Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 193

Văn bản gốc(Tây Tạng)

Trang 3 / 21 (50.000 ký tự/trang)
ཉམས་སུ་མྱོང་བ་ནི་མ་ཡིན་ཏེ། ཤེས་པ་རྣམས་ཐམས་ཅད་རྣམ་པ་གཅིག་ཏུ་ཐལ་བར་
འགྱུར་བའི་ཕྱིར་ཏེ། རྣམ་པར་རིག་པ་རྣམས་ནི་རྣམ་པ་དུ་མ་ཅན་རྣམས་སོ། །དེ་ལྟར་ནི་དངོས་པོ་གཅིག་ཁོ་ན་ལ་རྟོགས་པ་པོའི་བྱེ་བྲག་གིས་བསལ་བ་དང་གཞན་པ་ཉིད་ལ་སོགས་པའི་རྣམ་པ་རྣམས་དང་ལྡན་པའི་རྣམ་པར་ཤེས་པ་རྣམས་ཉེ་བར་དམིགས་ལ། དངོས་པོ་གཅིག་རྣམ་པ་དུ་མ་ཡང་མ་ཡིན་
ཏེ་དུ་མ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་དོན་གྱི་རང་བཞིན་ཇི་ལྟ་བར་ངེས་པར་བྱ་བར་ནུས་པ་མ་ཡིན་ནོ་ཞེས་དགོངས་པས་ཕྱི་རོལ་དང་ཅིག་ཤོས་ཀྱི་ཕྱོགས་དག་ལ་མདོ་གཅིག་ཁོ་ནས་འབྲས་བུའི་ཁྱད་པར་རྣམ་པར་གཞག་པ་བྱེད་པར་བཞེད་པས་གསུངས་པ། ཡང་ན་རང་རིག་
འདིར་འབྲས་བུ་ཞེས་པ་སྟེ། སྔ་མར་ཡུལ་རིག་པ་འབྲས་བུར་གསུངས་ཏེ། དེའི་ཕྱིར་ཡང་ནའི་སྒྲ་ནི་རྣམ་པར་བརྟག་པའི་དོན་ཅན་ནོ། །འདིར་ཞེས་པ་ནི་སྔར་བཤད་པའི་མངོན་སུམ་ལའོ། །རང་གི་སྣང་བ་དང་ཡུལ་གྱི་སྣང་བའོ་ཞེས་པ། འདིའི་སྣང་བ་རང་ཉིད་དོ་ཞེས་པ་རང་གི་སྣང་བ་སྟེ།
རང་གི་ངོ་བོའི་སྣང་བ་དང་འཛིན་པའི་རྣམ་པ་ཞེས་པའི་དོན་ཏོ། །རང་གི་ངོ་བོ་ཁོ་ན་ཤེས་པ་འདིའི་སྣང་བ་སྟེ། གང་གི་ཕྱིར་ཤེས་པ་ཡི་ནི་ཤེས་པའི་ངོ་བོ་ཉིད་གང་ཡིན་པ་ངོ་བོ་དེ་རང་ཉིད་ཁོ་ནས་སྣང་ངོ་ཞེས་བྱས་ནས་སོ། །ཡུལ་གྱི་སྣང་བ་ཞེས་པ་འདིར། གང་གི་ཚེ་ཕྱི་རོལ་གྱི་ཡུལ་ལ་བརྟེན་པ་དེའི་ཚེ་
ཡུལ་ལྟ་བུར་སྣང་བ་འདིའོ་ཞེས་ཚིག་རྣམ་པར་སྦྱར་ཞིང་། གང་གི་ཚེ་མི་བརྟན་པ་དེའི་ཚེ་ནི་ཡུལ་འདིའི་སྣང་བའོ་ཞེས་སོ། །ཡུལ་ནི་འདིར་གཟུང་བྱའི་ཆ་སྟེ། དེ་ལ་ཡུལ་དུ་ཐ་སྙད་བྱས་པའི་ཕྱིར་རོ། །དེའི་ཞེས་པ་ལ་སོགས་པ་སྟེ། ཕྱི་རོལ་གྱི་དོན་ཡོད་དམ་མེད་ན་ཡང་རུང་སྟེ། གཉིས་

སྣང་བ་ཅན་གྱི་ཤེས་པ་ཉམས་སུ་མྱོང་ལ། དེའི་གང་རང་རིག་པ་རང་ཉམས་སུ་མྱོང་བ་དེ་འབྲས་བུར་འགྱུར་རོ། །ཅིའི་ཕྱིར་ཞེ་ན་ཞེས་པ་རིགས་པ་ཅིས་ཏེ། རང་རིག་པ་སྲིད་པའོ་ཞེས་པ་ཁོ་ནས་འབྲས་བུ་ཉིད་དུ་བརྟག་པར་རིགས་པ་ནི་མ་ཡིན་ཏེ། ཕྱི་རོལ་གྱི་དོན་གྱི་ཕྱོགས་ལ་ནི་འདི་མི་སྲིད་དོ། །
གང་གི་ཕྱིར་ཡུལ་རྟོགས་པའི་ཕྱིར་དུ་ནི་མིག་ལ་སོགས་པ་རྣམས་ཀྱི་བྱ་བ་ཡོད་ཀྱི་རྣམ་པར་ཤེས་པ་ནི་མ་ཡིན་པས་སོ། །རྣམ་པར་ཤེས་པ་ཉེ་བར་དམིགས་པ་ཁོ་ན་ཡུལ་ཉེ་བར་དམིགས་པ་ཡང་མ་ཡིན་ཏེ། རྣམ་པར་ཤེས་པ་ལས་ཡུལ་ཐ་དད་པའི་ཕྱིར་རོ། །དེའི་ཕྱིར་རང་རིག་པ་འབྲས་
བུ་ཉིད་དུ་མི་འཐད་དོ་ཞེས་སེམས་པའི་དྲི་བའོ། །དེ་ཡི་ངོ་བོས་དོན་ངེས་ཕྱིར། །ཞེས་པ་རྒྱུའོ། །གང་གི་ཚེ་ནི་ཞེས་པ་ལ་སོགས་པ་ནི་འདི་ཁོ་ནའི་རྣམ་པར་བཤད་པ་སྟེ། ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ལའོ། །གང་གི་ཕྱིར་གང་གི་ཚེ་ཡུལ་དང་བཅས་པའི་ཤེས་པ་དོན་ཡིན་པ་
དེའི་ཚེ་རང་རིག་པ་དང་རྗེས་སུ་མཐུན་པའི་དོན་འདོད་པའམ་མི་འདོད་པ་རྟོགས་པ་པོས་རྟོགས་པར་བྱེད་དེ། དེའི་ཕྱིར་རང་རིག་པ་འབྲས་བུར་རིགས་སོ། །ཡུལ་དང་བཅས་པ་ཞེས་པ་ཡུལ་དང་ལྷན་ཅིག་པ་ནི་ཡུལ་དང་བཅས་པའོ། །དེ་ལ་ཤེས་བྱ་ནང་གི་ཕྱོགས་ལ་གཟུང་བྱའི་ཆ་ཤས་
ཀྱི་མཚན་ཉིད་ཅན་གྱི་ཡུལ་གྱིས་ཡུལ་དང་བཅས་པ་སྟེ། དེ་ཁོ་ན་ལ་ཡུལ་དུ་རྣམ་པར་གཞག་པའི་ཕྱིར་རོ། །ཕྱི་རོལ་གྱི་དོན་གྱི་ཕྱོགས་ལ་ནི་ཕྱི་རོལ་གྱི་དང་ངོ་། །དེ་ལ་རྣམ་པར་རིག་པ་ཙམ་ཉིད་ལ་ནི་རྣམ་པར་ཤེས་པ་ལས་ཐ་དད་པའི་དངོས་པོ་མེད་པའི་ཕྱིར། བློ་ཁོ་ན་གང་གི་ཚེ་འདོད་པར་
རང་གི་རྣམ་པ་ཉམས་སུ་མྱོང་བ་དེའི་ཚེ་དོན་འདོད་པར་ངེས་པར་བྱེད་ལ། བཟློག་པ་ལས་ནི་བཟློག་པར་འགྱུར་རོ། །ཅི་ལྟར་ཤེས་པ་བདག་ཉིད་ཀྱིས་བདག་ཉིད་ཉམས་སུ་མྱོང་། དེ་ཁོ་ན་ལ་ལས་དང་བྱེད་པ་པོ་དང་བྱེད་པའི་དངོས་པོ་རིགས་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། འདི་ནི་འདི་ལྟ་བུ་སྟེ། དོན་
དམ་པར་ན་དེ་ལ་སོགས་པའི་དངོས་པོ་མེད་པ་ཁོ་ནའོ། །དེ་ལྟ་ན་ཡང་དེའི་བདག་ཉིད་ཀྱི་ཕྱིར་རབ་ཏུ་གསལ་བ་བཞིན་དུ། དེ་ལ་དེ་ལྟར་ཐ་སྙད་བྱེད་པ་མི་འགལ་ཏེ། རབ་ཏུ་གསལ་བ་ནི་བདག་ཉིད་རབ་ཏུ་གསལ་བ་སྒྲོན་མ་གཞན་ལ་ལྟོས་པ་མ་ཡིན་ལ། དངོས་པོར་ན་བདག་ཉིད་རབ་ཏུ་གསལ་

བར་བྱེད་པ་ཡང་མ་ཡིན་གྱི། རབ་ཏུ་གསལ་བའི་བདག་ཉིད་དུ་སྐྱེ་བཞིན་པ་ལ་བདག་ཉིད་རབ་ཏུ་གསལ་བར་བྱེད་པའོ་ཞེས་བརྗོད་པ་འབའ་ཞིག་གོ། །དེ་བཞིན་དུ་མྱོང་བའི་བདག་ཉིད་དུ་སྐྱེ་བཞིན་པའི་བློ་ནི་བདག་ཉིད་རབ་ཏུ་གསལ་བར་བྱེད་པ་ཞེས་ཐ་སྙད་དུ་བྱའོ། །
ཕྱི་རོལ་གྱི་ཕྱོགས་ལ་ཡང་མྱོང་བ་ཇི་ལྟ་བ་བཞིན་ཁོ་ནར་དོན་རྟོགས་ཀྱི་དོན་ཇི་ལྟ་བ་བཞིན་མྱོང་བ་ནི་མ་ཡིན་ནོ་ཞེས་སྔར་ཁོ་ནར་བཤད་ཟིན་ཏོ། །འོ་ན་རང་རིག་པ་དང་རྗེས་སུ་མཐུན་པར་འདོད་པའམ་མི་འདོད་པའི་དོན་རྟོགས་པར་བྱེད་ཅེས་པ་འདི་ཙམ་གྱིས་མི་བརྗོད་པར་གང་གི་ཚེ་ཤེས་པ་ཡུལ་དང་བཅས་པ་
དོན་ཡིན་པ་དེའི་ཚེ་ཞེས་པ་འདི་ཡིས་ཅི་ཞེ་ན་དགོས་པ་ཡོད་དེ། གང་གི་ཕྱིར་སྔར་རང་རིག་པ་ཚད་མར་བཤད་ལ། དེས་ཀྱང་ཤེས་པའི་རང་གི་ངོ་བོ་ཁོ་ན་རིག་པར་བྱ་བའོ་ཞེས་རང་རིག་པ་ནི་དེ་ཁོ་ནའི་འབྲས་བུ་ཞེས་གསལ་བར་ངེས་པར་བྱ་ཞིང་། དེ་ནས་ཀྱང་རང་རིག་པ་དང་རྗེས་སུ་མཐུན་པར་འདོད་པའམ་མི་
འདོད་པའི་དོན་རྟོགས་པར་བྱེད་དོ་ཞེས་པ་འདི་ཙམ་བརྗོད་པ་ན། རང་རིག་པའི་མངོན་སུམ་ཁོ་ནའི་དབང་དུ་བྱས་ནས་འདི་འབྲས་བུར་རྣམ་པར་གཞག་གོ་ཞེས་འགའ་ཞིག་དོགས་པར་འགྱུར་ལ། འདི་ནི་ཚད་མ་ཐམས་ཅད་ཀྱི་འབྲས་བུ་ཞེས་པའོ། །དེའི་ཕྱིར་དོགས་པ་བཟློག་པའི་དོན་དུ།
གང་གི་ཚེ་ནི་ཤེས་པ་ཡུལ་དང་བཅས་པ་དོན་ཞེས་གསུངས་སོ། །དོན་གྱི་སྒྲ་འདི་ཡང་གཞལ་བྱ་རྗོད་པར་བྱེད་པའོ། །ཡུལ་དང་བཅས་པ་ཞེས་པ་འདི་ཡང་མཐའ་དག་པ་ལ་མི་ཟད་པར་གྱུར་པའོ། །དེའི་ཕྱིར་འདི་སྐད་བཤད་པར་འགྱུར་ཏེ། གང་གི་ཚེ་ཤེས་པ་ཚད་མའི་གཞལ་བྱར་ལྟོས་པ་
དེའི་ཚེ་རང་རིག་པ་དང་རྗེས་སུ་མཐུན་པའི་དོན་རྟོགས་པར་བྱེད་དོ་ཞེས་པས་རང་རིག་པ་འབྲས་བུ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་གང་གི་ཚེ་ཡང་ཡུལ་ཡིན་པ་དེའི་ཚེ་ཡང་ངོ་ཞེས་པའོ། །འདིར་ཕྱི་རོལ་གྱི་དོན་མེད་ན་རང་རིག་པ་འབྲས་བུར་རྣམ་པར་འཇོག་པ་ལ། འཛིན་པའི་རྣམ་པ་ཚད་
མ་ཉིད་དུ་འཆད་པར་འགྱུར་རོ། །དེ་ལས་ཀྱང་ཕྱི་རོལ་གྱི་དོན་གཞལ་བར་བྱ་བ་མེད་པ་ན་ཇི་ལྟར་རང་རིག་པ་འབྲས་བུར་རྣམ་པར་གཞག་པ་ལ་འཛིན་པའི་རྣམ་པ་ཚད་མར་འདོད་པ་དེ་ལྟར་ཕྱི་རོལ་གྱི་དོན་གཞལ་བར་བྱ་བ་ཡོད་པ་ལ་ཡང་འཛིན་པའི་རྣམ་པ་ཁོ་ན་ཚད་མའོ་ཞེས་དོགས་པར་འགྱུར་ཏེ། དེའི་

ཕྱིར་དེ་བསལ་བའི་ཆེད་དུ་གསུངས་པ། གང་གི་ཚེ་ནི་ཞེས་པ་ལ་སོགས་པ་སྟེ། ཕྱི་རོལ་གཞལ་བྱ་ལ་རང་རིག་པ་འབྲས་བུར་འཇོག་པ་ན་ཡང་ཡུལ་གྱི་སྣང་བ་ཉིད་ཁོ་ན་ཤེས་པ་ཚད་མར་འདོད་ཀྱི། རྣམ་པར་རིག་པ་ཙམ་ཉིད་བཞིན་དུ་འཛིན་པའི་རྣམ་པ་ནི་མ་ཡིན་ནོ། །འོ་ན་གང་གི་ཚེ་ཕྱི་རོལ་གྱི་
དོན་གཞལ་བྱའོ་ཞེས་པའི་ཕྱོགས་དེའི་ཚེ་ཡང་འཛིན་པའི་རྣམ་པ་མངོན་པར་འདོད་པ་ཁོ་ན་མ་ཡིན་ནམ། དེ་ནི་རང་རིག་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །དེ་ཅིའི་ཕྱིར་དེའི་ཚེ་ཚད་མ་ཉིད་དུ་རྣམ་པར་གཞག་པ་མ་ཡིན་ནོ་ཞེ་ན་གསུངས་པ། དེའི་ཚེ་ནི་ཤེས་པར་རིག་པར་བྱ་བ་ཡིན་ཡང་ཞེས་པ་ལ་སོགས་
པ་སྟེ། ཤེས་པ་ནི་རང་རིག་པར་བྱ་བའོ་ཞེས་ཚིག་རྣམ་པར་སྦྱར་རོ། །གལ་ཏེ་ཡང་རང་རིག་པར་བྱ་བའི་རང་གི་ངོ་བོ་དུས་ཐམས་ཅད་དུ་ཡོད་པ་དེ་ལྟ་ན་ཡང་དེ་ལ་མི་ལྟོས་པར་ཕྱི་རོལ་གཞལ་བར་བྱ་བ་ལ་ཤེས་པའི་ཡུལ་གྱི་སྣང་བ་ཉིད་ཁོ་ན་ཚད་མ་ཡིན་གྱི། རང་གི་སྣང་བ་ཉིད་ནི་མ་ཡིན་ཏེ།
ཕྱི་རོལ་གྱི་དོན་ལ་དེ་སྒྲུབ་པར་བྱེད་པ་ཉིད་དུ་མི་རིགས་པའི་ཕྱིར་རོ། །མི་རིགས་པ་ནི་གཞན་གྱི་དོན་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་ཏེ། འཛིན་པའི་རྣམ་པ་བདག་ཉིད་ཀྱི་ཡུལ་ཅན་ནི་ཅི་ལྟར་ཕྱི་རོལ་གྱི་དོན་ལ་ཚད་མར་འགྱུར། གཞན་གྱི་ཡུལ་ཅན་གཞན་ལ་ཚད་མ་ཉིད་དུ་རིགས་པ་ནི་མ་ཡིན་པས་
སོ། །གང་གི་ཕྱིར་ཞེས་པ་ལ་སོགས་པས་དེ་མཚན་མ་ཉིད་ལ་རྒྱུ་གསུངས་པ། གཞལ་བར་བྱ་ཞེས་པ་ངེས་པར་བྱ་བའོ། །ཇི་ལྟ་ཇི་ལྟར་ཞེས་པ་ལ་སོགས་པ་སྟེ། ཤེས་པ་ནི་ཤེས་བྱའི་རྣམ་པའི་དབང་གིས་ཕྱི་རོལ་གྱི་དོན་ངེས་པའོ་ཞེས་པའི་དོན་ནོ། །འདིར་ཡང་དཔེར་ན་དུ་བས་མེ་རྗེས་
སུ་དཔག་པར་བྱ་བའོ་ཞེས་བརྗོད་པ་ན་འདི་དངོས་སུ་དེའི་རྗེས་སུ་དཔག་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན་དེའི་རྒྱུ་ཅན་གྱི་དུ་བའི་ཤེས་པས་ཡིན་པ་དེ་བཞིན་དུ། གལ་ཏེ་ཡང་། དོན་དེ་དེ་ཡིས་གཞལ་བར་བྱ། །ཞེས་བརྗོད་པ་དེ་ལྟ་ནའང་དེའི་སྒྲུབ་པར་བྱེད་པ་ཅན་རང་རིག་པས་ཞེས་རྟོགས་པར་
བྱའོ། །དེ་ལྟར་ནི་ཇི་ལྟ་ཇི་ལྟར་དོན་གྱི་རྣམ་པ་སྡུག་པ་དང་མི་སྡུག་པ་ལ་སོགས་པའི་ངོ་བོར་ཤེས་པ་ལ་ངེས་པར་གནས་པ་དེ་ལྟ་དེ་ལྟར་རང་རིག་པ་རྒྱས་པར་བྱེད་ལ། ཇི་ལྟ་ཇི་ལྟར་དེ་སྟོན་པ་དེ་ལྟ་དེ་ལྟར་སྡུག་པ་དང་མི་སྡུག་པ་ལ་སོགས་པའི་གཟུགས་ལ་སོགས་པའི་དོན་རྣམ་པར་ངེས་སོ། །གང་

