གཏན་ཚིགས་མེད་པའོ། །རྗེས་སུ་འགྲོ་བའི་རྣམ་གྲངས་ཀྱིས་གང་གི་དཔེ་གཉིས་པོ་བརྗོད་པར་བྱ་བ་དེ་ཁོ་ནའི་སོ་སོར་སྒྲུབ་པ་འདི་རིགས་ན། དེ་ལྟར་ནི་རྩོད་པ་སྒྲུབ་པར་མ་ཡིན་ཏེ་ཞེས་པ། དེར་རྣམ་པ་འདིས་དཔེ་གཉིས་བརྗོད་པར་བྱ་བ་མ་
ཡིན་ཏེ། དེ་ལྟར་མཚན་ཉིད་མ་བརྗོད་པའི་ཕྱིར་རོ། །དེ་དག་གིའམ་དེའི་མི་མཐུན་པའི་ཕྱོགས་དག་གི་འབྲེལ་པ་སྟོན་པ་དཔེའི་ཞེས་པའི་ཚིག་ལས་ཏེ། མཚན་ཉིད་ཇི་ལྟ་བ་བཞིན་ཡང་སྦྱོར་བའི་ཕྱིར་རོ། །གང་བཤད་པ་ཞེས་པ། དེར་ནི་འདི་བཤད་དེ། གང་ཆོས་མཐུན་པ་
ཉིད་དང་ཆོས་མི་མཐུན་པ་ཉིད་དག་ལས། རྟག་པ་ཉིད་དུ་རྗེས་སུ་དཔོག་པ་ལ། མཉན་པར་བྱ་བ་ཉིད་འགའ་ཞིག་རྟག་པ་ཉིད་དུ་དང་མཉན་བྱ་མ་ཡིན་པ་ཉིད་ཀྱང་ངེས་པར་མི་རྟག་པ་ཉིད་དུ་མཐོང་བ་ནི་མ་ཡིན་ནོ། །དེའི་ཕྱིར་འདི་ཕྱིན་ཅི་ལོག་པའོ་ཞེས་སོ། །དེ་མི་རིགས་པ་
ཉིད་དུ་སྟོན་པ་གསུངས་པ། དེ་འདིར་ཞེས་པ་ལ་སོགས་པའོ། །སྒྲ་རྟག་སྟེ་མཉན་པར་བྱ་བ་ཉིད་ཀྱི་ཕྱིར། མཉན་བྱ་མིན་པ་མི་རྟག་པར་མཐོང་སྟེ། དཔེར་ན་བུམ་པ་བཞིན་ཞེས་ཆོས་མི་མཐུན་པ་ཉིད་ཀྱི་དཔེ་འདི་ཡོད་པ་ཁོ་ནའོ། །དེ་ལས་ཀྱང་རྟག་པ་ཉིད་གྲུབ་པར་

འགྱུར་རོ། །འདི་འདྲ་བས་ནི་ཞེས་པ། འདི་འདྲ་བ་ནི་གང་གིས་གཏན་ཚིགས་ཀྱི་མི་མཐུན་ཕྱོགས་བསྒྲུབ་བྱའི་མི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་བསྟན་པར་བྱ་བ་ཁྱོད་ཀྱི་ཆོས་མི་མཐུན་པ་ཉིད་ཀྱི་སྦྱོར་བར་འདོད་པའོ། །དེ་འདྲ་བས་ནི་གློག་རྟག་སྟེ། རྩོལ་
མ་ཐག་ཏུ་མ་བྱུང་བ་ཉིད་ཀྱི་ཕྱིར་རོ་ཞེས་པ་འདི་སྒྲུབ་བྱེད་དུ་སྐྱོན་མེད་པར་འགྱུར་རོ། །ཅི་ལྟར་ཞེ་ན་གསུངས་པ། རྩོལ་མ་ཐག་ཏུ་མ་བྱུང་བ་ནི་མཐོང་ཞེས་པ་ལ་སོགས་པའོ། །གཏན་ཚིགས་མེད་པ་ཁོ་ན་ཕ་རོལ་པོས་བརྩད་པ་ཞེས་པ་སྐྱེ་བ་ལས་སྔར་མེད་པ་སྒྲུབ་བྱེད་ཉིད་དུ་སྒྲོ་འདོགས་པའི་
ཕྱིར་གཏན་ཚིགས་དང་བསྒྲུབ་བྱ་དག་ཁྱད་པར་མེད་པ་ཉིད་དུ་བརྗོད་དེ། ཕ་རོལ་པོས་གཉིས་ཀ་དག་གཏན་ནས་མེད་པ་ཉིད་མ་ཡིན་ཞེས་སོ། །དེ་ལྟར་ན་ཡང་གཏན་ཚིགས་མེད་པ་ཁོ་ནར་བརྩད་པར་འགྱུར་ཏེ། བསྒྲུབ་བྱ་ལས་ལོགས་པར་མེད་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཕྱིན་ཅི་ལོག་པ་ཉིད་
མེད་པའི་ཕྱིར་སྐྱོན་གཞན་དུ་བརྗོད་པར་བྱ་བའི་ཕྱིན་ཅི་ལོག་ཉིད་མ་ཡིན་ནོ། །དེ་བཞིན་དུ་ཕྲད་པ་དང་མ་ཕྲད་པ་གཏན་ཚིགས་མ་ཡིན་པར་མཚུངས་པ་དག་ལ་ཕྱིན་ཅི་ལོག་མེད་པ་ཉིད་ཀྱི་ཕྱིར་ཕྱིན་ཅི་ལོག་ཉིད་ལས་སྐྱོན་གཞན་དུ་བརྗོད་པར་བྱ་སྟེ། གཏན་ཚིགས་ཐམས་ཅད་ལ་སྐུར་པ་འདེབས་
པའི་ཕྱིར་རོ། །མེད་པ་ཉིད་དུ་རྩོད་པས་ཕྱིན་ཅི་ལོག་ཏུ་མངོན་པར་བརྗོད་པར་འགྱུར་བ་ནི་མ་ཡིན་པས་སོ། །དེ་ལྟར་འགྱུར་མོད་ཀྱི་སྔ་མའི་ཕྱོགས་སྨྲ་བས་ཤེས་པར་བྱེད་པ་གཏན་ཚིགས་སུ་བརྗོད་ཅིང་། ཕ་རོལ་གྱི་བྱེད་པ་པོར་སྒྲོ་བཏགས་ནས་སུན་འབྱིན་ཏོ། །དེའི་ཕྱིར་ཕྱིན་ཅི་ལོག་
ཏུ་བརྗོད་དེ། ཤེས་བྱེད་ཀྱི་རྒྱུ་ལས་བཟློག་པར་རྩོད་པའི་ཕྱིར་ཞེ་ན། དེའི་ཕྱིར་གསུངས་པ། འདི་ཡང་མ་ཡིན་ཞེས་པ་ལ་སོགས་པ་སྟེ། འདི་ཡང་ལྟག་ཆོད་སྨྲ་བ་པོས། དམ་བཅའི་དོན་སྐྱེད་པ་ལ་བྱེད་པ་པོའི་རྒྱུ་ལ་སྐྱོན་སྨྲས་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཤེས་པར་བྱེད་པའི་རྒྱུ་
ཁོ་ན་ལའོ། །ཅི་ལས་ཤེ་ན། གང་གི་ཕྱིར་དེ་ལ་ཡང་སྟེ་ཤེས་པར་བྱེད་པ་ལ་ཕྲད་པར་བྱ་བ་མ་ཕྲད་པ་ན་སྐྱོན་འབྲེལ་པ་ཁོ་ན་སྟེ། གལ་ཏེ་གཏན་ཚིགས་འདི་ཕྲད་ནས་སྒྲུབ་པར་བྱེད་པ་ན། བསྒྲུབ་བྱ་དང་ཁྱད་པར་མེད་པར་འགྱུར་རོ་ཞེས་པ་ལ་སོགས་པས་གང་བཤད་པའོ། །དམིགས་པ་མཚུངས་

པ་ཡང་ཞེས་པ་ལ་སོགས་པ། ཕ་རོལ་པོས་འདི་མི་རྟག་པ་ཉིད་ལ་གཏན་ཚིགས་མ་ཡིན་ཏེ། གློག་པ་ལ་སོགས་པ་མངོན་སུམ་ཉིད་ལ་སོགས་པ་གཞན་ལས་མི་རྟག་པར་འགྲུབ་པའི་ཕྱིར་ཞེས་བརྗོད་པ་ན། རྩོད་པ་བསྒྲུབ་པར་བཤད་པ། འདི་སྐད་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཁོ་ནས་མི་རྟག་པ་
ཉིད་འགྲུབ་ཀྱི་རྣམ་པ་གཞན་དུ་མ་ཡིན་ཞེས་ངེད་མི་སྨྲའི། དེ་གལ་ཏེ་ཤེས་པར་བྱེད་པ་གཞན་ཡང་ཡོད་ན་དགའ་བར་བྱེད་དོ་ཞེས་པས་འདི་ཕྱིན་ཅི་ལོག་ཡིན་ཏེ། བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་མི་རྟག་པ་ཁོ་ནའོ་ཞེས་བརྗོད་པར་འདོད་པ་ན། བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཁོ་ནའི་ཕྱིར་མི་རྟག་གོ་ཞེས་སྒྲོ་
བཏགས་པའི་ཕྱིར་ཞེའོ། །འདི་ལས་གསུངས་པ། འདི་ཡང་ཕྱིན་ཅི་ལོག་མ་ཡིན་གྱི། ཅིའི་ཕྱིར་ཞེ་ན་གསུངས་པ། ཕ་རོལ་པོས་འདི་ལྟར་ཞེས་པ་ལ་སོགས་པའོ། །གང་གི་ཕྱིར་ཕ་རོལ་པོས་འདི་ལྟར་མི་རྟག་པ་ཉིད་ལ་གཏན་ཚིགས་གཞན་ཡང་ཡོད་དོ་ཞེས་བརྩད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། འཁྲུལ་པར་བསྟན་
པས་གཏན་ཚིགས་མ་ཡིན་པ་ཉིད་དུ་བརྗོད་དེ། འདི་མེད་ན་ཡང་བསྒྲུབ་བྱ་འགྲུབ་པའི་ཕྱིར་འདི་གཏན་ཚིགས་མ་ཡིན་ཞེས་སོ། །དེ་འཁྲུལ་པར་སྟོན་པ་གསུངས་པ། དེ་དེའི་མ་ཡིན་ཞེས་པ་ལ་སོགས་པའོ། །དེ་ལྟར་ན་འདི་ལན་དུ་འགྱུར་རོ་ཞེས་པ་གལ་ཏེ་དེ་མ་ཐག་ཏུ་བརྗོད་པའི་རྣམ་པས་གཏན་ཚིགས་མ་ཡིན་
པར་བརྗོད་ནའོ། །གཞན་དུ་ན་སྒྲ་མི་རྟག་སྟེ་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་ཞེས་པའི་ཕྱོགས་སྔ་མ་འདི་ལས་ཕྱོགས་གཞན་བརྗོད་པར་འགྱུར་ཏེ། གློག་ལ་སོགས་པ་རྣམས་མི་རྟག་སྟེ་མིག་གིས་གཟུང་བྱ་ཉིད་ཀྱི་ཕྱིར་ཞེས་སོ། །དེའི་ཕྱིར་སུན་འབྱིན་པར་སྣང་བ་མེད་པའི་
ཕྱིར་ལྟག་ཆོད་ཀྱི་ལན་དུ་མི་འགྱུར་རོ། །གཉིས་པ་ལ་ཡང་གཏན་ཚིགས་ཕྱིན་ཅི་ལོག་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དེ་ལ་གཏན་ཚིགས་མ་ཁྱབ་པ་ཉིད་ཁོ་ནར་བརྩད་ཀྱི། ཕྱིན་ཅི་ལོག་ཅུང་ཟད་བཟློག་པའི་གཏན་ཚིགས་གཞན་ཉེ་བར་བཀོད་པ་ནི་མ་ཡིན་ནོ། །ཐེ་ཚོམ་
མཚུངས་པ་ཡང་གང་གིས་གཏན་ཚིགས་ཕྱིན་ཅི་ལོག་ཉིད་ཀྱི་སྐྱོན་དུ་འགྱུར་བ་ཕ་རོལ་པོས་གཏན་ཚིགས་ཕྱིན་ཅི་ལོག་ཏུ་བརྗོད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན་བསྒྲུབ་བྱ་དང་གཏན་ཚིགས་སྒྲོ་བཏགས་པ་སྟེ། སྐྱེ་བ་ཅན་ནི་བསྒྲུབ་བྱ་ཉིད་དུ་སྒྲོ་བཏགས་ནས་དང་བརྩལ་མ་ཐག་ཏུ་བྱུང་བ་

ཡང་གཏན་ཚིགས་ཉིད་དུ་སྟེ། དགྲ་ཟླར་གནས་པར་བྱས་པའོ། །དེ་ལྟར་གྱུར་ན་ཅི་ལས་གཏན་ཚིགས་ཕྱིན་ཅི་ལོག་པ་ཉིད་དུ་འགྱུར་བར་འདོད། དམ་བཅའ་བ་ཕྱིན་ཅི་ལོག་ཏུ་བརྗོད་པའི་ཕྱིར། ལན་ཕྱིན་ཅི་ལོག་གོ། །དེ་ལྟར་ནི་སྒྲ་མི་རྟག་གོ་ཞེས་དམ་བཅའ་བ་ན། ཕ་རོལ་
པོས་བརྗོད་པ། བསྐྱེད་པར་བྱ་བ་ནི་རྟག་གོ་ཞེས་པ་དེའི་ཕྱིར་གསུངས་པ། དམ་བཅའ་བ་ཕྱིན་ཅི་ལོག་པས་ཀྱང་ཞེས་པ་ལ་སོགས་པའོ། །གལ་ཏེ་དམ་བཅའ་བ་བཟློག་པས་བརྗོད་པ་ན་ཕྱིན་ཅི་ལོག་པ་ཉིད་དུ་རྟོག་ན། དེ་ལྟར་གྱུར་ན་ཐམས་ཅད་ཕྱིན་ཅི་ལོག་ཉིད་དུ་ཐལ་བར་འགྱུར་ཞིང་། དོན་གྱིས་གོ་བ་