གི་ཕྱིར་གལ་ཏེ་དེའི་རྣམ་པར་སྐྱེས་པར་གྱུར་ན་དེའི་ཚེ་དེ་འདྲའི་བདག་ཉིད་ཀྱི་རང་རིག་པར་འགྱུར་ལ། དེ་ལས་ཀྱང་དེའི་དབང་ལས་ཡུལ་ངེས་པར་འགྱུར་གྱི་གཞན་དུ་ན་མ་ཡིན་ནོ། །དེའི་ཕྱིར་ཡུལ་གྱི་སྣང་བ་ཉིད་ཚད་མའོ། །འོ་ན་འདིར་ཡུལ་དང་འདྲ་བ་ཉིད་རང་རིག་པའི་ངོར་
སྒྲུབ་པར་བྱེད་པ་ཉིད་དུ་རྟོགས་པར་བྱེད་པར་འདོད་པ་མ་ཡིན་ནམ། དེའི་ཕྱིར། གང་གི་ཕྱིར་དེའི་དབང་ལས་དེ་སྟོན་ཏོ་ཞེས་བརྗོད་པར་བྱ་བ་ལ། ཅིའི་དོན་དུ་གང་གི་ཕྱིར། དོན་དེ་དེ་ཡིས་གཞལ་བར་བྱ། །ཞེས་བརྗོད་ཅེ་ན། དགོས་པ་ཡོད་དེ། རང་རིག་པ་དེ་ནི་དོན་རིག་པའི་བྱ་བ་གང་ཡིན་པ་དོན་
རྣམ་པར་ངེས་པ་དེ་བྱེད་དེ། དེའི་ཕྱིར་ཉེ་བར་བཏགས་པའི་དོན་རིག་པ་ཁོ་ནར་འབྲས་བུ་ལས་བལྟ་བར་བྱའོ་ཞེས་པའི་དོན་འདི་གསལ་བར་བྱ་བའི་ཆེད་དུ་དེ་སྐད་གསུངས་སོ། །དེ་ལྟར་ན་ནི་ཚད་མ་དང་འབྲས་བུ་དག་ཡུལ་ཐ་དད་པར་མི་འགྱུར་ཏེ། ཕྱི་རོལ་གང་ཁོ་ན་ལ་སྒྲུབ་པར་བྱེད་པ་ཡིན་པ་
དེ་ཁོ་ན་ལ་རང་རིག་པའོ་ཞེས་བྱས་ནས་སོ། །འོ་ན་རང་རིག་པ་འབྲས་བུ་ཅི་ལྟར་གསུངས་ཤེ་ན། དོན་དམ་པར་ཏེ། དེའི་བདག་ཉིད་ཀྱི་ཕྱིར་རང་རིག་པ་འབྲས་བུར་གསུངས་ལ། ཉེ་བར་བཏགས་པས་ནི་འབྲས་བུ་ལས་དོན་རིག་པ་ཁོ་ནར་དེ་བལྟ་བར་བྱའོ་ཞེས་པས་མི་འགལ་ལོ། །འདིར་རྣམ་
པར་རིག་པ་ཙམ་ཉིད་ལ་འཛིན་པའི་རྣམ་པ་ཚད་མ་དང་གཟུང་བྱའི་རྣམ་པ་གཞལ་བྱའོ་ཞེས་འཆད་པར་འགྱུར་ཏེ། དེའི་ཕྱིར་དེ་ལ་བརྩད་པ་དོགས་སོ། །དེ་ལ་འདི་ནི་རྩོད་པ་སྟེ། གང་གིས་ཕྱི་རོལ་གྱི་དོན་མེད་ན་ཡང་ཚད་མ་ལ་སོགས་པར་འགྱུར་བ་ཐ་དད་པ་མེད་པའི་བདག་ཉིད་ཀྱི་ཤེས་པའི་འཛིན་པའི་
རྣམ་པ་ལ་སོགས་པའི་རྣམ་པར་དབྱེ་བ་ཅི་ལྟར་ཡིན་ཞེ་ན། དེའི་ཕྱིར་དེའི་ལན་གདབ་པའི་ཆེད་དུ་གསུངས་པ། དེ་ལྟར་ཞེས་པ་ལ་སོགས་པ་སྟེ། འདི་ནི་འདིའི་བསྡུས་པའི་དོན་ཏེ་དེ་ཁོ་ན་ཉིད་དུ་དེའི་རྣམ་པར་དབྱེ་བ་ཡོད་པ་མ་ཡིན་པ་ཁོ་ནའོ། །མ་རིག་པས་ཉེ་བར་བསླད་པ་རྣམས་ཀྱིས། དེ་འཛིན་པའི་
རྣམ་པ་ལ་སོགས་པའི་རྣམ་པར་དབྱེ་བ་དང་ལྡན་པ་བཞིན་དུ་མཚོན་པ་འབའ་ཞིག་སྟེ། དེའི་ཕྱིར་ཇི་ལྟར་མཐོང་བ་བཞིན་དུ་ཚད་མ་དང་གཞལ་བྱ་རྣམ་པར་གཞག་པ་འདི་བྱའི། དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་ནི་མ་ཡིན་ནོ་ཞེས་པའོ། །རྣམ་པར་དབྱེ་བ་མེད་པར་གྱུར་པ་ཡང་ཅི་ལྟར་དེ་ལྟར་སྣང་ཞེ་ན། ཇི་ལྟར་

སྔགས་ལ་སོགས་པས་དབང་པོ་ཉེ་བར་བསླད་པ་རྣམས་ཀྱིས་འཇིམ་པའི་དུམ་བུ་ལ་སོགས་པ་རྣམས་གླང་པོ་ཆེ་ལ་སོགས་པའི་གཟུགས་དང་བྲལ་བ་རྣམས་ཀྱང་གླང་པོ་ཆེ་ལ་སོགས་པའི་གཟུགས་རྣམས་སུ་སོ་སོར་སྣང་བ་དང་། ཇི་ལྟར་ཐག་རིང་པོར་མྱ་ངམ་རྣམས་ན་ཆུང་ངུའམ་ཆེན་པོར་སྣང་བ་དེ་ལྟ་མ་རིག་
པས་ལོང་བ་རྣམས་ཀྱི་ཤེས་པ་འདི་ཡང་དེ་ལྟར་གྱུར་པ་མ་ཡིན་པ་ཡང་དེ་ལྟར་སྣང་ངོ་། །སྔགས་ལ་སོགས་པའི་ནུས་པ་ལས་དེ་རྣམས་དེ་ལྟ་ཁོ་ནར་སྐྱེས་པའོ་ཞེས་བརྟག་པར་ནུས་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་མཐོང་བ་མ་བསླད་པ་དེའི་ཡུལ་ཉེ་བ་ན་གནས་པ་རྣམས་ཀྱིས་དེ་ལྟར་མཐོང་བ་མེད་པས་
སོ། །དེ་ལྟར་ཞེས་པ་སྟེ། ཇི་སྐད་བཤད་པའི་སྣང་བ་གཉིས་པའི་ཤེས་པའོ་ཞེས་པའོ། །ཤེས་པའི་རིག་པ་ཞེས་པ། ཤེས་པ་ལས་སུ་གྱུར་པའི་རིག་པ་བསྟན་པའོ། །ཅིར་གྱུར་པ་ཞེ་ན། རྣམ་པ་དུ་མ་སྟེ། གང་གི་རྣམ་པ་དུ་མ་ཡིན་པ་དེ་དེ་སྐད་བཤད་དོ། །རྣམ་པ་དེ་རྣམས་ནི་གང་རྣམས་
འཁྲུལ་པ་འདིས་ངེས་པར་མཐོང་བ་འཛིན་པའི་སྣང་བ་ལ་སོགས་པ་དེ་རྣམས་བརྗོད་པར་འདོད་པའོ། །ཉེ་བར་བླངས་ནས་ཞེས་པ་དེ་ཚད་མའི་རྒྱུར་བཟུང་ནས་སོ། །དེ་ལྟ་དེ་ལྟར་ཞེས་པ་ལ་སོགས་པ་ལ། རེ་ཞིག་རྟོག་པ་མེད་པ་ལ། འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བ་ནི་མངོན་སུམ་ཚད་མ་
སྟེ། གསལ་བར་སྣང་བ་གཟུང་བྱའི་རྣམ་པར་རང་གི་མཚན་ཉིད་གཞལ་བྱའོ། །རྟགས་ལས་སྐྱེས་པ་ལ་ཡང་འཛིན་པའི་རྣམ་པ་རྗེས་སུ་དཔག་པ་ནི་ཚད་མ་སྟེ། གསལ་བྱའི་བྱེ་བྲག་ལ་རྗེས་སུ་འགྲོ་བ་ལྟ་བུ་མི་གསལ་བར་སྣང་བ་གཟུང་བྱའི་རྣམ་པ་སྤྱིའི་མཚན་ཉིད་ནི་གཞལ་བྱའོ་ཞེས་པའོ། །
ཉེ་བར་གདགས་པར་བྱ་ཞེས་པ་ཐ་སྙད་དུ་བྱ་བའོ། །འདིས་འདི་གསལ་བར་བྱེད་དེ། འདི་ནི་ཐ་སྙད་པའི་ཚད་མ་དང་གཞལ་བྱའི་རང་གི་ངོ་བོ་བརྗོད་པ་སྟེ། འདི་ལ་ཡང་ལོག་པར་རྟོགས་པ་རྣམས་ཀྱི་ཀུན་དུ་རྨོངས་པ་བསལ་བའི་ཆེད་དུའོ། །འཇིག་རྟེན་ལས་འདས་པ་ཁོ་ན་ནི་རྣམ་པར་འཁྲུལ་པས་
དབེན་ཞིང་དྲི་མ་མེད་ལ་ཉམས་པ་མེད་པ་དོན་དམ་པ་པའི་ཚད་མ་སྟེ། དེ་ཁོ་ནའི་སྤྱོད་ཡུལ་ཡང་དག་པ་ནི་གཞལ་བྱའོ་ཞེས་པའོ། །ཆོས་ཐམས་ཅད་ནི་བྱ་བ་དང་བྲལ་བ་རྣམས་སོ་ཞེས་པ་སྟེ། འདིས་ནི་ཤེས་པའི་རིག་པ་དེ་འཁྲུལ་པ་ཉིད་དུ་གསལ་བར་བྱས་སོ། །དེ་ཁོ་ན་ཉིད་དུ་ཆོས་གང་ལ་

ཡང་རྣམ་པ་གཅིག་མིན་པ་མཐོང་བའི་བདག་ཉིད་ཀྱི་ཐ་སྙད་སྲིད་པ་མ་ཡིན་ཏེ། རྣམ་པ་རྣམས་ཡོངས་སུ་མ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་འཁྲུལ་པ་ཁོ་ན་སྟེ། མ་རིག་པས་ལོང་བ་རྣམས་ནི་གང་རིག་པར་བྱ་བ་དང་རིག་པར་བྱེད་པའི་རྣམ་པ་མེད་པའི་ཤེས་པ་ལ་ཡང་དེ་ལྟར་
ལྟའོ། །གལ་ཏེ་དེ་ལྟ་ན་དེ་ཁོ་ན་ཉིད་མི་ཤེས་པ་རྣམས་ཀྱི་ཤེས་པ་ཐམས་ཅད་ཉེ་བར་བསླད་པ་ཁོ་ན་ཡིན་ན། ཅི་ལྟར་ཚད་མ་དང་ཅིག་ཤོས་རྣམ་པར་གཞག་ཅེ་ན། ཉེ་བར་བསླད་པའི་བག་ཆགས་ཀྱི་ཁྱད་པར་ཡོད་པར་གྱུར་པ་ལས་ཏེ། གང་གི་ཕྱིར་ཆུ་ལ་སོགས་པར་སྣང་བའི་ཤེས་པ་ལས།
རེག་པ་དང་བཏུང་བ་དང་ངོམས་པ་ལ་སོགས་པའི་རྐྱེན་རྣམས་སྲིད་པ་ཐ་སྙད་ལ་མི་སླུ་བ་ལ་ལྟོས་པས་ཚད་མ་སྟེ། ཅིག་ཤོས་ནི་རྣམ་པ་དེ་ལྟ་བུའི་བག་ཆགས་དང་བྲལ་བའི་ཕྱིར་ཚད་མ་མ་ཡིན་པའོ་ཞེས་པ་སྐྱོན་མེད་དོ། །འོ་ན་གང་འདི་འབྲས་བུ་ལས་རྒྱུ་རྗེས་སུ་དཔོག་པ་དེ་ཅི་ལྟར་འགྱུར། ཅི་ལྟར་
མི་འགྱུར་ཞེ་ན། གང་གི་ཕྱིར་དུ་བར་སྣང་བའི་ཤེས་པ་སྔར་ཁོ་ནར་གསལ་བར་འགྱུར་ཞིང་། ཕྱིས་མེར་སྣང་བ་སྟེ། དེ་དུ་བར་སྣང་བའི་ཤེས་པ་ལས་སྔར་ཉམས་སུ་མྱོང་བ་ནི་མེད་དོ། །དེའི་ཕྱིར་དུ་བ་མེ་ལས་སྐྱེས་པ་ཁོ་ནར་འགྱུར་རོ་ཞེས་པས་ཅི་ལྟར་དེས་མེ་རྗེས་སུ་དཔོག་ཅེ་ན། སྐྱོན་འདི་ནི་མེད་
དེ། མེའི་རྣམ་པ་ཅན་གྱི་ཤེས་པ་སྐྱེད་པའི་བག་ཆགས་ཀྱི་ཁྱད་པར་དང་ལྡན་པ་ཁོ་ནའི་སེམས་ཀྱི་རྒྱུད་ནི་དུ་བར་སྣང་བའི་བློ་སྐྱེད་པར་བྱེད་ཀྱི། གང་ཅི་ཡང་རུང་བས་ནི་མ་ཡིན་ནོ། །དེའི་ཕྱིར་དེ་རྟོགས་པར་བྱེད་པའི་དུ་བའི་ཤེས་པ་ནི་རྟོགས་པ་པོའི་བག་ཆགས་གསལ་བར་སད་པ་ཅན་མེའི་རྣམ་པ་ཅན་གྱི་
བློ་འབྱུང་བར་འགྱུར་བར་གོ་བར་བྱེད་དོ། །འདིར་ནི་རྒྱུའི་ཆོས་རྗེས་སུ་དཔག་པ་སྟེ། རོ་ལ་སོགས་པ་ལས་གཟུགས་ལ་སོགས་པ་བཞིན་དུ་རྗེས་སུ་དཔོག་པར་འགྱུར་རོ་ཞེས་པས་བརྩད་པར་བྱ་བ་མ་ཡིན་ནོ། །སྨྲས་པ་ཡང་ཞེས་པ་ལ་སོགས་པས་གཞལ་བྱ་ལ་སོགས་པ་རྣམ་པར་གཞག་
པར་དེ་སྟོན་ཏོ་འདིའི་སྣང་བ་གང་ཡིན་པ་ཞེས་ཚིག་རྣམ་པར་སྦྱོར་རོ། །རང་གི་ཆ་ཤས་ཚད་མ་ཉིད་དུ་སྒྲུབ་པར་བྱེད་པའི་ཕྱིར། འདིར་ཡུལ་གྱི་སྣང་བ་གཟུང་བར་བྱའོ། །དེ་གཞལ་བྱ་ཞེས་པ་ཡུལ་གྱི་སྣང་བ་དེ་གཞལ་བྱའོ། །ཚད་མ་འབྲས་བུ་ཉིད་དག་ནི། །འཛིན་པའི་རྣམ་པར་རིག་པ་དག །

ཅེས་པ་སྟེ། འཛིན་པའི་རྣམ་པ་ནི་ཚད་མ་ཉིད་དོ། །ཡང་དག་པར་རིག་པ་ནི་འབྲས་བུ་ཉིད་དོ། །འདིར་ཡང་གལ་ཏེ་ཡང་ཡང་དག་པར་རིག་པའི་སྒྲ་དབྱངས་ཤིན་ཏུ་ཉུང་བ་ཉིད་མོད་དེ་ལྟར་ན་ཡང་འཛིན་པའི་རྣམ་པ་ཚད་མ་ཉིད་ཡིན་པའི་ཕྱིར་དེ་ཡང་བྱེ་བྲག་ཏུ་རྟོགས་པར་བྱ་བ་ཉིད་ཀྱི་དབང་དུ་བྱས་པ་ཉིད་
ཀྱི་ཕྱིར་མཆོད་པར་འོས་པ་ཉིད་དོ། །དེའི་ཕྱིར་འཛིན་པའི་རྣམ་པའི་སྒྲ་ཁོ་ན་སྔ་མར་ངེས་པར་གཞག་གོ། །དེ་ཕྱིར་འདི་གསུམ་དབྱེ་མ་བྱས། །ཞེས་པ་གསུམ་ཀ་ཡང་དེ་ཁོ་ན་ཉིད་དུ་ཡོངས་སུ་མ་གྲུབ་པའི་ཕྱིར་ཤེས་པ་ལས་ལོགས་པར་བྱ་བ་མ་ཡིན་ནོ། །འདིར་ཚུལ་གཉིས་པ་ཉིད་ཁས་བླང་བར་བྱས་
ནས་རང་རིག་པ་ཉིད་འབྲས་བུར་བརྗོད་ན། ཤེས་པའི་ཚུལ་གཉིས་པ་དེ་ཉིད་ཀྱང་སྐྱེ་བ་མ་ཡིན་ཏེ། དེའི་འཐད་པ་མེད་པའི་དོན་ཕྱིར་རོ་ཞེས་བསམས་ནས་དྲིས་པ། ཅི་སྟེ་ཚུལ་གཉིས་པ་ཞེས་པ་ལ་སོགས་པའོ། །ཡང་ཅིའི་ཕྱིར་ཚུལ་གསུམ་པ་ཉིད་དྲི་བར་བྱ་བ་ལ་ཚུལ་གཉིས་པ་ཉིད་དྲིས་ཤེ་ན།
ཚུལ་གཉིས་པ་ཉིད་གྲུབ་ན་རང་རིག་པ་ཡང་འགྲུབ་བོ་ཞེས་དགོངས་པ་ལས་ཏེ། ཚུལ་གཉིས་པ་ཉིད་གྲུབ་ན་ནི་བདག་ཉིད་དུ་གྱུར་པའི་ཡུལ་དང་འདྲ་བ་ནི་ཤེས་པས་ཡང་དག་པར་རིག་པར་བྱ་བས་སོ་ཞེས་དོན་གྱིས་བདག་ཉིད་རིག་པ་འགྲུབ་བོ། །ཡུལ་ཤེས་པ་ལ་དེ་ཤེས་པའི། །ཁྱད་པར་
ལས་ནི་ཞེས་པ་ལ་སོགས་པ་སྟེ། ཡུལ་ཤེས་ནི་གཟུགས་ལ་སོགས་པ་འཛིན་པ་མིག་ལ་སོགས་པའི་རྣམ་པར་ཤེས་པའོ། །ཡུལ་གྱི་ཤེས་པ་ལ་དེ་ཤེས་པ་ནི་ཡུལ་ཤེས་པ་ལ་དེ་ཤེས་པ་ལའོ། །འདིར་གལ་ཏེ་དེའི་སྒྲས་ཡུལ་གྱི་ཤེས་པ་ལ་སྦྲེལ་ན། དེ་ཉེ་བར་བླངས་པ་དོན་མེད་པར་འགྱུར་ཏེ།
དེ་མེད་ཀྱང་ཡུལ་གྱི་ཤེས་པ་ལ་དམིགས་པའི་ཤེས་པ་རྟོགས་པའི་ཕྱིར་རོ། །དེའི་ཕྱིར་དེའི་སྒྲས་ཉེ་བར་བླངས་པའི་ཤུགས་ལས་ཡོན་ཏན་དུ་གྱུར་ཀྱང་ཡུལ་ལ་སྦྲེལ་བར་བྱ་སྟེ། དེ་ལས་གཞན་འདིར་སྐབས་སུ་བབ་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེས་འདི་སྐད་བཤད་པར་འགྱུར་ཏེ། ཡུལ་གྱི་
ཤེས་པ་ལ་ཡུལ་གྱི་རྣམ་པ་ཤེས་པ་ཞེས་པ་སྟེ། དེ་ཁོ་ན་ཁྱད་པར་རོ། །དེ་ལྟར་ནི་དེ་ཡུལ་གྱི་ཤེས་པ་ལས་ལྷག་པ་ཡུལ་གྱི་རྣམ་པས་ཁྱད་པར་ཡོད་དེ། ཕ་རོལ་པོའི་བསམ་པས་དེ་ལྟར་གསུངས་པ་སྟེ། ཕ་རོལ་པོ་ནི་ཡུལ་གྱི་ཤེས་པ་ལ་ནི་ཉམས་སུ་མྱོང་བའི་རྣམ་པ་འབའ་ཞིག་འདོད་ལ།