མཚུངས་པ་ལ་སོགས་པ་རྣམས་ལ་ཡང་ཐལ་བར་འགྱུར་ཏེ། དམ་བཅའ་ཕྱིན་ཅི་ལོག་པ་ཁོ་ནས་དགྲ་ཟླར་གནས་པར་རོ། །དེ་ལས་ཕྱིན་ཅི་ལོག་ཉིད་ཙམ་སྐྱོན་དུ་འགྱུར་རོ། །མ་བརྗོད་པ་མཚུངས་པ་ལ་ཡང་ཞེས་པ་ལ་སོགས་པ་ལྟག་ཆོད་སྨྲ་བ་པོས་བརྗོད་པ་ལས་སྔར་གཏན་ཚིགས་
མེད་པས་བསྒྲུབ་བྱ་མེད་པར་ཐལ་འགྱུར་བྱས་ཏེ། གལ་ཏེ་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་ཞེས་པ་གཏན་ཚིགས་འདི་ལས་སྒྲ་མི་རྟག་པ་ཡིན་ན། བརྗོད་པ་ལས་སྔར་གཏན་ཚིགས་མེད་པའི་ཕྱིར་མི་རྟག་པ་མ་ཡིན་ནོ་ཞེས་འཐོབ་སྟེ། དེའི་ཕྱིར་སྔར་རྟག་པར་ཡོད་པ་ཅི་ལྟར་མི་རྟག་པར་བྱེད་ཅེས་སོ། །འདི་
ལ་རྩོད་སྒྲུབ་བྱེད་པས་སྨྲས་པ། འདི་ནི་ཕྱིན་ཅི་ལོག་པ་སྟེ། གང་གི་ཕྱིར་ཤེས་པར་བྱེད་པ་ཞེས་བྱས་ནས་གཏན་ཚིགས་སུ་བརྗོད་ཀྱི། འཇིག་པར་བྱེད་པའོ་ཞེས་ནི་མ་ཡིན་ཞིང་། ལྟག་ཆོད་སྨྲ་བ་པོས་ནི་འཇིག་བྱེད་དུ་བྱས་ནས་སུན་འབྱིན་པས་སོ་ཞེས་སོ། །འདི་ལ་གསུངས་པ། འདི་ཡང་གཏན་ཚིགས་
ཕྱིན་ཅི་ལོག་མ་ཡིན་ཏེ་ཞེས་སོ། །ཅིའི་ཕྱིར་ཞེ་ན་གསུངས་པ། ཕ་རོལ་པོས་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་ལྟག་ཆོད་སྨྲ་བ་པོས་འཇིག་པར་བྱེད་པ་སྒྲ་ལ་གཏན་ཚིགས་སོ་ཞེས་བསམས་ནས་ཚིག་ལས་སྔར་དེ་མེད་པ་ཉིད་བཤད་པ་མ་ཡིན་ནོ། །འདི་ཅི་ལྟར་རྟོགས་པར་བྱ་ཞེ་ན་གསུངས་
པ། མ་གྱུར་ཅིག་ཅེས་པ་ལ་སོགས་པ་སྟེ། ལྟག་ཆོད་སྨྲ་བ་པོས་ནི་གཏན་ཚིགས་བརྗོད་པའི་དུས་སུ་ཡང་། སྒྲ་མི་རྟག་པ་ཉིད་དུ་འདོད་པ་མ་ཡིན་པ་ཁོ་ན་སྟེ། གལ་ཏེ་འཇིག་པར་བྱེད་པ་གཏན་ཚིགས་སུ་ཡོངས་སུ་བརྟགས་ནས་དེ་བརྗོད་པ་ལས་སྔར་མེད་པ་ཉིད་དུ་སྨྲས་པར་འགྱུར་ན་དེ་ལྟར་

ན་བརྗོད་པའི་དུས་སུ་གཏན་ཚིགས་དེ་ཡོད་དོ་ཞེས་སྒྲ་མི་རྟག་པར་འགྱུར་རོ་ཞེས་པ་འདི་ཕྱིན་ཅི་ལོག་མ་ཡིན་ནོ། །འབྲས་བུ་མཚུངས་པ་ཡང་ཞེས་པ་ལ་སོགས་པ་སྟེ། གང་སྤྱིའི་རྣམ་པ་དེས་གང་བྱས་པ་དེ་མི་རྟག་གོ་ཞེས་བསྒྲུབ་པར་བྱ་བ་ལ། བུམ་པའི་འབྲས་བུ་ཉིད་ལ་སོགས་པའི་ཁྱད་པར་གྱི་
དོད་ཟླར་གནས་པར་བྱེད་པའི་ཕྱིར་འདི་ཕྱིན་ཅི་ལོག་པའོ་ཞེས་རྩོད་སྒྲུབ་བྱེད་པས་སེམས་སོ། །དེ་ཡང་མི་རིགས་ཏེ། གང་གི་ཕྱིར་གཏན་ཚིགས་ཕྱིན་ཅི་ལོག་ཏུ་བརྗོད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། གཏན་ཚིགས་འབྲས་བུའི་སྤྱི་དེ་ཁོ་ནའི་ནང་དུ་འདུས་པའི་ཁྱད་པར་གང་ཡིན་པ་དེས་སོ། །དེའི་ནང་དུ་
འདུས་པ་ཁོ་ན་ཕྱིན་ཅི་ལོག་ཏུ་འགྱུར་བ་ཡང་མ་ཡིན་ནོ། །ཐལ་འགྱུར་དང་དོན་གྱིས་གོ་བ་མཚུངས་པ་ལ་སོགས་པ་ནི་ཡང་དག་པ་མ་ཡིན་པའོ་ཞེས་པ་ལ་སོགས་པའི་སྒྲས་དེའི་རིགས་ཅན་གཞན་བསྡུའོ། །སྒྲ་མི་རྟག་སྟེ་རྒྱུ་མཚན་ཅན་ཉིད་ཀྱི་ཕྱིར་བུམ་པ་བཞིན་ཞེས་བྱས་པ་ལ། ལྟག་
ཆོད་སྨྲ་བ་པོས་སྨྲས་པ། རེ་ཞིག་བུམ་པ་ཁོ་ན་མི་རྟག་ཅེས་པ་འདི་ལ་གཏན་ཚིགས་ཅི་ཞིག་ཅེས་པ་འདི་ལ་རྩོད་སྒྲུབ་བྱེད་པས་བཤད་པ་འདི་ནི་ཡང་དག་པ་མ་ཡིན་པའོ་ཞེས་སོ། །ཅིའི་ཕྱིར་ན་མཐོང་བའི་དོན་ཡང་གཏན་ཚིགས་ཀྱི་བསྒྲུབ་བྱར་བརྗོད་པས་ནི་མ་ཡིན་ཏེ། བདག་ཉིད་ཀྱིས་མཐོང་བའི་
ཡང་སྟེ། རྒྱུ་མཚན་ཅན་གྱི་བུམ་པ་ནི་ཤིན་ཏུ་འབྱུང་བ་མ་ཡིན་ནོ་ཞེས་སོ། །འདི་ལ་ཁྱད་པར་མེད་པ་སྟོན་པ་གསུངས་པ། འདི་ལ་ཡང་ཕྱིན་ཅི་ལོག་པ་ཞེས་པ་ལ་སོགས་པའོ། །དེ་ལ་ཕྱིན་ཅི་ལོག་ཏུ་བརྗོད་པར་ནུས་པ་ཡིན་ཏེ། མཚན་ཉིད་དང་བྲལ་བའི་ཕྱིར་རོ། །འགལ་བ་ཡང་སྟེ་ལྷན་