དེའི་ཤེས་པ་ལ་ནི་ཉམས་སུ་མྱོང་བའི་རྣམ་པའང་ཡོད་དོ། །འདིར་ཡང་བློའི་ཉམས་སུ་མྱོང་བའི་རྣམ་པ་ནི་གྲུབ་པ་ཉིད་ཀྱི་ཕྱིར་དེ་བསྒྲུབ་པར་བྱ་བ་མ་ཡིན་ཏེ། གང་ཤེས་པ་ནི་ཤེས་པའི་ངོ་བོར་འདོད་པ་མ་ཡིན་པའི་རྒོལ་བ་དེ་འགའ་ཡང་མེད་པས་སོ། །ཡུལ་གྱི་རྣམ་པ་ནི་ཕ་རོལ་པོ་ལ་མ་
གྲུབ་བོ་ཞེས་པ་དེས་ན་ཚུལ་གཉིས་ཉིད་བསྒྲུབ་པར་བྱའོ། །ཡུལ་ལ་ནི་ཞེས་པ་སྟེ། ནིའི་སྒྲ་ནི་ངེས་པར་འཛིན་པ་ལ་སྟེ། རིམ་པ་ཐ་དད་པ་ཡང་ངོ་། །དེ་དོན་དང་རང་སྣང་བའོ་ཞེས་པ་འདི་ནི་ཚད་མའི་འབྲས་བུ་སྟེ། དེ་ལ་དོན་སྣང་བ་ནི་ཡུལ་གྱི་རྣམ་པ་ཉིད་ཀྱི་ཕྱིར་རོ། །རང་སྣང་བ་ནི་ཉམས་
སུ་མྱོང་བའི་རྣམ་པ་ཉིད་ཀྱི་ཕྱིར་རོ། །ཡུལ་དང་རྗེས་སུ་མཐུན་པའི་ཤེས་པའི་སྣང་བ་ཞེས་པ། གཟུགས་ལ་སོགས་པའི་ཡུལ་གྱི་རྗེས་སུ་མཐུན་པའི་ཤེས་པ་ནི་ཡུལ་གྱི་ཤེས་པ་ཁོ་ན་ཡིན་ལ་དེ་སྣང་བ་སྟེ། ཡུལ་གྱི་རྣམ་པ་ཅན་གྱི་ཡུལ་ཤེས་པའི་རྣམ་པ་ཞེས་པའི་དོན་ཏོ། །འདིས་ཡུལ་གྱི་
རྣམ་པ་ཅན་གྱི་ཡུལ་ཤེས་པ་རང་གི་ཤེས་པས་དམིགས་སོ་ཞེས་པ་གཏན་ཚིགས་འདི་གསུངས་སོ། །ཤེས་པ་གང་ལ་དངོས་པོ་གང་རྣམ་པ་གང་གིས་སྣང་བ་དེ་རྣམ་པ་དེ་ཁོ་ནར་དེས་དམིགས་སོ་ཞེས་པ་འདི་ནི་རིགས་སོ། །དེ་ལྟར་ནི་ལྐོག་ཤལ་ལ་སོགས་པའི་རྣམ་པས། བ་ལང་ནི་རང་
གི་ཤེས་པ་ལ་སྣང་བཞིན་པ་དེའི་རྣམ་པ་ཁོ་ནར་དེས་དམིགས་སོ། །ཡུལ་ཤེས་པའི་ཤེས་པ་ལ་ཡང་ཡུལ་གྱི་རྣམ་པ་རྗེས་སུ་འབྲེལ་པའི་ཡུལ་གྱི་ཤེས་པའི་རྣམ་པ་ཉེ་བར་དམིགས་ཏེ། དེ་དང་བྲལ་བ་ནི་རྣམ་པ་གཞན་ཅུང་ཟད་ཀྱང་མ་ཡིན་ནོ། །སྣང་བ་མ་ཡིན་པ་ནི་དེའི་ཡུལ་དུ་རིགས་པ་ཡང་མ་
ཡིན་ཏེ། ཧ་ཅང་ཐལ་བའི་ཕྱིར་རོ། །དེའི་ཕྱིར་ཡུལ་གྱི་རྣམ་པ་ཅན་གྱི་ཡུལ་ཤེས་པ་རང་གི་ཤེས་པས་དམིགས་སོ་ཞེས་པས་གཏན་ཚིགས་ཀྱི་དོན་འདི་འཐོབ་བོ། །རང་སྣང་བའོ་ཞེས་པ་ཡུལ་གྱི་རྣམ་པ་ཅན་གྱི་ཡུལ་ཤེས་པའི་སྣང་བར་གྱུར་པ་ནི་རང་གི་ངོ་བོ་ཡང་སོ་སོར་སྣང་ངོ་ཞེས་པའི་དོན་ཏོ། །
རྣམ་པ་གཞན་དུ་ན་ཞེས་པ་ཚུལ་གཉིས་པ་ཉིད་མེད་ན་སྟེ་གལ་ཏེ་ཡུལ་གྱི་རྗེས་སུ་མཐུན་པ་ཁོ་ན་ཡུལ་གྱི་ཤེས་པར་འགྱུར་རོ་ཞེས་པ་ཡིན་ན་ཉམས་སུ་མྱོང་བའི་ངོ་བོ་འང་མ་ཡིན་ནོ། འོ་ན་ཡུལ་གཅིག་པུའི་ངོ་བོའི་ཤེས་པ་འདོད་པ་འགའ་ཡང་མེད་པ་མ་ཡིན་ནམ། དེ་ཅིའི་དོན་དུ་འདི་བརྗོད་ཅེ་ན་ཡུལ་

གྱི་རྣམ་པ་ཅན་དུ་ཤེས་པ་བསྒྲུབ་པར་བྱ་བ་ན་ཁ་ཅིག་དོགས་པ་འདིར་འགྱུར་ཏེ། ཡུལ་གྱི་རྣམ་པ་ཅན་དུ་གལ་ཏེ་ཤེས་པ་བསྒྲུབ་པར་བྱ་ན་རང་གི་ངོ་བོ་ཡོངས་སུ་བོར་བས་བསྒྲུབ་པར་བྱའོ་ཞེས་པ་སྟེ། དེའི་ཕྱིར་དེ་བསལ་བའི་དོན་དུ། རང་གི་ངོ་བོ་མ་བཏང་བ་ཁོ་ནར་དེ་ཡུལ་གྱི་རྣམ་པའི་རྗེས་
སུ་བྱེད་དོ་ཞེས་བསྟན་པའི་དོན་དུ་འདི་གསུངས་སོ། །ཡང་ན་རང་གི་ངོ་བོ་ཞེས་པ། ཡང་ན་ཉམས་སུ་མྱོང་བའི་རྣམ་པ་ཁོ་ན་སྟེ། ཡུལ་གྱི་རྣམ་པ་ཅན་ཡང་མ་ཡིན་པའོ། །ཤེས་པའི་ཤེས་པ་ཡང་ཡུལ་ཤེས་པས་ཁྱད་པར་དུ་མ་བྱས་པར་འགྱུར་རོ་ཞེས་པ། ཤེས་པའི་ཤེས་པ་ནི་ཡུལ་
ཤེས་པ་ལ་དམིགས་པའི་ཤེས་པ་སྟེ། དེ་ཡུལ་གྱི་ཤེས་པས་ཁྱད་པར་དུ་མ་བྱས་པ་སྟེ་ཁྱད་པར་དུ་བྱས་པ་མ་ཡིན་པར་འགྱུར་རོ། །ཡུལ་གྱི་རྗེས་སུ་བྱེད་པ་དང་འབྲེལ་པའི་ཡུལ་གྱི་ཤེས་པའི་རྣམ་པ་ཉིད་ཀྱི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པར་སྐྱེ་བར་མི་འགྱུར་རོ་ཞེས་པའི་དོན་ཏོ། །གལ་ཏེ་
དམིགས་པས་ནི་བདག་གི་བའི་རྣམ་པ་དང་ལྡན་པའི་རང་གི་ཤེས་པ་སྐྱེད་པར་བྱེད་ཅེས་པ་འདི་ཡོད་ན། དེའི་ཚེ་ཡུལ་གྱི་ཤེས་པ་ལས་སྐྱེ་བཞིན་པའི་ཤེས་པའི་སྐད་བཤད་པའི་རྣམ་པས་ཁྱད་པར་དུ་བྱས་པར་འགྱུར་རོ། །འདི་མེད་ན་ནི་ཇི་ལྟར་ཡུལ་གྱིས་རང་གི་ཤེས་པ་ཁྱད་པར་དུ་མི་བྱེད་དེ།
རང་དང་འདྲ་བའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པར་མི་བསྐྱེད་པ་དེ་བཞིན་དུ་ཡུལ་ཤེས་པས་ཀྱང་རང་གི་ཤེས་པ་ཁྱད་པར་དུ་མི་བྱེད་པར་འགྱུར་བ་ལས། ཁྱད་པར་དུ་བྱེད་པ་ཡང་ཡིན་ནོ། །དེའི་ཕྱིར་ཡུལ་གྱི་ཤེས་པ་ལ་ཡང་ཡུལ་གྱི་རྣམ་པ་ཡོད་དོ། །གང་ཞིག་གང་གི་རྣམ་པ་ཅན་དུ་རང་གི་ཤེས་
པས་དམིགས་པ་དེ་དེའི་རྣམ་པ་ཅན་དུ་འགྱུར་ཏེ། དཔེར་ན་ལྐོག་ཤལ་ལ་སོགས་པ་དང་ལྡན་པའི་རྣམ་པ་ཅན་དུ་རང་གི་ཤེས་པས་དམིགས་པའི་བ་ལང་ནི་ལྐོག་ཤལ་ལ་སོགས་པ་དང་ལྡན་པའི་རྣམ་པ་ཅན་ཡིན་པ་བཞིན། ཡུལ་གྱི་ཤེས་པ་ཡང་ཡུལ་གྱི་རྣམ་པ་ཅན་དུ་རང་གི་ཤེས་པས་དམིགས་སོ། །
དེའི་རྣམ་པ་ཅན་དུ་འདི་དམིགས་སོ་ཞེས་པར་གཞག་པ་འདི་ནི། དེའི་རྣམ་པ་ཅན་གྱི་རྒྱུ་ཅན་ཉིད་ཀྱི་ཕྱིར། དེ་བསྒྲུབ་པར་བྱ་བ་ལ་འདི་འབྲས་བུའོ། །དེའི་རྣམ་པ་ཉིད་ལ་ནི་རང་བཞིན་ནོ། །ཡུལ་ཉམས་སུ་མྱོང་བའི་ཤེས་པ་ཡང་འདིར་མཚོན་པ་ཙམ་སྟེ། དཔྱོད་པའི་ཤེས་པ་ཡང་ཇི་ལྟར་བསམས་

པའི་དོན་གྱི་རྣམ་པ་ཅན་དང་ཤེས་པའི་རྣམ་པ་ཅན་དུ་རང་གི་ཤེས་པས་དམིགས་སོ། །དེ་ལྟར་ནི་ཇི་ལྟར་ཡུལ་ཤེས་པའི་ཤེས་པས་ནི་ཡུལ་ཉམས་སུ་མྱོང་བའི་ཤེས་པས་དོན་གྱི་ཚུལ་ཉིད་དམ་ཉམས་སུ་མྱོང་བའི་ཚུལ་ཉིད་འབའ་ཞིག་ལ་རྟོགས་པར་བྱེད་པ་མ་ཡིན་གྱི། འོན་
ཀྱང་འདི་འདྲ་བའི་དོན་དང་དེའི་ཤེས་པར་གྱུར་ཏོ་ཞེས་གཉིས་ཀའི་རྣམ་པར་འཛིན་པ་དེ་ལྟར་དོན་གྱི་རྣམ་པ་འདི་འདྲ་བ་སེམས་པར་གྱུར་ཏོ་ཞེས་རང་གི་ཤེས་པས་གཟུང་བར་བྱ་བས་སོ། །དེ་ལྟར་འགྱུར་མོད་རྣམ་པ་མེད་པ་ཁོ་ནར་ཡུལ་གྱི་ཤེས་པ་སྐྱེ་སྟེ། དེ་ལ་ནི་དོན་གྱི་འབྲས་བུ་ཉིད་ཀྱིས་ཤེས་པ་
འདི་དོན་གྱི་འབྲས་བུའོ་ཞེས་དྲན་པ་འདིར་འགྱུར་ལ། དེ་ཡོད་ན་ཉམས་སུ་མྱོང་བའི་ཤེས་པའི་རྒྱུ་དོན་ཡང་དྲན་ཞིང་། དེ་ལས་ཕྱིས་འཁྲུལ་པས་ཉམས་སུ་མྱོང་བའི་ཤེས་པ་དོན་དང་སྦྱར་ནས་དོན་གྱི་རྣམ་པ་ཉིད་དུ་ལྷག་པར་ཞེན་ནོ། །འཁྲུལ་པ་ཇི་ཙམ་གྱི་འབྲས་བུ་རྟོགས་པ་པོས་དེ་དེ་ལྟར་ཞེན་པ་དེ་
ཙམ་གྱི་དེ་དེའི་རྣམ་པ་ཅན་ཁོ་ནར་འགྱུར་བ་རིགས་པ་ཡང་མ་ཡིན་ནོ་ཞེ་ན་གསུངས་པ། ཕྱི་མ་ཕྱི་མ་རྣམས་ཀྱང་ཞེས་པ་ལ་སོགས་པ་སྟེ། ཀྱང་ཡིག་ནི་ངེས་པར་འཛིན་པ་ལའོ། །ཕྱི་མ་ཕྱི་མ་སྟེ་ཡུལ་ཤེས་པའི་ཤེས་པ་ལ་སོགས་པ་དེ་རྣམས་ནི། སྔ་མ་སྟེ་ཉམས་སུ་མྱོང་བའི་ཤེས་པའི་ཡུལ་
གང་ཡིན་པ་ནི་ཕྱི་མ་ཕྱི་མའི་ཤེས་པ་ལ་ལྟོས་ནས་ཤེས་པས་བར་ཆོད་པའི་ཕྱིར་རིང་བ་ཡིན་ཞེས་དེ་སྣང་བ་ཅན་རྣམས་སུ་མི་འགྱུར་བ་ཁོ་ན་སྟེ། ཐོབ་པ་མ་ཡིན་པ་ཁོ་ནའོ་ཞེས་པའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། དེ་ནི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་སྟེ་ཇི་སྐད་བཤད་པའི་དོན་ནི་ཕྱི་མ་ཕྱི་མའི་ཤེས་པ་
རྣམས་ཀྱི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དོན་དེ་རྣམས་ཀྱི་ཡང་ཡུལ་དུ་གྱུར་ན་དེའི་ཚེ་དེ་ལས་སྐྱེས་པ་དེ་རྣམས་ལ། ཤེས་པ་འདི་རྣམས་དོན་གྱི་འབྲས་བུ་རྣམས་སོ་ཞེས་དོན་གྱི་འབྲས་བུ་ཉིད་དུ་དྲན་པ་འདི་འགྱུར་ཞིང་། དེ་ལས་དེ་རྣམས་ཀྱི་ཡང་རྒྱུ་དོན་དེ་དྲན་པར་འགྱུར་ལ། དེ་ལས་ཀྱང་
དོན་དེ་དང་བསྲེས་ནས་དེར་སྣང་བ་ཉིད་དུ་འཁྲུལ་པས་རྟོགས་པ་པོས་འཛིན་པར་འགྱུར་ན། འདི་ནི་དེ་རྣམས་ཀྱི་ཡུལ་ཡང་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཤེས་པ་དང་པོ་ཁོ་ནའིའོ། །དེའི་ཕྱིར་དོན་གྱི་ནུས་པ་ལས་བྱུང་བ་དེ་ཁོ་ན་དོན་དང་ཡང་དག་པར་སྦྱར་ནས་དེའི་རྣམ་པ་ཅན་ཉིད་དུ་འཛིན་གྱི། ཕྱི་མ་

ཕྱི་མ་རྣམས་མ་ཡིན་ཏེ། དེ་རྣམས་ཀྱི་དེ་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་རྣམས་ཀྱང་དོན་གྱི་རྣམ་པའི་རྗེས་སུ་བྱེད་པ་ཉིད་དུ་གཟུང་བ་ཡང་ཡིན་ནོ། །དེ་ལྟར་ནི་ཕྱི་མ་ཕྱི་མའི་ཤེས་པ་ནི་རྣམ་པ་རེ་རེས་ལྷག་པར་ཉེ་བར་དམིགས་ཏེ། བུམ་པའི་ཤེས་པའི་ཤེས་པར་བུམ་པའི་རྣམ་པ་ཅན་གྱི་ཤེས་པ་
དམིགས་པ་ན། བུམ་པའི་རྣམ་པ་ཅན་གྱི་ཤེས་པར་གྱུར་ཏོ་ཞེས་བུམ་པའི་རྣམ་པ་དང་ལྷན་ཅིག་ཏུ་རྟོགས་སོ། །དེའི་ཤེས་པས་ནི་བུམ་པའི་ཤེས་པའི་ཤེས་པ་ལ་དམིགས་བཞིན་པའི་བུམ་པའི་ཤེས་པའི་ཤེས་པར་གྱུར་ཏོ་ཞེས་བུམ་པའི་ཤེས་པའི་རྣམ་པ་དང་ལྷན་ཅིག་པའི་བུམ་པའི་ཤེས་པའི་
ཤེས་པའོ། །དེ་བཞིན་དུ་ཕྱི་མ་རྣམས་ལ་ཡང་རིག་པར་བྱའོ། །དེ་ལྟར་ཕྱི་མ་ཕྱི་མའི་ཤེས་པ་སྔ་མ་རིང་པོར་གྱུར་པའི་དོན་གྱི་རྣམ་པ་ཅན་རྣམས་འཛིན་ཏེ། དེ་རྣམས་ཀྱི་རང་གི་ཡུལ་ཡང་མ་ཡིན་ནོ། །གང་གི་ཕྱིར་ཁྱོད་ཀྱིས་བརྗོད་པའི་ཚུལ་གྱིས་དེ་ལྟར་འཛིན་པ་དེའི་ཕྱིར་དེ་རྣམས་
རང་བཞིན་ཁོ་ནས་དེའི་རྣམ་པ་ཅན་རྣམས་སུ་འགྱུར་རོ་ཞེས་ཁས་བླང་བར་བྱའོ། །ཤེས་པ་དང་པོ་ཡུལ་གྱི་རྣམ་པས་སྟོང་པ་ཉིད་ན་རིང་པོར་གྱུར་པའི་དོན་སྔ་མ་སྣང་བ་རྣམས་སུ་མི་འགྱུར་ཏེ་སྔར་ཇི་སྐད་བཤད་པ་བཞིན་ནོ། །དེའི་ཕྱིར་དེ་ཡང་དོན་གྱི་སྣང་བ་ཅན་ཉིད་དུ་འདོད་པར་བྱའོ། །དེའི་
ཕྱིར་ཡང་ཚུལ་གཉིས་ཉིད་དུ་གྲུབ་པོ། །གལ་ཏེ་གང་ལས་དེའི་དབང་གིས་ཡུལ་གྱི་ཤེས་པའི་ཡུལ་དང་འདྲ་བར་འགྱུར་བ་ཡུལ་གྱི་ཤེས་པ་ལ་ཤེས་པ་གང་ཡིན་པ་དེ་ནི་ཡུལ་དང་རྗེས་སུ་མཐུན་པའི་ཤེས་པའི་སྣང་བ་དང་རང་གི་སྣང་བ་ཅན་ནོ་ཞེས་པ་འདི་ཁོ་ན་ཅི་ལས་ཤེ་ན། གང་གི་ཕྱིར་དེའི་
ཡུལ་གྱི་ཤེས་པ་དང་འབྲེལ་པ་ཅན་དེའི་སྒོ་ནས་འོངས་པ་ཡུལ་གྱི་རྣམ་པ་དང་ཉམས་སུ་མྱོང་བའི་རྣམ་པ་དག་དང་། གསུམ་པ་རང་སྣང་བའི་མཚན་ཉིད་ཅན་གྱི་རྣམ་པ་ཞེས་པ་གསུམ་པོ་འདི་རྣམས་རང་གི་ཤེས་པས་དམིགས་སོ། །འདི་ཡང་ཕྱི་མ་ཕྱི་མའི་ཤེས་པ་རྣམ་པ་རེ་རེས་ལྷག་པར་དམིགས་
སོ་ཞེས་པ་འདིས་ད་ལྟ་ཁོ་ན་བཤད་པ་དེ་ཅིའི་རྒྱུས་བརྗེད། དེའི་ཕྱིར་དེར་ཡང་ཡུལ་དང་རྗེས་སུ་མཐུན་པའི་ཤེས་པའི་རྣམ་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ། གང་ཞིག་གང་གི་རྣམ་པ་ཅན་དུ་རང་གི་ཤེས་པས་དམིགས་པ་དེ་ཞེས་པ་ལ་སོགས་པའི་སྒྲུབ་བྱེད་རྣམ་པར་ཤེས་པའོ། །འོ་ན་དེ་ལྟར་

དེའི་ཤེས་པ་ལ་སོགས་པ་རྣམས་ལ་ཡང་སྒྲུབ་པར་བྱེད་པ་བརྗོད་པར་བྱའོ་ཞེས་པས་ཐུག་པ་མེད་པར་འགྱུར་རོ་ཞེ་ན། འདི་ནི་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་ཤེས་པ་གང་གི་ཡུལ་ཉེ་བར་གྱུར་པ་དེ་ལ་ཐེ་ཚོམ་སྐྱེ་སྟེ། ཅི་སྔོན་པོའི་རྣམ་པ་འདི་ཡུལ་གྱི་ཡིན་ཞིང་
ཤེས་པ་ནི་རྣམ་པ་མེད་པ་ཡིན་ནམ། འོན་ཏེ་ཤེས་པའི་ཡིན་ཞེས་པའོ། །ཤེས་པ་གང་ཞིག་གི་ཡུལ་རིང་བར་གྱུར་པ་དེའི་ཚེ་ནི་མེད་དོ་ཞེས་པས་ངེས་པར་གྱུར་པ་སྟེ། དེའི་ཡུལ་གྱི་རྣམ་པའི་ངོར་ཐེ་ཚོམ་དུ་འགྱུར་བ་མ་ཡིན་པ་ཁོ་ནའོ་ཞེས་པས་ཐུག་པ་མེད་པ་མ་ཡིན་ནོ། །དུས་ཕྱིས་དྲན་པ་ལས་ཀྱང་
སྟེ། །ཞེས་པ་ལ་སོགས་པ་སྟེ། སྔར་ནི་ཡུལ་གྱི་ཤེས་པ་གཅིག་གི་ཡུལ་དང་འདྲ་བ་ཉིད་ཀྱི་ཁྱད་པར་གྱིས་ཚུལ་གཉིས་པ་ཉིད་དུ་བསྒྲུབས་ལ། ད་ནི་ཤེས་པ་རྣམས་ཀྱི་ཕན་ཚུན་ཐ་དད་པར་དྲན་པ་ལས་བསྒྲུབ་པར་བྱའོ། །གང་ཕྱིར་ཇི་ལྟར་ཕན་ཚུན་མཚན་ཉིད་མི་མཐུན་པ་གཟུགས་ལ་སོགས་
པ་ཉམས་སུ་མྱོང་བ་རྣམས་ལ་ཕན་ཚུན་ཐ་དད་པར་དྲན་པར་འགྱུར་བ་དེ་ལྟར་ཤེས་པ་རྣམས་ལ་ཡང་སྟེ་དེའི་ཕྱིར་ཤེས་པའི་ཚུལ་གཉིས་པ་ཉིད་ཡོད་དོ། །གཞན་དུ་ན་ཉམས་སུ་མྱོང་བ་ཙམ་དུ་དོན་སོ་སོ་ལ་ཁྱད་པར་མེད་པར་ཐ་དད་པར་མྱོང་བ་མེད་པའི་ཤེས་པ་ཐམས་ཅད་རྣམས་ལ། བདག་ལ་གཟུགས་
ཀྱི་ཤེས་པར་གྱུར་གྱི་སྒྲའི་ཤེས་པ་ནི་མ་ཡིན་ནོ་ཞེས་པ་འམ། སྒྲའི་ཤེས་པ་བྱུང་གི་གཟུགས་ཀྱི་ཤེས་པ་ནི་མ་ཡིན་ནོ་ཞེས་གང་འདི་ཐ་དད་པར་དྲན་པ་དེ་མེད་པར་འགྱུར་རོ། །དེ་ལྟར་འགྱུར་མོད་ཀྱི་ཇི་ལྟར་ཉམས་སུ་མྱོང་བའི་བདག་ཉིད་དུ་མཚུངས་པ་ལ། ཚོགས་པའི་བྱེ་བྲག་ལས་བདེ་བ་ལ་སོགས་
པའི་བྱེ་བྲག་ཏུ་འགྱུར་བ་དེ་བཞིན་དུ་ཡུལ་སོ་སོ་ལ་ཚོགས་པ་གཞན་དང་གཞན་གྱིས་བྱས་པའི་ཁྱད་པར་ཕྲ་མོ་ཡོད་དེ། དེའི་ཕྱིར་ཐ་དད་པར་དྲན་པར་འགྱུར་རོ་ཞེ་ན། དེ་ནི་བདེན་པ་མིན་ཏེ། ཁྱད་པར་བསལ་བ་དྲན་པའི་རྒྱུ་ཡིན་པས་སོ། །དེ་ལྟར་ནི་བཏང་སྙོམས་ཀྱི་གནས་སུ་གྱུར་པའི་ཡུལ་འགའ་ཞིག་
ལ་གང་ཤེས་པ་རྒྱུན་གྱིས་འབྱུང་བ་དེའི་ཡང་དབང་པོ་ལ་སོགས་པའི་ཚོགས་པ་གཞན་དང་གཞན་མོད། དེ་ལྟ་ན་ཡང་ཇི་སྐད་བློའི་སྐད་ཅིག་འདི་ཙམ་རྣམས་འདས་སོ་ཞེས་པ་ལྟར་ཐ་དད་པར་དྲན་པ་མ་ཡིན་ཏེ། དཔེར་ན་མཚེ་མ་དག་པ་རྣམ་པ་དཔེར་མཚུངས་ཀྱང་དངོས་པོར་ཐ་དད་པ་ཡོད་པ་དེ་ལྟ་ནའང་

མི་གསལ་བ་ཉིད་ཀྱི་ཕྱིར་དེ་ལ་ཐ་དད་པར་ངོ་ཤེས་པར་འགྱུར་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། དེ་དག་ཕན་ཚུན་སྒྲོ་འདོགས་པའོ། །དེའི་ཕྱིར་ཁྱད་པར་གསལ་བ་མེད་པའི་དོན་ལ། ཐ་དད་པ་ཅན་གྱི་དྲན་པ་འགྱུར་བ་མ་ཡིན་ནོ། །དེའི་ཕྱིར་ཉམས་སུ་མྱོང་བ་ལ་དོན་གྱིས་བྱས་པའི་ཁྱད་པར་འགའ་ཞིག་
ཡོད་དེ། གང་ལས་ཐ་དད་པར་དྲན་པར་འགྱུར་བའོ་ཞེས་པས་དགའ་མགུར་དོན་དང་འདྲ་བ་ཉིད་འདོད་པར་བྱའོ། །དེའི་ཕྱིར་ཡང་ཤེས་པ་ཚུལ་གཉིས་པར་གྲུབ་བོ་ཞེས་པའོ། །རང་རིག་བྱ་ཉིད་དུ་ཡང་ངོ་ཞེས་པ་འདིས་ནི་དེ་མ་ཐག་པར་བཤད་པ་ཁོ་ནའི་འཐད་པའི་བསྒྲུབ་པར་བྱ་བ་གཞན་གསུངས་
ཏེ། དུས་ཕྱིས་དྲན་པ་ལས་ཤེས་པའི་ཚུལ་གཉིས་པ་ཉིད་གྲུབ་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་རང་རིག་པ་ཡང་སྟེ་གང་ཚད་མའི་འབྲས་བུ་ཉིད་དུ་འདོད་པའོ། །རེ་ཞིག་ཅེས་པ་ནི་འབའ་ཞིག་ལས་ཉམས་སུ་མྱོང་བ་ཡོད་དེ། དེའི་ཕྱིར་དྲན་པར་ཡང་འགྱུར་མོད། དེ་ཙམ་གྱིས་ཅིའི་ཕྱིར་རང་
རིག་པ་ཡིན་ཞེས་བསམས་ནས་འདྲི་བ། ཅིའི་ཕྱིར་ཞེ་ན་ཞེས་པའོ། །བདག་ཉིད་ཁོ་ནས་ཤེས་པ་ཉམས་སུ་མྱོང་བར་རིགས་ཀྱི་གཞན་གྱིས་མ་ཡིན་ཞེས་ངེས་པར་བྱས་ནས་གསུངས་པ། འདི་ལ་ཞེས་པ་ལ་སོགས་པ་སྟེ། འདིའི་དོན་ནི་འདི་ཡིན་ཏེ། གང་ལ་དྲན་པ་དེ་ལ་ཉམས་སུ་མྱོང་བ་
སྟེ། གཟུགས་ལ་སོགས་པ་བཞིན་དྲན་པ་ཡང་ཡོད་དོ་ཞེས་པ་འབྲས་བུའོ། །འདིར་འགྱུར་མོད་ཅེས་པ་ལ་སོགས་པས་ཤེས་པ་གཞན་གྱིས་ཉམས་སུ་མྱོང་བར་མངོན་པར་འདོད་པ་ཁོ་ནའོ། །དེའི་ཕྱིར་གྲུབ་པ་ལ་སྒྲུབ་པ་ཉིད་དོ་ཞེས་ཕ་རོལ་གྱི་བསམ་པ་གསལ་བར་བྱེད་དོ། །ཤེས་པ་གཞན་
གྱིས་ཞེས་པ་ལ་སོགས་པས་གྲུབ་པ་ལ་སྒྲུབ་པ་ཉིད་ཡོངས་སུ་སྤོང་སྟེ། ཤེས་པ་གང་གིས་ཤེས་པ་ཉམས་སུ་མྱོང་བ་དེ་ལ་ཡང་དུས་ཕྱིས་དྲན་པ་མཐོང་ལ། ཉམས་སུ་མྱོང་བ་མ་ཡིན་པ་ལ་དྲན་པའི་རིགས་པ་ཡང་མ་ཡིན་ནོ་ཞེས་དེའི་ཕྱིར་དེ་ལ་དམིགས་པའི་ཤེས་པ་གཞན་འབྱུང་བར་བྱ་ཞིང་།
དེ་ལ་ཡང་དྲན་པ་སྟེ། དེ་ལས་དེ་ལ་ཡང་གཞན་གྱིས་ཞེས་པ་དེའི་ཕྱིར། ཤེས་པ་གཞན་གྱིས་ཉམས་སུ་མྱོང་བ་ལ་ཤེས་པ་རྣམས་ཐུག་པ་མེད་པ་སྟེ། ཤེས་པ་གཅིག་མངོན་པར་གྲུབ་པ་ཁོ་ན་ན། ཤེས་པ་བརྒྱུད་པ་ཤེས་པ་ཕྱི་མ་ཕྱི་མ་ཤེས་པ་སྔ་མ་སྔ་མ་ལ་དམིགས་པ་མཐའ་ཡས་པ་

རྣམས་སུ་ཐལ་བར་འགྱུར་རོ་ཞེས་པའི་དོན་ཏོ། །དེ་ལྟར་གྱུར་ན་སྐྱོན་ཅི་ཡོད་ཅེ་ན་གསུངས་པ། ཡུལ་གཞན་ལ་འཕོ་བ་ཞེས་པ་ལ་སོགས་པ་སྟེ། ཡུལ་གཞན་ལ་ཤེས་པ་འཇུག་པ་མེད་པར་འགྱུར་ན་འདོད་པ་ཡང་ཡིན་ནོ། །དེ་ལ་ཤེས་པ་གང་ལས་འཕོ་བ་དེ་ལ་
རང་རིག་པར་འགྱུར་རོ། །དེ་ནི་འགྱུར་མོད་ཀྱི་ཤེས་པ་ཐ་མ་ནི་ཤེས་པ་གཞན་གྱིས་ཉམས་སུ་མྱོང་བར་བྱ་བ་ཉིད་དང་དྲན་པར་ཡང་མི་འགྱུར་གྱི། གཅིག་པོ་དེ་ཉམས་སུ་མ་མྱོང་བ་དང་། མ་དྲན་པ་ཁོ་ནར་གནས་ལ་དེའི་ཕྱིར་ཡུལ་གཞན་ལ་འཕོ་བར་འགྱུར་རོ་ཞེ་ན། འདི་ནི་མི་རིགས་ཏེ། དེ་ལྟར་
ནི་གལ་ཏེ་ཤེས་པ་ཐ་མ་ཉམས་སུ་མྱོང་བ་མ་ཡིན་ན། དེའི་ཕྱིར་སྔ་མའི་དུས་སུ་བྱུང་བའི་ཤེས་པ་རྣམས་ཐམས་ཅད་ཉམས་སུ་མྱོང་བ་མེད་པར་འགྱུར་ཏེ། དེའི་དམིགས་བྱེད་ལྐོག་ཏུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །གང་ཞིག་གི་དམིགས་བྱེད་གང་ཡིན་པ་ལྐོག་ཏུ་གྱུར་པ་དེ་དེ་ཡིས་ཉམས་སུ་མྱོང་བ་མ་
ཡིན་ཏེ། དཔེར་ན་ལྷས་བྱིན་གྱི་ཤེས་པ་ལྷས་བྱིན་གྱིས་ཉམས་སུ་མྱོང་བ་ནི་མཆོད་བྱིན་གྱིས་བཞིན། སྲོག་ཆགས་རྣམས་ཀྱི་བདག་ཉིད་དང་འབྲེལ་པའི་སྔོན་གྱི་དུས་སུ་བྱུང་བའི་ཤེས་པའི་དམིགས་པ་ཡང་ལྐོག་ཏུ་གྱུར་པའོ། །འགལ་བས་ཁྱབ་པའོ། །ཡང་ན་དམིགས་པ་མངོན་སུམ་མ་
ཡིན་པ་དེ་མངོན་སུམ་མ་ཡིན་ཏེ། ལྐོག་གྱུར་བཞིན། དམིགས་པ་ཉམས་སུ་མ་མྱོང་བའི་ཤེས་པ་ཡང་དེ་ལྟ་བུའོ། །འགལ་བས་ཁྱབ་པའོ། །འདིར་འགྱུར་མོད། གང་བདག་ཉིད་ཀྱིས་ཉམས་སུ་མྱོང་བའི་ཤེས་པ་དེ་མངོན་སུམ་དུ་འགྱུར་ཏེ། དེས་ན་གཞན་རྣམས་ཀྱིས་གང་ཉམས་སུ་མྱོང་བ་དེ་
མངོན་སུམ་མ་ཡིན་པའོ་ཞེ་ན་འོ་ན་བདག་ཉིད་ཉམས་སུ་མྱོང་བ་དེ་ཅི་ཞིག་ལས་གྲུབ། གལ་ཏེ་ཉམས་སུ་མྱོང་བ་གྲུབ་པ་དེའི་ཚེ། བདག་ཉིད་ལའམ་གཞན་ལ་ཞེས་རྣམ་པར་དབྱེ་བར་འགྱུར་ཞེ་ན་དེ་ནི་མ་གྲུབ་པ་ཁོ་ནའོ། །དེ་མ་གྲུབ་པ་ན་གཉིས་ཀར་ཡང་ལྐོག་ཏུ་གྱུར་པ་ཉིད་དུ་ཁྱད་པར་མེད་པའི་
ཕྱིར། ཉམས་སུ་མྱོང་བ་འདི་ནི་བདག་ཉིད་ལ་ཡིན་གྱི་གཞན་ལ་མ་ཡིན་ནོ་ཞེས་པ་འདི་ལྐོག་ཏུ་གྱུར་པའི་དམིགས་པས་ཤེས་པར་དཀའོ། །དེའི་ཕྱིར་ཅི་ཞིག་ལས་བདག་ཉིད་ཀྱིས་ཉམས་སུ་མྱོང་བ་ཡིན། གལ་ཏེ་གཟུང་བྱ་ལ་དམིགས་པ་མ་གྲུབ་ན་ཡང་དངོས་པོ་མངོན་སུམ་དུ་འདོད་ན་འགྲོ་