ཅིག་མི་གནས་པ་ཉིད་ཀྱི་ཕྱིར་རོ། །དོན་གྱིས་གོ་བ་མཚུངས་པ་ཡང་དེ་བཞིན་ཞེས་པ། བདག་མེད་དེ་མ་དམིགས་པའི་ཕྱིར་མོ་གཤམ་གྱི་བུ་བཞིན་ཞེས་བྱས་པ་ལ། ལྟག་ཆོད་སྨྲ་བ་པོས་སྨྲས་པ། དོན་གྱིས་ཉེ་བར་དམིགས་པ་རྣམས་ཡོད་པ་ཉིད་དུ་འཐོབ་ཅིང་། ཉེ་བར་དམིགས་
བཞིན་པ་ཡིན་ཡང་མགལ་མེའི་འཁོར་ལོ་ལ་སོགས་པ་ཅུང་ཟད་ནི་མེད་པ་ཁོ་ནའོ་ཞེས་པའོ། །འདི་ཡང་དག་པ་མ་ཡིན་པའོ་ཞེས་རྩོད་སྒྲུབ་སྟེ། ཉེ་བར་དམིགས་པ་ནི་ཡོད་པ་ཉིད་དུ་རྟོགས་སོ་ཞེས་སྒྲོ་བཏགས་པའི་ཕྱིར་རོ་ཞེས་སོ། །འདི་ལ་འདྲེས་པར་སྟོན་པ་གསུངས་པ། ཇི་ལྟར་ཞེས་

པ་ལ་སོགས་པའོ། །མེད་པ་རྟག་གོ་ཞེས་པ་འདི་ནི་འགལ་བ་སྟེ་ཞེས་པ་མེད་པ་ཉིད་དང་རྟག་པ་ཉིད་དག་གཅིག་ཏུ་མི་གནས་པའི་ཕྱིར་རོ། །འདི་ལ་ཁྱད་པར་མེད་པ་གསུངས་པ། ཕྱིན་ཅི་ལོག་པ་ཡང་འདི་སྟེ་ཡང་དག་པ་མ་ཡིན་པ་ཡང་ངོ་ཞེས་པའོ། །
ཅི་ལྟར་ཞེ་ན་གསུངས་པ། ཡོད་པའི་དོན་རྟག་པ་ཉིད་ཀྱི་ཕྱིར་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་ཡོད་པ་ཁོ་ནའི་དོན་རྟག་པ་ཉིད། དེའི་ཕྱིར་མེད་པ་ལ་རྟག་པ་ཉིད་ནི་ཕྱིན་ཅི་ལོག་པ་སྟེ། མཚན་ཉིད་དང་བྲལ་བ་ཉིད་ཀྱི་ཕྱིར་དང་། གང་ཕྱིར་མེད་པ་རྟག་པ་ཉིད་ནི་མི་བདེན་པ་སྟེ།
དེའི་ཕྱིར་ཡང་དག་པ་མ་ཡིན་པའོ། །རྟག་པ་མཚུངས་པ་ལ་ཡང་འགལ་བར་བཤད་དོ། །ཅི་ལྟར་གྱུར་ཀྱང་མི་རྟག་པ་ཁོ་ན་ཡིན་པ་དེ་རྟག་པར་འགྲུབ་པར་འགྱུར་ཞེས་སོ། །འདི་ལ་གསུངས་པ། རྟག་པ་མཚུངས་པ་ཡང་ཞེས་པ་ལ་སོགས་པའོ། །དེ་ལ་ཕྱིན་ཅི་ལོག་པ་ཉིད་དེ། སྔ་མ་བཞིན་དུ་མེད་པ་
ཉིད་མེད་ན་རྟག་པ་ཉིད་མེད་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཞེས་པ་ནི་གང་གི་ཕྱིར་དེ་ལྟར་ཐམས་ཅད་ལ་སྐྱོན་ཐམས་ཅད་སྦྱོར་ཏེ། དེའི་ཕྱིར་ལྟག་ཆོད་རྣམས་སུ་མ་འདྲེས་པས་ཏེ། ཡུལ་རྣམ་པར་དབྱེ་བས་ཕྱིན་ཅི་ལོག་ལ་སོགས་པའི་སྐྱོན་རྣམས་བརྗོད་པར་ནུས་པ་མ་ཡིན་ནོ། །རིགས་པ་ཕྲར་ཡང་
ཞེས་པ་ལ་སོགས་པ་སྟེ། རིགས་པ་ཕྲ་མོ་རཀྵ་ཡཱ་ད་ཡིས་བརྗོད་པའི་ལྟག་ཆོད་རྣམས་མཚན་ཉིད་སྐྱོན་ཅན་ཉིད་དང་། ལན་བྱས་པ་ཉིད། རྒྱས་པར་རིགས་པ་བརྟག་པར་ཤེས་པར་བྱ། ཅི་སྟེ་མ་ཐ་རའི་བུ་ལ་སོགས་པས་བྱས་པའི་ལྟག་ཆོད་རྣམས་ལ་ཅི་ལྟར་མཚན་ཉིད་དང་ལན་སྐྱོན་ཅན་ཉིད་དུ་
ཤེས་པར་བྱ་ཞེ་ན་དེའི་ཕྱིར་གསུངས་པ། ཕྱོགས་དེས་ཞེས་པ་ལ་སོགས་པའོ། །ཆོས་མཐུན་པ་ཉིད་དང་ཆོས་མི་མཐུན་པ་ཉིད་དག་གིས་དགྲ་ཟླར་གནས་པ་ཞེས་པ་འདི་རིགས་པ་ཕྲ་མོར་ལྟག་ཆོད་ཐམས་ཅད་ཀྱི་མཚན་ཉིད་དོ། །དགྲ་ཟླར་གནས་ཏེ་གང་གིས་ཕྱིན་ཅི་ལོག་པར་གནས་པར་བྱེད་པ་དེ་དོད་ཟླར་
གནས་པའི་ཚིག་སྟེ་ལྟག་ཆོད་དོ། །དེ་ལྟ་ན་ནི་ཆོས་མཐུན་པ་དང་ཆོས་མི་མཐུན་པ་མཚུངས་པ་གཉིས་པོ་དག་ཁོ་ན་ལྟག་ཆོད་དུ་འགྱུར་རོ་ཞེས་པ་འདིའི་ཕྱིར་གསུངས་པ། དེའི་རྣམ་པར་རྟོག་པ་ལས་ལྟག་ཆོད་མང་པོ་ཉིད་དུ་ཞེས་པ། སྒྲུབ་བྱེད་རྣམས་ལ་དོད་ཟླར་གནས་པ་ནི་སྦྱོར་བའི་དབྱེ་བ་

ལས་རྣམ་པ་དུ་མ་སྟེ། དེས་ན་དེའི་བྱེ་བྲག་དུ་མ་ཅན་ཉིད་ཀྱི་ཕྱིར་ལྟག་ཆོད་རྣམས་མང་པོ་ཉིད་དོ། །དེ་ཡང་མཚན་ཉིད་འདི་ཞེས་པ་ལ་སོགས་པས་མཚན་ཉིད་མ་ཁྱབ་པ་ཉིད་དུ་གསུངས་སོ། །སོགས་པའི་སྒྲས་མི་སྐྱེ་བ་མཚུངས་པ་ལ་སོགས་པ་རྣམས་གཟུང་བར་བྱའོ། །འདིར་དཔེ་བརྗོད་དང་ཆོས་