བ་འདི་ཐམས་ཅད་མངོན་སུམ་དུ་འགྱུར་ཏེ། དམིགས་པ་མངོན་སུམ་མ་ཡིན་པ་ཉིད་དུ་བྱེ་བྲག་མེད་པའི་ཕྱིར་ན། འགྱུར་བ་ཡང་མ་ཡིན་ནོ། །དེའི་ཕྱིར་ཤེས་པའི་རང་རིག་པ་ཉིད་དུ་ཁས་བླང་བར་བྱའོ་ཞེས་པའོ། །འདིར་སློབ་དཔོན་དབྱིག་གཉེན་གྱི་རྩོད་པ་སྒྲུབ་པའོ་ཞེས་འཇིག་རྟེན་ན་རབ་ཏུ་
གྲགས་པ་འདི་ནི་བསྟན་བཅོས་མཛད་པས་ནི་དེས་མཛད་པའི་བསྟན་བཅོས་གཞན་རྣམས་སྐྱོན་མེད་པ་ཉིད་ལ་བལྟས་ནས། སྐྱོན་དང་བཅས་པའི་རྩོད་པ་སྒྲུབ་པ་དེས་མཛད་པ་ཉིད་མི་སྲིད་དོ་ཞེས་གསུངས་པ། རྩོད་སྒྲུབ་སློབ་དཔོན་གྱི་མ་ཡིན། །ཞེས་པའོ། །འོ་ན་བྱེད་པ་པོ་མ་མཐོང་བའི་བསྟན་བཅོས་
རྣམས་ཀྱི་བྱེད་པ་པོ་གྲགས་པ་ཁོ་ན་ལས་ངེས་པར་བྱ་བ་མ་ཡིན་ནམ། འདི་ལ་ཡང་དེ་ཡོད་དོ་ཞེས་པས་ཅི་ལྟར་རྩོད་སྒྲུབ་སློབ་དཔོན་གྱི་མ་ཡིན་ཞེ་ན། སྙིང་པོ་མེད་ཅེས་ངེས་པ་འམ། །ཞེས་པ་སྟེ། སྐབས་ཉིད་ཀྱི་ཕྱིར་སློབ་དཔོན་གྱིས་དེ་ལ་ཞེས་རྟོགས་པར་བྱའོ། །འདིས་ནི་འདི་ལྟ་བུའི་དོན་གསལ་བར་
བྱེད་དེ། རེ་ཞིག་གྲགས་པ་ཙམ་གྱིས་ནི་དོན་ངེས་པར་མི་འགྱུར་ཏེ། དོན་མེད་པར་ཡང་དེ་སྲིད་པའི་ཕྱིར་རོ། །གལ་ཏེ་ཡང་དེས་དེ་མཛད་པ་དེ་ལྟ་ན་ཡང་དང་པོ་ཤེས་རབ་ཕུལ་དུ་བྱུང་བ་མ་སྐྱེས་པར་གྱུར་པ་སྟེ། ཕྱིས་བློ་བྱང་བར་གྱུར་པ་ན་འདིས་དེ་ལ་སྙིང་པོ་མེད་པར་ངེས་པ་སྐྱེས་སོ་ཞེས་པའོ། །
ཡང་ཇི་ལྟ་བུར་འདིས་དེ་ལ་སྙིང་པོ་མེད་པར་ངེས་པ་འདི་ཅི་ལྟར་རྟོགས་ཤེ་ན། གཞན་དུ་ན་ཆ་ཤས་སྨྲས་ཕྱིར་ཞེས་པ་སྟེ། སྐྱོན་མེད་པ་ཆ་ཤས་བརྗོད་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །གང་སྐྱོན་བསྟན་པ་ལས་ནི་སློབ་དཔོན་གྱིས་རྩོད་པ་སྒྲུབ་པ་ལ་སྙིང་པོ་མེད་པར་ངེས་པ་ལས་ན་རྩོད་པ་སྒྲུབ་པར་བྱེད་
པ་ལ་གཞན་དུ་ཆ་ཤས་བརྗོད་པའོ། །སྐྱོན་དེ་རྣམས་ཁོ་ན་ཁོ་བོ་ཅག་གིས་རབ་ཏུ་གསལ་བར་བྱའོ་ཞེས་སྟོན་པ་གསུངས་པ། དེས་ན་ཞེས་པ་ལ་སོགས་པ་སྟེ། དེས་ན་ཞེས་པའི་སྐྱོན་དང་ལྡན་པ་ཉིད་ཀྱིས་ནའོ། །དེ་ལྟར་ནི། གཞན་དུ་ཆ་ཤས་བརྗོད་པ་ལས། །ཞེས་པ་འདིས་རྩོད་པ་སྒྲུབ་པ་
སྐྱོན་དང་ལྡན་པ་ཉིད་དུ་གསལ་བར་བྱས་སོ། །ཚད་མ་ལ་སོགས་པ་རྣམས་ལ་ཞེས་པ་ལ། ཚད་མའི་ཆ་ཤས་དང་དེ་ལྟར་སྣང་བ་དང་ལྟག་ཆོད་དང་དེའི་ལན་རྣམས་ལའོ། །དོན་དེ་ལས་རྣམ་པར་ཤེས་པ་མངོན་སུམ་ཞེས་པ། ཡུལ་གང་གིས་རྣམ་པར་ཤེས་པ་ཐ་སྙད་བྱ་བ་དེ་ཁོ་ན་ལས་གལ་

ཏེ་དེ་སྐྱེ་ཞིང་གཞན་ལས་མ་ཡིན་ལ། དེ་ལས་གཞན་ལས་ཀྱང་མ་ཡིན་པའི་ཤེས་པ་དེ་མངོན་སུམ་སྟེ། དཔེར་ན་གཟུགས་ལ་སོགས་པའི་ཤེས་པ་དང་བདེ་བ་ལ་སོགས་པའི་ཤེས་པ་བཞིན་ཞེས་པའོ། །འདིས་ནི་འཁྲུལ་པའི་ཤེས་པ་བསལ་ཏེ། དཔེར་ན་ཉ་ཕྱིས་ལ་
དངུལ་གྱི་ཤེས་པ་ལྟ་བུའོ། །དེ་ནི་དངུལ་གྱིས་དངུལ་གྱི་ཤེས་པའོ་ཞེས་ཐ་སྙད་བྱེད་ལ་དེ་དངུལ་ལས་སྐྱེ་བ་ཡང་མ་ཡིན་གྱི། ཉ་ཕྱིས་ཁོ་ནས་དེ་བསྐྱེད་པར་བྱ་བའོ། །ཀུན་རྫོབ་པའི་ཤེས་པ་ཡང་འདིས་གསལ་ཏེ། དེ་ལྟར་ནི་བུམ་པའི་ཤེས་པ་བུམ་པའི་ཤེས་པ་ཞེས་པ་འདི་ལྟར་དེ་བུམ་པ་ལ་
སོགས་པ་རྣམས་ཀྱིས་ཐ་སྙད་བྱ་ཞིང་། དེ་དེ་རྣམས་ལས་འབྱུང་བ་ནི་མ་ཡིན་ཏེ། དེ་རྣམས་ནི་ཀུན་རྫོབ་ཏུ་ཡོད་པ་ཉིད་ཀྱིས་རྒྱུ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གཟུགས་ལ་སོགས་པ་དེ་ལྟར་ཡང་དག་པར་ཞེན་པ་རྣམས་ཁོ་ན་ལས་དེ་འབྱུང་ངོ་། །རྗེས་སུ་དཔག་པའི་ཤེས་པ་ཡང་འདི་ཁོ་ནས་བསལ་
ཏེ། དུ་བའི་ཤེས་པ་དང་འབྲེལ་པ་དྲན་པ་དག་ལས་ཀྱང་དེ་བྱུང་གི་མེ་ཁོ་ན་ལས་མ་ཡིན་པས་སོ། །དེ་ལས་འབྱུང་བ་ཁོ་ན་སྟེ། མི་འབྱུང་བ་ནི་མ་ཡིན་ནོ་ཞེས་པ་འདི་ཡང་འདིར་དོན་དུ་མངོན་པར་འདོད་དོ། །དེ་དེ་ལྟར་རྣམ་པར་གཞག་པ་ལ། འདི་བརྒལ་ཞིང་བརྟག་པར་བྱ་སྟེ། ཅི་འདི་རྐྱེན་
ལ་ལྟོས་པའི་ངེས་པ་ཉིད་དམ། འོན་ཏེ་དམིགས་པ་ལ་ལྟོས་པ་ཡིན་ཞེས་པའོ། །དེ་ལས་ཅི་ཞེ་ན། གཉི་གའི་གནས་ལ་ཡང་སྐྱོན་ཏེ། རེ་ཞིག་ངེས་པ་སྔ་མའི་དབང་དུ་བྱས་ཏེ་གསུངས་པ། དོན་དེ་ལས་ཞེས་ཀུན་ཡིན་ན། །ཞེས་པ་སྟེ། གལ་ཏེ་དེ་ལས་ཞེས་པ་ལ་སོགས་པ་འདི་ཁོ་ནའི་རྣམ་པར་
བཤད་པའོ། །འོ་ན་རྣམ་པར་ཤེས་པ་ཐ་སྙད་དུ་བྱེད་པའི་རྒྱུ་ཡུལ་ནི་སྐབས་ཡིན་པ་ཉིད་ཀྱི་ཕྱིར། དེ་ལས་ཞེས་པ་འདིས་སྐབས་ཀྱིས་ཉེ་བས་དེ་ཁོ་ན་ལྷུར་ལེན་ནོ་ཞེས་པས་འདི་ཐེ་ཚོམ་མེད་པ་མ་ཡིན་ནམ། དེས་ན་ཅི་ལས་དོགས་པ་འདི་ཡིན་ཞེ་ན། གལ་ཏེ་དེ་ལས་ཞེས་པ་འདིས་རྐྱེན་རྣམ་པ་བཞི་པོ་
ཐམས་ཅད་ཀྱང་བརྗོད་པར་བྱ་ཞེས་པའི་དོན་གང་འདི་ནི་འདིར་ཁྱོད་ཀྱིས་ཡོངས་སུ་བརྟགས་པ་མ་ཡིན་ཏེ། གང་ཕྱིར་འདིར་ཆོས་ཐམས་ཅད་ཀྱི་བདག་ཉིད་ཀྱི་ཕྱིར་དམིགས་པའི་རྐྱེན་ཁོ་ན་ཀུན་གྱི་སྒྲས་བརྗོད་དོ། །ཡང་ཅི་ལྟར་ད་ཆོས་ཐམས་ཅད་ཀྱི་བདག་ཉིད་ཡིན་ཞེ་ན། དམིགས་པ་ཆོས་རྣམས་

ཐམས་ཅད་དོ། །ཞེས་པའི་མཚན་ཉིད་ཀྱི་ཕྱིར་རོ། །གཞན་ཆོས་ཐམས་ཅད་ཀྱི་རང་བཞིན་རྣམ་པར་ཤེས་པའི་རྐྱེན་ཐ་སྙད་དུ་བསྟན་པའི་རྒྱུ་གང་ཡིན་པ་དེ་ལས་ཞེས་པ་འདིས་བརྗོད་པར་བྱ་བ་ཡོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་དམིགས་པའི་རྐྱེན་ཁོ་ན་ཀུན་གྱི་སྒྲས་བཤད་དོ་ཞེས་རིག་པར་
བྱའོ། །དེ་ལས་ཀྱང་དོན་འདིར་འགྱུར་ཏེ། གལ་ཏེ་ཆོས་ཀུན་གྱི་རང་བཞིན་ཅན་གྱི་རྐྱེན་བརྗོད་ན་སྟེ། གལ་ཏེ་དམིགས་པའི་རྐྱེན་བརྗོད་ན་ཞེས་པ་ཇི་སྲིད་པའོ། །དེས་ན་དེ་བརྩད་པར་བྱ་བ་མ་ཡིན་ནོ། །གང་གིས་དམིགས་པའི་རྐྱེན་དང་འབྲེལ་པ་ཅན་ཉིད་ཀྱིས་ཤེས་པ་བསྟན་པར་བྱ་བ་དེ་དེ་
ཁོ་ན་ལས་བྱུང་བ་མ་ཡིན་གྱི། འོ་ན་ཞེ་ན། རྐྱེན་གཞན་ལས་ཀྱང་སྟེ། བཞི་ཡིས་སེམས་དང་སེམས་བྱུང་རྣམས། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་རྐྱེན་ངེས་པའི་ཕྱོགས་ལ་གྲུབ་པའི་མཐའ་དང་འགལ་བ་གསལ་བར་བྱའོ། །དམིགས་པ་ངེས་པའི་དབང་དུ་བྱས་ཏེ་གསུངས་པ།
དམིགས་པའོ་ཞེ་ན་ཞེས་པ་ལ་སོགས་པ་སྟེ། འདི་ལ་མཚན་ཉིད་ཧ་ཅང་ཁྱབ་པ་ཉིད་དུ་གསུངས་སོ། །ཡུལ་ཙམ་ཞེས་པ་འདིར་གང་དེའི་ཚེ་ཉེ་བར་གྱུར་པའི་གཟུགས་ལ་སོགས་པའི་གསལ་བ་དེ་རྣམ་པར་ཤེས་པའི་དམིགས་པ་ཉིད་ཀྱིས་ན་ཡུལ་གྱི་སྒྲས་བརྗོད་པར་བྱའོ། །ཙམ་གྱི་སྒྲ་དམིགས་
པ་གཞན་རྣམ་པར་གཅོད་པར་བྱེད་དོ། །དྲན་པ་ལ་སོགས་པའི་ཤེས་པ་ཡང་གཟུགས་ལ་སོགས་པ་རྣམས་ཀྱིས་ཐ་སྙད་བྱེད་དེ། གཟུགས་དྲན་ནོ། །སྐྱུར་བ་མངོན་པར་འདོད་དོ། །མེ་རྗེས་སུ་དཔག་གོ་ཞེས་སོ། །དམིགས་པ་གཞན་ལ་མི་ལྟོས་པ་ཡང་སྟེ། དེའི་ཕྱིར་དེ་ཡང་མངོན་སུམ་ཉིད་དུ་
འགྱུར་རོ། །འདིར་འགྱུར་མོད་ཀྱི་རྗེས་སུ་དཔག་པར་བྱ་བའི་ཡུལ་ཅན་གྱི་ཤེས་པ་ནི་མེ་ཙམ་ལས་སྐྱེ་བ་མ་ཡིན་གྱི། འོན་ཀྱང་ཕྱོགས་ཀྱི་ཆོས་ཉིད་དང་འབྲེལ་པ་ཤེས་པ་ལས་ཀྱང་ངོ་། །དེས་ན་ཐལ་བར་འགྱུར་བ་འདི་ཅིའི་ཕྱིར་ཞེ་ན་གསུངས་པ། མེ་ལ་སོགས་པའི་ཤེས་པ་ཞེས་པ་ལ་སོགས་པ་སྟེ། གལ་
ཏེ་ཡང་དེ་དོན་གཞན་ལས་ཀྱང་སྐྱེ་མོད། དེ་ལྟ་ན་ཡང་དོན་གཞན་དེ་དེས་དམིགས་པ་མ་ཡིན་ལ། དེ་ལས་ཀྱང་དམིགས་པ་གཞན་ལ་མི་ལྟོས་པར་སྐྱེ་བ་ཉིད་ཀྱི་ཕྱིར་ཞེས་དེ་མངོན་སུམ་མིན་པར་འགྱུར། འོ་ན་གལ་ཏེ་ཡུལ་གང་གིས་ཤེས་པ་གང་ཐ་སྙད་བྱ་བ་དེ་གལ་ཏེ་དེ་ལས་འགྱུར་ན་ཡིན་གྱི་མི་འགྱུར་ལ་ནི་མ་ཡིན་

ནོ་ཞེས་པའི་ངེས་པ་འདི་ཡང་འདིར་མངོན་པར་འདོད་པ་མ་ཡིན་ནམ། དྲན་པ་ལ་སོགས་པ་རྣམས་ནི་དམིགས་པ་གང་གིས་ཐ་སྙད་བྱེད་པ་དེ་ལས་སྐྱེ་བ་ཡང་མ་ཡིན་ཏེ། དེ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། དེ་ཡོད་པ་མ་ཡིན་ཏེ། །བརྒྱུད་པས་ཀྱང་དེ་ལས་སྐྱེ་བ་མངོན་པར་འདོད་
པའི་ཕྱིར་རོ། །རྣམ་པ་གཞན་དུ་ན་འདི་ཅི་ལྟར་སྦྱོར། གང་རྩོད་པ་སྒྲུབ་པར་རྗེས་སུ་དཔག་པའི་ཤེས་པ་ཡང་འདི་ཁོ་ན་ལས་བསལ་ཏེ། དུ་བའི་ཤེས་པ་དང་འབྲེལ་པ་དྲན་པ་དག་ལས་ཀྱང་དེ་འགྱུར་གྱི། མེ་ཁོ་ན་ལས་མ་ཡིན་ནོ་ཞེས་བཤད་པ་ལ། འདིས་ནི་དུ་བའི་ཤེས་པ་དང་འབྲེལ་པ་དྲན་པ་དག་
ལས་དང་། ཡང་གི་སྒྲ་ལས་མེ་ལས་ཀྱང་དེ་འབྱུང་ངོ་ཞེས་བརྗོད་པར་འགྱུར་རོ། །དེ་འདི་ཅི་ལྟར་རིགས་ཏེ། གལ་ཏེ་ཐ་སྙད་བྱེད་པའི་རྒྱུ་ནི་བརྒྱུད་པས་ཀྱང་འདིར་སྐྱེད་པར་བྱེད་པ་ཉིད་དུ་འདོད་དེ། གཞན་དུ་ན་གལ་ཏེ་དྲན་པ་ལ་སོགས་པ་རྣམས་ཀྱི་ཐ་སྙད་བྱེད་པའི་རྒྱུ་ཡུལ་དེའི་ཚེ་མེད་པ་ཉིད་ཀྱི་
ཕྱིར་སྐྱེད་པར་བྱེད་པ་མ་ཡིན་པ་ཉིད་ཡིན་ནོ། །དེ་འདི་རྗེས་སུ་དཔག་པ་ལ་ཡང་སྐྱེད་པར་བྱེད་པ་མ་ཡིན་པ་ཉིད་མཚུངས་པའོ་ཞེས་པས་ཚིག་འདི་སྦྱར་བར་བྱ་བ་མ་ཡིན་པར་འགྱུར་རོ། །ཅི་སྟེ་དྲན་པ་ལ་སོགས་པ་རྣམས་ཀྱི་ཡུལ་བརྟགས་པ་བ་སྤྱི་ནི་ཐ་སྙད་བྱེད་པའི་རྒྱུ་ཡིན་ཞིང་། དེ་ཡང་ཀུན་རྫོབ་
ཏུ་ཡོད་པ་ཉིད་ཀྱི་ཕྱིར་སྐྱེད་པར་བྱེད་པ་ཉིད་མ་ཡིན་པ་ཉིད་དེ། དེའི་ཕྱིར་དེ་རྣམས་མངོན་སུམ་ཉིད་མ་ཡིན་ནོ་ཞེས་འདོད་ན། འདིར་ཡང་འདི་ཁོ་ན་ལ་ལན་ནོ། །དེ་ལྟར་ནི་རྗེས་སུ་དཔག་པ་ཡང་ཀུན་རྫོབ་ཏུ་ཡོད་པ་ཁོ་ན་ལ་དམིགས་པ་སྟེ། དེ་ལས་ཀྱང་གང་དུ་བའི་ཤེས་པ་དང་འབྲེལ་པ་དྲན་པ་
དག་ལས་ཀྱང་དེ་འགྱུར་གྱི་མེ་ཁོ་ན་ལས་མ་ཡིན་ཞེས་བརྗོད་པ་དེ་མི་རིགས་པར་འགྱུར་རོ། །དེའི་ཕྱིར་ཧ་ཅང་ཁྱབ་པའི་སྐྱོན་གནས་པ་ཁོ་ནའོ། །འདིར་སྨྲ་བ་གཉིས་དག་སྟེ། ཤེས་བྱ་ནང་གིར་སྨྲ་བ་རྣམས་དང་། ཕྱི་རོལ་གྱི་དོན་སྨྲ་བ་རྣམས་སོ། །དེ་ལ་ཤེས་བྱ་ནང་གིར་སྨྲ་བ་རྣམས་ཀྱི་ནི་དེ་ཁོ་ན་
ཉིད་མ་མཐོང་བའི་གནས་སྐབས་ན་ཚད་མ་དང་གཞལ་བྱ་ཡིན་གྱི། དེ་ཁོ་ན་ཉིད་དུ་ཡོངས་སུ་མ་གྲུབ་པ་ཁོ་ན་སྟེ། ཚད་མ་དང་གཞལ་བྱའི་རྣམ་པར་གཞག་པ་བསྟན་པ་འདི་ནི་འཁྲུལ་པ་རྣམས་ཀྱི་ཇི་ལྟར་མཐོང་བ་བཞིན་འབའ་ཞིག་གོ། །འདི་ཡང་སྔར་ཁོ་ནར་བསྒྲུགས་ཟིན་ཏོ། །ཕྱི་རོལ་གྱི་