མཐུན་པ་དང་ཆོས་མི་མཐུན་པས་རྩོད་ཟླར་གནས་པ་སྲིད་པ་མ་ཡིན་པས་ཏེ། གཏན་ཚིགས་མེད་པ་ཙམ་དུ་རྩོད་པའི་ཕྱིར་རོ། །བ་ལང་ཉིད་ཀྱི་ཕྱིར་བ་ལང་དུ་གྲུབ་པ་བཞིན་གྲུང་པོ་ཞེས་པ་ཆོས་མཐུན་པ་ཉིད་དང་ཆོས་མི་མཐུན་པ་ཉིད་མཚུངས་པ་དག་གིས་ལན་ཏེ། ཇི་ལྟར་བ་ལང་ཉིད་ཀྱི་ཕྱིར་བ་ལང་གི་
དངོས་པོ་གྲུབ་པ་ན་ཁྲ་བོ་ཉིད་ལ་སོགས་པ་དང་ཆོས་མི་མཐུན་པ་ཉིད་ལས་དེ་ལྡོག་པ་མ་ཡིན་པ་དེ་བཞིན་དུ་ཆོས་མཐུན་པ་ཉིད་ཀྱི་ཕྱིར་མི་རྟག་པ་ཉིད་དུ་གྲུབ་ན། བུམ་པ་དང་ཆོས་མི་མཐུན་པ་ཉིད་ལས་ལུས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་དེ་ལྡོག་པ་མ་ཡིན་ནོ། །ཆོས་མཐུན་པ་ཉིད་མཚུངས་པ་ལ་ནི་བཟློག་
པས་སྦྱར་བར་བྱ་སྟེ། ཇི་ལྟར་ཁྲ་བོ་ཉིད་ལ་སོགས་པ་དང་ཆོས་མི་མཐུན་པ་ཉིད་ལས་ཁྱད་པར་གྲུབ་ན། བ་ལང་ཉིད་དུ་ཆོས་མཐུན་པ་ལས་དེ་ལྡོག་པ་མ་ཡིན་པ་དེ་ལྟར་རྟག་པ་དང་། ཆོས་མི་མཐུན་པ་ཉིད་ལས་དབང་པོས་གཟུང་བྱ་ཉིད་ལས་མི་རྟག་པ་ཉིད་གྲུབ་པ་ན། ནམ་མཁའ་ལ་སོགས་
པ་དང་། ཆོས་མཐུན་པ་ཉིད་ལས་ལུས་ཅན་མ་ཡིན་པ་ཉིད་ལས་དེ་ལྡོག་པ་མ་ཡིན་ནོ་ཞེས་པའོ། །འདི་ཡང་ལན་མ་ཡིན་ཏེ་གང་གི་ཕྱིར་འདི་ནི་ཆོས་མཐུན་པ་དང་། ཆོས་མི་མཐུན་པ་དག་ལས་མི་རྟག་པ་ཉིད་འགྲུབ་པར་ཁས་བླངས་ནས་ཁས་བླངས་འགལ་བར་མ་གྱུར་ཅིག་ཅེས་པས་བཟློག་
པ་ལས་ལྡོག་པར་བྱེད་པ་ནི་མ་ཡིན་གྱི། འོ་ན་ཅི་ཞེ་ན། འདི་ཁོ་ན་མཚུངས་པར་དགྲ་ཟླར་གནས་པ་ལས་མི་འགྲུབ་བོ་ཞེས་སྨྲས་པའོ། །བཟློག་པ་ལ་མཚུངས་པ་ཉིད་ཀྱི་ཕྱིར་ཡང་ལན་མ་ཡིན་ནོ། །འདི་ལ་ལྟག་ཆོད་སྨྲ་བ་པོས་བརྗོད་པར་ནུས་ཏེ། གལ་ཏེ་ཁྱེད་ཀྱི་ཆོས་མཐུན་པ་ཉིད་དང་ཆོས་མི་མཐུན་
པ་ཉིད་ཙམ་ལས་མི་རྟག་པ་ཉིད་འགྲུབ་ན། དེ་ལྟར་གྱུར་ན་ངའི་ཡང་འགྲུབ་བོ་ཞེས་སོ། །དེའི་ཕྱིར་འདི་ལ་རྣམ་པ་གཞན་དུ་ལན་བརྗོད་པར་བྱའོ། །སོགས་པ་སྨོས་པ་ལས་འཕེལ་བ་དང་འགྲིབ་པ་མཚུངས་པ་ལ་སོགས་པ་རྣམས་ཀྱི། ཅུང་ཟད་ཆོས་མཐུན་པ་ལས་ཉེ་བར་བསྡུ་བ་འགྲུབ་པའི་ཕྱིར།

ཆོས་མི་མཐུན་པ་ལས་དོད་ཟླར་མི་གནས་པ་ཞེས་པ་འདི་ལྟ་བུ་ལ་སོགས་པ་རྣམས་བསྡུའོ། །ཅུང་ཟད་ཆོས་མཐུན་པ་ཉིད་ལ་ཉེ་བར་སྡུད་པ་འགྲུབ་པ་མཐོང་སྟེ། བ་ལང་ཇི་ལྟ་བ་དེ་ལྟར་བ་མེན་ནོ་ཞེས་སོ། །བ་ལང་གི་ཆོས་རྣམས་ཐམས་ཅད་བ་མེན་ལའམ། བ་མེན་གྱི་ཆོས་རྣམས་བ་
ལང་ལ་འཐོབ་པ་མ་ཡིན་ནོ། །དེའི་ཕྱིར་ཐལ་བར་འགྱུར་བ་འདི་མ་ཡིན་ནོ་ཞེས་པ་འདི་ལྟ་བུ་ལ་སོགས་པ་རྣམས་ཐམས་ཅད་མི་རིགས་པ་ཉིད་དུ་རིགས་པ་བརྟག་པ་ལས་ཤེས་པར་བྱའོ། །དེ་བཞིན་དུ་བསྟན་བཅོས་གཞན་དུ་བྱས་པའི་ལྟག་ཆོད་དང་ལན་རྣམས་ལ་ཡང་དགག་པའི་ཆེད་དུ། གང་རིགས་པ་
བརྟག་པར་བསྟན་པ་འདི་ཁོ་ན་ཕྱོགས་ཙམ་སྟེ། དེའི་ཕྱིར་དེ་རྣམས་ཀྱང་ཕྱོགས་འདི་ཁོ་ནས་དགག་པར་བྱའོ། །རིགས་པ་བརྟག་པ་ལ་སོགས་པ་རྣམས་སུ་གཞལ་བྱ་དགག་པ་བྱས་པར་མ་ཟད་ཀྱི། འདི་ཡང་དོན་གྱིས་བྱས་པའོ་ཞེས་སྟོན་པ་གསུངས་པ་ཐམས་ཅད་ཀྱི་ཡང་ཞེས་པ་ལ་སོགས་པའོ། །
ཅིའི་ཕྱིར་མངོན་སུམ་གྱི་རྟོགས་པར་བྱ་བར་མི་འགྱུར་ཞེ་ན་གསུངས་པ། དེས་ཡོངས་སུ་བརྟག་པའི་ཚིག་གི་དོན་རྣམས་ཞེས་པ་ལ་སོགས་པ་སྟེ། གཙོ་བོ་དང་སྐྱེས་བུ་དང་ཕྱོགས་དང་དུས་དང་འཕྲད་པ་འདུ་བ་ལ་སོགས་པ་རྣམས་མངོན་སུམ་ཡིན་པ་ཉིད་ཀྱིས་ན་རྟགས་ཀྱིས་ཡོད་པ་ཉིད་དུ་རྣམ་པར་འཇོག་པའི་
ཕྱིར་རྟོག་གིས་རྟོགས་པར་བྱ་བ་ཉིད་དོ། །བརྟག་བཟོད་པ་མ་ཡིན་ནོ་ཞེས་པ་རྣམ་པར་དཔྱད་པར་མི་བཟོད་དོ་ཞེས་པའི་དོན་ཏོ། །ཇི་ལྟར་དཔྱད་བཟོད་པ་མ་ཡིན་པ་དེ་ལྟར་ཡང་བསྒྲུབས་ཟིན་ཏོ། །དེའི་ཕྱིར་ཞེས་པ་གང་གི་ཕྱིར་རྟོག་གེ་ནི་བརྟག་པར་བཟོད་པ་མ་ཡིན་པ་དེའི་ཕྱིར་དེས་རྟོགས་པར་བྱ་བའི་