དོན་སྨྲ་བ་རྣམས་ནི་དོན་དམ་པ་ཁོ་ནར་ཕྱི་རོལ་གཞལ་བར་བྱ་བ་དང་དེའི་ཡུལ་ཅན་གྱི་ཚད་མ་ཡང་འདོད་དོ། །དེ་ཡང་ཇི་ལྟར་མི་རིགས་པ་དེ་ལྟར་བསྒྲུབ་པའི་ཆེད་དུ་ད་ནི་དམིགས་པའི་དབང་དུ་བྱས་པས་རྣམ་པར་དཔྱོད་པ་ཙམ་གསུངས་པ། གཟུགས་ལ་སོགས་པ་རྣམས་ལ་ནི་དམིགས་པའི་དོན་དུ་
བརྗོད་པར་བྱ་ན་ཞེས་པ་སྟེ། གདོན་མི་ཟ་བར་འདི་ནི་འདི་ལྟར་ཤེས་པར་བྱ་སྟེ། གང་རྣམས་རྩོད་པར་བསྒྲུབ་པ་སུན་དབྱུང་བའི་ཆེད་ཁོ་ནར་རྩོམ་པ་འདིའོ་ཞེས་སེམས་པ་དེ་རྣམས་ཀྱི། རང་གིས་རིག་བྱ་བསྟན་བྱ་མིན། །ངོ་བོ་དབང་པོའི་སྤྱོད་ཡུལ་ལོ། །ཞེས་གང་བཤད་པ་འདིར་སྤྱོད་ཡུལ་གྱི་དོན་
བཤད་པར་བྱ་སྟེ། ཅི་གང་སྣང་བ་དེ་ལ་ཤེས་པ་སྐྱེ་བ་དེ་དེ་ལྟར་སྤྱོད་ཡུལ་ཡིན་ནམ་ཞེས་པ་ལ་སོགས་པ་རྗེས་སུ་སྦྱོར་བ་མཚུངས་སོ་ཞེས་ཕྱིར་བསྒྲུབ་པར་བྱའོ། །དེའི་ཕྱིར་སྤྱི་ཁོ་ནར་ཕྱི་རོལ་གྱི་དོན་ལ་བརྟེན་པ་ཅན་ཚད་མ་ལ་སོགས་པའི་རྣམ་པར་གཞག་པ་མི་འཐད་དོ་ཞེས་སྒྲུབ་པའི་ཆེད་དུ་
རྩོམ་པ་འདིའོ་ཞེས་རིག་པར་བྱའོ། །དེ་ལ་ཡང་ཕྱི་རོལ་གྱི་དོན་སྨྲ་བ་རྣམས་ལ་སྟོབས་ལྡན་ནི་རང་གི་སྡེ་པ་རྣམས་ཏེ། དེ་རྣམས་ངེས་པར་བཅོམ་པ་ན་ཅིག་ཤོས་རྣམས་ངེས་པར་བཅོམ་པ་ཁོ་ནར་འགྱུར་ཏེ། གཙོ་བོའི་དཔུང་བཅོམ་པ་ན་དེ་ལས་གཞན་པའི་དཔུང་རྣམས་བཞིན་ནོ་ཞེས་པས་དེ་རྣམས་
ཁོ་ན་དང་ལྷན་ཅིག་རྣམ་པར་དཔྱོད་པར་བྱེད་དོ། །དམིགས་པའི་དོན་ཞེས་པ། དམིགས་པའི་སྒྲའི་དོན་ཏོ། །ཅི་གང་སྣང་བ་ཞེས་པ་འདིས་གཟུགས་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་སོ་སོར་རང་གི་ངོ་བོས་སྣང་བ་མེད་པའི་ཕྱིར་དང་། ཚོགས་པའི་རྣམ་པར་ཡང་དེ་རྣམས་ལ་རྣམ་པར་ཤེས་པ་
སོ་སོར་སྣང་བའི་ཕྱིར་ན་སྣང་བའི་དོན་དམིགས་པའི་དོན་དུ་སྟོན་ཏོ། །ཅི་སྟེ་ཇི་ལྟར་ཞེས་པ་ལ་སོགས་པས་རྒྱུའི་དོན་ཏོ། །ཇི་ལྟར་ཡོད་པ་ཞེས་པ་སྔོན་པོ་ལ་སོགས་པའི་རང་གི་མཚན་ཉིད་དུའོ། །གཞན་སྣང་བའི་ཡང་ཞེས་པ་ཚོགས་པ་སྣང་བའི་ཡང་ངོ་། །གལ་ཏེ་ཡང་རང་སྣང་བའི་རྣམ་པར་
ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་པ་དེ་ལྟ་ནའང་ཞེས་པ་ཡང་གི་སྒྲའི་དོན་ཏོ། །བསགས་པ་ལ་དམིགས་པ་ཉིད་ཀྱི་ཕྱིར་ཞེས་པ། ཚོགས་པ་ལ་དམིགས་པ་ཉིད་ཀྱི་ཕྱིར་བསགས་པ་སྟེ་སོགས་པའོ་ཞེས་བྱས་ནས་སོ། །སོགས་པ་ཡང་ཚོགས་པའོ། །བསགས་པ་ལ་དམིགས་པ་ཉིད་ནི་དེ་རྣམས་ནི་

ཚོགས་པར་སྣང་བ་ཉིད་ཀྱི་ཕྱིར་རོ། །ཡང་ན་བསགས་པ་ཉིད་དུ་དམིགས་པ་ཉིད་ཀྱི་ཕྱིར་ཞེས་པ་སྟེ། ཚོགས་པར་སྣང་བ་ཉིད་ཀྱི་ཕྱིར་རོ་ཞེས་པའི་དོན་ཏོ། །འདིས་དམིགས་པའོ་ཞེས་བྱེད་པའི་བྱེད་པར་བྱས་ནས་སྣང་བ་དམིགས་པའི་སྒྲས་བརྗོད་དོ། །ཀུན་རྫོབ་ཏུ་ཡོད་པ་
ཁོ་ན་ལ་དམིགས་པ་ཞེས་པ་མངོན་སུམ་མ་ཡིན་པ་ཉིད་དོ་ཞེས་པ་ལྷག་མའོ། །ཀུན་རྫོབ་ཏུ་ཡོད་པ་ལ་དམིགས་པ་ཉིད་ནི་ཚོགས་པ་རྫས་སུ་ཡོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འདིས་ནི་གང་ཀུན་རྫོབ་ཏུ་ཡོད་པ་ལ་དམིགས་པ་དེ་མངོན་སུམ་མ་ཡིན་ཏེ། དྲན་པ་ལ་སོགས་པ་བཞིན། དབང་པོའི་ཤེས་
པ་ཡང་དེ་ལྟ་བུའོ་ཞེས་ཁྱབ་བྱེད་དང་འགལ་བའི་ཐལ་འགྱུར་གསུངས་སོ། །འོ་ན་དེ་ནི་རྫས་སུ་ཡོད་པ་ཁོ་ནའི་རྡུལ་ཕྲ་རབ་རྣམས་ཀྱི་རྣམ་པ་མ་ཡིན་ནམ། དེ་རྣམས་ཁོ་ན་ནི་ཕན་ཚུན་ཕན་བཏགས་པ་རྣམས་དེ་ལྟར་སོ་སོར་སྣང་ངོ་ཞེས་པས། རྣམ་པ་དུ་མའི་དོན་དུ་སྨྲ་བ་ལ། ནམ་ཡང་མ་གྲུབ་པ་ཉིད་
བརྗོད་པའོ་ཞེས་དོགས་པ་ལ་གསུངས་པ། འདོད་པ་ཞེས་པ་ལ་སོགས་པ་སྟེ། འདོད་པ་ཞེས་པ་ཁས་ལེན་པ་ལའོ། །སྔོན་པོ་ལ་སོགས་པར་སྣང་བའི་རྣམ་པར་ཤེས་པ་རྣམས་ལ། དོན་དེ་ལས་ཞེས་པའི་མཚན་ཉིད་འདི་ལས་ཁྱོད་ཀྱི་ལུགས་ཀྱི་མངོན་སུམ་ཉིད་དུ་འགྱུར་རོ། །ཅིའི་ཕྱིར་
ཞེ་ན་གསུངས་པ། དེ་ལྟར་ནི་ཞེས་པ་ལ་སོགས་པ་སྟེ། དེ་རྣམས་ལ་ཞེས་པ་སྔོན་པོ་ལ་སོགས་པར་སྣང་བའི་ཤེས་པ་རྣམས་ལའོ། །དེ་ཚོགས་པ་ལ་བཏགས་པར་ཡོད་ན་ཡང་ཞེས་པ། སྔོན་པོ་ལ་སོགས་པའི་རྡུལ་ཕྲ་རབ་ཚོགས་པ་ལ། གལ་ཏེ་ཡང་དེ་བཏགས་པར་ཡོད་པ་དེ་ལྟ་ན་ཡང་སྔོན་
པོ་དང་སེར་པོ་ལ་སོགས་པའི་ཤེས་པ་རྣམས་ལ་རྫས་སུ་ཡོད་པའི་རྣམ་པར་ཐོབ་སྟེ་ཁྱོད་ཀྱི་མངོན་པར་འདོད་པའི་རིགས་པས་སོ། །ཡང་ན་དེ་རྣམས་ལ་ཞེས་པ་སྔོན་པོ་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་ལ་རྫས་སུ་ཡོད་པའི་རྣམ་པ་ཐོབ་པོ། །རྫས་དང་གྲངས་ལ་སོགས་པའི་རྣམ་པ་རྣམས་ལ་ཡང་ཐོབ་
བོ་ཞེས་པ། གལ་ཏེ་རྡུལ་ཕྲ་རབ་ཀྱི་རྣམ་པ་ཉིད་ཀྱི་ཕྱིར་ཚོགས་པའི་རྣམ་པ་དོན་དམ་པར་ཡོད་པ་ཉིད་ཡིན་ན། རྫས་དང་གྲངས་ལ་སོགས་པ་རྣམས་ཀྱང་རྡུལ་ཕྲ་རབ་ཀྱི་རྣམ་པ་ཉིད་ཀྱི་ཕྱིར་དོན་དམ་པར་ཡོད་པ་ཉིད་དུ་འགྱུར་རོ། །དེ་ལས་ཀྱང་དེའི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་མངོན་སུམ་ལྟར་

སྣང་དུ་མངོན་པར་འདོད་པ་ཡང་མངོན་སུམ་དུ་འགྱུར་རོ། །དེ་ལ་ཡང་རིགས་པ་འདི་སྨྲ་བར་ནུས་ཏེ། དེ་རྣམས་ཁོ་ན་ཞེས་པ་ལ་སོགས་པ་གང་སྨྲས་པའོ། །ཅི་སྟེ་ཇི་ལྟར་ཞེས་པ་ལ་སོགས་པ་ཕྱོགས་གཞན་ཉེ་བར་དགོད་པའོ། །དེ་ལྟར་གྱུར་ན་ཞེས་པ་ལ་སོགས་པ་ནི། རྫས་ལ་སོགས་པ་
རྣམས་ལ་གང་ཤེས་པ་དེ་མངོན་སུམ་ཉིད་དུ་ཐལ་བ་མེད་དོ་ཞེས་པའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། གསུངས་པ་དེ་ལྟར་དེ་རྣམས་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་ཞེས་པ་བུམ་པ་ལ་སོགས་པའི་ངོ་བོར་རོ། །དེ་རྣམས་ཞེས་པ་རྫས་ལ་སོགས་པ་རྣམས་སོ། །དེ་རྣམས་སྔོན་པོ་ལ་སོགས་པའི་རྡུལ་
ཕྲ་རབ་བཞིན་དུ་དེ་ཁོ་ན་ཉིད་དུ་ཡོད་པ་མ་ཡིན་ཞིང་། བུམ་པའི་ཤེས་པ་གཉིས་ཉིད་ཀྱི་ཤེས་པ་ཞེས་དེ་རྣམས་ཀྱིས་ཀྱང་ཤེས་པ་ཐ་སྙད་དུ་བྱེད་དོ། །དེ་ལས་དེ་སྐྱེ་བ་ཡང་མ་ཡིན་ཏེ། དེ་རྣམས་དེ་ཁོ་ན་ཉིད་དུ་མེད་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་དེའི་ཤེས་པ་མངོན་སུམ་ཉིད་དུ་ཐལ་བ་མ་ཡིན་ལ། ཀུན་
རྫོབ་ཏུ་ཡོད་པ་ལ་དམིགས་པ་ཉིད་ཀྱང་མ་གྲུབ་བོ། །གང་གི་ཕྱིར་རང་གི་ངོ་བོས་རྡུལ་ཕྲ་རབ་རྣམས་དམིགས་པ་ཉིད་ལ་ནི་དབང་པོའི་ཤེས་པ་ཀུན་རྫོབ་ཏུ་ཡོད་པ་ལ་དམིགས་པར་འགྱུར་བ་མ་ཡིན་ནོ། །དེ་ལྟར་ན་སྐྱོན་ཅི་ཞེ་ན་གསུངས་པ། དེ་ལྟར་ན་ནི་ཞེས་པ་ལ་སོགས་པའོ། །མ་ཡིན་ཞེས་པ་
ལ་སོགས་པས་འདི་ཁོ་ན་ལ་འཐད་པ་གསུངས་ཏེ། གལ་ཏེ་རྡུལ་ཕྲ་རབ་རྣམས་ལ་སོ་སོར་ཤེས་པར་འགྱུར་ན། དེ་ལྟར་གྱུར་ན་རྡུལ་ཕྲ་རབ་རེ་རེས་དེ་ཐ་སྙད་བྱེད་པར་འགྱུར་ལ། དེ་ལས་ཀྱང་དེ་རྣམས་སོ་སོར་ཤེས་པའི་རྒྱུ་དང་། དེ་རྣམས་ཀྱིས་སོ་སོར་དེ་ཐ་སྙད་བྱེད་པར་འགྱུར་རོ་ཞེས་པ་དེ་ལས་དམིགས་
པའི་ཤེས་པ་མངོན་སུམ་ཉིད་དུ་ཐོབ་ན་དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར་གང་གིས་དེའི་ཐ་སྙད་བྱེད་པ་ཞེས་པ་འདི་ཐོབ་པ་མ་ཡིན་ནོ། །ཅི་སྟེ་འདུས་པ་སྣང་བ་ཉིད་ལས་དེའི་ཐ་སྙད་བྱེད་པར་འདོད་ན། རྡུལ་ཕྲ་རབ་རྣམས་ཀྱང་འདུས་པའི་གནས་སྐབས་ཁོ་ན་ཕན་ཚུན་ཕན་བཏགས་པ་ཤེས་པའི་རྒྱུ་
རྣམས་ཏེ། དེའི་ཕྱིར་གང་གིས་དེ་ཐ་སྙད་དུ་བྱ་བ་དེ་ཁོ་ན་ལས་སྐྱེའོ་ཞེས་པས་སྔོན་པོ་ལ་སོགས་པའི་ཤེས་པ་རྣམས་མངོན་སུམ་ཉིད་དུ་གྲུབ་བོ་ཞེས་གསུངས་པ། སོ་སོ་པ་ཡང་ཞེས་པ་ལ་སོགས་པ་སྟེ། འདུས་པའི་གནས་སྐབས་ན་ཡང་སོ་སོ་བ་ཁོ་ན་རྒྱུའི་དངོས་པོ་སྟེ་ཚོགས་པ་ནི་མ་ཡིན་ནོ་

ཞེས་པའི་དོན་ཏོ། །དེས་ན་གང་གིས་དེའི་ཐ་སྙད་བྱེད་པ་ཞེས་པ་འདི་ཐོབ་པ་མ་ཡིན་ནོ་ཞེས་པ་ཐལ་བར་འགྱུར་བ་དེ་ཁོ་ནའོ། །གང་སྣང་བ་དེ་ནི་དེ་བས་མིན་ཞེས་པ་ཚོགས་པའི་སྣང་བའོ། །ཅིའི་ཕྱིར་མི་འགྱུར་ཞེ་ན་གསུངས་པ། ལྔ་པོ་བསགས་ལ་དམིགས་པའི་ཕྱིར། །ཞེས་
པ་སྟེ། ཚེགས་པར་སྣང་བས་ས་ཞེས་པའི་དོན་ཏེ། བྱེད་པའི་ཀཱ་ར་ཀུ་རུ་བྱས་ནས་སྣང་བ་ནི་དམིགས་པའི་སྒྲས་བརྗོད་དོ། །གང་ལས་དེ་ནི་དོན་དམ་པར། །ཞེས་པས་རྡུལ་ཕྲ་རབ་ལས་སོ། །དེ་ལ་ཐ་སྙད་དུ་མ་བྱས། །ཞེས་པ། དེ་སྣང་བ་མ་ཡིན་པ་ཉིད་ཀྱིས་དེ་མ་རྟོགས་པ་ཉིད་ཀྱི་ཕྱིར་རོ། །
དོན་གྱི་ཚུལ་གྱིས་དབེན་པ་ཞེས་པ་ལ་སོགས་པ་སྟེ། ཤེས་པ་ཐམས་ཅད་ནི་གཟུགས་ཀྱི་ཤེས་པ་སྒྲའི་ཤེས་པ་ཞེས་ཡུལ་གྱི་ཐ་སྙད་སྟོན་པ་མཐོང་སྟེ། ཡུལ་གྱི་ཚུལ་དང་བྲལ་བ་ནི་དེ་ཐ་སྙད་བསྟན་པར་མི་ནུས་སོ། །འོ་ན་ཤེས་པའི་བློའོ་ཞེས་ཡུལ་མེད་པར་ཡང་ཐ་སྙད་སྟོན་པར་མཐོང་བ་མ་ཡིན་
ནམ་མ་ཡིན་ཏེ། དགོངས་པ་ཡོངས་སུ་མི་ཤེས་པ་ཉིད་ཀྱི་ཕྱིར་རོ། །ཡང་འདི་ལ་དགོངས་པ་ཅི་ཡིན་ཞེ་ན། ཡུལ་དང་འབྲེལ་པ་ཅན་ཉིད་དུ་དོན་གྱི་ཚུལ་གྱིས་དབེན་པར་བཤད་པར་ནུས་པ་མ་ཡིན་ཞེས་པ་འདི་དགོངས་པའོ། །དེ་ལྟར་ནི་དོན་གང་གིས་ཤེས་པ་གང་ཐ་སྙད་བྱེད་པ་ནི། གལ་ཏེ་
དེ་ཁོ་ན་ལས་དེ་སྐྱེ་ནའོ་ཞེས་པ་འདི་ཡུལ་དང་དཔྱད་པའི་སྐབས་ཉིད་དེ། གཞན་དུ་ན་ཤེས་པ་ཞེས་སྟོན་པ་ཁོ་ན་སྟེ། ཅི་སྟེ་དེ་སྐད་སྨྲ་བར་འགྱུར། དེ་ལྟར་ན་དེའི་ཚེ་ཡུལ་གྱི་ཚུལ་གྱིས་འདི་ཐ་སྙད་བྱེད་པར་འགྱུར་རོ་ཞེས་གསུངས་པ། འདི་ཡང་ཡུལ་ཞེས་པ་སྟེ། སྤྱིའི་ཚུལ་གྱིས་གཟུགས་ཉིད་ལ་
སོགས་པས་བསྟན་པར་བྱ། སྤྱི་ཡང་བཏགས་པ་བློ་ལ་གནས་པ་ཁོ་ན་སྟེ། དབང་པོའི་ཡུལ་དུ་མངོན་པར་འདོད་པའི་དངོས་པོ་ལ་ཡོད་པ་མ་ཡིན་ནོ། །དེ་ཅི་ལྟར་དེ་ལ་ཐ་སྙད་བྱས་པ་ན་དེ་ཐ་སྙད་དུ་བྱས་པར་འགྱུར། དེས་ན་གང་གིས་ཐ་སྙད་བྱ་བ་ཞེས་པ་དེ་མི་སྲིད་དོ་ཞེས་སྟོན་པར་གསུངས་པ། དེའི་
ཕྱིར་ཐ་སྙད་དུ་མི་བྱ། །ཞེས་པའོ། །འོ་ན་ཐ་སྙད་དུ་བྱ་བ་མ་ཡིན་པའི་དངོས་པོ་ཡང་མཐོང་བྱ་དང་རྣམ་པར་བརྟག་པར་བྱ་བའི་དོན་དག་གཅིག་ཏུ་བྱས་ནས་ལྷག་པར་ཞེན་པ་མ་ཡིན་ནམ། དེ་ནི་དངོས་པོ་ཉིད་དུ་ཐ་སྙད་བྱེད་པ་པོ་རྣམས་ཀྱིས་ཐ་སྙད་དུ་བྱེད་དེ། ཁྱོད་ཀྱིས་ཀྱང་གདོན་མི་ཟ་བར་འདི་ཁས་

བླང་བར་བྱའོ། །རྣམ་པ་གཞན་དུ་ན་ཐ་སྙད་བྱེད་པ་མི་རིགས་པའི་ཕྱིར་རོ་ཞེ་ན། གལ་ཏེ་མཐོང་བར་བྱ་བའི་ཕྱི་རོལ་ཅུང་ཟད་དུ་གྱུར་ན། འདི་དེ་ལྟར་འགྱུར་མོད། དེ་ཡང་མེད་དོ། །དམིགས་པའི་མཚན་ཉིད་མི་རུང་བའི་ཕྱིར་རོ་ཞེས་པས་འདི་ནི་ལན་མ་ཡིན་པ་ཁོ་ནའོ། །འོ་ན་དོན་འདི་བརྗོད་ཟིན་པ་ཁོ་
ན་མ་ཡིན་ནམ། དེ་ཅིའི་དོན་དུ་སླར་ཡང་བརྗོད་ཅེ་ན། དགོས་པ་ཡོད་དེ། སྔར་ནི་རྡུལ་ཕྲ་རབ་རྣམས་ཀྱི་རྡུལ་ཕྲ་རབ་ཀྱི་ངོ་བོ་ཀུན་དུ་ཕྲ་མོ་ཁོ་ནའི་དབང་དུ་མཛད་ནས་དོན་འདི་བཤད་ལ། ད་ལྟ་ནི་དེ་རྣམས་ཁོ་ནའི་གང་རགས་པ་ཚོགས་པའི་རྣམ་པ་དེའི་དབང་དུ་བྱས་ནས་བརྗོད་དོ། །སྔར་ནི་རྫས་སུ་
ཡོད་པ་དེ་རྣམས་ཁོ་ནའི་དེའི་ངོ་བོ་ཞེས་རྣམ་པ་དུ་མའི་དོན་དུ་སྨྲ་བའི་ལུགས་སུ་དོགས་ནས། དེའི་བལྟ་བྱ་ཉིད་དང་བརྗོད་པར་བྱ་བ་ཉིད་ཀྱང་ཁས་བླངས་ནས། སྐྱོན་གཞན་བརྗོད་པར་བཞེད་པས་མངོན་སུམ་ཉིད་རྗེས་སུ་གནང་ལ། དེ་ལྟ་ནི་དེ་ཡོད་ན་ཡང་དེ་ཡང་བལྟར་མི་རུང་བ་ཉིད་ཀྱིས་བརྗོད་པར་
བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར། ཅིའི་ཕྱིར་མངོན་སུམ་ཉིད་ཡིན་ཞེས་སྒྲུབ་པའི་ཆེད་དུ་འདི་བརྗོད་པའོ། །ཡང་དེའི་བལྟར་མི་རུང་བ་ཉིད་ཀྱང་ཅི་ལྟར་ཞེ་ན། འདི་ལྟར་དགོངས་ཏེ། རྣམ་པ་ཐམས་ཅད་དུ་རང་གི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་བྱེད་པར་བྱེད་པ་ཉིད་གཟུང་བྱ་ཉིད་དུ་འགྱུར་རམ།
འོན་ཏེ་རྣམ་པ་འགའ་ཞིག་གིས་མ་ཡིན། གལ་ཏེ་བརྟག་པ་དང་པོ་ཡིན་ན་ཤེས་པ་ནི་རྣམ་པ་ཐམས་ཅད་དུ་དོན་གྱི་རང་བཞིན་ཉིད་ཐོབ་པའི་ཕྱིར་ཤེས་པ་མ་ཡིན་པ་ཉིད་དུ་ཐལ་ལོ། །ཅི་སྟེ་གཉིས་པ་ཡིན་ན། མཚུངས་པ་དེ་མ་ཐག་པའི་འདས་པའི་ཤེས་པ་ནི། གཞན་གྱི་ཡུལ་ཅན་གྱི་ཤེས་པའི་ཡང་
གཟུང་བྱར་འགྱུར་ཏེ། གང་གི་ཕྱིར་དེ་ལ་ཡང་ཤེས་པ་ཉིད་ལ་སོགས་པའི་རྣམ་པ་འགའ་ཞིག་གིས་རང་སྣང་བའི་ཤེས་པ་སྐྱེད་པ་ཡོད་པ་ཁོ་ནའོ་ཞེས་པའོ། །དེའི་ཕྱིར་གཟུང་བྱའི་མཚན་ཉིད་མི་རིགས་ལ། དེ་ལས་ཀྱང་ཕྱི་རོལ་གྱི་དོན་ལ་བརྟེན་པའི་ཚད་མས་སོགས་པའི་རྣམ་པར་གཞག་པ་
རིགས་པ་མ་ཡིན་ནོ་ཞེས་པ་འདི་གནས་པའོ། །རིགས་པ་ཅན་རྣམས་ཀྱི་ནི་ཞེས་པ། གྲགས་པ་ལས་དང་བར་མ་ཆད་པར་ཡང་དེའི་ལུགས་ཉེ་བར་འཕངས་པའི་ཕྱིར་རྐང་མིག་པ་རྣམས་ཀྱི་ཞེས་རྟོགས་པར་བྱའོ། །དབང་པོ་དང་དོན་ཕྲད་པ་ལས་སྐྱེས་པ་ཞེས་པ་ལ་སོགས་པ་སྟེ། དབང་པོ་རྣམས་ནི་སྣ་

དང་ལྕེ་དང་མིག་དང་པགས་པ་དང་རྣ་བ་རྣམས་སོ། །དོན་རྣམས་ནི་དྲི་ལ་སོགས་པ་ལྔ་རྣམས་སོ། །དེའི་རྟེན་རྣམས་ནི་ལས་དང་ཡོད་པ་ཉིད་ལ་སོགས་པ་རྣམས་སོ། །དེ་རྣམས་ཀྱི་ཕྲད་པ་ནི་འབྲེལ་པ་ཡིན་ཏེ། དེ་ནི་རྣམ་པ་ལྔ་སྟེ། སྦྱོར་བ་དང་། སྦྱར་བ་ལ་འདུ་བ་
དང་། སྦྱར་བ་འདུས་པ་ལས་འདུ་བ་དང་། འདུ་བ་དང་འདུས་པ་ལས་འདུ་བའོ། །དེ་ལ་དབང་པོ་ནི་རྫས་དང་སྦྱོར་བའི་མཚན་ཉིད་ཀྱི་འབྲེལ་པ་ཡིན་གྱི། གཟུགས་ལ་སོགས་པ་རྣམས་དང་མ་ཡིན་ནོ། །རྣམ་པ་གཞན་དུ་ན་སྦྱོར་བ་ནི། གཉིས་ཀྱི་རྟེན་ཅན་ཉིད་ཀྱི་ཕྱིར། དེ་རྣམས་ཀྱང་
ཡོན་ཏན་ཅན་དུ་འགྱུར་རོ། །ཡོན་ཏན་རྣམས་ནི་ཡོན་ཏན་མེད་པ་ཡང་ངོ་། །དེའི་ཕྱིར་དབང་པོ་དང་ཡང་དག་པར་སྦྱོར་བ་ལས་རྫས་ལ་ཤེས་པ་སྐྱེའོ། །གང་བདག་གི་ཡིད་དང་སྦྱར་བར་བྱ་བ་ཡིན་ཞིང་། ཡིད་ནི་དབང་པོ་དང་སྟེ་དབང་པོ་ནི་དོན་དང་ངོ་། །འདིར་རྫས་དོན་དུ་མངོན་པར་
འདོད་དོ། །རྫས་ལ་འདུས་པ་རྣམས་ལ་སྟེ། གཟུགས་ལ་སོགས་པ་ཡོན་ཏན་རྣམས་དང་། དེ་བཞིན་དུ་རྫས་ཉིད་ལ་སོགས་པ་སྤྱིའི་ཁྱད་པར་རྣམས་དང་། ལས་ལ་སྦྱར་བ་ལ་འདུ་བ་ལས་སོ། །གཟུགས་ཉིད་ལ་སོགས་པ་རྣམས་ལ་སྦྱར་བ་ལ་འདུས་པ་ལ་འདུ་བ་ལས་སོ། །
དེ་བཞིན་དུ་ཡོན་ཏན་ཉིད་དང་ལས་ཉིད་དག་ལའོ། །སྒྲ་ལ་ནི་འདུ་བ་ལས་ཏེ། དེ་ནི་རྣ་བའི་ཤཀྐུ་ལཱི་ཡོངས་སུ་བཅད་པ་ཆོས་དང་ཆོས་མ་ཡིན་པས་མངོན་པར་འདུས་བྱས་པ་ནམ་མཁའི་ཡུལ་གྱི་མཚན་ཉིད་ཅན་རྣ་བའི་དབང་པོ་ལ་འདུས་པ་གཟུང་བར་བྱ་སྟེ། གང་རྣ་བ་ལ་སོགས་པ་དང་བར་
ཆོད་པའི་ཡུལ་དུ་སྐྱེས་པ་དེ་ནི་དེ་ལ་འདུས་པ་མ་ཡིན་པ་ཉིད་ཀྱི་ཕྱིར་གཟུང་བྱ་མ་ཡིན་པ་ཁོ་ནའོ། །དེས་ནི་སྒྲ་གཞན་ཕྱོགས་ཐམས་ཅད་པ་རྣམས་བརྩམ་ཞིང་། དེ་རྣམས་ཀྱིས་ཀྱང་གཞན་རྣམས་ཏེ། དེ་ལྟར་སྒྲ་གཞན་གྱིས་བརྩམས་པ་སྒྲ་བརྒྱུད་པས་རྣ་བའི་དབང་པོ་ལ་གང་འདུས་པའི་སྒྲ་དེ་
དབང་པོ་དང་འདུ་བ་ལས་འཛིན་པར་འགྱུར་རོ། །གང་བདག་ནི་ཡིད་ཀྱིས་སྦྱར་བར་བྱ་བ་ཡིན་ལ། ཡིད་ཀྱང་རྣ་བས་སོ། །སྒྲའི་རིགས་ལ་ནི་འདུས་པ་ལ་འདུ་བ་ལས་སོ། །ཡོད་པ་ཉིད་རྫས་ལ་འདུས་པ་ནི་སྦྱར་བ་ལ་འདུ་བ་ལས་སོ། །ཡོན་ཏན་དང་ལས་ལ་འདུས་པ་ལ་ནི་སྦྱར་བ་ལ་

འདུས་པ་ལ་འདུ་བ་ལས་སོ། །སྒྲ་ལ་འདུས་པ་ལ་ནི་འདུས་པ་ལ་འདུ་བ་ལས་སོ་ཞེས་པ་སྟེ། དེ་ལྟར་འབྲེལ་པ་རྣམ་པ་ལྔ་ཤེས་པའི་རྒྱུའོ། །དེ་ལས་སྐྱེས་པ་སྟེ། མངོན་པར་གསལ་བ་མ་ཡིན་པའོ། །ཤེས་པ་ནི་མངོན་སུམ་སྟེ་ཤེས་པ་སྨོས་པ་ནི་བདེ་བ་ལ་སོགས་པ་རྣམ་པར་གཅད་པའི་དོན་ཏོ། །
ཐ་སྙད་དུ་བྱ་ཞིང་། སྦྱོར་བར་རུང་བ་ལ་སོགས་པའི་རྟགས་ཀྱིས་ཤེས་པར་བྱ་བའོ་ཞེས་པ་ཐ་སྙད་དུ་བྱ་སྟེ་ཡུལ་ལོ། །འདི་ལ་ཐ་སྙད་དུ་བྱ་བའི་ཡུལ་ཡོད་པ་མ་ཡིན་པ་ཞེས་པ་ཐ་སྙད་དུ་བྱ་བ་མ་ཡིན་པའོ། །ཡང་ན་ཤེས་པ་དེ་ཁོ་ན་རང་གི་ངོ་བོས་ཐ་སྙད་དུ་བྱ་བ་མ་ཡིན་པ་སྟེ་ངེས་པར་བསྟན་བྱ་མ་ཡིན་
པའོ་ཞེས་པ་ཐ་སྙད་དུ་བྱ་བ་མ་ཡིན་པའོ། །སྨིག་རྒྱུ་ལ་སོགས་པའི་ཡུལ་ཅན་ནི་འཁྲུལ་པ་སྟེ། ཇི་ལྟར་ཆུ་ལ་སོགས་པའི་ངོ་བོ་ཉིད་དུ་གཟུང་བ་དེ་ལྟར་ཡོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འདི་ལ་འཁྲུལ་པ་ཡོད་པ་མ་ཡིན་ནོ། །ཞེས་པ་འཁྲུལ་པ་མེད་པའོ། །ཡང་ན་ཤེས་པ་དེ་ཉིད་དེ། །དེ་མ་ཡིན་
པ་ལ་དེར་འཛིན་པའི་ཕྱིར་འཁྲུལ་པའོ། །ཞེན་པ་འདིའི་བདག་ཉིད་ཡིན་ཞེས་པ་ཞེན་པའི་བདག་ཉིད་དོ། །བདག་ཉིད་ཀྱི་སྒྲ་ནི་རང་བཞིན་རྗོད་པར་བྱེད་པའོ། །ཡང་ན་འབྲས་བུ་བརྗོད་པའོ། །དབང་དོན་ལས་བྱུང་ཞེས་པ། འདི་ལས་འབྱུང་ངོ་ཞེས་པ་བྱུང་བའོ། །དབང་པོ་དང་དོན་དག་འདིའི་
འབྱུང་བྱེད་ཡིན་པའོ་ཞེས་ཚིག་སྦྱར་རོ། །དབང་པོ་དང་དོན་སྨོས་པ་ནི་དེ་ཕྲད་པ་ཉེ་བར་མཚོན་པའི་དོན་ཏོ། །ཐ་སྙད་བྱ་སོགས་སྲིད་མ་ཡིན། །ཞེས་པ་སྟེ། སོགས་པ་སྨོས་པ་ལས་འཁྲུལ་པ་ཉིད་དང་ཞེན་པའི་བདག་ཉིད་ཀྱང་ངོ་། །གལ་ཏེ་མེད་ན་ཁྱད་པར་མི་རིགས་པ་ཅིའི་ཕྱིར་ཞེ་ན། ཁྱད་པར་
ནི་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་ཐ་སྙད་དུ་བྱ་བ་མ་ཡིན་པ་ལ་སོགས་པའི་རང་བཞིན་དང་ཅིག་ཤོས་ཀྱི་རང་བཞིན་དུ་ཡང་དབང་པོ་དང་ཕྲད་པ་ལས་སྐྱེས་པའི་ཤེས་པ་འགྱུར་ན། དེ་ལས་ཁྱད་པར་གསུམ་པོ་འདི་རིགས་སོ། །འདིར་ཡང་ན་ཐ་སྙད་དུ་བྱ་བ་མ་ཡིན་པ་དང་། མ་འཁྲུལ་པ་ཞེས་
པ་ཁྱད་པར་གཉིས་ནི་སྲིད་པ་ཁོ་ན་སྟེ། མི་འཁྲུལ་ལོ། །ཞེན་པའི་བདག་ཉིད་ནི་སྲིད་པ་མ་ཡིན་པ་ཁོ་ན་སྟེ། དེ་ཁོ་ན་ཡང་ཁྱད་པར་དུ་འགྱུར་ཏེ། གང་རྟེན་དེ་ལ་འགྱུར་ཞིང་དེ་ལ་ཡོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར། དེ་ལའང་འཁྲུལ་པ་ལ་སྟེ། དཔེར་ན་ཨུཏྤ་ལའི་སྔོན་པོ་ཉིད་ལྟ་བུའོ། །དབང་