གཞལ་བྱ་ཡང་དོན་གྱིས་དགག་པ་འདིར་བྱས་པ་ཁོ་ནར་རིག་པར་བྱའོ་ཞེས་པའོ། །ཚད་མ་དང་གཞལ་བྱ་བྱེད་དཀའ་བ་ཉིད་ཀྱིས་ཞེས་པ་ལ་སོགས་པས་བསྟན་བཅོས་རྩོམ་པའི་དགོས་པ་ཅན་སྟོན་ཏོ། །སྔར་ཚད་མ་འགྲུབ་པ་ནི་དངོས་ཀྱི་དགོས་པར་བརྗོད་ཅིང་། འདི་ནི་བརྒྱུད་པས་
སོ། །འོ་ན་ཕྱིན་ཅི་མ་ལོག་པའི་ལམ་ཉེ་བར་སྟོན་པ་ལས། དེ་བཞིན་གཤེགས་པའི་བསྟན་པ་ལ་རྗེས་སུ་འཇུག་པའི་དོན་ཅན་དུ་ཡང་འདི་རྩོམ་པ་འགྱུར་བ་མ་ཡིན་ནམ། དེ་ལྟར་ནི་མིག་དྲི་མ་མེད་པ་ཉིད་དུ་བསྒྲུབས་པ་ན་གཟུགས་ཀྱང་ཕྱིན་ཅི་མ་ལོག་པར་དོན་གྱིས་ཉེ་བར་བསྟན་པར་

འགྱུར་བ་ཇི་ལྟ་བ་དེ་ལྟར་ཚད་མ་བྱེ་བྲག་ཏུ་རྟོགས་པར་བྱས་པ་ན། ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་ལ་རྗེས་སུ་འཇུག་པའི་ལམ་ཡང་ངོ་ཞེ་ན། དེའི་ཕྱིར་གསུངས་པ། འདི་ཙམ་གྱིས་ནི་མ་ཡིན་ཞེས་པ་ལ་སོགས་པའོ། །ཅིའི་ཕྱིར་ཞེ་ན། གསུངས་པ། དེའི་ཆོས་ནི་རྟོག་གེའི་ཡུལ་མ་
ཡིན་པ་ཉིད་ཀྱི་ཕྱིར་ཞེས་སོ། །རྟོག་གེ་སྨོས་པ་ནི་ཐ་སྙད་པའི་ཚད་མ་ཉེ་བར་མཚོན་པའི་དོན་དུ་སྟེ། འཇིག་རྟེན་ལས་འདས་པ་ཁོ་ནའི་ཚད་མའི་ཡུལ། བཅོམ་ལྡན་འདས་ཀྱི་ཆོས་ནི་སོ་སོ་རང་གིས་རིག་པར་བྱ་བ་ཡིན་གྱི། ཐ་སྙད་པའི་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །གལ་ཏེ་དེ་ལྟར་ན་ཅི་ལོག་
པ་དེ་རྣམས་ཀྱིས་གལ་ཏེ་ལོག་ཀྱང་ཆོས་ཉིད་མི་རྟོགས་སམ་ཞེ་ན། དེའི་ཕྱིར་གསུངས་པ། ལོག་པ་རྣམས་ནི་ཞེས་པ་ལ་སོགས་པ་སྟེ། མ་ལོག་པ་རྣམས་ནི་དེ་ཁོ་ན་ལ་སྙིང་པོར་ལྟ་བ་ཉིད་ཀྱིས་དེ་བཞིན་གཤེགས་པའི་བསྟན་པ་ཉན་པར་ཡང་མི་སྤྲོ་ཞིང་། ལོག་པ་རྣམས་ནི་དེ་བཞིན་གཤེགས་
པའི་བསྟན་པ་ལ་གང་ཆོས་རྣམས་ཀྱི་ཆོས་ཉིད་ཡོངས་སུ་གསལ་བར་བྱས་པ་དེ་ཐོས་པ་དང་བསམ་པ་དང་ཡང་དག་པར་བསྒོམ་པའི་རིམ་པས་འབད་པ་མེད་པ་ཁོ་ནར་རྟོགས་པར་འགྱུར་རོ། །ཆོས་ཉིད་ནི་ཆོས་རྣམས་ཀྱི་ཕྱིན་ཅི་མ་ལོག་པའི་རང་བཞིན་ཏེ། དེ་ཁོ་ན་ཉིད་ཅེས་པའི་ཐ་ཚིག་གོ། །
ཡང་ཅིའི་ཕྱིར་མུ་སྟེགས་པའི་ལུགས་ཐོས་པར་བྱས་ཀྱང་ཆོས་ཉིད་མི་རྟོགས་ཀྱི། དེ་བཞིན་གཤེགས་པའི་བསྟན་པ་ཐོས་ནས་རྟོགས་ཤེ་ན། གསུངས་པ། བར་ཤིན་ཏུ་རིང་བའི་ཕྱིར་ཞེས་པ་སྟེ། དེ་ཡང་ལེགས་པར་བྱས་པ་དང་ཉེས་པར་བྱས་པ་ཉིད་ཀྱིས་སོ། །ཐུབ་པའི་དབང་པོའི་བསྟན་པ་ནི་
ལེགས་པར་བྱས་པ་སྟེ། དེར་ཆོས་རྣམས་ཀྱི་ཕྱིན་ཅི་མ་ལོག་པའི་བདག་མེད་པ་ཉིད་ལ་སོགས་པའི་རང་བཞིན་རབ་ཏུ་གསལ་བར་བྱེད་པའི་ཕྱིར་དང་། མུ་སྟེགས་པའི་ལུགས་ནི་ཉེས་པར་བྱས་པ་སྟེ་བཟློག་པའི་ཕྱིར་རོ། །དེའི་ཕྱིར་བདེ་བར་གཤེགས་པའི་བསྟན་པ་ལ་བརྟེན་པ་ཁོ་ནས་དེ་ཁོ་ན་ཉིད་རྟོགས་
པར་འགྱུར་གྱི་ཅིག་ཤོས་ཀྱི་ནི་མ་ཡིན་ནོ། །བར་ཤིན་ཏུ་རིང་བ་ཉིད་ཁོ་ནར་བསྟན་པའི་ཆེད་དུ་ཚིགས་སུ་བཅད་པ་གསུངས་པ། རྟོག་གེ་ཙམ་སྟོབས་ཅན་རྣམས་ཞེས་པ་ལ་སོགས་པའོ། །རྟོག་གེ་ཙམ་གྱི་སྐྱབས་ཅན་ནི་མུ་སྟེགས་པ་རྣམས་ཏེ། དོན་གང་རྣམས་ཀྱི་ཕྱིན་ཅི་མ་ལོག་པའི་རང་བཞིན་

རྟོགས་པ་ལས་འབའ་ཞིག་པ་ཉིད་ཐོས་པར་འགྱུར་བ་བདག་ལ་སོགས་པ་དེ་རྣམས་རྟོག་གེ་ཙམ་ལས་རྟོགས་པའི་ཕྱིར་རོ། །འོ་ན་ཁྱེད་ཀྱི་ཡང་བདག་མེད་པ་ཉིད་རྟོག་གེས་རྟོགས་པར་བྱ་བ་ཁོ་ན་སྟེ། དེས་ན་འདི་ལ་ཁྱད་པར་ཅི་ཞེ་ན་གསུངས་པ། དེ་ཡང་ཞེས་པ་ལ་སོགས་པ་སྟེ། གང་ཕྱིན་
ཅི་མ་ལོག་པའི་མཚན་ཉིད་དེ་མ་བསྟན་པའི་ཕྱིར། མཚན་ཉིད་མ་བསྟན་ཅིང་ངོ་། །རང་གི་སྦྱོར་བ་དང་འགལ་བ་ཡང་སྟེ་རང་ཉིད་ཀྱི་བ་ཁོ་ནའི་སྦྱོར་བ་དང་འགལ་བའོ། །དེ་ལྟར་ནི་གྲངས་ཅན་པ་རྣམས་ཀྱི་ནི་འབྲེལ་པ་གཅིག་ལས་མངོན་སུམ་ལས་ལྷག་མ་འགྲུབ་པའོ་ཞེས་པ་རྗེས་སུ་དཔག་པའི་མཚན་ཉིད་དོ། །
སྦྱོར་བ་ནི་གཙོ་བོ་ཡོད་དེ་ཁྱད་པར་རྣམས་ལ་རྗེས་སུ་འགྲོ་བ་མཐོང་བའི་ཕྱིར་རོ་ཞེས་པ་ལ་སོགས་པའོ། །རྗེས་སུ་འགྲོ་བ་མཐོང་བ་ནི་གཙོ་བོ་དང་འབྲེལ་པ་ཡོད་པ་ནི་མ་ཡིན་པས་སོ། །བྱེ་བྲག་པ་རྣམས་ཀྱི་ཡང་འདིའི་འདི་འབྲས་བུ་དང་རྒྱུའོ་ཞེས་པ་ལ་སོགས་པའི་མཚན་ཉིད་ཀྱི་རྗེས་སུ་དཔག་པའི་རང་གི་ངོ་བོ་
བཤད་པ་ནི། དེའི་རྒྱུ་ཉིད་ཀྱི་ཕྱིར་དང་འབྲས་བུ་ཉིད་ཀྱི་ཕྱིར་སྒྲ་མི་རྟག་གོ་ཞེས་པ་ལ་སོགས་པའི་རང་གི་སྦྱོར་བ་དང་འབྲེལ་པ་ཡང་མ་ཡིན་ཏེ། ཇི་ལྟར་བཤད་པའི་འབྲེལ་པ་རྣམས་ཀྱི་གང་ཡང་རུང་བ་ཡང་མི་སྲིད་པའི་ཕྱིར་རོ། །གལ་ཏེ་ཡང་ཅི་ཞིག་ལྟར་ཡང་རང་གི་སྦྱོར་བ་དང་འབྲེལ་པ་དེ་ལྟ་ན་
ཡང་སྐྱོན་དང་ལྡན་པ་ཁོ་ནའོ་ཞེས་སྟོན་པ་གསུངས་པ། འདོད་དོན་སྒྲུབ་པར་བྱེད་པའང་མིན། །ཞེས་པའོ། །ཇི་ལྟར་སྒྲུབ་པར་བྱེད་པ་མ་ཡིན་པ་དེ་ལྟར་དོན་དམ་པ་བདུན་ཅུ་པ་ལ་སོགས་པ་རྣམས་སུ་དང་འདིར་ཡང་བསྟན་ཏོ། །ཆེས་རིང་ཉམས་པ་རྣམས་ཞེས་པ་ལམ་གོལ་བ་ལ་
ཞུགས་པ་ཉིད་ཀྱི་ཕྱིར་རོ། །གང་ཞིག་རྟོག་གེའི་ལམ་གྱིས་ཆོས་ཉིད་རྣམ་པར་ངེས་པར་བྱེད་པ་དེ་རྣམས་ནི་ཐུབ་དབང་བསྟན་ལས་ཆེས་རིང་ཉམས་པ་ཡིན་ཏེ། དེ་རྟོག་གེའི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཡང་འདི་དེ་ལྟར་ཡིན་པ་དེ་ལྟ་ན་ཡང་དེ་བཞིན་གཤེགས་པའི་ཆོས་
ཀྱི་མཚན་ཉིད་ནི་གལ་ཏེ་རྣམ་པར་འགྱུར་བར་འགྲོ་བར་བྱེད་ན་བརྟག་པར་གྱིས། མུ་སྟེགས་པས་བརྟགས་པའི་ཚེག་གི་དོན་བཞིན་ནོ། །འདི་སྐད་བཤད་པར་འགྱུར་ཏེ། མུ་སྟེགས་པ་རྣམས་ཀྱིས་རྟོག་གེའི་ཡུལ་ཉིད་དུ་ཁས་བླངས་པའི་བདག་ལ་སོགས་པའི་ཚིག་གི་དོན་རྣམས་ཀྱང་

རྟོག་གེས་རྣམ་པར་དཔྱད་ན་རྣམ་པར་འགྱུར་ཏེ། བསྟན་བཅོས་སུ་དེ་རྣམས་ཇི་ལྟར་རྣམ་པར་གཞག་པར་བྱས་པ་དེ་ལྟར་མི་གནས་སོ་ཞེས་པའི་དོན་ཏོ། །དེ་བཞིན་གཤེགས་པ་རབ་ཏུ་རིག་པར་མཛད་པའི་ཆོས་རྣམས་ཀྱི་རང་བཞིན་ཕྱིན་ཅི་མ་ལོག་པ་བདག་མེད་པ་ལ་སོགས་པ་ནི་རྣམ་པར་དཔྱད་པ་ན་རྣམ་
པར་མི་འགྱུར་ཏེ། ཇི་ལྟར་བསྟན་པ་བཞིན་དུ་ཐ་སྙད་པའི་བདག་ཉིད་ཀྱིས་དེ་ལྟ་ཁོ་ནར་ཉེ་བར་དམིགས་སོ་ཞེས་པའི་དོན་ཏོ། །འདིས་ནི་གལ་ཏེ་ཡང་རྟོག་གེ་དོན་དམ་པའི་ཡུལ་ཅན་དུ་མི་འགྱུར་བ་དེ་ལྟ་ན་ཡང་། ཇི་ལྟར་གནས་པའི་དངོས་པོ་སྤྱིའི་ཚུལ་གྱིས་གསལ་བར་བྱེད་ཅིང་དེ་ཁོ་ན་
ཉིད་རྟོགས་པ་དང་རྗེས་སུ་མཐུན་པར་འགྱུར་རོ་ཞེས་གསལ་བར་བྱས་སོ། །ཚད་མའི་ཕུང་པོའི་ཞེས་པ། རང་དང་ཕ་རོལ་པོ་མངོན་པར་འདོད་པའི་ཚད་མ་རྣམས་ཀྱི་ཕུང་པོ་སྟེ་ཚོགས་པའོ། །རང་མངོན་པར་འདོད་པའི་ཚད་མ་རྣམས་རྣམ་པར་འཇོག་ཅིང་ཕ་རོལ་པོ་མངོན་པར་
འདོད་པ་རྣམས་སུན་འབྱིན་པར་བྱེད་དོ་ཞེས་བྱས་ནས་སོ། །དེ་ལ་རང་མངོན་པར་འདོད་པ་རྣམས་ཀྱི་ཡོན་ཏན་རྣམས་དང་། ཕ་རོལ་པོ་རྣམས་ཀྱི་སྐྱོན་རྣམས་ཏེ། །དེ་རྣམས་རྒྱས་པ་ནི་ཡོན་ཏན་སྐྱོན་རྒྱས་པའོ། །དེ་རྟོགས་པར་བྱེད་པ་ནི་བརྩད་པ་དང་བཅས་པའི་ལན་གྱི་གཞུང་གི་ཕུང་པོའོ། །དེ་གསལ་བར་བྱས་