པོའི་བློ་ལ་ཡོད་པ་ཡང་མ་ཡིན་ནོ་ཞེས་པ་སྟེ། གང་གི་ཚེ་འབྲུ་མང་པོ་པའི་ཕྱོགས་ཡིན་པ་དེའི་ཚེ་འདི་བཤད་དོ། །འདིས་ནི་ཐ་སྙད་དུ་བྱ་བ་ཉིད་མི་སྲིད་པས་ན་ཐ་སྙད་དུ་བྱ་བ་མ་ཡིན་པ་ཉིད་མི་འཁྲུལ་པར་སྟོན་ཏོ། །ཅིའི་ཕྱིར་མེད་ཅེ་ན། གསུངས་པ། རྗེས་སུ་དཔག་པའི་ཡུལ་
ཉིད་ཀྱི་ཕྱིར་ཞེས་པ་ལ་སོགས་པ་སྟེ། ཐ་སྙད་དུ་བསྟན་བྱ་ནི་སྤྱི་ཡིན་གྱི། རང་གི་མཚན་ཉིད་ནི་མ་ཡིན་ཏེ། དེ་སྔར་མ་མཐོང་བ་ཉིད་ཀྱི་ཕྱིར་རོ། །སྤྱི་དེ་ཡང་རྗེས་སུ་དཔག་པ་ཁོ་ནའི་ཡུལ་ཏེ། དུ་བ་ལ་སོགས་པ་རྣམས་ཀྱིས་སྔར་མཐོང་བ་དང་ཐུན་མོང་བར་མེ་ལ་སོགས་པ་རྗེས་སུ་དཔོག་པའི་ཕྱིར་རོ། །
མངོན་སུམ་གྱི་ནི་མ་ཡིན་ཏེ། དེ་ནི་ཐུན་མོང་མ་ཡིན་པའི་ཡུལ་ཅན་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་ཡང་ཡུལ་ཐ་སྙད་དུ་བྱ་བ་མ་ཡིན་པར་འགྱུར་མོད། མེད་མོད་ཀྱི་ཤེས་པ་ནི་ཐ་སྙད་དུ་བྱ་བ་སྟེ། དེས་ན་ཐ་སྙད་དུ་བྱ་བ་ཉིད་ཡོད་ཅིང་། དེ་ལས་ཀྱང་འཁྲུལ་པའི་ཕྱིར་ཐ་སྙད་དུ་བྱ་བ་མ་ཡིན་པ་ཉིད་ཀྱི་ཁྱད་པར་
རིགས་སོ་ཞེ་ན་འདིར་ཡང་ཤེས་པ་དེ་ཁོ་ན་རང་གི་ངོ་བོས་གང་བསྟན་པར་བྱ་བ་མ་ཡིན་པ་དེ་ཐ་སྙད་དུ་བྱ་བ་མ་ཡིན་པ་ཉིད་དུ་རིགས་སོ་ཞེས་གསུངས་པ། ཐ་སྙད་དུ་བྱ་བ་མ་ཡིན་པ་ཉིད་ལའང་འཁྲུལ་པ་མེད་པ་སྟེ་ཞེས་པ་སྟེ། ཅིའི་ཕྱིར་ཞེ་ན་གསུངས་པ། དབང་པོ་བློ་ཞེས་པ་ལ་སོགས་པ་སྟེ། ཤེས་པ་
ཐམས་ཅད་ནི་ཐ་སྙད་དུ་བྱ་བ་མ་ཡིན་པའི་རང་གི་ངོ་བོ་ཁོ་ན་ཡིན་པས་ན། ཐ་སྙད་དུ་བྱ་བ་མ་ཡིན་པ་ཉིད་ལ་འཁྲུལ་པ་ཡོད་པ་མ་ཡིན་པ་ཁོ་ནའོ། །ཅི་སྟེ་ཅིའི་ངོ་བོས་ཀྱང་གང་བསྟན་བྱ་མ་ཡིན་པ་དེ་ཐ་སྙད་དུ་བྱ་བ་མ་ཡིན་པའོ་ཞེ་ན། དེ་ལྟ་བུ་ཡང་མི་སྲིད་པར་འགྱུར་ཏེ། ཤེས་པ་ཐམས་ཅད་ནི་སྤྱིའི་
ཚུལ་གྱིས་ཐ་སྙད་དུ་བྱ་བ་ཁོ་ན་ཡིན་པས་སོ། །འདིས་ནི་དེའི་སྐྱེས་བུའི་ཕྱོགས་ལ་ཡང་སྐྱོན་བཤད་དོ། །ཕྱོགས་ཅན་ལེན་པས་སྨྲ་བ་གང་གིས་རྟོགས་པར་བྱ་བ་བཞིན་པ་ཐ་སྙད་ཀྱི་ཆེད་དུ་འགྱུར་བ་ཤེས་པ་ལ་མཚུངས་པར་སྟོན་པའི་སྒྲ་མེད་དེ། གཞན་ལ་ཞེས་བྱེད་པ་སྦྱར་བ་ལས་གཟུགས་ཞེས་
ཤེས་པའོ། །རོ་ཞེས་ཤེས་པའོ་ཞེས་ཡུལ་འབྲེལ་པའི་སྒྲ་བྱེད་པའི་ཕྱིར་རོ། །དེའི་ཚེ་ཡང་བསྟན་པར་བྱ་བཞིན་པའི་སྒྲ་ལས་བྱུང་བར་འགྱུར་རོ། །དེའི་ཕྱིར་རྣམ་པར་གཅོད་པའི་དོན་ཅན་ཐ་སྙད་དུ་བྱ་བ་མ་ཡིན་པའོ་ཞེ་ན། སྨྲས་པ། དོན་འཛིན་པའི་དུས་ན་ནི། མཚུངས་པར་སྟོན་པའི་སྒྲ་བྱ་

བ་མ་ཡིན་ན། དེའི་ཚེ་དེ་ཐ་སྙད་དུ་བྱ་བ་མ་ཡིན་པ་ཉིད་ཅེས་པས་དེའི་ཡང་ངེས་པར་བསྟན་པར་བྱ་བ་མ་ཡིན་པ་ཉིད་ལ་ཡང་འཁྲུལ་པ་མེད་དོ་ཞེས་པ་འདི་ཉིད་ལེན་ཏོ། །ཐ་སྙད་ཀྱི་དུས་ན་ཡང་ཤེས་པའི་རང་གི་ངོ་བོ་ཐ་སྙད་དུ་བྱ་བར་མི་ནུས་པའི་ཕྱིར། རེ་ཞིག་ཡུལ་དེ་ཡང་རང་གི་ངོ་བོར་ཐ་སྙད་དུ་བྱ་
བར་མི་ནུས་ན་ཅི་ཞིག་ལས་ཡང་དེས་གཞན་ཐ་སྙད་དུ་སྟོན། ཐ་སྙད་དུ་བྱ་བ་ལས་སྒྲ་ལས་བྱུང་བ་ཉིད་དུ་ཐལ་བར་འགྱུར་བ་ཡང་མ་ཡིན་གྱི། འོ་ན་ཅི་ཞེ་ན། བརྗོད་པར་བྱ་བ་ཉིད་དུའོ་ཞེས་པས་འདི་ནི་མ་བརྟགས་པ་བརྗོད་པའོ། །འཁྲུལ་པའི་ཡུལ་ཉིད་ལ་ཡང་མ་ཡིན་ཏེ། སྲིད་པ་ཡོད་པ་
ཞེས་རྗེས་སུ་འཇུག་གོ། །ཡིད་ནི་འཁྲུལ་པའི་ཡུལ་ཉིད་ཀྱི་ཕྱིར་ཞེས་པ་ལ་སོགས་པ་སྟེ། འཁྲུལ་པ་ནི་དེ་ལྟར་ཡོད་པ་མ་ཡིན་པ་སྟེ། འདིས་ཇི་ལྟར་ཉེ་བར་དམིགས་པ་དེ་ལྟར་དེ་ཡོད་པ་མ་ཡིན་པ་ཉིད་དེ། ཇི་ལྟར་སྨིག་རྒྱུ་ལ་སོགས་པའི་ཡུལ་ལྟ་བུའོ། །དེ་ཡང་ཤེས་པ་གང་ལ་རང་
གི་ངོ་བོས་སྣང་བ་དེ་ལ་ལྟོས་ནས་འཁྲུལ་པར་འགྱུར་བ་མ་ཡིན་པ་ཁོ་ན་སྟེ། གང་དུ་ཤེས་པ་ལ་དེ་ལྟ་བུ་མ་ཡིན་པའི་ངོ་བོས་སོ་སོར་སྣང་བ་དེ་ཁོ་ནའི་ངོར་དེ་འཁྲུལ་པ་ཉིད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་འཁྲུལ་པ་ལ་ཡང་དེ་དེ་ལྟ་བུར་སོ་སོ་སོ་སོར་སྣང་སྟེ། དེ་ལྟར་ནི་ཆུ་ལ་སོགས་པའི་རང་
བཞིན་མ་ཡིན་པ་འབྱུང་བ་འདུས་པ་ལ་ཡང་ཆུ་ལ་སོགས་པའི་ངོ་བོར་ལྷག་པར་ཞེན་པའི་ཡིད་ཀྱི་འཁྲུལ་པ་སྐྱེའོ། །དེའི་ཕྱིར་དེས་བརྟགས་པ་ཉིད་ལས་དེ་ཁོ་ནའི་ཡུལ་དེ་ཡིན་གྱི་དབང་པོའི་ཤེས་པའི་ནི་མ་ཡིན་ནོ། །དེའི་ཕྱིར་དེ་རྣམ་པར་གཅད་པའི་དོན་དུ་འཁྲུལ་པ་མེད་པ་སྨོས་པར་བྱ་བ་མ་ཡིན་
ནོ། །འོ་ན་དེ་མེད་ན། དབང་པོ་ཉེ་བར་བཅོམ་པ་ལས་སྐྱེས་པའི་གང་འཁྲུལ་པའི་ཡུལ་ཅན་ཟླ་བ་གཉིས་ལ་སོགས་པའི་ཤེས་པ་དེ་ཡང་མངོན་སུམ་ཉིད་དུ་འགྱུར་བ་མ་ཡིན་ནམ། དེའི་ཕྱིར་དེ་བསལ་བའི་ཆེད་དུ་དེ་གདོན་མི་ཟ་བར་བྱའོ་ཞེ་ན། དེ་ཡོད་པ་མ་ཡིན་ཏེ། དོན་དང་ཕྲད་པ་སྨོས་པ་
ཁོ་ནས་དེ་སྤངས་པའི་ཕྱིར་རོ། །གཞན་དུ་ན་དབང་པོ་ལས་སྐྱེས་པ་ཞེས་པ་འདི་ལྟར་བརྗོད་པར་བྱ་བར་འགྱུར་གྱི། དབང་པོ་དང་དོན་ཕྲད་པ་ལས་བྱུང་བ་ཞེས་བྱ་བ་ནི་མ་ཡིན་ཏེ། དེ་ལ་རྣམ་པར་གཅད་པར་བྱ་བ་མེད་པའི་ཕྱིར་རོ། །འདི་ནི་འབྲུ་མང་པོ་པའི་དབང་དུ་བྱས་ནས་བརྗོད་པའོ། །གང་

གི་ཚེ་ཤེས་པ་དེ་ཁོ་ན་རང་ཉིད་མ་འཁྲུལ་པ་ཞེས་དེའི་སྐྱེས་བུ་ལ་ཕ་རོལ་པོ་རྣམས་ཀྱིས་བརྟེན་པ་དེའི་ཚེ་འདི་སྐད་སྨྲ་བར་བྱ་སྟེ། འཁྲུལ་པ་མེད་པ་ཉིད་ལ་འཁྲུལ་པ་མེད་དོ་ཞེས་པས། དབང་པོ་དང་དོན་ཕྲད་པ་ལས་སྐྱེས་པའི་ཤེས་པ་འཁྲུལ་པ་མ་ཡིན་ཏེ། ཡིད་ཀྱི་ཤེས་པ་ཁོ་
ན་འཁྲུལ་པ་ཅན་ཉིད་ཀྱི་ཕྱིར་རོ། །ཟླ་བ་གཉིས་ལ་སོགས་པའི་ཤེས་པ་ནི་ཕྲད་པ་ལས་སྐྱེས་པ་སྨོས་པ་ཁོ་ནས་གསལ་ལོ། །སློབ་དཔོན་གྱིས་ནི་འདིར་དེའི་སྐྱེས་བུའི་ཕྱོགས་ལ་སྐྱོན་གསུངས་པ་མེད་དེ། ཕྱོགས་ཙམ་བསྟན་པ་ཁོ་ནས་སྔ་མའི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ་ཞེས་བྱས་ནས་སོ། །
ཞེན་པ་ནི་ཞེས་པ་ལ་སོགས་པ་ཁྱད་པར་མི་སྲིད་པར་གསུངས་སོ། །དེ་མ་བརྟགས་པར་ཞེས་པ་ངེས་པ་ནི་འདི་ལྟ་བུའི་ངོ་བོ་ནི་བ་ལང་ཁོ་ན་སྟེ། རྟ་མ་ཡིན་ནོ་ཞེས་པ་ཡིན་ཞིང་། དེ་ཡང་ཇི་སྲིད་དུ་བ་ལང་ཉིད་ལ་སོགས་པའི་སྤྱི་ལ་རྣམ་པར་རྟོག་པར་མི་བྱེད་པ་དང་། དེས་དེ་དང་ལྡན་པར་སྦྱོར་བར་མི་བྱེད་
པ་དེ་སྲིད་དུ་ཉེ་བར་སྐྱེ་བ་མ་ཡིན་པ་ཁོ་ནའོ། །སྣ་ལ་སོགས་པའི་ཤེས་པ་རྣམས་སྤྱི་ལ་སོགས་པ་སྦྱོར་བ་ལ་ནུས་པ་ཡོད་པ་ཡང་མ་ཡིན་ཏེ། རྣམ་པར་རྟོག་པ་མེད་པ་ཉིད་ཀྱི་ཕྱིར། ཐ་སྙད་ལ་མི་མཁས་པའི་སྣ་ལ་སོགས་པའི་རྣམ་པར་ཤེས་པ་བཞིན་ནོ་ཞེས་པས་ཁྱད་པར་མི་སྲིད་དོ། །རྣམ་པར་རྟོགས་
པ་མེད་པ་ཉིད་མ་གྲུབ་བོ་ཞེ་ན། མ་ཡིན་ཏེ། དེ་མངོན་སུམ་དུ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །གཞན་ཡང་དོན་གཞན་ལ་རྣམ་པར་རྟོག་པ་ན་ཡང་མིག་གིས་གཟུགས་མཐོང་ལ། རྣམ་པར་རྟོག་པ་གཉིས་ཅིག་ཅར་དུ་ཁས་བླང་བར་བྱ་བའམ་ཡང་དག་པར་མྱོང་བར་བྱ་བ་ཡང་མ་ཡིན་ཞེས་པས་ཅིའི་ཕྱིར་མ་
གྲུབ། ཅི་སྟེ་ཞེས་པ་ལ་སོགས་པ་སྟེ། དོན་ཇི་ལྟ་བ་མ་ཡིན་པའི་ཤེས་པ་ནི་ལོག་པའི་ཤེས་པའོ། །སོགས་པའི་སྒྲས་ཐེ་ཚོམ་གྱི་ཤེས་པ་གཟུང་བར་བྱའོ། །དོན་ཇི་ལྟ་བ་བཞིན་མ་ཡིན་པ་ལ་སོགས་པའི་ཤེས་པ་དེ་བཟློག་པའི་ཆེད་དུ་ཞེན་པའི་བདག་ཉིད་ཅེས་བརྗོད་པར་བྱའོ། །འདི་སྐད་
བསྟན་ཏེ། འདིར་ཞེས་པའི་སྒྲ་ངེས་པའི་རྣམ་གྲངས་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཡང་དག་པའི་དོན་འཛིན་པའི་རྣམ་གྲངས་སོ། །ཞེན་པའི་བདག་ཉིད་ཅེས་པ་ནི་ཡང་དག་པའི་དོན་འཛིན་པའི་རང་བཞིན་ཞེས་པའི་དོན་ཏོ། །ཅིའི་ཕྱིར་ཁྱད་པར་མི་རིགས་ཤེ་ན། གསུངས་པ། མི་འཁྲུལ་པའི་

ཕྱིར་ཡང་ཞེས་པ་སྟེ། ཡང་གི་སྒྲ་ལས་དབང་པོའི་བློ་ལ་དོན་ཇི་ལྟ་བ་ཉིད་མ་ཡིན་པ་མི་སྲིད་པའི་ཡང་ཕྱིར་རོ། །ཅིའི་ཕྱིར་མི་སྲིད་ཅེ་ན། གསུངས་པ། ཐམས་ཅད་ནི་ཞེས་པ་ལ་སོགས་པ་སྟེ། ཙམ་གྱི་སྒྲ་ནི་དོན་ཇི་ལྟ་བ་བཞིན་མ་ཡིན་པ་འཛིན་པ་བསལ་བའི་དོན་ཏོ། །རང་གི་དོན་སྨོས་པ་ཙམ་
གྱིས་མི་སྲིད་པར་སྟོན་ཏོ། །གང་བཟློག་པའི་ཆེད་དུ་འདོད་པ་དོན་ཇི་ལྟ་བ་མ་ཡིན་པ་ཉིད་དེ་ནི་དབང་པོའི་ཤེས་པ་ལ་མི་སྲིད་པ་ཁོ་ནའོ། །གལ་ཏེ་དབང་པོའི་བློ་ཞེས་སྤྱིའི་སྒྲ་ཡིན་པ་དེ་ལྟ་ན་ཡང་སྐབས་ལས་དབང་པོ་དང་དོན་ཕྲད་པ་ལས་སྐྱེས་པ་ཁོ་ན་ལ་འཇུག་སྟེ། མི་འཁྲུལ་པའི་ཕྱིར་ཞེས་པ་
འདིས་འདི་བསྟན་ཏོ། །གལ་ཏེ་ཡང་རྨོངས་པ་སྲིད་པར་སེམས་ན། དེ་ལྟ་ན་ཡང་དེ་སྔར་ཁོ་ནར་བསལ་ཟིན་ཏེ། མ་འཁྲུལ་བ་ཞེས་པའི་ཁྱད་པར་འདིས་སོ། །དེས་ན་ཞེན་པའི་བདག་ཉིད་ཀྱི་ཚིག་འདིས་ཅི་ཞིག་ཅེས་པའོ། །ཡང་ན་མི་སྲིད་པའི་ཕྱིར་མི་རིགས་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་མི་
འཁྲུལ་པའི་ཕྱིར་ཡང་ངོ་། །མི་འཁྲུལ་པ་དེ་ཐམས་ཅད་ནི་ཞེས་པ་ལ་སོགས་པས་སྟོན་ཏོ། །འགའ་ཞིག་ཏུ་ཡང་གི་སྒྲ་མི་འདོན་ཏེ། དེ་ལ་དོན་ནི། དེ་ལྟ་ན་ཡང་ཁྱད་པར་ཅི་ལྟར་མི་རིགས་ཤེ་ན། གསུངས་པ། མ་འཁྲུལ་པའི་ཕྱིར་ཞེས་པ་སྟེ། དོན་ཇི་ལྟ་བ་ཉིད་ཀྱི་དབང་པོའི་ཤེས་པ་ལ་འཁྲུལ་
པ་མེད་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །འཁྲུལ་པ་མེད་པ་ཇི་ལྟར་ཞེ་ན་གསུངས་པ། ཐམས་ཅད་ནི་ཞེས་པ་ལ་སོགས་པའོ། །འོ་ན་ཞེན་པའི་བདག་ཉིད་ཅེས་པ་འདིར་བདག་ཉིད་ཀྱི་སྒྲ་ནི་འབྲས་བུའི་རྣམ་གྲངས་མ་ཡིན་ནམ། དེ་ལས་ཀྱང་ཇི་སྐད་བཤད་པའི་སྐྱོན་མེད་དོ་ཞེ་ན་གསུངས་པ།
འདིས་ནི་ཞེས་པ་ལ་སོགས་པ་སྟེ། སོ་སོར་བརྗོད་དེ་སོ་སོར་སྤངས་སོ། །ཞེན་པའི་འབྲས་བུ་ཅན་ཞེས་པ་ཞེན་པ་འདིའི་འབྲས་བུའོ་ཞེས་ཚིག་རྣམ་པར་སྦྱར་རོ། །ཅི་ལྟར་སོ་སོར་བརྗོད་ཅེ་ན། གསུངས་པ། ཡོད་ན་ནི་མ་ཡིན་ཏེ་ཞེས་པ་ལ་སོགས་པ་སྟེ། དབང་པོའི་བློའི་དེ་མ་ཐག་པར་སྤྱིའི་རྣམ་པར་
དོན་དུ་བློ་ལ་ཀུན་ནས་ཞེན་ཏེ། དེ་ལྟར་དེ་ལ་ཀུན་ནས་ཞེན་པ་མེད་པའི་མིང་དང་རིགས་ལ་སོགས་པའི་སྦྱོར་བ་མི་སྲིད་པ་ཁོ་ནའོ། །དེའི་དེ་མ་ཐག་ཏུ་འདི་ཅི་ཞེས་མངོན་པར་རྟོགས་པའི་རྣམ་པར་རྟོག་པའོ། །དེ་ལས་སྔར་ཉམས་སུ་མྱོང་བའི་རྗེས་སུ་འབྲང་བས་རྗེས་སུ་དྲན་པའི་རྣམ་པར་རྟོག་པའོ། །དེའི་དེ་མ་

ཐག་པའི་ངེས་པར་རྟོག་པའི་རྣམ་པར་རྟོག་པ་ངེས་པའི་བདག་ཉིད་ཅན་དུ་འགྱུར་རོ། །དེའི་ཕྱིར་ཞེན་པ་གང་གི་འབྲས་བུ་ཡིན་པའི་ཤེས་པ་དེ་གལ་ཏེ་དབང་པོ་དང་དོན་ཕྲད་པ་ལས་བྱུང་བར་འདོད་ན་དེ་ལྟར་གྱུར་ན་སྔར་ཉམས་སུ་མྱོང་བ་དྲན་པའི