ལས་གང་དགེ་བ་སྟེ། །བསོད་ནམས་བདག་གིས་བསགས་པ་སྟེ། །ཉེ་བར་བསགས་པ་དེས་ཏེ་དགེ་བའོ། །འཇིག་རྟེན་གྱི་རྣམ་ཐར་ཏེ་མྱ་ངན་ལས་འདས་པ་དང་སྐྱེ་བ་ནི་འབྱུང་བ་སྟེ། དེ་དག་གི་ཡོན་ཏན་ཡོན་ཏན་མིན་པ་དག་སྟེ་ཡོན་ཏན་དང་སྐྱོན་དག་གོ། །དེ་ཤེས་པར་གྱུར་པའི་མཐར་བྱས་ཞི་བའི་ཆེད་དུ་ཤོག་
སྟེ་བྱུར་ཅིག་པའོ། །ཐར་པའི་ཡོན་ཏན་ཤེས་པའི་དང་སྐྱེ་བ་ལ་སྐྱོན་ཤེས་པའི་ཡང་ཞེས་འདི་སྒྲུབ་པ་ཡིན་གྱི་རྗེས་སུ་རྗོད་པ་ནི་མ་ཡིན་ཏེ། གཞན་དུ་ནི་ཉི་ཚེ་བའི་ཡོངས་སུ་བསྔོ་བར་འགྱུར་རོ། །ཐར་པ་དང་སྐྱེ་བ་དག་གི་ཡོན་ཏན་དང་ཡོན་ཏན་མ་ཡིན་པ་ཤེས་པར་གྱུར་པ་ནི་མཐར་བྱས་ཞི་བ་ཐོབ་པར་གྱུར་ཅིག་ཅེས་པ་ངག་གི་
དོན་ཏོ། །མཐར་བྱས་ནི་ཕྱིན་ཅི་ལོག་བཞིའི་མཚན་ཉིད་ཅན་ཏེ། གང་ཕྱིར་དེས་ཐར་པའི་གགས་ཉིད་ཀྱིས་འགྲོ་བ་མཐའ་སྟེ་ཡོངས་མཐར་བྱས་ཏེ། བདག་ལ་སོགས་པའི་ཕྱིན་ཅི་ལོག་གིས་རབ་ཏུ་བསྒོས་པ་ཉིད་ཀྱི་ཕྱིར་རོ། །འཁོར་བའི་སྡུག་བསྔལ་མཐའ་དག་ཟད་པའི་ངོ་བོ་ནི་ལྡོག་པ་སྟེ་དེ་ཞི་བའོ་ཞེས་པའོ། །གང་

ལ་འཇམ་པའི་དཔལ་འདིས་རང་ཉིད་ཀྱིས་ནི་རྗེས་སུ་གཟུང་བ་མཛད་ཅིང་བློ་གྲོས་ལྡན། །ཕྱོགས་ཀྱི་གླང་པོ་དེ་ཡིས་ཚད་མ་འགྲུབ་པའི་ཆེད་དུ་མཛད་པའི་བསྟན་བཅོས་གང་ཡིན་དེ། །ཀུན་ནས་ཕྱེ་སྟེ་རྒྱལ་བའི་དབང་པོའི་བློ་ལྟར་དེ་ཉིད་དོན་ཅན་བཤད་པ་འདི་བྱས་ལས། །བདག་ལ་དགེ་བ་
ཡང་དག་བྱུང་གང་དེ་ལས་འགྲོ་བས་དེ་ཁོ་ན་ཉིད་རྟོགས་གྱུར་ཅིག །ཅེས་པ་ཡངས་པ་དང་དྲི་མ་མེད་པ་དང་ལྡན་པ་ཞེས་བྱ་བ་ཚད་མ་ཀུན་ལས་བཏུས་པའི་འགྲེལ་བཤད། །བྱང་ཆུབ་སེམས་དཔའི་ཡུལ་པ་སློབ་དཔོན་རྒྱལ་བའི་དབང་པོའི་བློ་གྲོས་ཀྱི་ཞབས་ཀྱིས་མཛད་པ་རྫོགས་སོ།། །།ཤློ་ཀ་སྟོང་ཕྲག་
དགུ་པའོ་ཞེས་རྒྱད་པའི་མཇུག་ཏུ་འབྱུང་ངོ་། །ཚུལ་འདི་ནི་ཆོས་ཀྱི་རྗེ་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་ལེགས་པར་བཤད་པའི་སྲོལ་ལ་སོགས་པ་ལ་བརྟེན་ནས་ལེགས་པར་སྦྱར་བ་བརྡ་སྤྲོད་པའི་ཚུལ་ལ་བློའི་སྣང་བ་ཆེར་རྒྱས་པ། དཔང་ལོ་ཙཱ་བ་དགེ་སློང་དཔལ་ལྡན་བློ་གྲོས་བསྟན་པས། པཎྜི་
ཏ་ལ་མ་ལྟོས་པར་རང་ཉིད་ཀྱིས་རྒྱ་དཔེ་ལ་བལྟས་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།དཔལ་ལྡན་རྒྱལ་བའི་དབང་པོའི་བསྟན་པའི་ཁང་བཟངས་ཕན་བདེའི་མཛོད་ལྡན་དམ་པའི་སྒོ་འཕར་མཆོག །དཔལ་ལྡན་ཕྱོགས་ཀྱི་གླང་པོའི་གཞུང་ལུགས་རང་གི་སྡེ་པས་བརྟགས་
པའི་རྟོག་གེ་ངན་སེལ་ཞིང་། །རྒྱལ་བ་རྒྱལ་དཔོག་རྐང་མིག་གཟེགས་ཟན་སེར་སྐྱ་འཇིག་རྟེན་མིག་གི་རྗེས་སུ་འཇུག་རྣམས་ཀྱི། །རྟོག་གེ་ངན་པ་རྨེག་མེད་བྱེད་དེའི་འགྲེལ་བཤད་མཆོག་འདི་སྔོན་མེད་བསྒྱུར་ཅིང་ཞུ་ཆེན་བྱས། །གཞུང་འགྲེལ་འགྲེལ་བཤད་བཅས་པ་རྣམས། །ཚིག་བརླིང་
དོན་ཡང་གཏིང་དཔག་དཀའ། །དེ་སླད་ལེགས་པར་རབ་འབད་ཀྱང་། །འདི་ལ་འཁྲུལ་མེད་ཤིན་ཏུ་དཀོན། །འཕགས་བློ་མ་ཐོབ་བློ་གྲོས་སྐྱོན། །རྣམ་གཡེང་ལེ་ལོ་སྦྱོར་བའི་སྐྱོན། །མཁས་ལས་མ་ཐོས་སྐལ་བའི་སྐྱོན། །འདི་ཡི་སྐྱོན་ལྡན་བཟོད་པར་མཛོད། །བློ་མཆོག་སྦྱོར་བ་རབ་རྒྱས་ཤིང་། །གཟུ་བོར་
གནས་པའི་དགེ་མཚན་ལྡན། །ལེགས་བཤད་དོན་གཉེར་དུས་སྐབས་ཅན། །དེ་རྣམས་རིགས་པའི་དགའ་སྟོན་མཛོད། །འདིར་འབད་དགེ་བས་འགྲོ་བ་ཀུན། །རིགས་པ་དམ་པའི་དཔུང་བསགས་ཏེ། །བདུད་དང་མུ་སྟེགས་ཀུན་བཅོམ་ནས། །རྒྱལ་བའི་དབང་པོ་མྱུར་ཐོབ་ཤོག། །།