Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 193
Văn bản gốc(Tây Tạng)
Trang 9 / 21 (50.000 ký tự/trang)
་གཙོ་བོའི་ཞེས་པ་ནི་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །གཞན་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་པ། རྗེས་སུ་འགྲོ་བ་ཡང་ཐ་དད་པ་རྣམས་ཀྱི་བདག་ཉིད་དུ་གྱུར་པ་སྟེ། དེའི་ཆོས་ཉིད་ཀྱི་ཕྱིར་ཏེ། ཆོས་དང་ཆོས་ཅན་དག་ཀྱང་གཞན་མ་ ཡིན་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཐ་དད་པ་བཞིན་དུ་དེ་ཡང་རྒྱུ་མཚན་ཅན་ཉིད་དུ་འཐད་དོ། །དེ་བཞིན་དུ་ཚད་ཅན་ལ་སོགས་པ་རྣམས་ཀྱི་ཡང་རིག་པར་བྱའོ། །རྣམ་ལྔ་མིན་ཞེས་པ་རྗེས་སུ་འགྲོ་བ་ལ་སོགས་པ་རྣམས་ཐ་དད་པའི་བདག་ཉིད་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །ཐ་དད་པ་རྣམས་ཁོ་ན་གཅིག་པུ་ ཅན་དུ་འགྱུར་རོ། །འགའ་ཞིག་མིན་ཞེས་པ་ལ་སོགས་པས། གང་ཐ་དད་པ་རྣམས་ཀྱི་འགྲུབ་པར་བྱེད་པ་པོ་གཙོ་བའི་ཆོས་དེ་རྣམས་ནི་དེས་རྟོགས་པར་བྱ་བ་རྣམས་ཏེ། གཅིག་ཉིད་ལ་སོགས་པ་བཞིན། ཆ་ཤས་མེད་པའི་ལུས་ལ་སོགས་པ་རྣམས་ཀྱང་དེ་ལྟ་བུའོ། །དེ་བཞིན་དུ་གང་གཙོ་བོས་འགྲུབ་ པར་བྱ་བ་ཐ་དད་པའི་ཆོས་དེ་རྣམས་ནི་དེའི་རྟོགས་པར་བྱེད་པ་རྣམས་ཏེ། རྗེས་སུ་འགྲོ་བ་ལ་སོགས་པ་བཞིན། ཡོད་པ་ཉིད་དང་ཁྱབ་བདག་ཉིད་ལ་སོགས་པ་རྣམས་ཀྱང་དེ་ལྟ་བུའོ་ཞེས་པ་རང་བཞིན་གྱི་ཐལ་བར་འགྱུར་བ་གཉིས་གསུངས་སོ། །འོ་ན་གལ་ཏེ་ཡང་ རྣམ་པ་ཐམས་ཅད་དུ་རྒྱུ་མཚན་དང་རྒྱུ་མཚན་ཅན་གྱི་དངོས་པོ་ཡིན་པ་དེ་ལྟ་ན་ཡང་དེ་ལྟར་མ་ངེས་པའི་ཕྱིར་རྣམ་པ་ཐམས་ཅད་དུ་གོ་བར་བྱ་བ་དང་གོ་བར་བྱེད་པ་ཉིད་དུ་ཐལ་བ་མ་ཡིན་ནོ་ཞེ་ན། ཐུན་མོང་དུ་མངོན་སུམ་པ་ཡང་ངེས་པར་མ་བཟུང་བའི་དོན་ཁྱད་པར་མཐོང་བ་ལས་ཁྱད་པར་དུ་རྟོགས་པར་བྱེད་ དོ་ཞེས་པ་ལ་སོགས་པའི་ཚིག་ལ། རྟགས་ཀྱི་ཤེས་པ་ནི་ངེས་པའི་བདག་ཉིད་ཅན་དུ་འདོད་པ་ཉིད་ཀྱི་ཕྱིར་རོ། །མ་ངེས་པར་འདོད་པ་རྣམས་ཀྱི་ཡང་རྟགས་ཀྱི་ཆོས་རྣམས་གཞན་མ་ཡིན་པ་ཉིད་ཀྱི་ཕྱིར་འདི་ནི་ལན་མ་ཡིན་ནོ། །དེ་ལྟར་འགྱུར་མོད། དེ་ལྟར་གོ་བར་བྱ་བ་དང་གོ་བར་བྱེད་པའི་ དངོས་པོར་འདོད་པ་ཁོ་ནའོ་ཞེ་ན་གསུངས་པ། ཐ་དད་པ་རྣམས་ཀྱི་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་རྗེས་སུ་འགྲོ་བ་ལ་སོགས་པ་རྣམས་ཁོ་ན་བསྟན་བཅོས་སུ་གཏན་ཚིགས་ཉིད་དུ་གཟུང་བར་བྱའི། ཡོད་པ་ཙམ་ལ་སོགས་པ་རྣམས་ནི་མ་ཡིན། གཙོ་བོའི་ཡང་ཡོད་པ་ཉིད་ལ་སོགས་ པ་རྣམས་ཁོ་ན་བསྒྲུབ་པར་བྱ་བ་ཉིད་དུ་ཡིན་གྱི། ཆ་ཤས་མེད་པ་ཉིད་ལ་སོགས་པ་རྣམས་ནི་མ་ཡིན་པ་དེའི་ཕྱིར། རྒྱུ་མཚན་དང་རྒྱུ་མཚན་ཅན་གྱི་དངོས་པོ་ནི་གཙོ་བོ་ཡོད་པ་ཉིད་ལ་སོགས་པ་རྟོགས་པར་བྱེད་པའི་གཏན་ཚིགས་མ་ཡིན་ནོ། །ཡང་ཅི་ལྟར་གཙོ་བོའི་ཆ་ཤས་མེད་པ་ཉིད་ཡིན། ཇི་ཙམ་གྱིས་སྙིང་སྟོབས་ལ་སོགས་པ་དེའི་ཆ་ཤས་རྣམས་སུ་འགྱུར་བ་ཁོ་ནའོ་ཞེ་ན། དེ་དང་བྲལ་བའི་ཆ་ཤས་ཡོད་པ་མ་ཡིན་པའི་ཕྱིར་ཆ་ཤས་མེད་པ་ཉིད་དོ་ཞེས་པས་སྐྱོན་མེད་དོ། །གཙུག་ཕུད་ཅན་གྱི་དོན་བཅུ་ཞེས་པ་ཡོད་པ་ཉིད་དང་། གཅིག་ཉིད་དང་། དོན་དོན་དང་ལྡན་པ་ཉིད་དང་། གཞན་གྱི་དོན་ཉིད། གཞན་ཉིད་དང་། བྱེད་པ་པོའི་དངོས་པོ་མ་ཡིན་པ་དང་། སྦྱོར་བ་དང་། འབྲལ་བ་དང་། མང་པོའི་སྐྱེས་བུ་རྣམས་དང་། གནས་པ་སྟེ། ལུས་ཀྱི་ཡང་ལྷག་མར་འཇུག་པས་ཞེས་པ་འདི་རྣམས་སུ་རིག་པར་བྱའོ། །དེའི་ཕྱིར་གང་གང་དུ་རྗེས་སུ་མཐུན་པ་ཞེས་སྦྱར་བར་བྱ་ལ། དེ་ཡང་མེད་ན་མི་འབྱུང་བ་ཁོ་ནའོ། །འོ་ན་རྒྱུ་མཚན་དང་རྒྱུ་མཚན་ཅན་གྱི་དངོས་པོས་དེ་ཡང་འཕངས་པ་ཁོ་ན་མ་ཡིན་ནམ། རྒྱུ་མཚན་ཅན་ནི་རྒྱུ་མཚན་མེད་ན་མི་འབྱུང་བ་ཉིད་ཀྱི་ཕྱིར་རོ་ཞེ་ན། འཕངས་པ་བདེན་མོད། ཕ་རོལ་པོས་ནི་རྒྱུ་མཚན་དང་རྒྱུ་མཚན་ཅན་གྱི་དངོས་པོས་འབྲེལ་པའི་ རྟགས་གོ་བར་བྱེད་པ་ཉིད་དུ་འདོད་པས། རྒྱུ་མཚན་ཡང་གོ་བར་བྱེད་པ་ཉིད་དུ་ཁས་བླངས་པར་བྱས་ཏེ། དེ་ཡང་དེ་དང་འབྲེལ་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་དུ་གོ་བར་བྱ་བ་དང་གོ་བར་བྱེད་པ་ཉིད་དེ་རྣམ་པ་ཐམས་ཅད་དུ་རྒྱུ་མཚན་དང་རྒྱུ་མཚན་ཅན་ཡོད་པའི་ཕྱིར་རོ་ཞེས་པའོ། །དེའི་ ཕྱིར་དེའི་འདི་མི་འདོད་པ་ལྟུང་བའོ། །གལ་ཏེ་ཡང་རྒྱུ་མཚན་དང་རྒྱུ་མཚན་ཅན་གྱི་དངོས་པོས་གང་ཞིག་གི་མེད་ན་མི་འབྱུང་བ་ཡིན་པ་དེ་གོ་བར་བྱེད་པའོ་ཞེས་ཁས་བླངས་ན། རྣམ་པ་ཐམས་ཅད་དུ་རྒྱུ་མཚན་དང་རྒྱུ་མཚན་ཅན་གྱི་དངོས་པོར་མི་འགྱུར་ཞིང་། མི་འདོད་པ་ཅུང་ཟད་དུ་འགྱུར་བ་ མ་ཡིན་ནོ། །དེ་བཞིན་ཞེས་པ་ལ་སོགས་པས་འབྲེལ་པ་ཅིག་ཤོས་རྣམས་ལ་ཡང་ཇི་སྐད་བཤད་པའི་སྐྱོན་སྟོན་ཏོ། །ཆ་ཤས་ཁོ་ནས་ཞེས་པ་རྣམ་པ་འགའ་ཞིག་གིས་ཞེས་པའི་དོན་ཏོ། །འབྲེལ་མིན་ཉིད་དུ་ཡང་དག་བརྗོད། །ཅེས་པ། འབྲེལ་མིན་ཉིད་ཅེས་པ་འདི་ནི་མ་ཡིན་པར་དགག་ པའོ། །རྗེས་སུ་དཔག་པར་བྱ་བ་རྟོགས་པའི་གཏན་ཚིགས་ཀྱི་འབྲེལ་པའི་འབྲེལ་པ་ཉིད་གང་ཡིན་པ་དེ་ལས་གཞན་པའི་འབྲེལ་པ་ནི་བཤད་དོ་ཞེས་པའི་དོན་དུ་རིག་པར་བྱའོ། །རྣམ་པ་གཞན་དུ་ན་འབྲེལ་པ་རྣམས་ཀྱི་འབྲེལ་པ་མེད་པ་ཉིད་མི་འཐད་པའི་ཕྱིར་འགལ་བར་འགྱུར་རོ། །འོ་ན་ནོར་ དང་ནོར་ཅན་གྱི་དངོས་པོ་ལ་སོགས་པའི་འབྲེལ་པ་རྣམས་གསལ་བྱེད་རྣམས་ཡིན་ལ། དེའི་ཕྱིར་དེའི་སྒོ་ནས་རྟགས་ཀྱིས་གསལ་བར་བྱེད་ཅིང་རང་གི་འབྲེལ་པ་དང་རྗེས་སུ་མཐུན་པ་ཉིད་ལས་ཆ་འགའ་ཞིག་ཁོ་ནས་གསལ་བར་བྱེད་དོ་ཞེས་པ་རིགས་སོ། །དེས་ན་རྣམ་པ་ཐམས་ཅད་དུ་གོ་བར་ བྱ་བ་དང་གོ་བར་བྱེད་པའི་དངོས་པོ་གང་ལས་ཡིན་ཞེ་ན་གསུངས་པ། ནོར་དང་ནོར་ཅན་སོགས་ཙམ་གྱིས། །ཞེས་པ་ལ་སོགས་པ་སྟེ། རང་གི་ལྟ་བ་ལས་རྒྱལ་པོ་ལ་སོགས་པ་ལ་ནོར་ཅན་གྱི་རྣམ་པ་ཁོ་ནར་རྟོགས་པར་འགྱུར་ལ། དཔལ་དགའ་བ་ལ་སོགས་པ་བྱེ་བྲག་ཏུ་ནི་མ་ཡིན་ནོ། ། ཅིའི་ཕྱིར་ཞེ་ན་གསུངས་པ་རྣམ་པ་གཞན་དུ་ཤེས་ན་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་རང་གི་འབྲེལ་པའི་རྗེས་སུ་མཐུན་པ་ཉིད་ལས་ལོག་པར་འཛིན་པར་ནུས་པར་འདོད་ན། དེ་ཁོ་ན་རྣམ་པ་ཐམས་ཅད་དུ་གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོར་འགྱུར་རོ། ། ནོར་ཉིད་ཀྱི་ཆ་ནས་ཀྱང་ཞེས་པ་ལ་སོགས་པ་སྟེ། ཡོད་པའི་སྙིང་སྟོབས་ཀྱི་ཆ་ཡང་ནོར་ཅན་ཉིད་ཙམ་གྱིས་འབྲེལ་པ་ཡིན་ལ། དེས་ན་གལ་ཏེ་འབྲེལ་པའི་རྗེས་སུ་མཐུན་པ་ཉིད་ལས་དེ་ཁོ་ནས་དེ་ཁོ་ན་གསལ་བར་འདོད་ན་ནོར་ཅན་ཉིད་ཙམ་རྟགས་ཅན་ལ་རྟོགས་པར་འགྱུར་རོ། ། ཅིའི་ཕྱིར་ཞེ་ན་གསུངས་པ། མ་ཡིན་ཞེས་པ་ལ་སོགས་པ་སྟེ། འབྲེལ་པ་ལ་ལྟོས་པ་མེད་པས་རྟོགས་པར་བྱེད་ན་ཧ་ཅང་ཐལ་བར་འགྱུར་རོ་ཞེས་པ་དགོངས་པའོ། །དེ་ལས་ཤིན་ཏུ་འདས་ན་ཞེས་པ་དེ་མ་ཐག་པར་བརྗོད་པའི་དོན་ལས་ཤིན་ཏུ་འདས་ནའོ། །གལ་ཏེ་རང་གི་འབྲེལ་པའི་སྒོ་མ་ གཏོགས་པར་གཞན་དུ་སྟེ། རྣམ་པ་གཞན་གྱིས་ཀྱང་རང་གི་དོན་རྟོགས་པར་ནུས་པར་འགྱུར་ན་ནི། རང་གི་འབྲེལ་པ་དང་རྗེས་སུ་མཐུན་པས་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཞར་ལ་འོངས་པས་ཆོག་གོ་ཞེས་པ་ནོར་དང་ནོར་ཅན་ལ་སོགས་པའི་རྟགས་དང་རྟགས་ཅན་རྣམས་ཞར་ལ་ བྱུང་བས་བླངས་པའོ་ཞེས་སྟོན་པར་བྱེད་དོ། །གསལ་བྱ་གསལ་བྱེད་དངོས་པོ་ཡིས། །ཞེས་པ། གལ་ཏེ་གསལ་བྱ་གསལ་བྱེད་ཀྱི་དངོས་པོས་རྒྱུ་མཚན་དང་རྒྱུ་མཚན་ཅན་གྱི་དངོས་པོ་འདོད་ན། དེ་ལས་རྒྱུ་མཚན་དང་རྒྱུ་མཚན་ཅན་གྱི་དངོས་པོ་གཅིག་པུ་ཁོ་ན་གསལ་བྱེད་དུ་བརྗོད་པར་བྱ་བ་ མིན་ནོ། །ཅིའི་ཕྱིར་ཞེ་ན་གསུངས་པ། དེ་རྣམ་བདུན་ཞེས་པ་སྟེ། གོ་བྱ་གོ་བྱེད་ཀྱི་དངོས་པོ་ནི་གསལ་བྱ་གསལ་བྱེད་ཀྱི་དངོས་པོ་ཡིན་ཞིང་། འབྲེལ་པ་བདུན་པོ་རྣམས་ཀྱིས་ཀྱང་རྗེས་སུ་དཔག་པར་བྱ་བ་རྟོགས་ཏེ། དེའི་ཕྱིར་དེ་ཁོ་ན་རྣམ་པ་བདུན་ཞེས་ཁས་བླང་བར་བྱའོ། །རྣམ་པ་གཞན་དུ་ ན་གཞན་རྣམས་གསལ་བར་བྱེད་པ་མ་ཡིན་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་ཐ་དད་པ་ཉིད་ཀྱི་ཕྱིར་ཞེས་པ། རྒྱུ་མཚན་དང་རྒྱུ་མཚན་ཅན་གྱི་དངོས་པོ་ལས་གཞན་ཉིད་ཀྱི་ཕྱིར་རོ། །སྔར་བརྗོད་ཟིན་ཏོ་ཞེས་པ་དེ་ཡང་གཞན་ལས་རྟོགས་པའི་ཕྱིར་དོན་མེད་པའོ་ཞེས་པ་འདིས་དོན་འདི་སྔར་ཁོ་ནར་བཤད་ ཟིན་ཏོ། །རྒྱུ་མཚན་དང་རྒྱུ་མཚན་ཅན་གྱི་དངོས་པོ་ཞེས་ཀྱང་བརྗོད་པར་མི་བྱའོ་ཞེས་པ་གལ་ཏེ་རྒྱུ་མཚན་དང་རྒྱུ་མཚན་ཅན་གཉིས་ཀ་དག་གི་གོ་བར་བྱེད་པ་ཉིད་དུ་འགྱུར་ན། དེ་སྐད་སྨྲ་བར་རིགས་པ་ལས། གཉིས་ཀ་དག་གི་གོ་བར་བྱེད་པ་ཉིད་ཀྱང་མ་ཡིན་གྱི། འོན་ཀྱང་རྒྱུ་མཚན་ ཅན་ཁོ་ནའིའོ། །དེ་སྟོན་པར་བྱེད་དེ། གང་གི་ཕྱིར་མངོན་པར་གསལ་བར་བྱེད་པ་ནི་འདིར་རྒྱུ་མཚན་ཉིད་ཅེས་པ་ལ། འདིར་ཏེ་རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བའི་ཐ་སྙད་ལ་མངོན་པར་གསལ་བར་བྱེད་པ་ནི་རྒྱུ་མཚན་ཉིད་ཁོ་ནའོ། །ཡང་རྒྱུ་མཚན་ཉིད་ཅེས་བྱ་བ་འདི་ཅི་ཞེ་ན། རྒྱུ་མཚན་ཏེ་དུ་བ་ལ་སོགས་པའི་རང་གི་བསྒྲུབ་པར་བྱ་བ་ལ་མེད་ན་མི་འབྱུང་བ་སྟེ། རབ་ཏུ་འཇུག་པའི་རྒྱུ་མཚན་གང་གིས་དེ་ལ་རྒྱུ་མཚན་གྱི་སྒྲ་རབ་ཏུ་འཇུག་པ་དེ་ནི་རྒྱུ་མཚན་ཉིད་དོ། །རྒྱུ་མཚན་ཉིད་ནི་མ་ཡིན་ནོ། །ཞེས་པ། གསལ་བར་བྱེད་པ་ཞེས་པ་འདི་དང་སྦྲེལ་བར་བྱའོ། །འདིར་ ཡང་བསྒྲུབ་པར་བྱ་བའི་ཆ་ཤས་གང་ཡིན་པ་གོ་བར་བྱ་བ་དེ་ནི་རྒྱུ་མཚན་ཅན་ཉིད་དོ། །ཡང་ཅིའི་ཕྱིར་རྒྱུ་མཚན་ཅན་ནི་གསལ་བར་བྱེད་པ་མ་ཡིན་ཞེ་ན་གསུངས་པ། གསལ་བར་བྱ་བ་ཉིད་ཀྱི་ཕྱིར་རོ་ཞེས་པ། བསྒྲུབ་པར་བྱ་བ་ཉིད་ཀྱི་ཕྱིར་རོ་ཞེས་པའི་དོན་ཏོ། །གྲུབ་པ་ནི་གོ་བར་བྱེད་པ་ཉིད་ དུ་འགྱུར་གྱི། བསྒྲུབ་པར་བྱ་བ་ནི་མ་ཡིན་ནོ། །དེའི་ཕྱིར་རྒྱུ་མཚན་གྱི་དངོས་པོ་ཞེས་པ་ཁོ་ན་བརྗོད་པར་བྱ་བའི་རྒྱུ་མཚན་དང་རྒྱུ་མཚན་གྱི་དངོས་པོ་ཞེས་ནི་མ་ཡིན་ནོ། །འདིར་འགྱུར་མོད། རྒྱུ་མཚན་དང་རྒྱུ་མཚན་ཅན་དག་གི་དངོས་པོ་ནི་རྒྱུ་མཚན་དང་རྒྱུ་མཚན་ཅན་གྱི་དངོས་པོ་ཞེས་རྣམ་ པར་ཤེས་པར་བྱ་བ་མ་ཡིན་ལ། དེ་ལྟར་ཤེས་པར་བྱ་བ་ན་ནི་རྒྱུ་མཚན་ཅན་སྨོས་པ་དོན་མེད་པར་འགྱུར་ཏེ། རྒྱུ་མཚན་གྱི་དངོས་པོ་ཁོ་ན་གོ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ། །འོ་ན་ཅི་ལྟར་ཞེ་ན། རྒྱུ་མཚན་གྱི་རྒྱུ་མཚན་ཅན་དང་ཡོད་པ་ཞེས་པ་སྟེ། དེ་ཡང་མེད་ན་མི་འབྱུང་བར་འགྱུར་ཏེ། འདི་ལས་ བསྒྲུབ་པར་བྱ་བ་འགྲུབ་པའི་རྒྱུ་མཚན་ཞེས་མངོན་པར་བརྗོད་པ་དང་རྐྱེན་ཡང་ངོ་ཞེས་བྱས་ནས་སོ། །རྒྱུ་མཚན་ཡོད་པ་ཞེས་པ་འདི་ཙམ་བརྗོད་པར་བྱ་བ་ན། ཅི་ཞིག་དང་ལྷན་ཅིག་རྒྱུ་མཚན་ཡོད་པ་མེད་ན་མི་འབྱུང་བའི་མཚན་ཉིད་ཡིན་ཞེས་མི་ཤེས་སོ། །དེའི་ཕྱིར་སོ་སོར་སྦྱོར་བའི་ཟླ་བོ་རྟོགས་ པར་བྱ་བའི་ཆེད་རྒྱུ་མཚན་གྱི་སྒྲ་ཉེ་བར་བླངས་པའོ་ཞེ་ན། འདི་ནི་ཡོད་པ་མ་ཡིན་ཏེ། རྒྱུ་མཚན་ནི་ངེས་པར་རྒྱུ་མཚན་ཅན་ལ་ལྟོས་པ་ཉིད་ཀྱི་ཕྱིར། དེ་སྐད་མ་བརྗོད་ན་ཡང་སོ་སོར་སྦྱོར་བའི་ཟླ་བོ་རྟོགས་སོ་ཞེས་པས་རྒྱུ་མཚན་ཅན་སྨོས་པ་འབྲས་བུ་མེད་པའོ། །གང་ ཡང་སྨྲས་པ་ཞེས་པ། ལྟ་བ་གཞན་ལ་སུན་འབྱིན་བསྒྲེས་ནས་སྟོན་ཏོ། །ལྷན་ཅིག་སྤྱོད་པའི་དངོས་པོ་ནི་རྗེས་སུ་འགྲོ་བ་ལ་སོགས་པ་རྣམས་གཙོ་བོ་མེད་ན་ཡོད་པ་མ་ཡིན་པའོ། །ལྷན་ཅིག་སྤྱོད་པའི་དངོས་པོའོ་ཞེས་པས་རྗེས་སུ་འགྲོ་བ་ལ་སོགས་པ་རྣམས་ཀྱིས་གཙོ་བོ་ལ་སོགས་པ་དབང་པོ་ ལས་འདས་པའི་དོན་རྟོགས་པ་ཡང་མ་ཡིན་ནོ། །དབང་པོ་ལས་འདས་པའི་དོན་རྟོགས་པར་བྱེད་པའི་གཏན་ཚིགས་བསྟན་བཅོས་སུ་བཤད་པ་ནི་རྗེས་སུ་དཔག་པ་ལྷག་མ་དང་ལྡན་པ་ཡང་ངོ་། །ལྷན་ཅིག་སྤྱོད་པའི་དངོས་པོའི་འབྲེལ་བ་ཡང་གཙོ་བོ་དང་རྗེས་སུ་འགྲོ་བ་ལ་སོགས་པ་རྣམས་ ཀྱི་འདི་ལྷག་མ་དང་ལྡན་པར་རིགས་པ་ཡང་མ་ཡིན་ནོ། །ལྷན་ཅིག་སྤྱོད་པའི་དངོས་པོ་ནི་འབྲས་བུ་དང་རྒྱུའི་དངོས་པོ་མ་ཡིན་ཏེ། ཐ་དད་པར་ངེས་པར་བསྟན་པའི་ཕྱིར་རོ། །གཞན་ཡང་རྣམ་པར་གནས་པ་གཉིས་དག་གིས་ལྷན་ཅིག་སྤྱོད་པའི་དངོས་པོར་འགྱུར་ཏེ། ངུར་པ་བཞིན་ནོ། །འབྲས་ བུ་དང་རྒྱུ་དག་ཅིག་ཅར་ཡོད་པ་ཡང་མ་ཡིན་ཏེ་འབྲས་བུའི་དུས་ན་རྒྱུ་མི་སྣང་བར་འགྱུར་བའི་ཕྱིར་རོ། །དེས་ན་ལྷན་ཅིག་སྤྱོད་པའི་དངོས་པོ་དེ་ལས་དབང་པོ་ལས་འདས་པའི་དོན་རྟོགས་པ་ག་ལས་ཡིན། རྗེས་སུ་འགྲོ་བ་ལ་སོགས་པ་རྣམས་ཀྱིས་དབང་པོ་ལས་འདས་པའི་དོན་རྟོགས་པར་ཁས་བླངས་ལ། དེ་ལྷན་ཅིག་སྤྱོད་པའི་དངོས་པོའི་འབྲེལ་པས་སྦྱོར་རོ་ཞེས་པ་ཁས་བླངས་པ་ཉམས་སོ། །དེའི་ཕྱིར་འདི་དག་ཁོ་ན་མ་ཡིན་ནོ་ཞེས་པས་གཞན་ཡང་འདོད་པར་བྱ་སྟེ། གང་ལས་རྗེས་སུ་འགྲོ་བ་ལ་སོགས་པ་རྣམས་ཀྱིས་གཙོ་བོ་ལ་སོགས་པ་འགྲུབ་པར་འགྱུར་བའོ། །རྗེས་སུ་དཔག་པ་རྣམ་པ་གཉིས་ ཞེས་པ་སྟེ། དེ་ལ་ཁྱད་པར་མཐོང་བ་ནི། གང་གི་ཚེ་མེ་དང་དུ་བ་འབྲེལ་པ་མཐོང་ནས། དུ་བ་དེ་ཁོ་ནས་མེ་དེ་ཁོ་ནའི་ཡང་དང་ཡང་དུ་མེ་དེ་ཁོ་ན་འདིའོ་ཞེས་ཡོད་པ་ཉིད་དུ་རྟོགས་པར་བྱེད་པའོ། །སྤྱིར་མཐོང་བ་ནི་གང་འགའ་ཞིག་ཏུ་དུ་བ་དང་མེ་འབྲེལ་པར་མཐོང་ནས། དུས་ཕྱིས་དུ་བ་ཙམ་ མཐོང་བ་ལས་མེ་སྤྱིར་རྗེས་སུ་དཔོག་པའོ། །སྤྱིར་མཐོང་བའི་རྗེས་སུ་དཔག་པ་འདི་ཡང་རྣམ་པ་གཉིས་ཏེ། སྔ་མ་དང་ལྡན་པ་དང་ལྷག་མ་དང་ལྡན་པའོ། །དེ་ལ་སྔ་མ་དང་ལྡན་པ་ནི་གང་གི་ཚེ་རྒྱུ་མ་ཚང་བ་མེད་པ་མཐོང་ནས་འབྲས་བུ་འབྱུང་བར་འགྱུར་བ་ཉིད་རྟོགས་པ་སྟེ། དཔེར་ན་སྤྲིན་བྱུང་ བ་མཐོང་ནས་ཆར་པ་འབྱུང་བར་འགྱུར་བ་ཉིད་ལྟ་བུའོ། །ལྷག་མ་དང་ལྡན་པ་ནི་གང་གི་ཚེ་འབྲས་བུ་གྲུབ་པ་མཐོང་ནས་རྒྱུ་བྱུང་ཟིན་པ་ཉིད་རྟོགས་པ་སྟེ། དཔེར་ན་ཆུ་ཀླུང་གསར་དུ་ཆུ་འཕེལ་བ་མཐོང་བ་ནས་སྤྲིན་བྱུང་བ་ཉིད་ལྟ་བུའོ། །དེ་ལ་སྔ་མ་དང་ལྡན་པའི་རྗེས་སུ་དཔག་པ་ནི་འཁྲུལ་པའོ། ། ལྷག་མ་དང་ལྡན་པ་རྣམ་པར་དཔྱད་པ་དང་བཅས་པ་ནི་འཁྲུལ་པ་མེད་པའོ། །དེ་རྣམས་ཀྱིས་གང་འདི་སྤྱིར་མཐོང་བའི་རྗེས་སུ་དཔག་པ་ལྷག་མ་དང་ལྡན་པ་འདི་ནི་དབང་པོ་ལས་འདས་པའི་དངོས་པོ་རྣམས་ཡང་དག་པར་རྟོགས་པར་བྱེད་པའོ་ཞེའོ། །དེ་དྲན་པར་འདོད་ཅེས་པ་འདི་ལ་འཐད་ པ་གསུངས་པ་མ་ཡིན་ཞེས་པ་ལ་སོགས་པའོ། །འདིས་ནི་སྔར་ཉམས་སུ་མྱོང་བ་དེ་ཁོ་ན་འདིའོ་ཞེས་སོ་སོར་ངོ་ཤེས་པ་དེ་ནི་དྲན་པའི་བདག་ཉིད་ཡིན་ཏེ། དཔེར་ན་དུ་བ་དེ་ཁོ་ན་འདིའོ་ཞེས་པའི་ཤེས་པ་བཞིན། ཁྱད་པར་མཐོང་བ་ཡང་ཇི་སྐད་བཤད་པའི་ཆོས་དང་ལྡན་པའོ་ཞེས་རང་བཞིན་གསུངས་སོ། ། འབྲས་བུ་དང་རྒྱུ་དག་ལས་ཞེས་པ་ལ་སོགས་པ་སྟེ། སྤྱིར་མཐོང་བ་ཁོ་ན་རྣམ་པ་གཉིས་ཞེས་ངེས་པར་བཟུང་བ་ནི་གཞན་རྣམ་པ་གཉིས་ཉིད་རྣམ་པར་གཅོད་པ་འབྲས་བུའོ། །དེ་ལས་ཀྱང་འབྲས་བུ་དང་རྒྱུ་དག་ལས་ཡང་དང་ཡང་དུ་རྗེས་སུ་དཔག་པ་མེད་པར་ཐལ་བར་འགྱུར་ལ། ཡང་དང་ཡང་དུ་ རྗེས་སུ་དཔོག་པ་ཁྱད་པར་མཐོང་བའོ་ཞེས་བྱས་ནས་ཞེས་པ་ཁས་བླངས་པ་ཉམས་སོ། །ཅི་སྟེ་ཞེས་པ་འདི་ལྟ་བུ་ལ་སོགས་པས་ཀྱང་ཁས་བླངས་པ་ཁོ་ན་གསུངས་སོ། །གང་གི་ཕྱིར་སྤྱིར་མཐོང་བ་རྣམ་པ་གཉིས་ཁོ་ནའི་ངེས་པར་གཟུང་བའི་འབྲས་བུ་ནི་གྲངས་གཞན་རྣམ་པར་སེལ་བའོ། །དེ་ལས་ ཀྱང་ནོར་དང་ནོར་ཅན་ལ་སོགས་པའི་འབྲེལ་པ་རྣམས་ཀྱིས་དེ་དང་པོར་རྗེས་སུ་དཔག་པར་མི་འགྱུར་རོ། །དེ་དང་པོར་སྨོས་པ་ནི་ཡང་དང་ཡང་རྗེས་སུ་དཔོག་པ་ལ། ཁྱད་པར་མཐོང་བ་སྲིད་པའི་ཕྱིར་རོ། །ཅིའི་ཕྱིར་སྤྱིར་མཐོང་བ་མེད་ཅེ་ན་གསུངས་པ། འདི་རྣམས་ལ་འབྲས་བུ་དང་རྒྱུའི་ དངོས་པོ་ཡོད་པ་ནི་མ་ཡིན་ཞིང་ཞེས་པ་སྟེ། འབྲས་བུ་དང་རྒྱུའི་དངོས་པོ་ལས་ཀྱང་སྤྱིར་མཐོང་བར་འདོད་དོ། །ཅི་ལྟར་ན་ཁྱད་པར་མཐོང་བ་མེད་ཅེ་ན་གསུངས་པ། ཁྱད་པར་འཛིན་པ་ཡང་མ་ཡིན་ནོ་ཞེས་པ་སྟེ། གཉིས་པ་ལ་སོགས་པའི་སྐད་ཅིག་རྣམས་ལ་དེ་ཁོ་ན་ འདིའོ་ཞེས་ཁྱད་པར་འཛིན་པ་སྲིད་དེ། དེའི་དངོས་པོ་ཞེས་བྱ་བའི་ཁྱད་པར་འཛིན་པའི་ཕྱིར་རོ། །སྐད་ཅིག་དང་པོ་ལ་ནི་མ་ཡིན་ནོ། །འབྲེལ་པ་རྣམ་བདུན་བསྟན་པ་དང་། །ཞེས་པ་ནོར་དང་ནོར་ཅན་གྱི་དངོས་པོ་ལ་སོགས་པ་རྣམས་སོ། །རྗེས་སུ་དཔག་པ་རྣམ་གཉིས་ཉིད། །ཅེས་པ། སྤྱིར་ མཐོང་བ་དང་ཁྱད་པར་མཐོང་བ་དག་ལས་གཞན་ཡང་སྲིད་པའི་ཕྱིར་རོ། །ནིའི་སྒྲ་གཅིག་ནི་གང་གི་ཕྱིར་གྱི་དོན་ལའོ། །གཉིས་པ་ནི་དེའི་ཕྱིར་གྱི་དོན་ལ་སྟེ། གང་གི་ཕྱིར་རྗེས་སུ་དཔག་པ་རྣམ་པ་གཉིས་ཁོ་ན་ཡིན་པ་དེའི་ཕྱིར་ནོར་དང་ནོར་ཅན་ལ་སོགས་པ་གསུམ་རྣམས་ཀྱིས་དང་པོར་རྗེས་སུ་ དཔག་པར་བྱ་བ་རྟོགས་པ་ན་རྗེས་སུ་དཔག་པ་གསུམ་པོ་གང་ཡིན་པ་དེ་རྣམས་གང་གི་ཁོངས་སུ་བསྡུ་སྟེ། དེར་གང་དུ་ཡང་ནང་དུ་འདུ་བ་མ་ཡིན་ནོ་ཞེས་པ་དགོངས་པའོ། །གསུམ་སྨོས་པ་ནི་རང་བཞིན་དང་རྣམ་འགྱུར་དང་། རྒྱུ་མཚན་དང་རྒྱུ་མཚན་ཅན་དང་ཙམ་པོ་དང་ཚད་ཅན་གྱི་དངོས་པོ་ རྣམས་འབྲས་བུ་དང་རྒྱུའི་དངོས་པོ་ཁོ་ནའི་ནང་དུ་འདུ་བའི་ཕྱིར་རོ། །རྗེས་སུ་གཟུང་བར་བྱ་བ་དང་རྗེས་སུ་འཛིན་པར་བྱེད་པ་ཉིད་ཀྱི་ཕྱིར་རོ་ཞེས་པ། ཕན་གདགས་པར་བྱ་བ་དང་ཕན་འདོགས་པར་བྱེད་པ་པོ་ཉིད་ཀྱི་ཕྱིར་རོ་ཞེས་པའི་དོན་ཏོ། །ཕན་གདགས་པར་བྱ་བ་དང་ཕན་འདོགས་པ་པོའི་དངོས་ པོ་མེད་པར་ནོར་དང་ནོར་ཅན་གྱི་དངོས་པོ་སྲིད་པ་ནི་མ་ཡིན་ཏེ། རྣམ་པ་གཞན་དུ་ན་ཧ་ཅང་ཐལ་བར་འགྱུར་རོ། །ཕྱོགས་འདིས་ལྷན་ཅིག་སྤྱོད་པའི་དངོས་པོ་དང་གནོད་པར་བྱ་བ་དང་གནོད་པར་བྱེད་པའི་འབྲེལ་པ་དག་ཀྱང་འབྲས་བུ་དང་རྒྱུའི་དངོས་པོར་དྲང་བར་བྱའོ་ཞེས་པས་ལོག་པར་མ་བརྗོད་དོ། ། དེ་ལྟར་ནི་ཕན་འདོགས་པ་མེད་པར་ལྷན་ཅིག་སྤྱོད་པའི་དངོས་པོ་ཡོད་པ་མ་ཡིན་པས་སོ། །ངུར་པ་དག་ཀྱང་འཁྲིག་པའི་བདེ་བ་ཉེ་བར་སྒྲུབ་པ་ལ་སོགས་པས་ཕན་ཚུན་ཕན་འདོགས་པ་མཐོང་བའི་ཕྱིར་རོ། །གནོད་བྱ་གནོད་བྱེད་ཀྱི་དངོས་པོ་ལ་ཡང་སྦྲུལ་རྒྱལ་བ་དང་སྦྲེ་མོ་འཕམ་པ་དག་འབྲས་ བུ་དང་རྒྱུའི་དངོས་པོ་དག་ཁོ་ན་སྟེ། ཕན་ཚུན་རྒྱུ་ཉིད་ཀྱི་ཕྱིར་རོ། །སྙིང་སྟོབས་ལ་སོགས་པ་རྣམས་ཀྱི་སྒྲ་ལ་སོགས་པའི་དངོས་པོར་ཡོངས་སུ་གྱུར་པ་ན་བཞིན་ནོ། །འབྲེལ་པ་གཞན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་པ། འབྲས་བུ་དང་རྒྱུའི་འབྲེལ་པ་གཅིག་པུ་ཁོ་ནར་འགྱུར་གྱི་ འབྲེལ་པ་གཞན་ནི་མ་ཡིན་ཏེ། ཕན་གདགས་པར་བྱ་བ་དང་ཕན་འདོགས་པར་བྱེད་པ་མེད་པར་འབྲེལ་པ་སྲིད་པ་མ་ཡིན་པའམ། ཧ་ཅང་ཐལ་བར་འགྱུར་བ་ཡང་ནའོ། །ཅི་ལྟར་ན་འབྲེལ་པ་གཞན་མེད་ཅེ་ན་གསུངས་པ། ཐམས་ཅད་དུ་ཞེས་པ་ལ་སོགས་པ་སྟེ། འབྲེལ་པ་བདུན་རྣམས་ ཀྱིས་ཀྱང་རྗེས་སུ་དཔག་པར་བྱ་བ་ལ། རྟོགས་པར་བྱ་བ་དང་རྟོགས་པར་བྱེད་པའི་འབྲེལ་པ་ཅན་དག་གིས་བྱས་པ་ཕན་ཚུན་ནམ་གང་ཡང་རུང་བའི་ཇི་ལྟར་སྲིད་པར་ཕན་འདོགས་པ་ཡོད་དེ། རྣམ་པ་གཞན་དུ་ན་དེ་དག་འབྲེལ་པ་ཁོ་ནར་མི་འགྱུར་རོ། །ཡང་ན་འདིས་རྗེས་སུ་དཔག་ པར་བྱ་བའོ་ཞེས་པས་རྗེས་སུ་དཔག་པ་ནི། འབྲེལ་པ་རྣམ་པ་བདུན་ཏེ། རྗེས་སུ་དཔག་པ་དེར་རོ། །རྒྱུ་མཚན་གྱི་དོན་ཅན་བདུན་པ་སྟེ། འབྲེལ་པ་རྣམ་པ་བདུན་ནི་རྒྱུ་མཚན་ནོ། །རྟོགས་པར་བྱ་བ་དང་རྟོགས་པར་བྱེད་པ་དག་གིས་ཞེས་པ་ལ་སོགས་པ་ལྷག་མ་སྔ་མ་བཞིན་ནོ། །བཤད་པ། འདི་ལ་གང་འདི་རྩོད་པ་ནི། འོ་ན་འབྲས་བུ་དང་རྒྱུའི་དངོས་པོ་ནི་རྟོགས་པར་བྱ་བའི་ཆེད་དུ་བརྟེན་པར་བྱ་བ་མ་ཡིན་ནམ། གཞན་དུ་ན་འབྲེལ་པ་མི་ཤེས་པའི་རྟགས་ལས་ཀྱང་དང་པོ་མཐོང་བ་ན་རྗེས་སུ་དཔག་པར་འགྱུར་རོ། །དེའི་ཕྱིར་དེ་ཁོ་ན་ཕན་འདོགས་པའོ་ཞེས་ཇི་ལྟར་བརྗོད་པར་བྱ་ཞེས་པའོ། ། དེ་འཇུག་པ་མེད་པ་ཁོ་ན་སྟེ། གང་གི་ཕྱིར་འདིར་རྟོགས་པར་བྱེད་པ་ཕན་འདོགས་པར་བྱེད་པ་མངོན་པར་ཡང་དག་པར་བརྗོད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། འབྲེལ་པ་ཅན་དག་གི་བདག་ཉིད་དུ་གྱུར་པའི་རྗེས་སུ་འཛིན་པའོ། །སྐྱོན་རྣམ་པ་གཉིས་ཞེས་པ། འདི་ཁོ་ན་ཕྱོགས་གཉིས་ཀ་ལ་ ཡོད་པའོ། །འབྲས་བུ་མེད་ཅེས་པ་ངག་རྣམས་ནི་དོན་གཞན་རྣམ་པར་གཅོད་པའི་འབྲས་བུ་ཅན་ཉིད་ཀྱི་ཕྱིར་རོ། །འདིའི་ཅི་ཡིན་ཞེས་པ་ལ་སོགས་པས་འབྲས་བུ་མེད་པ་དེ་ཁོ་ན་སྟོན་ཏོ། །འོ་ནའང་རྣམ་པ་གཉིས་ཉིད་མ་ཤེས་པ་རྟོགས་པར་བྱེད་པ་ཁོ་ན་ངག་གི་འབྲས་བུར་འགྱུར་བ་མ་ ཡིན་ནམ། འདིར་དོན་གཞན་རྣམ་པར་གཅོད་པས་ཅི་ཞིག་བྱ་ཞེ་ན། འདི་ནི་མི་རིགས་ཏེ། དོན་གཞན་རྣམ་པར་གཅོད་པས་ནི་དེའི་རང་གི་ངོ་བོ་རྟོགས་པའི་ཕྱིར་ལ། དེ་ནི་རང་བཞིན་གཞན་ལས་ལོག་པའི་ངོ་བོ་ཅན་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ངོ་བོ་གཞན་རྣམ་པར་ གཅད་པ་མ་ཡིན་ན་ནི། དེའི་རང་གི་ངོ་བོ་རྟོགས་པ་ག་ལས་ཡིན། རྣམ་པ་གཉིས་ཉིད་མ་ཤེས་པ་ཡང་མ་ཡིན་ཏེ། འབྲས་བུ་དང་རྒྱུ་རྗེས་སུ་དཔོག་པའི་སྐབས་ཡིན་པའི་ཕྱིར་རོ། །དེ་ལ་སླར་ཡང་བརྗོད་པ་ནི་ངེས་པར་བྱ་བའི་དོན་དུ་རྣམ་པར་ཤེས་པར་བྱའོ། །དེ་མི་རིགས་ཏེ་ཞེས་པ་ འདི་ལ་གཏན་ཚིགས་གསུངས་པ། འབྲེལ་པ་ཅན་གྱི་འཁྲུལ་པ་མེད་པའི་ཕྱིར་རོ་ཞེས་པའོ། །གེགས་ལ་སོགས་པ་སྲིད་པ་ན། །ཞེས་པ། གེགས་ནི་འགལ་བའི་རྐྱེན་ཉེ་བར་བབ་པའོ། །སོགས་པའི་སྒྲས་ལྷན་ཅིག་བྱེད་པ་མ་ཚང་བ་སྲིད་པ་ནའོ། །རྟགས་སུ་བྱ་བའོ་ཞེས་པ་ནི་ རྟོགས་པར་བྱ་བའོ་ཞེས་པའི་དོན་ཏོ། །འདིར་ཉེ་བར་གདགས་པར་རིགས་པ་ཡང་མ་ཡིན་ཞེས་པ་ཉེ་བར་འདོགས་པའི་རྒྱུར་གྱུར་པ་རྗེས་སུ་དཔག་པའི་རྒྱུ་ཉིད་མེད་པའི་ཕྱིར་རོ། །ཅི་སྟེ་ཞེས་པ་ལ་སོགས་པ་སྟེ། གང་ཞིག་རྒྱུ་འགའ་ཞིག་འབྲས་བུ་ཉེ་བར་བསྐྱེད་པ་ཟིན་པར་མཐོང་ནས་དེའི་རིགས་ ཅན་གཞན་ཡང་མཐོང་ཞིང་འདྲ་བར་བློ་འཁྲུལ་པ་པོ་འདི་ཡང་ངེས་པར་འབྲས་བུ་དེ་སྐྱེད་པར་འགྱུར་རོ་ཞེས་ལྷག་པར་ཞེན་པར་བྱེད་པ་པོ་དེའི་ནི་རྒྱུ་ལས་འབྲས་བུའི་ཤེས་པར་འགྱུར་རོ། །འགའ་ཞིག་གི་ཚེ་ཞེས་པའི་ཚིག་ལས་མི་འགྱུར་བ་ཡང་ངོ་། །གང་གི་ཕྱིར་འགྱུར་བ་དེའི་ཕྱིར་རྗེས་སུ་དཔག་ པའི་རྒྱུ་ཡིན་པ་ཉིད་ཀྱི་ཕྱིར་རྗེས་སུ་དཔག་པར་བརྗོད་པར་བྱའོ། །གང་ཞིག་ཕྱིར་འགའ་ཞིག་གི་ཚེ་འབྱུང་བ་མ་ཡིན་པ་དེའི་ཕྱིར་འཁྲུལ་པ་ཞེས་བརྗོད་པར་བྱའོ། །དེ་ལྟར་རྗེས་སུ་དཔག་པ་ཉིད་དང་འཁྲུལ་པ་ཉིད་དུ་ཡང་བརྗོད་དོ་ཞེའོ། །དེ་ནི་མ་ཡིན་ཏེ། དེའི་ཚེ་དེའི་རྒྱུ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་ པ། དེའི་ཚེ་ཡང་རྗེས་སུ་དཔག་པར་ཉེ་བར་གདགས་པར་རིགས་པ་མ་ཡིན་པ་ཁོ་ན་སྟེ། རྗེས་སུ་དཔག་པའི་རྒྱུ་ཉིད་མེད་པའི་ཕྱིར་རོ། །དེའི་ཚེ་ནི་དེ་རྗེས་སུ་དཔག་པ་མ་ཡིན་པ་ཁོ་ནའོ་ཞེས་པ། གང་ཞིག་དེ་ཡང་དོན་ཇི་ལྟ་བ་རྟོགས་པ་ཡིན་ཏེ། དེའི་ཕྱིར་དེའི་རྒྱུས་རྗེས་སུ་དཔག་པར་ཉེ་བར་ གདགས་པར་རིགས་མོད། གང་གི་ཚེ་ཡང་དོན་ཇི་ལྟ་བ་ཡིན་པ་དེའི་ཚེ་འཁྲུལ་པ་ཉིད་མེད་དོ། །དེའི་ཕྱིར་དེ་གཅིག་པུ་གང་ཡིན་པ་རྗེས་སུ་དཔག་པར་འགྱུར་ཞིང་འཁྲུལ་པ་ཡང་ཡིན་པ་ནི་མེད་དོ། །འོ་ན་རྗེས་སུ་དཔག་པ་ལྟར་སྣང་བའི་རྒྱུ་ཡང་རྗེས་སུ་དཔག་པར་བརྗོད་པར་བྱ་བ་མ་ཡིན་ ནམ། དེ་ལྟར་ནི་སྨྲ་བ་པོ་རྣམས་སུ་འགྱུར་ཏེ། གང་འདིས་རྗེས་སུ་དཔག་པ་ཉེ་བར་བཀོད་པ་དེ་དག་གིས་སུན་ཕྱུང་ངོ་ཞེས་པ་དང་། གཞན་ཡང་རྒྱུ་ནི་འཁྲུལ་པའོ་ཞེས་པ་སྟེ། དོན་འདི་ཙམ་བརྗོད་པར་འདོད་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། འདི་ནི་སུན་འབྱིན་པ་མ་ཡིན་ནོ་ཞེས་གསུངས་པ། གལ་ ཏེ་ཡང་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་འབྲས་བུ་དང་རྒྱུའི་ཤེས་པ་ཡོད་པ་ལ་ཡང་། སླར་ཡང་དེ་ལ་ལྷག་པོའི་འཁྲུལ་པ་དང་མ་འཁྲུལ་བ་ཉིད་ལ་ལྟོས་ན། འབྲེལ་པ་གཞན་ཞིག་འོངས་པའོ་ཞེས་པས་ཁས་བླངས་པ་ཉམས་སོ། །གང་ཁོ་ནའི་མི་འཁྲུལ་བ་ཉིད་ལ་ལྟོས་པ་ཞེས་པ། གང་ཁོ་ནའི་མི་འཁྲུལ་བ་ཉིད་ཀྱི་རང་གི་ངོ་བོ་ལ་ལྟོས་པ་ཞེས་པའི་དོན་ཏོ། །རང་གི་ངོ་བོ་ཞེས་པ་འདི་གང་ལས་ཤེ་ན། གང་གི་ཕྱིར་མེད་ན་མི་འབྱུང་བ་ཉིད་ཀྱི་སྟེ་གཞན་པ་མི་འཁྲུལ་པ་ཉིད་ཡོད་པ་མ་ཡིན་ཞིང་དེ་ནི་མི་འཁྲུལ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པ་ཐམས་ཅད་ལ་ཡང་ ཞེས་པ་ལ་སོགས་པས་སླར་བརྗོད་པ་དོན་མེད་པ་ཉིད་གསུངས་སོ། །ཅི་སྟེ་ངེས་པའི་དོན་དུ་དེ་བརྗོད་དོ་ཞེ་ན། དེ་ལྟ་ན་ཡང་སྤྱིར་ཡིན་ཞེས་པ་ལ་སོགས་པ་དོན་མེད་པ་ཉིད་དུ་འགྱུར་རོ། །ཡོད་ཉིད་ལའང་རྣམ་དཔྱད་འདིའི། །ཞེས་པ་ལ། ཡོད་པའི་སྒྲ་ནི་འདིར་རང་གི་ངོ་བོ་མངོན་པར་བརྗོད་པའོ། ། གང་ཕྱིར་འབྲས་བུ་དང་རྒྱུའི་འབྲེལ་པ་རྗེས་སུ་དཔོག་པའི་རྒྱུ་ཉིད་དུ་ཁས་བླངས་པ་ན། རྟགས་ཀྱི་རང་གི་ངོ་བོ་ཁོ་ན་ཅི་འདི་འབྲས་བུར་འགྱུར་རམ་མི་འགྱུར་ཞེས་རྣམ་པར་དཔྱད་པར་རིགས་སོ། །འདི་ལྟ་སྟེ་ཆུ་ཀླུང་གང་བ་ལ་ཞེས་པ། དེ་ལ་ནི་རང་གི་ངོ་བོ་རྟོགས་པ་ཁོ་ན་ལ་རྣམ་པར་དཔྱད་ པ་སྟེ། ཅི་ཆུ་ཀླུང་གང་བ་འདི་ཆར་པས་བྱས་པའམ། འོན་ཏེ་མ་ཡིན་ཞེས་པའོ། །གང་གི་ཚེ་འདི་དབུ་བ་འཁྲུག་པ་དང་ཆུ་རྡུལ་དང་ལྡན་པ་ལ་སོགས་པའི་མཚན་མ་རྣམས་ཀྱིས་རང་གི་ངོ་བོ་ངེས་པར་འགྱུར་བ་དེའི་ཚེ་སླར་ཡང་མི་འཁྲུལ་བ་ཉིད་ལ་རྣམ་པར་དཔྱད་པ་ལ་ལྟོས་པ་མ་ཡིན་ནོ། ། ཆར་པའི་འབྲས་བུ་ཉིད་དུ་ངེས་ན་ནི། དེ་ལ་འཁྲུལ་པ་ཉིད་དུ་དོགས་པ་མ་ཡིན་ཏེ་འབྲས་བུ་ནི་རྒྱུ་ལ་འཁྲུལ་པ་མེད་པའི་ཕྱིར་རོ། །དེ་ཁོ་ན་སྟོན་པ་གསུངས་པ། རྣམ་པར་མ་དཔྱད་པ་ཡང་ཞེས་པ་ལ་སོགས་པའོ། །དེའི་ཕྱིར་ངེས་པར་འཛིན་པ་རིགས་པ་མ་ཡིན་ནོ་ཞེས་པ་གཞན་ པ་ལས་ཀྱང་དབང་པོ་ལས་འདས་པའི་དོན་རྟོགས་པའི་ཕྱིར་རོ། །འོ་ན་སྤྱིར་མཐོང་བ་ཁོ་ན་དབང་པོ་ལས་འདས་པའི་དོན་མཐོང་བའི་རྒྱུའོ་ཞེས་པ་འདི་ལྟར་ངེས་པར་གཟུང་བར་བྱ་བ་མ་ཡིན་གྱི། འོ་ན་ཅི་ལྟར་ཞེ་ན། སྤྱིར་མཐོང་བ་ནི་དབང་པོ་ལས་འདས་པའི་དོན་ཉེ་བར་དམིགས་པའི་རྒྱུ་ཁོ་ནའོ་ཞེས་སོ། ། དེ་ལྟ་ན་ཡང་རྗེས་སུ་དཔག་པ་གཞན་དབང་པོ་ལས་འདས་པའི་དོན་རྟོགས་པའི་རྒྱུ་ཡིན་པ་ཉིད་བཀག་པ་མེད་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། འདི་ཡོད་པ་མ་ཡིན་ཏེ་རྗེས་སུ་དཔག་པ་ཐམས་ཅད་རྣམས་མངོན་གྱུར་མ་ཡིན་པ་རྟོགས་པའི་རྒྱུ་ཉིད་ཀྱི་ཕྱིར་སྤྱིར་མཐོང་བ་ཡང་དེ་རྟོགས་པའི་རྒྱུ་ཉིད་ཐོབ་པ་ལས། སླར་ཡང་བརྗོད་པ་ན་དེ་ལས་བཟློག་པ་དགག་པའི་ངོ་བོ་ངེས་པ་ཡིན་པ་རྣམ་པར་ཤེས་པར་བྱ་སྟེ། སེན་མོ་ལྔ་ལྔ་རྣམས་ཀྱིས་བཟའ་བར་བྱའོ་ཞེས་པ་ཇི་ལྟ་བ་བཞིན་ཡིན་ན། རྗེས་སུ་དཔག་པ་གཉིས་ལས་སྤྱིར་མཐོང་བ་ཐ་དད་པར་བྱས་ནས་དབང་པོ་ལས་འདས་པའི་དོན་རྟོགས་པའི་རྒྱུ་ཉིད་དུ་ཉེ་ བར་བླང་བར་བྱས་ཏེ། དེ་ལས་ཀྱང་དེ་ཁོ་ན་དེར་རྣམ་པར་ཤེས་པར་བྱ་སྟེ། ཇི་ལྟར་བ་རྣམས་ཀྱི་ནག་མོ་ནི་ཤིན་ཏུ་འོ་མ་ཕུན་སུམ་ཚོགས་པ་ཞེས་པས། ནག་མོ་ཁོ་ན་ཤིན་ཏུ་འོ་མ་ཕུན་སུམ་ཚོགས་པ་ཉིད་བཞིན་ནོ། །དེ་ཡོད་པར་གྱུར་པ་ཁོ་ནའི་རྒྱུ་ཉིད་ཀྱི་ཕྱིར་རོ་ཞེས་པ། གཙོ་བོ་ཡོད་པའི་དངོས་ པོ་ཁོ་ནའི་སྟེ། དེ་ཡོད་པ་ཙམ་གྱིས་གཙོ་བོ་ནི་ཐ་དད་པའི་རྒྱུ་ཡིན་གྱི། གཅིག་ཉིད་ལ་སོགས་པའི་ཆོས་རྣམས་ཀྱིས་ནི་མ་ཡིན་ནོ། །འདི་ལྟར་སེམས་ཏེ། མེད་པ་ལས་རྣམ་འགྱུར་རྣམས་ཉེ་བར་སྐྱེད་པ་ཁེགས་ཏེ། གསལ་བ་ནི་མེད་པ་ལས་སྐྱེད་པ་མ་ཡིན་ནོ་ཞེས་པ་འདིའི་ཕྱིར། ཡོངས་སུ་ བའི་ལྷག་མ་ལས་གཙོ་བོ་ཡོད་པའི་དངོས་པོ་ཁོ་ན་ལས་བྱེ་བྲག་རྣམས་སྐྱེའོ། །བྱེ་བྲག་རྣམས་ཡོད་པའི་ངོ་བོའི་རྗེས་སུ་བྱེད་པའི་ཕྱིར་ཡང་ཡོད་པའི་ངོ་བོ་ཁོ་ན་རྒྱུ་ཡིན་ལ། ཡོད་པའི་ངོ་བོ་ཡང་དེའི་བདག་ཉིད་འཛིན་དུ་འཇུག་པ་པོ་རང་བཞིན་པ་ཁོ་ནའོ། །ཡོད་པ་ཉིད་དང་འདྲིས་པར་བྱས་པ་ནི་ མ་ཡིན་ཏེ། ཡོད་པ་ནི་ཡོངས་སུ་འགྱུར་བ་ལས་སྔར་མི་སྲིད་པའི་ཕྱིར་རོ། །དེ་སྐད་དུ་གསུངས་པ། ངེས་པར་ཡོད་པ་དང་ཡོད་པ་ཞེས་སོ། །ཇི་ལྟར་ཡང་དེའི་ཚེ་ཡོད་པ་མེད་པ་དེ་ལྟར་གཅིག་ཉིད་ལ་སོགས་པ་རྣམས་ཀྱང་ངོ་། །ཅིའི་ཕྱིར་དེ་རྣམས་ཀྱི་རྒྱུ་ཉིད་ཡིན་ཞེ་ན། གཙོ་བོ་ཡོད་ པ་ཁོ་ནའང་སྐྱེས་བུའི་འདོད་པ་རྣམ་པར་བསལ་བའི་ཆེད་དུ་འཇུག་པ་ཡིན་ལ། དེའི་ཕྱིར་དེ་ཁོ་ན་རྒྱུ་ཉིད་དོ་ཞེས་པའོ། །གལ་ཏེ་དེ་ལྟ་ན་བྱེ་བྲག་དེ་ནི་གཙོ་བོའི་ལྡོག་པར་བྱེད་པ་འགའ་ཡང་མ་ཡིན་ནོ་ཞེས་པ་ལ་སོགས་པ་དེ་བརྗོད་པ་ཅི་ལྟར་ཡིན་ཞེ་ན། དེ་ནི་ཕ་རོལ་པོའི་བསམ་པ་ཁོ་ནས་འདི་ ལྟར་བརྗོད་པ་སྟེ། གལ་ཏེ་ཕ་རོལ་པོས་གཞན་མ་ཡིན་པ་ཉིད་དུ་ཁས་བླང་བར་ནས། གཙོ་བོ་དང་སྐྱེས་བུའི་དོན་དུ་གཏོགས་པ་གཙུག་ཕུད་ཅན་ནམ་སིལ་བུ་ཅན་གྱི་དོན་བཅུ་རྣམས་སྒྲུབ་པར་བྱེད་ན། རྣམ་པ་ཐམས་ཅད་དུ་གཏོགས་པར་འགྱུར་རོ། །འདི་ནི་རང་གི་བསམ་པས་ཏེ། དེ་ཡོད་པའི་ དངོས་པོ་ཁོ་ན་རྒྱུ་ཉིད་དུ་རིགས་སོ་ཞེས་བྱས་ནས་སོ། །དེའི་ཡང་ཁྱད་པར་རྣམས་ཁོ་ན་ལས་ཞེས་པ་གཙོ་བོ་ཡོད་པ་ཉིད་ཀྱིའོ། །ཡོད་པ་ཉིད་དམ་མང་པོ་ཉིད་དམ་ཞེས་པ་ལ་སོགས་པས་རྣམ་ཀུན་གྱི་སྒྲའི་དོན་བཤད་དོ། །འམ་གྱི་སྒྲ་སྡུད་པའི་དོན་ཅན་ལས་གཅིག་ཉིད་ལ་སོགས་པའོ། ། ཐ་དད་པའམ་ཐ་མི་དད་པའང་རུང་ཞེས་པ། ཡོད་པ་ཉིད་དམ་གཅིག་དང་ངམ། བྱེད་པ་པོ་མ་ཡིན་པ་ཉིད་ལ་སོགས་པ་རྣམས་དང་ངོ་། །ཡང་ན་གཅིག་དང་སྟེ་བྲལ་བ་དང་ངམ། ལྔ་རྣམས་དང་ཡང་ནའོ། །ཡང་ན་གལ་ཏེ་ཡོད་པ་ཉིད་ལ་སོགས་པ་རྣམས་སྐྱེས་བུ་ལས་ཐ་དད་པ་ རྣམས་དང་། ཅི་སྟེ་ཐ་མི་དད་པ་རྣམས་ཏེ། རྣམ་པ་ཐམས་ཅད་དུ་རྟོགས་པ་མ་ཡིན་ནོ་ཞེས་པས་ཁས་བླངས་པ་ཉམས་སོ། །གང་རྒྱུ་མ་ཡིན་པ་དེ་ལྷག་མ་དང་ལྡན་པའི་རྗེས་སུ་དཔག་པས་རྟོགས་པར་བྱ་བ་མ་ཡིན་ཏེ། ཤིན་ཏུ་མེད་པ་བཞིན། སྐྱེས་བུ་ཡང་དེ་ལྟ་བུའོ་ཞེས་པ་ཁྱབ་པར་བྱེད་པ་ མེད་པའོ། །གང་རྣམས་སྒྲའི་རྣམ་པ་ཡོངས་སུ་གྱུར་པ་དབང་པོའི་འཇུག་པ་ལ་ངེས་པར་སྣང་བ་ན་ཡིད་ཀྱི་འཇུག་པ་ཉེ་བར་སྐྱེས་པ་ན། སྐྱེས་བུ་ཡང་དེའི་རྣམ་པར་འཇུག་པ་ཉེ་བར་སྐྱེས་ལ། དེའི་ཕྱིར་འཇུག་པའི་རྣམ་པ་ཡོངས་སུ་འགྱུར་བ་ཅན་སྐྱེས་བུའོ་ཞེས་འདོད་པ་ནི། གཏན་ཚིགས་མ་ གྲུབ་པ་ཉིད་དུ་སྨྲ་བར་བྱེད་དོ། །དེ་རྣམས་ཀྱི་སྐྱེས་བུ་ནི་གཙོ་བོའི་ངོ་བོར་འགྱུར་རོ། །དེ་ལྟར་ནི་ཡིད་ཀྱི་འཇུག་པ་ནི་ཡོན་ཏན་གསུམ་གྱི་བདག་ཉིད་ཡིན་ལ། སྐྱེས་བུའི་འཇུག་པ་ཡང་དེའི་རྣམ་པ་ཅན་ཏེ། དེ་ལས་ཀྱང་དེ་ཡང་ཡོན་ཏན་གསུམ་གྱི་བདག་ཉིད་ཅན་དུ་འགྱུར་རོ། ། དེ་ལྟ་ན་ཡང་འཇུག་པ་དང་འཇུག་ལྡན་གཞན་མ་ཡིན་པ་ཉིད་ཀྱི་ཕྱིར་ན་སྐྱེས་བུ་ཡང་ཡོན་ཏན་གསུམ་གྱི་བདག་ཉིད་འཐོབ་ཅིང་། ཡོན་ཏན་གྱི་རང་བཞིན་ཉིད་ཀྱི་ཕྱིར་ཡང་དེ་ཡང་གཙོ་བོ་ཁོ་ནར་འགྱུར་རོ། །དེ་ལ་ཡང་བཤད་པའི་སྐྱོན་ཏེ། གཙོ་བོ་ཡང་གཅིག་ཉིད་དུ་ཁས་བླངས་པ་ཉམས་སོ་ཞེས་པས་ འདི་ནི་སྙིང་པོ་མེད་པའོ། །རྗེས་སུ་དཔག་པ་ལ་སོགས་པ་རྣམས་ཞེས་པ་ལ་སོགས་པ་སྟེ། སོགས་པའི་སྒྲས་སྒྲ་ལས་བྱུང་བ་དང་ཉེ་བར་འཇལ་བ་དང་དོན་གྱིས་གོ་བ་རྣམས་བསྡུ་བར་བྱའོ། །མངོན་སུམ་སྔོན་དུ་འགྲོ་བ་ཅན་ཉིད་ཀྱི་ཕྱིར། །དེ་དང་འདྲ་བ་ཁོ་ན་ཞེས་པ། ཇི་ལྟར་མངོན་སུམ་ ཆོས་ཀྱི་ངོར་རྒྱུ་མཚན་མ་ཡིན་པ་དེ་ལྟར་རྗེས་སུ་དཔག་པ་ལ་སོགས་པ་རྣམས་ཀྱང་སྟེ། ཅིའི་ཕྱིར་ཞེ་ན། མངོན་སུམ་སྔོན་དུ་འགྲོ་བ་ཅན་ཉིད་ཀྱི་ཕྱིར་རོ། །དེ་ཁོ་ནའི་ཕྱིར་འདི་རྣམས་མདོར་བྱས་པ་མ་ཡིན་ནོ། །མངོན་སུམ་ལ་སོགས་པའི་ཚད་མ་རྣམས་ཅིའི་དོན་དུ་ཡོངས་སུ་བརྟགས་པར་བྱ་བ་ ཡིན་ན། རྩོད་པའི་མཚན་ཉིད་ནི་ཆོས་ཡིན་ལ་མངོན་སུམ་ལ་སོགས་པའི་མཚན་ཉིད་ནི་མ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཆེད་དུ་སྟེ། མངོན་སུམ་ཡང་ཆོས་ཀྱི་ངོར་རྒྱུ་མཚན་མ་ཡིན་པ་ཉིད་དུ་ཤེས་པ་ན། མངོན་སུམ་སྔོན་མ་ཅན་གང་ཡིན་པ་གཞན་དེ་ཡང་ཆོས་ཡོངས་སུ་ཤེས་པའི་རྒྱུ་མཚན་དུ་ མི་འགྱུར་རོ་ཞེས་ཤེས་པ་ཁོ་ན་སྟེ། དེ་མདོར་བྱས་པས་ཅི་ཞིག་བྱ། འོ་ན་ཅི་ལྟར་དཔྱོད་པ་ལ་ཚད་མ་དྲུག་རྣམས་རྟོགས་པར་བྱ་ཞེ་ན་གསུངས་པ། འགྲེལ་པ་བྱེད་པས་ཞེས་པ་ལ་སོགས་པའོ། །དེ་ལ་ཞེས་པ་ལ་སོགས་པས་སུན་འབྱིན་པ་གསུངས་སོ། །འོ་ན་མདོར་མངོན་སུམ་སྔོན་མ་ ཅན་ཉིད་མདོར་མ་བྱས་པ་ཉིད་ལ་གཏན་ཚིགས་ཉིད་དུ་ཉེ་བར་བླངས་ཤིང་། འགྲེལ་པ་ནི་ཚད་མ་ཉིད་ཡོངས་སུ་ཤེས་པ་ལ་སྟེ། གལ་ཏེ་གང་མངོན་སུམ་སྔ་མ་ཅན་དེ་ཚད་མ་ཉིད་དུ་རྣམ་པར་ཤེས་པར་འགྱུར་ན་ཞེས་མངོན་པར་བརྗོད་པའི་ཕྱིར་རོ། །དེས་ན་ཅི་ལྟར་འགྲེལ་པ་མདོའི་དོན་གྱི་རྗེས་སུ་ འགྲོ་བ་ཡིན་ཞེ་ན། མདོར་མངོན་སུམ་སྔོན་མ་ཅན་ཉིད་མདོར་མ་བྱས་པའི་བརྒྱུད་པས་གཏན་ཚིགས་ཉིད་དུ་ཉེ་བར་བླངས་ཀྱི། དངོས་སུ་མ་ཡིན་ལ། བརྒྱུད་པ་དེ་ཁོ་ན་བསྟན་པའི་ཆེད་དུ་གང་མངོན་སུམ་སྔོན་མ་ཅན་ཞེས་པ་ལ་སོགས་པ་རྣམ་པར་བཤད་པ་བྱས་སོ་ཞེས་པས་སྐྱོན་མེད་དོ། །གལ་ ཏེ་ཡང་ཚད་མར་ཡོངས་སུ་ཤེས་པ་ཁོ་ན་མདོར་མ་བྱས་པའི་གཏན་ཚིགས་བར་མ་ཆད་པར་བརྗོད་པར་བྱ་ན། ཚད་མར་ཡོངས་སུ་ཤེས་པའི་གཏན་ཚིགས་བརྗོད་པ་མ་ཡིན་པར་འགྱུར་རོ། །དེ་ལས་ཀྱང་། དྲན་དང་འདོད་དང་སྡང་བ་དང་། །རྩོལ་སོགས་ཚད་མར་ཐལ་བར་འགྱུར། །ཞེས་པ་ སུན་འབྱིན་པ་འདི་འཇུག་པ་མེད་པར་འགྱུར་རོ། །དེའི་ཕྱིར་སུན་འབྱིན་པའི་སྐབས་སྦྱིན་པའི་ཆེད་དུ་མངོན་སུམ་སྔོན་མ་ཅན་ཉིད་ཀྱི་ཕྱིར་རོ་ཞེས་བཤད་དོ། །འོ་ན་དཔྱོད་པ་ལ་མངོན་སུམ་སྔོན་མ་ཅན་ཉིད་ཀྱིས་ཚད་མ་ཉིད་དུ་བརྗོད་པ་མ་ཡིན་པ་ཁོ་ནའི། འོན་ཀྱང་འདི་རྣམས་ཆོས་ཀྱི་ངོར་རྒྱུ་མཚན་མ་ ཡིན་པ་ཉིད་བརྗོད་དེ། གང་སྨྲས་པ། མངོན་སུམ་སྔོན་མ་ཅན་ཉིད་ཀྱི་ཕྱིར་ཡང་རྗེས་སུ་དཔག་པ་དང་ཉེ་བར་འཇལ་བ་དང་དོན་གྱིས་གོ་བ་རྣམས་ཀྱང་རྒྱུ་མ་ཡིན་པ་ཉིད་དོ་ཞེས་སོ། །ཉེ་བའི་ཝར་ཥ་ཡིས་ཀྱང་རབ་ཏུ་གྲགས་པ་ཉིད་ཀྱི་ཕྱིར་མ་བརྗོད་པ་རྣམས་སོ་ཞེས་པས་མངོན་སུམ་ལ་སོགས་པའི་ ཚད་མ་རྣམས་རབ་ཏུ་གྲུབ་པ་རྣམས་སོ་ཞེས་བརྗོད་དོ་ཞེ་ན། སྐྱོན་འདི་མེད་དེ། འདིར་དེ་རྣམས་རབ་ཏུ་གྲུབ་པ་ཉིད་མེད་དོ་ཞེས་པ་འདི་ནི་ལོག་པར་རྟོགས་པ་རྣམས་ཀྱང་མང་པོ་ཞེས་པ་འདིས་ཤེས་པར་བྱས་ཟིན་ཏོ། །དེ་རྣམས་ཀྱི་མཚན་ཉིད་བརྗོད་པ་ཡང་མ་ཡིན་ཏེ། གང་ལས་རང་གི་ངོ་བོ་ཤེས་པར་འགྱུར་ བའོ། །མངོན་སུམ་སྔོན་མ་ཅན་ཉིད་ཀྱི་ཕྱིར་ཡང་ཆོས་ཀྱི་ངོར་རྒྱུ་མཚན་མ་ཡིན་པ་ཉིད་དུ་རྗེས་སུ་དཔག་པ་ལ་སོགས་པ་རྣམ་པར་ཤེས་པར་བྱ་བ་ཁོ་ན་སྟེ། དེའི་ཕྱིར་མ་བརྗོད་པ་རྣམས་སོ་ཞེས་པའོ། །འགྲེལ་པ་བྱེད་པ་ངག་བྱེད་པའི་དགོངས་པ་གསལ་བར་བྱེད་པ་རྣམས་ཀྱིས་མངོན་སུམ་སྔོན་མ་ ཅན་གང་ཡིན་པ་དེ་ཚད་མ་ཉིད་དུ་རྣམ་པར་ཤེས་པར་བྱ་བ་ཁོ་ན་སྟེ། དེའི་ཕྱིར་མ་བརྗོད་པ་རྣམས་སོ་ཞེས་པ་འདི་ཡང་དགོངས་པར་རྟོག་གོ་ཞེས་པ་སྲིད་པར་བྱའོ། །གཞན་དུ་ན་སྔ་མ་ཡང་དགོངས་པར་མི་འགྱུར་རོ། །ཚད་མ་གཞན་རྣམས་ཀྱིས་རང་གི་ངོ་བོ་རྣམ་པར་མ་ཤེས་པར་ཆོས་ཀྱི་ངོར་ རྒྱུ་མཚན་མ་ཡིན་པ་ཉིད་དུ་རྣམ་པར་ཤེས་པར་ནུས་པ་མ་ཡིན་ནོ། །དེའི་ཕྱིར་རང་གི་ངོ་བོ་ཡོངས་སུ་ཤེས་པའི་དོན་དུ་བཤད་པར་བྱ་བ་རྣམས་སུ་འགྱུར་ན། བརྗོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་ངེས་པར་གང་མངོན་སུམ་སྔོན་མ་ཅན་དེ་ཚད་མ་ཉིད་དུ་རྣམ་པར་ཤེས་པར་བྱ་བ་ ཁོ་ན་སྟེ། དེའི་ཕྱིར་མ་བརྗོད་པ་རྣམས་སོ་ཞེས་པ་འདི་ཡང་འགྲེལ་པ་བྱེད་པ་རྣམས་ཀྱིས་ངག་བྱེད་པའི་དགོངས་པར་མངོན་པར་བརྟགས་པའོ་ཞེས་དགོངས་པར་འགྱུར། དེ་ལས་ཀྱང་དྲན་པ་ལ་སོགས་པ་རྣམས་ཀྱང་མངོན་སུམ་སྔོན་མ་ཅན་ཉིད་ཀྱི་ཕྱིར་ཚད་མ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་ པའོ། །རྗེས་དཔག་བསྟན་པ་ལ་སོགས་པ། །ཞེས་སོགས་པའི་སྒྲས་ཉེ་བར་འཇལ་བ་དང་དོན་གྱིས་གོ་བར་བཟུང་ངོ་། །བསྟན་པ་ནི་རྣམ་པ་གཉིས་ཏེ། སྐྱེས་བུས་བྱས་པ་དང་སྐྱེས་བུས་མ་བྱས་པའོ། །འདིར་སྔ་མ་བཟུང་བ་སྟེ། ཅིག་ཤོས་ནི་ཕ་རོལ་པོ་རྣམས་ཀྱིས་ཀྱང་མངོན་ སུམ་སྔོན་མ་ཅན་ཉིད་དུ་མངོན་པར་འདོད་པ་མ་ཡིན་པ་ཁོ་ནའོ། །ཐུན་མོང་མ་ཡིན་པའི་ཡུལ་ཅན་ཞེས་བརྗོད་ཟིན་ཏོ་ཞེས་པ། དུ་མའི་ངོ་བོའི་ཆོས་ཅན་ནི། །ཞེས་པ་འདིར་དབང་པོའི་བློ་ནི་ཐུན་མོང་མ་ཡིན་པའི་ཡུལ་ཅན་དུ་བསྒྲུབས་ཟིན་ཏོ། །འབྲེལ་པ་ནི་རྟེན་དུ་མ་ཅན་ཞེས་པ་ལ་ སོགས་པས་འབྲེལ་པ་ཐུན་མོང་བ་ཉིད་དུ་སྟོན་ཅིང་། གང་ཐུན་མོང་བ་དེ་མངོན་སུམ་གྱི་ཡུལ་མ་ཡིན་ཏེ། སྤྱི་བཞིན་འབྲེལ་པ་ཡང་དེ་ལྟ་བུའོ་ཞེས་ཁྱབ་བྱེད་འགལ་བ་གསལ་བར་བྱེད་དོ། །སྤྱི་ཡིས་མཐོང་བ་མ་ཡིན་པར། །གལ་ཏེ་ཡང་སྤྱི་ཞེས་པ་ལ་སོགས་པས་བསྒྲུབས་ཟིན་ཏོ། ། འདི་ལ་ཁྱབ་པ་མེད་པ་དོགས་པར་བྱ་བ་མ་ཡིན་ཏེ། གང་ཕྱིར་དབང་པོའི་བློ་ནི་དངོས་པོའི་ཡུལ་ཅན་དུ་འདོད་ཅིང་། དངོས་པོ་ཡང་ཐུན་མོང་མ་ཡིན་པ་སྟེ། ཐུན་མོང་བ་ནི་མ་ཡིན་ནོ། །འབྲེལ་པ་ཡང་ཐུན་མོང་བ་སྟེ། དེའི་ཕྱིར་དངོས་པོ་མ་ཡིན་ཞིང་། དེའི་ཕྱིར་དབང་པོའི་བློའི་ཡུལ་མ་ ཡིན་ནོ། །འབྲེལ་པ་ཅན་རྣམས་ཀྱང་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་འབྲེལ་པ་རྣམས་འབྲེལ་པ་ཅན་གྱི་ངོ་བོར་ཏེ། ལྡན་པ་ཅན་དང་འདུ་བ་ཅན་ལ་སོགས་པ་ཉིད་དུ་གཟུང་བར་བྱ་ན། དེ་ལྟ་ན་ནི་རྗེས་སུ་དཔག་པ་ལ་སོགས་པ་ལ་ཉེ་བར་མཁོ་བར་འགྱུར་རོ། །སོགས་པའི་སྒྲ་ལས་ཉེ་ བར་འཇལ་བ་ལ་སོགས་པ་ལ་ཉེ་བར་མཁོ་བའོ། །གཞན་དུ་ན་གང་ཡང་མེའི་འབྲེལ་པ་ཅན་མ་ཡིན་པ་ཉིད་ཀྱིས་ན། ཐོག་མར་མེ་དང་དུ་བ་འབྲེལ་པར་མ་རྟོགས་པས་དུ་བ་འཛིན་པ་དེ་ཡང་རྗེས་སུ་དཔག་པར་འགྱུར་རོ། །དེ་རྣམས་དེ་ལྟར་མངོན་སུམ་ཡང་མ་ཡིན་ནོ་ཞེས་པ། འབྲེལ་པ་ལ་ ལྟོས་པ་ཉིད་ཀྱི་ཕྱིར་དང་། འབྲེལ་པ་ཅན་ཉིད་དམ་འབྲེལ་པ་ཡང་མངོན་སུམ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དབང་པོའི་བློ་ནི་དོན་ལ་ལྟ་བ་ཙམ་ཉིད་ཀྱི་ཕྱིར་ཡང་འབྲེལ་པར་བྱེད་པའི་ངོར་ནུས་པ་མེད་པ་ཉིད་ཀྱི་ཕྱིར། དེ་རྣམས་མངོན་སུམ་གྱིས་འབྲེལ་བ་ཅན་གྱི་ངོ་བོར་འཛིན་པ་སྲིད་པ་མ་ཡིན་ ནོ། །མཐོང་བ་དང་སྤྱི་ལས་མཐོང་བ་ལ་སོགས་པ་འབྱེད་པའི་ཕྱིར་རོ་ཞེས་པ། མཐོང་བ་ནི་གང་དུ་རྟགས་དང་རྟགས་ཅན་དག་གི་འབྲེལ་པ་མཐོང་བའོ། །སྤྱི་ལས་མཐོང་བ་ནི་གང་དུ་འགའ་ཞིག་ཏུ་འབྲེལ་པ་མཐོང་བ་ལས་དེའི་སྤྱིའི་རྣམ་པས་དབང་པོ་ལས་འདས་པའི་དོན་རྟོགས་པའོ། ། སོགས་པའི་སྒྲས་སྔ་མ་དང་ལྡན་པ་ལ་སོགས་པ་རིགས་ཅན་པས་བརྗོད་པ་རྣམས་གཟུང་བར་བྱའོ། །དེ་ལས་ཞེས་པ་ལ་སོགས་པས་འདུ་བ་ལ་སོགས་པ་རྣམས་དང་། དེ་དང་ལྡན་པའི་དུ་བ་ཅན་ལ་སོགས་པ་རྣམས་འདུ་བ་ལ་སོགས་པའི་ངོ་བོས་མངོན་སུམ་མ་ཡིན་པར་ཁས་བླངས་པའི་ ཕྱིར། ཕ་རོལ་པོའི་འདོད་པས་ཀྱང་དེ་ལ་བརྟེན་པའི་རྗེས་སུ་དཔག་པ་ལ་མངོན་སུམ་སྔ་མ་ཅན་ཉིད་མེད་དོ་ཞེས་སྟོན་ཏོ། །དེའི་འདོད་པས་ནི་ཞེས་པ་ལ། དེའི་འདོད་པ་སྨོས་པ་ནི། རང་གི་འདོད་པས་ལྡན་པ་དང་ལྡན་པ་ཅན་དག་ཀྱང་མངོན་སུམ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ཁས་བླངས་ ནས་ཞེས་པ། དེའི་སྒྲས་དེའི་འདོད་པ་སྦྲེལ་བར་བྱའོ། །རྗེས་སུ་དཔོག་པའི་རྒྱུ་མིན་ཞེས་པ་དང་གི་སྒྲ་ནི་རིམ་པ་ཐ་དད་པའམ། ངེས་པར་འཛིན་པར་ཡང་བལྟ་བར་བྱ་སྟེ། གཏན་ཚིགས་མ་ཡིན་པ་ཁོ་ནའོ་ཞེས་པའི་དོན་ཏོ། །གཉིས་དག་ལ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་པ་ལ་སོགས་པ་ སྟེ། འབྲེལ་པ་ཅན་གཉིས་ཀ་དག་ལ་ཡང་ལྡན་པ་ཁྱད་པར་མེད་ལ། དེ་ལས་ཀྱང་མེ་དང་དུ་བ་གཉིས་ཀ་ཡང་གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོར་འགྱུར་ཏེ། རྣམ་པ་ཐམས་ཅད་དུ་ཡང་ཐམས་ཅད་ཀྱི་བདག་ཉིད་ཀྱིས་ལྡན་པའི་ཕྱིར་རོ། །ལྡན་ཅན་དག །རང་གི་ངོ་བོས་རྟོགས་བྱའང་ མིན། །ཞེས་པ་རང་གི་ངོ་བོ་ནི་གང་འབྲེལ་པ་མི་ཤེས་པས་ཀྱང་གཟུང་བར་བྱ་བ་དུ་བ་ལ་སོགས་པའི་ངོ་བོ་ཡིན་ཏེ། དེས་ལྷག་པར་རྟོགས་པར་འོས་པ་དག་མ་ཡིན་པས་སོ། །ཅིའི་ཕྱིར་ཞེ་ན། སྨྲས་པ། རྗེས་སུ་དཔག་པ་ལ་མ་ཡིན། །ཞེས་པ་ལ་སོགས་པའོ། ། འོ་ན་འབྲེལ་པ་ཅན་གྱི་ངོ་བོས་དེ་དག་ལྷག་པར་རྟོགས་པ་དག་ཕན་འདོགས་པར་འགྱུར་རོ་ཞེ་ན་སྨྲས་པ། མ་ཡིན་ཞེས་པ་ལ་སོགས་པ་སྟེ། དབང་པོའི་བློ་ནི་སྦྱོར་བའི་ཡུལ་ཅན་མ་ཡིན་ལ། དེ་དང་ལྡན་པ་ཡང་མ་ཡིན་ནོ་ཞེས་པ་འདིས། ལྡན་པ་ཅན་གྱི་ངོ་བོས་ལྡན་པ་ཅན་དག་མངོན་སུམ་ ཉིད་དུ་འགྱུར་བ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །དེ་ལྟར་འགྱུར་མོད། རྗེས་སུ་དཔག་པ་ལ་སོགས་པ་རྣམས་ཀྱི་མིང་མངོན་སུམ་སྔོན་མ་ཅན་མ་ཡིན་ལ། དེ་རྣམས་ཀྱི་མཚན་ཉིད་ནི་གང་འདོད་པ་དེ་ཁ་ན་མ་ཐོ་བ་མེད་པ་སྟེ། གང་ལས་དེ་དགག་པ་བརྗོད་པར་བྱ་བ་མ་ཡིན་པའོ་ཞེ་ན་གསུངས་ པ། རྗེས་སུ་དཔག་པ་དང་ཉེ་བར་སྟོན་པ་དང་ཉེ་བར་འཇལ་བ་རྣམས་ཀྱི་ཞེས་པ་ལ་སོགས་པའོ། །ཡང་ཅི་ལྟར་རང་གི་བསམ་པས་མ་བརྗོད་ཅེ་ན་གསུངས་པ། འབྲེལ་པ་གཞན་མ་བསྟན་པའི་ཕྱིར་རོ་ཞེ་ན། བྱེ་བྲག་པ་ལ་སོགས་པ་མངོན་པར་འདོད་པའི་འབྲེལ་པ་རྣམས་ལས་གཞན་པའི་ འབྲེལ་པ་འགའ་ཡང་ངེས་པར་བསྟན་པ་ནི་མེད་དོ། །གང་ཡང་རི་ཁྲོད་པས་རང་གི་བསམ་པས་རྗེས་སུ་དཔག་པ་འདི་བརྗོད་པ་ལའོ། །རྗེས་སུ་དཔག་པ་ནི་འབྲེལ་པ་ཤེས་པའི་ཕྱོགས་གཅིག་མཐོང་བ་ལས་ཕྱིར་ཕྱོགས་གཞན་པ་གཅིག་ཉེ་བ་མ་ཡིན་པ་ལ་བློ་ཡིན་པའོ། །དེ་རྣམ་པ་གཉིས་ཏེ་མངོན་ སུམ་གྱིས་འབྲེལ་པ་མཐོང་བ་དང་། སྤྱིར་མཐོང་བ་ཞེས་པའོ། །དེ་ཡང་བྱེ་བྲག་པའི་རྗེས་སུ་དཔག་པ་ཁོ་ནའོ། །གལ་ཏེ་འབྲེལ་པ་དེ་རྣམས་ཁོ་ན་བརྗོད་པར་འདོད་ན། འོ་ན་དེ་རྣམས་ཀྱི་རང་གི་ངོ་བོ་གཞན་ངེས་པར་བསྟན་པ་མ་ཡིན་ནོ་ཞེས་པས་རྗེས་སུ་དཔག་པ་ངེས་པར་མ་བསྟན་པ་ཁོ་ ནའོ། །དྲན་པ་ཡང་ཕྱོགས་གཅིག་ཏུ་མཐོང་བ་ལས་ཕྱོགས་གཞན་པ་གཅིག་པོ་སྔར་རྟོགས་པ་ལ་སྐྱེའོ་ཞེས་པས། དེ་ཡང་རྗེས་སུ་དཔག་པར་འགྱུར་རོ། །འབྲེལ་པ་ཡང་དབང་པོས་གཟུང་བར་བྱ་བ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །དེས་ན་ཅིའི་ཕྱིར་དེ་མངོན་སུམ་གྱིས་འབྲེལ་པ་ མཐོང་བ་ཉིད་ཡིན་ཞེས་པས་འདི་ནི་མི་རིགས་སོ། །དོན་གྱིས་གོ་བ་དང་དངོས་པོ་མེད་པ་དག་གི་དགག་པ་བརྗོད་པར་བྱ་སྟེ་ཞེས་པ། དེ་དག་རང་གི་འདོད་པས་བརྗོད་པའི་ཕྱིར་རོ། །ཕྲུ་བ་ལ་སོགས་པ་དང་རྟེན་པར་བྱེད་པ་ལ་སོགས་པའི་དོན་གྱིས་བཟུང་བ་ཞེས་པ་ལ། སོགས་པའི་སྒྲ་ གཅིག་གིས་ཐལ་བ་དང་སྐྱ་བོ་ལ་སོགས་པའི་སྒྲུབ་བྱེད་ཀྱི་བྱེ་བྲག་རྣམས་གཟུང་ངོ་། །གཉིས་པས་ཀྱང་ཆུ་ལེན་པ་ལ་སོགས་པའི་བྱ་བའི་ཁྱད་པར་རྣམས་སོ། །དོན་སྨོས་པ་ཉིད་ནི་ཚོས་པ་ནི་དེ་ལས་སྐྱེས་པའི་ཕྱིར་ཏེ། དེ་རྣམས་མེད་པས་ཚོས་པ་འགྲུབ་པར་མི་འགྱུར་བས་སོ། །དེའི་ཕྱིར་ གཞན་དུ་ནི་མི་འཐད་པས་དེ་ཐམས་ཅད་དོན་གྱིས་བཟུང་བ་ཁོ་ནའོ། །ཡང་ཅི་ལྟར་རྗེས་སུ་དཔག་པ་ཡིན་ཏེ། ཇི་ཙམ་གྱིས་ཚུལ་གསུམ་པའི་རྟགས་ལས་དོན་མཐོང་བ་རྗེས་སུ་དཔག་པར་བརྗོད་དོ་ཞེ་ན། འཚེད་པའི་རྟགས་ཉིད་ལས་རྟོགས་པར་བྱ་བ་ཞེས་པ། འཚོད་པ་ནི་ཕྲུ་བ་ལ་སོགས་ པ་རྣམས་ལ་མེད་ན་མི་འབྱུང་བའི་ཕྱིར་རྟགས་སོ། །མེད་ན་མི་འབྱུང་བ་ནི་དེ་ལས་སྐྱེས་པའི་ཕྱིར་རོ། །དེའི་ཕྱིར་དུ་བ་ལས་མེ་རྗེས་སུ་དཔག་པ་བཞིན་དུ་རྟགས་ལས་སྐྱེས་པ་ཉིད་ཀྱི་ཕྱིར་རྗེས་སུ་དཔག་པ་ལས་ཐ་དད་པ་མ་ཡིན་ནོ། །གཞན་རྣམས་ནི་ཡོད་པ་དང་མེད་པ་དག་ལས། འབྲས་ བུ་དང་རྒྱུ་རྟོགས་པ་དོན་གྱིས་གོ་བར་འདོད་ལ། གཞན་རྣམས་ནི་དེ་ཁོ་ན་རིགས་པ་ཞེས་བྱ་བ་ཚད་མ་གཞན་ཡིན་ནོ་ཞེས་ཏེ། དཔེར་ན་མིག་ཡོད་ན་མིག་གི་རྣམ་པར་ཤེས་པར་འགྱུར་ལ། མེད་ན་མི་འགྱུར་ཏེ། དེའི་ཕྱིར་མིག་ནི་དེའི་རྒྱུ་ཁོ་ནའོ་ཞེས་པའོ། །འདི་ནི་རྗེས་སུ་དཔག་པར་རིགས་ པ་མ་ཡིན་ཏེ། དཔེ་མེད་པའི་ཕྱིར་རོ། །ཚད་མ་གཞན་གྱིས་དཔེ་གྲུབ་པར་འགྱུར་ཞིང་། འདིར་ཚད་མ་གཞན་གྱིས་དཔེ་འགྲུབ་པ་ཡང་མ་ཡིན་ཏེ། དེ་ལྟར་ནི་གང་ཡང་ས་བོན་དང་མྱུ་གུ་ལ་སོགས་པ་འདི་དཔེ་ཉིད་དུ་འདོད་ན། དེར་ཡང་འདི་ཁོ་ནས་འབྲས་བུ་དང་རྒྱུའི་དངོས་པོ་འགྲུབ་ཅིང་། དེ་ཡང་རིགས་པ་མ་ཡིན་ཏེ། གང་གིས་བསྒྲུབ་པར་བྱ་བ་འགྲུབ་པ་དེ་ཁོ་ནས་དཔེ་ཡང་ངོ་ཞེས་པས་ན་དཔེ་ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེའོ། །དེ་ཡང་ཚད་མ་གཞན་མ་ཡིན་པ་ཁོ་ན་སྟེ། འདིར་འབྲས་བུ་དང་རྒྱུའི་དངོས་པོ་བསྒྲུབ་པར་བྱ་བ་མ་ཡིན་ཏེ། བསྒྲུབ་པར་བྱ་བ་ དང་སྒྲུབ་པར་བྱེད་པ་དག་ཐ་དད་མེད་པའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་དངོས་པོ་ནི་ཡོད་པ་དང་མེད་པ་དག་ལས་གཞན་པ་མ་ཡིན་ལ། དེ་ཁོ་ནས་དེ་བསྒྲུབ་པར་བྱ་བ་ཉིད་དུ་འཐད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་འདིར་རྨོངས་པའི་ངོར་སྐྱེད་པར་བྱེད་པར་རྗོད་པས་ན་ཕ་ཉིད་ བཞིན་དུ་ཡུལ་བསྟན་པས་ཡུལ་ཅན་འབྲེལ་པ་ཞུགས་པ་དྲན་པར་བྱེད་པའི་ཐ་སྙད་བསྒྲུབ་པར་བྱ་བ་སྟེ། གང་འདྲ་བའི་ཡུལ་དུ་ཁྱོད་ཀྱིས་གཞན་ལ་འབྲས་བུ་དང་རྒྱུའི་ཐ་སྙད་ཞུགས་པ་དེ་འདྲ་བ་ཁོ་ན་འདི་ཡིན་ཏེ། དེའི་ཕྱིར་འདི་ལ་ཡང་འཇུག་པར་བྱོས་ཤིག་ཅེས་ཐ་སྙད་བསྒྲུབ་པར་བྱ་བ་ལ་དཔེ་ སྲིད་དོ་ཞེས་པས་རྗེས་སུ་དཔག་པ་ཁོ་ནའོ། །སྦྱོར་བ་ནི། གང་དུ་དེ་ཡོད་པ་ན་ཡོད་པ་ཉིད་དེ་ལ་འབྲས་བུ་དང་རྒྱུའི་ཐ་སྙད་བྱ་སྟེ། དཔེར་ན་གང་དུ་སྔར་རྒྱུ་དང་འབྲས་བུའི་དངོས་པོ་རབ་ཏུ་ཞུགས་པས་ས་བོན་དང་མྱུ་གུ་ལ་སོགས་པ་ལ་བཞིན། མིག་དང་དེའི་རྣམ་པར་ཤེས་པ་དག་ཀྱང་དེ་ ཡོད་ན་ཡོད་པ་ཉིད་ཡིན་ནོ་ཞེས་པ་རང་བཞིན་ནོ། །རི་ཁྲོད་པ་ན་རེ་དོན་གྱིས་གོ་བ་ཡང་མཐོང་བའམ་ཐོས་པའི་དོན་རྣམ་པ་གཞན་དུ་མི་འཐད་དོ་ཞེས་པས་དོན་གྱིས་ཡོངས་སུ་རྟོགས་པ་སྟེ། དཔེར་ན་ལྷས་བྱིན་འཚོ་བ་ན་ཁང་པར་མ་མཐོང་བས་ཕྱི་རོལ་ན་ཡོད་པ་མ་མཐོང་བ་ཡང་རྟོགས་པ་བཞིན་ ནོ་ཞེས་ཟེར་རོ། །འདིར་བ་ལང་དང་བོང་བུའི་ཚུལ་གྱིས། སྒྲ་ལས་ཁོང་དུ་ཆུད་པ་ནི་ཐོས་པའི་སྒྲས་ལོགས་སུ་ཉེ་བར་བླངས་པའི་ཕྱིར་མཐོང་བའི་སྒྲ་ཚད་མ་གཞན་གྱིས་ཉེ་བར་དམིགས་པ་ལ་འཇུག་གོ། །དཔེར་ན་འཚོ་བ་ན་ཞེས་པ་དངོས་པོ་མེད་པ་སྔོན་དུ་འགྲོ་བའི་དོན་གྱིས་གོ་བའི་དཔེར་བརྗོད་པ་བཞིན་ ནོ། །ཁྱིམ་ན་མ་མཐོང་བས་ཕྱི་རོལ་ན་ཡོད་པ་ཞེས་པ་ནི་འཚོ་བ་ཅན་གྱི་ལྷས་བྱིན་ཁྱིམ་ན་མ་མཐོང་བའི་དངོས་པོ་མེད་པའི་ཚད་མས་ཉེ་བར་དམིགས་པ་ནི་ཕྱི་རོལ་ན་ཡོད་པ་ལས་གཞན་དུ་མི་འཐད་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །འདིར་གལ་ཏེ་འཚོ་བ་ཅན་གྱི་ལྷས་བྱིན་ཁྱིམ་ན་མ་མཐོང་བ་ནི་ཕྱི་རོལ་ ན་ཡོད་པ་ལས་རྣམ་པ་གཞན་དུ་མཐོང་བ་མ་ཡིན་ནོ་ཞེས་པས་ན་གཞན་དུ་འཐད་པ་མ་ཡིན་ནོ་ཞེས་བརྗོད་པར་བྱ་ལ། དེ་ལྟར་གྱུར་ན་ཕྱི་རོལ་ན་ཡོད་པ་དང་མེད་ན་མི་འབྱུང་བར་ཡང་དེ་མཐོང་བ་མ་ཡིན་ནོ་ཞེས་པས། དེ་ལྟར་ན་ཡང་འཐད་པ་མ་ཡིན་ནོ། །ཅི་སྟེ་ལྷས་བྱིན་གསོན་པ་ཁང་པ་ན་མ་མཐོང་ བ་ནི་ཕྱི་རོལ་ན་ཡོད་པར་གྱུར་པ་ཁོ་ན་ལ་མཐོང་གི་དེ་མེད་ན་ཡང་མཐོང་བ་མ་ཡིན་ནོ་ཞེས་པས་རྣམ་པ་གཞན་དུ་འཐད་པ་མ་ཡིན་ནོ་ཞེས་བརྗོད་པར་བྱ་ན། དེའི་ཚེ་དེ་ཡོད་པ་ཁོ་ན་གཞན་དུ་མི་འཐད་པ་ཉིད་དུ་བརྗོད་པར་འགྱུར་ལ། དེ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་ཅན་གྱི་དོན་ཁོ་ན་ལ་འགྱུར་རོ་ ཞེས་པས་དོན་གྱིས་གོ་བ་རྗེས་སུ་དཔག་པ་ལས་ཐ་དད་པ་མ་ཡིན་ནོ། །སྦྱོར་བ་ནི་དམིགས་པའི་མཚན་ཉིད་དུ་གྱུར་པ་ཁང་པ་ན་མ་དམིགས་ཤིང་འཚོ་བ་དང་ལྡན་པ་དེ་ནི་ཕྱི་རོལ་ན་ཡོད་དེ། དཔེར་ན་ཇི་སྐད་བཤད་པའི་རྣམ་པ་ཅན་ཕྱི་རོལ་ན་ཉེ་བར་དམིགས་པའི་མཆོད་སྦྱིན་བཞིན། སྒྲ་ལས་ཁོང་ དུ་ཆུད་པའི་ཡོད་པ་ཅན་ལྷས་བྱིན་ཡང་ཇི་སྐད་བཤད་པའི་ཆོས་དང་ལྡན་པའོ་ཞེས་པ་རང་བཞིན་ནོ། །ཐེ་ཚོམ་གྱི་རྒྱུ་ཉིད་ཀྱི་ཕྱིར་ཞེས་པ། གང་ཐེ་ཚོམ་གྱི་རྒྱུ་དེ་ནི་ཚད་མ་མ་ཡིན་ཏེ། གཞལ་བྱ་ཉིད་བཞིན། མ་ངེས་པའི་དོན་གྱིས་གོ་བ་ཡང་དེ་ལྟ་བུའོ་ཞེས་ཁྱབ་བྱེད་དང་འགལ་བ་གསུངས་ སོ། །ནག་པ་ཁྱིམ་ན་མེད་པ་ལས། །ཞེས་པ་ལ་སོགས་པ་སྟེ། ཁང་པ་ན་མེད་པ་ཙམ་གྱིས་ནག་པ་ཕྱི་རོལ་ན་ཡོད་པར་རྟོགས་པར་འགྱུར་བ་མ་ཡིན་ཏེ། གཞན་དུ་ན་རི་བོང་གི་རྭའི་ཡང་འགྱུར་རོ། །ཁྱིམ་གྱི་སྒྲ་ངག་དེ་ལ་རབ་ཏུ་སྦྱར་བས་ནི། དེ་ཕྱི་རོལ་ན་ཡོད་པ་གོ་བར་བྱེད་དེ། ཁྱིམ་ གྱི་སྒྲ་རབ་ཏུ་སྦྱར་ན་ནི་ངག་འདིས་མེད་པ་ངེས་པ་དང་ལྡན་པར་རྗོད་པར་བྱེད་དོ། །རྣམ་པ་དེ་ལྟ་བུའི་དོན་བརྗོད་པར་འདོད་པ་ཁོ་ན་ལ་རྣམ་པ་འདི་ལྟ་བུའི་ངག་སྦྱོར་བའི་ཕྱིར་རོ། །གང་གསུངས་པ། གལ་ཏེ་ཁྱིམ་དང་ཕྱི་རོལ་ན་ཡང་མེད་པར་གྱུར་ན་ནི་མེད་དོ་ཞེས་པ་ཁོ་ན་བརྗོད་པར་བྱའོ་ཞེས་པ་སྟེ། དེའི་ཕྱིར་ངག་འདིས་ནི་ཁྱིམ་ན་མེད་པ་དང་ཕྱི་རོལ་ན་ཡོད་པ་གཉིས་ཀ་འཕེན་པར་བྱེད་དེ། ངེས་པར་སྦྱོར་བ་འཆད་པར་བྱེད་པ་གཅིག་ཀྱང་གཉིས་པ་འཕེན་པ་མེད་ན་མི་འབྱུང་བ་ཅན་ཡིན་པའི་ཕྱིར་རོ། །མེད་པ་འབའ་ཞིག་པ་ནི་ཕྱི་རོལ་ན་ཡོད་པ་འཕེན་པ་མ་ཡིན་ལ། ངེས་པ་དང་ལྡན་པ་ཡང་འབའ་ ཞིག་པ་མ་ཡིན་ཏེ། ངེས་པ་ནི་གཉིས་ཀའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ནག་པ་ཁང་པ་ན་མེད་དོ་ཞེས་པ་དངོས་པོ་མེད་པ་ཁོ་ན་བརྗོད་པ་མ་ཡིན་གྱི། འོན་ཀྱང་ཕྱི་རོལ་ན་ཡོད་པ་ཡང་ངོ་། །དེའི་ཕྱིར་དོན་གྱིས་གོ་བ་ཁོ་ན་དངོས་པོ་མེད་པ་ཞེས་པ། དཔེར་ན་སྣོད་ལ་སོགས་པ་མེད་པར་ཚོས་པ་ ཡོངས་སུ་འགྲུབ་པ་སྲིད་པ་མ་ཡིན་ནོ་ཞེས་པས་མེད་ན་མེད་པ་ཉིད་ཀྱི་ཕྱིར་དེ་ནི་དེ་འཕེན་པར་བྱེད་དོ། །དེ་བཞིན་དུ་དགག་པ་ངེས་པར་བརྗོད་པར་འདོད་པ་ན། ཁྱིམ་གྱི་སྒྲ་རབ་ཏུ་སྦྱོར་བ་ནི་ཕྱི་རོལ་ན་ཡོད་པ་མེད་ན་སྲིད་པ་མ་ཡིན་ནོ་ཞེས་པས་མེད་ན་མི་འབྱུང་བ་ཉིད་ཀྱི་ཕྱིར་དེ་ནི་དེ་འཕེན་ པར་བྱེད་དོ། །དེའི་ཕྱིར་ཡང་ཇི་ལྟར་འཚོད་པ་ནི་ཕྲུ་བ་ལ་སོགས་པའི་རྟགས་ཡིན་པ་དེ་ལྟར། རྣམ་པ་འདི་ལྟ་བུའི་ངག་གི་ཆ་ཤས་ཀྱི་ཁང་པའི་སྒྲ་ཡང་ཕྱི་རོལ་ན་ཡོད་པའི་འོ་ཞེས་པས་དེ་ལས་དེ་རྟོགས་སོ། །རི་ཁྲོད་པ་ན་རེ་དངོས་པོ་མེད་པ་ཡང་ཚད་མའི་དངོས་པོ་མེད་པ་ནི་མེད་དོ་ཞེས་པ་ཕྲད་པ་ མེད་པའི་དོན་ནོ་ཞེས་ཟེར་རོ། །མངོན་སུམ་ལ་སོགས་པའི་ཚད་མ་ལྔ་མེད་པ་ནི། དབང་པོ་དང་ཕྲད་པ་མེད་པའི་དོན་མེད་དོ་ཞེས་པ་དངོས་པོ་མེད་པ་ལ་ངེས་པའི་རྒྱུར་འགྱུར་རོ། །དེའི་ཕྱིར་དངོས་པོ་མེད་པ་ཚད་མའོ་ཞེས་པ་ངག་གི་དོན་ཏོ། །དེ་ཁོ་ན་མ་དམིགས་པའི་སྒྲས་ཐ་སྙད་དུ་བྱེད་པ་ ལས་ཚད་མ་གཞན་དུ་སྨྲ་བ་གཞན་རྣམས་སྨྲ་བར་བྱེད་དེ། ཉེ་བར་དམིགས་པ་གང་གིས་དོན། །གང་ཞིག་ཤེས་པ་དེ་མེད་ལས། །མེད་ཉིད་ཤེས་པ་དེ་ཡིས་ནི། །འདི་ནི་མི་དམིགས་ཡིན་པར་འདོད། །ཅེས་སོ། །འདི་ལ་ཡང་ཚད་མ་མེད་པའོ། །མ་བཟུང་བ་ནི་དངོས་པོ་མེད་པ་འཛིན་པའི་ རྒྱུར་འགྱུར་བ་མ་ཡིན་ནོ། །ཅི་སྟེ་འཛིན་པ་ལ་ལྟོས་པ་དེ་དངོས་པོ་མེད་པ་འཛིན་པ་ལ་བྱ་བ་བྱེད་ན་ནི་ཐུག་པ་མེད་པར་འགྱུར་རོ། །ཇི་ལྟར་བུམ་པ་མེད་པ་ཚད་མ་མེད་པས་འཛིན་པ་དེ་ལྟར་ཚད་མ་མེད་པ་ཡང་གཞན་གྱིས་ཏེ། དེ་ཡང་གཞན་གྱིས་སོ་ཞེས་པས་ཐུག་པ་མེད་པའི་ཕྱིར། གཅིག་ འཛིན་པ་མེད་པ་ན་ཡང་ཐམས་ཅད་ཀྱི་འཛིན་པ་མེད་པའོ་ཞེས་པས་ན་དེ་ག་ལས་ཚད་མ་ཉིད་ཡིན། གལ་ཏེ་མ་བཟུང་བ་ཡང་དབང་པོ་བཞིན་དུ་འཛིན་པའི་རྒྱུ་ཉིད་དུ་འགྱུར་ཞེ་ན་མ་ཡིན་ཏེ། མེད་པ་ནི་ནུས་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ཅན་ཉིད་ཀྱི་ཕྱིར་རོ། །གཞན་དུ་ན་ཡོད་པ་ཁོ་ནར་ འགྱུར་ཏེ། ཡོད་པ་ནི་དོན་བྱ་བ་ནུས་པའི་མཚན་ཉིད་ཅན་ཉིད་ཀྱི་ཕྱིར་རོ་ཞེས་པས་དངོས་པོ་མེད་པ་ཚད་མ་མ་ཡིན་ནོ། །འོ་ན་ཁྱེད་ལ་ཡང་མི་དམིགས་པ་ཚད་མར་མི་འགྱུར་ཏེ། ཇི་སྐད་བཤད་པའི་སྐྱོན་ཁོ་ནའི་ཕྱིར་རོ་ཞེ་ན། འདི་ནི་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་ཁོ་བོས་རྣམ་པ་འདི་ལྟ་བུའི་ མི་དམིགས་པ་འདོད་པ་མ་ཡིན་གྱི། འོན་ཀྱང་དམིགས་པའི་མཚན་ཉིད་དུ་གྱུར་པ་མི་དམིགས་པའོ། །དམིགས་པའི་མཚན་ཉིད་དུ་གྱུར་པ་ནི། དམིགས་པའི་རྐྱེན་གཞན་ཚང་བ་དང་རང་བཞིན་ཁྱད་པར་ཅན་ཏེ། རང་བཞིན་གང་ཞིག་དམིགས་པའི་རྐྱེན་གཞན་རྣམས་ཡོད་པ་ན་ཡོད་ པ་མངོན་སུམ་ཁོ་ནར་འགྱུར་བའོ། །དེ་ལ་དམིགས་པ་ནི་བྱེད་པ་པོ་ལ་གནས་པའི་བྱ་བའམ་ལས་ལ་གནས་པར་འགྱུར་རོ། །བརྟགས་པ་སྔ་མ་ལ་དམིགས་པར་བྱེད་བཞིན་པའི་ཆོས་ཤེས་པ་ནི་དམིགས་པ་ཡིན་ཞིང་། དེ་ལས་གཞན་པའི་དམིགས་པ་ནི་མི་དམིགས་པ་ཡིན་ཏེ་བརྗོད་པར་ འདོད་པའི་དམིགས་པ་ལས་གཞན་ཡིན་པ་ཉིད་ཀྱི་ཕྱིར། བཟའ་བར་བྱ་བ་མ་ཡིན་པ་དང་རེག་པར་བྱ་བ་མ་ཡིན་པ་བཞིན་ནོ། །གང་གི་ཚེ་ལས་ལ་གནས་པའི་བྱ་བ་དམིགས་པའི་སྒྲས་བརྗོད་པར་བྱ་བ་དེའི་ཚེ་ཉེ་བར་དམིགས་པར་བྱ་བཞིན་པ་ཁོ་ནའི་ཆོས་རང་གི་ཡུལ་ཅན་གྱི་ཤེས་པ་སྐྱེད་ པར་རུང་བ་ཉིད་ཀྱི་མཚན་ཉིད་ཅན་ནི་དམིགས་པ་ཡིན་ཞིང་ཡུལ་གྱི་རང་བཞིན་ཁོ་ན་སྟེ། རུང་བ་ཉིད་ནི་དངོས་པོའི་ངོ་བོ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ལས་གཞན་པ་དམིགས་པར་རུང་བ་དེ་དང་ཤེས་པ་གཅིག་ལ་འབྲེལ་པའི་རང་བཞིན་ཁོ་ན་མི་དམིགས་པའོ། །ཇི་སྐད་བཤད་པའི་མི་ དམིགས་པ་དེ་དང་དེ་རྣམ་པ་གཉིས་ཀ་ཡང་མངོན་སུམ་ཁོ་ནས་འགྲུབ་བོ་ཞེས་པས་ཁོ་བོ་ཅག་ལ་ཇི་སྐད་བརྗོད་པའི་སྐྱོན་སྲིད་པ་མ་ཡིན་ནོ། །འོ་ན་རྣམ་པ་འདི་ལྟ་བུའི་མི་དམིགས་པ་ཚད་མར་འགྱུར་དུ་ཆུག་མོད། ཡང་དེ་ཅི་ལྟར་རྗེས་སུ་དཔག་པར་འགྱུར། ཅི་ལྟར་མི་འགྱུར་ཞེ་ན། དཔེ་ ལ་མི་ལྟོས་པའི་ཕྱིར་རོ། །གང་གི་ཕྱིར་འདི་ལ་དཔེ་འགའ་ཡང་ཡོད་པ་མ་ཡིན་པས་ཏེ། ཚད་མས་གྲུབ་པ་དཔེར་འགྱུར་བས་སོ། །གཞན་དུ་ན་གལ་ཏེ་དཔེ་མི་དམིགས་པས་གྲུབ་པ་ཁོ་ནར་འགྱུར་ན། དེ་ལྟར་གྱུར་ན་ནི། ཇི་ལྟར་བུམ་པ་མེད་པ་དཔེས་བསྒྲུབ་པར་བྱ་བ་དེ་ལྟར། དཔེ་ཉེ་བར་ བརྗོད་པ་མེད་པ་ནམ་མཁའི་མེ་ཏོག་ལ་སོགས་པ་ཡང་དཔེ་གཞན་གྱིས་བསྒྲུབ་པར་བྱ་ཞིང་། དེ་ཡང་གཞན་གྱིས་སོ་ཞེས་པས་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །ཅི་སྟེ་དཔེ་ནི་དཔེ་མེད་པར་ཡང་འགྲུབ་ན་བུམ་པ་མེད་པར་ཡང་འགྲུབ་པར་འགྱུར་རོ། །དེའི་ཕྱིར་ཡང་མི་དམིགས་པ་ཚད་མ་གཞན་ཁོ་ ནར་འགྱུར་ཏེ། དཔེ་ལ་མི་ལྟོས་པའི་ཕྱིར་རོ་ཞེ་ན་སྐྱོན་འདི་མེད་དེ། གང་གི་ཕྱིར་མི་དམིགས་པས་དངོས་པོ་མེད་པ་བསྒྲུབ་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། མེད་པའི་ཐ་སྙད་དོ། །དམིགས་སུ་རུང་བ་མ་དམིགས་པ་དེ་ནི་མེད་པའི་ཐ་སྙད་ཀྱི་རྒྱུ་མཚན་ཡིན་ཏེ། དེ་ནི་རང་ཉིད་ཉེ་ བ་ལས་རང་གི་རྒྱུ་མཚན་ཅན་འདི་ལྟར་སྒྲུབ་པར་བྱེད་དོ། །རང་གི་རྒྱུ་མཚན་ཚོགས་པར་འབྱུང་བ་ཅན་ཐམས་ཅད་འདིར་དཔེའོ། །ཡོད་པའི་ཐ་སྙད་དགག་པ་བསྒྲུབ་པར་བྱ་བ་ལ་ཡང་། མི་དམིགས་པ་དང་ཅིག་ཤོས་ཀྱིས་ཏེ། རྒྱུ་མཚན་དང་བྲལ་ན་མི་འབྱུང་བ་ཅན་མྱུ་གུ་ལ་སོགས་ པ་རྣམས་ཀྱང་དཔེའོ། །ཉེ་བར་བརྗོད་པ་མེད་པ་འབའ་ཞིག་ཁོ་ན་ནི་མ་ཡིན་ནོ་ཞེས་པས་ཚད་མ་གཞན་ཉིད་དུ་ཐལ་བ་མ་ཡིན་ནོ། །ཡང་དངོས་པོ་མེད་པ་ཁོ་ན་བསྒྲུབ་བྱ་མ་ཡིན་པའི་རྒྱུ་ཅི་ཞེ་ན། ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟར་ནི་དམིགས་པ་ཁོ་ན་བལྟར་རུང་བའི་བདག་ཉིད་རྣམས་ཀྱི་ ཡོད་པ་སྟེ། མི་དམིགས་པ་ཡང་མེད་པ་ཉིད་དོ། །ཅི་ལྟར་བྱས་ནས་ཤེ་ན། རེ་ཞིག་གང་གི་ཚེ་ཇི་སྐད་བཤད་པའི་རང་གི་ཡུལ་ཅན་གྱི་ཤེས་པ་སྐྱེད་པར་རུང་བ་ཉིད་དམིགས་པ་ཡིན་པ་དེའི་ཚེ་རུང་བ་ཉིད་ཀྱི་རང་བཞིན་དུ་གྱུར་པ་ཉིད་ཀྱི་ཕྱིར་དམིགས་པ་ནི་ཡོད་པ་ཉིད་ཡིན་ནོ་ཞེས་པ་འདི་གྲུབ་བོ། །གང་གི་ཚེ་ཡང་ བྱེད་པ་པོའི་ཆོས་ཤེས་པ་ནི་དམིགས་པ་ཡིན་པ་དེའི་ཚེ་ཡང་དེ་ནི་བལྟར་རུང་བའི་དོན་གྱི་ཡོད་པ་ཉིད་ཀྱི་རྒྱུ་མཚན་ཡིན་པ་ཉིད་ཀྱི་ཕྱིར་ལ། དེས་ན་ཁྱབ་པ་དང་ལྡོག་པ་དག་གིས་དེའི་རང་བཞིན་དང་ཁྱད་པར་མེད་དོ་ཞེས་པས་ཡོད་པ་དང་འདྲ་བར་ཉེ་བར་བཏགས་པ་ལས་ཡོད་པ་ཉིད་ཁོ་ནའོ། །དེ་ལྟར་ གཉིས་ཀ་ལྟར་ན་ཡང་ཡོད་པ་ཉིད་ནི་དམིགས་པ་ཡིན་ནོ། །དེ་མེད་པ་ཡང་མེད་པ་ཉིད་ཡིན་ཏེ། མ་ཡིན་པར་དགག་པའི་འཇུག་པས་ཏེ། སྔ་མ་བཞིན་ནོ། །དེ་ཁོ་ན་ཡང་མི་དམིགས་པའོ་ཞེས་པས་བསྒྲུབ་པར་བྱ་བ་དང་སྒྲུབ་པ་དག་ལ་བྱེ་བྲག་མེད་དོ། །དེས་ན་མི་དམིགས་པས་དངོས་པོ་མེད་ པ་བསྒྲུབ་པར་བྱ་བ་མ་ཡིན་ནོ། །དེའི་ཕྱིར་རྒྱུ་མཚན་ཉེ་བར་མཐོང་བ་ན་མེད་དོ་ཞེས་མི་དམིགས་པ་ལས་མེད་པའི་ཐ་སྙད་རྨོངས་པའི་ངོར་བསྒྲུབ་པར་བྱ་སྟེ། སྐྱེད་པར་བྱེད་པར་རྗོད་པས་ཕ་ཉིད་བཞིན་ནོ། །མི་སྣང་བ་མི་དམིགས་པས་ཀྱང་རྒྱུ་མཚན་མེད་པའི་ཕྱིར་ཐ་སྙད་འགོག་སྟེ། སྐྱེད་པར་བྱེད་པ་མ་ ཡིན་པར་བརྗོད་པས་ཕ་ཉིད་མ་ཡིན་པ་བཞིན་ནོ་ཞེས་པའོ། །གང་གཞན་གྱི་ཕྱོགས་བཀག་པས་ཞེས་པ་ལ་སོགས་པ་སྟེ། བཤད་འགྲེལ་བྱེད་པས་གང་བརྗོད་པ། ཕ་རོལ་གྱི་ཕྱོགས་བཀག་པས་རང་གི་ཕྱོགས་འགྲུབ་བོ་ཞེས་པ་དེ་དགག་པ་གྲངས་ཅན་པའི་བསལ་ཏེ་འོངས་པ་དགག་པ་ཁོ་ ན་ལས་བྱས་ཟིན་པར་རིག་པར་བྱ་སྟེ། འདི་ཡང་བསལ་ཏེ་འོངས་པའི་སྦྱོར་བ་ཁོ་ནའོ་ཞེས་བྱས་ནས་སོ། །ལེའུ་གཉིས་པའོ།། །།རང་གི་དོན་དང་གཞན་དོན་གྱི་དབྱེ་བས་རྗེས་སུ་དཔག་པ་རྣམ་པ་གཉིས་སོ་ཞེས་བརྗོད་ལ། དེ་ལ་རང་གི་དོན་བཤད་ཟིན་ཏོ། །ད་ནི་གཞན་དོན་གཏན་ལ་ འབེབས་པར་འདོད་པས་གསུངས་པ། གཞན་དོན་ཞེས་པ་ལ་སོགས་པའོ། །རང་དོན་ནི་རྗེས་སུ་དཔག་པ་ཉིད་དངོས་ཡིན་ལ། འདི་ནི་ཉེ་བར་བཏགས་པའོ་ཞེས་ཁྱད་པར་གྱི་དོན་ལ་ནིའི་སྒྲའོ། །རང་ཉིད་ཀྱིས་མཐོང་བ་ནི་རང་གིས་མཐོང་བའོ། །རང་གིས་མཐོང་བ་ཡང་འདི་ཡིན་ལ། དོན་ཡང་ ཡིན་པས་རང་གིས་མཐོང་དོན་ཏེ། ཚུལ་གསུམ་པའི་གཏན་ཚིགས་སོ། །དེ་ཚིག་གང་གིས་གསལ་བར་བྱེད་པ་དེ་ནི་གཞན་དོན་རྗེས་སུ་དཔག་པའོ། །ཡང་དེ་ཅི་ལྟར་གཞན་གྱི་དོན་ཉིད་ཡིན་ཞེ་ན་གསུངས་པ། ཇི་ལྟར་ཞེས་པ་ལ་སོགས་པའོ། །འོ་ན་རྗེས་སུ་དཔག་པར་བྱ་བའི་ཡུལ་ཅན་གྱི་ཤེས་ པ་རྗེས་སུ་དཔག་པ་ཡིན་ཏེ། ཤེས་པ་ཁོ་ན་ཚད་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེས་ན་ཅི་ལྟར་ཚིག་རྗེས་སུ་དཔག་པ་ཉིད་ཡིན་ཞེ་ན་གསུངས་པ། རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར་རོ་ཞེས་པ། ཚུལ་གསུམ་པའི་རྟགས་བརྗོད་པས་ནི་ཕ་རོལ་པོ་རྣམས་ལ་རྟགས་མ་རྟོགས་པར་འགྱུར་ལ། དེ་ལས་ཀྱང་རྗེས་ སུ་དཔག་པར་བྱ་བ་རྟོགས་པའོ། །དེའི་ཕྱིར་དེ་བརྒྱུད་པས་རྗེས་སུ་དཔག་པའི་རྒྱུར་འགྱུར་རོ་ཞེས་པས་རྒྱུ་དེ་ལ་འབྲས་བུ་ཉེ་བར་བཏགས་པ་ལས་དེ་རྗེས་སུ་དཔག་པ་ཞེས་བརྗོད་པར་བྱའོ། །འདིར་བརྩད་པ། ཚུལ་གསུམ་པའི་རྟགས་བརྗོད་པ་ཞེས་པ་འདི་ཙམ་ཞིག་ཁོ་ན་མཚན་ཉིད་དུ་འགྱུར་རོ། །རང་ གིས་མཐོང་དོན་སྨོས་པའི་དོན་ཅི་ཡིན་པ་བརྗོད་པར་བྱའོ་ཞེ་ན། བརྗོད་པར་བྱ་སྟེ། ཁ་ཅིག་འདི་སྐད་དུ་སྨྲ་སྟེ། གཞན་གྱིས་རྟོགས་པར་བྱ་བ་ཉིད་ཀྱི་ཕྱིར། རང་གིས་མ་མཐོང་ཡང་ཕ་རོལ་པོ་རྣམས་ཀྱིས་ལུང་ལས་མཐོང་བ་ནི་སྒྲུབ་པར་བྱེད་པ་སྟེ། དཔེར་ན་བདེ་བ་ལ་སོགས་པ་རྣམས་སམ་བློ་ནི་ སེམས་པ་མེད་པ་རྣམས་ཏེ། སྐྱེ་བའི་ཕྱིར་རམ་མི་རྟག་པ་ཉིད་ཀྱི་ཕྱིར། གཟུགས་ལ་སོགས་པ་བཞིན་ཞེས་པ་ལྟ་བུའོ་ཞེའོ། །དེའི་ཕྱིར་དེའི་ལུང་ལས་ཕ་རོལ་པོས་མཐོང་བ་ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་ཤེས་པར་བྱ་བའི་དོན་དུ་རང་སྨོས་སོ། །ཅིའི་ཕྱིར་དེ་སྒྲུབ་པར་བྱེད་པ་མ་ཡིན་ ཞེ་ན། དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པའི་ཡུལ་ལ་ཚིག་ཚད་མ་ཉིད་མ་ཡིན་པའི་ཕྱིར་རོ། །ཅི་སྟེ་ལུང་ཚད་མ་ཡིན་ན། འོ་ན་དེས་གྲུབ་པ་ཕ་རོལ་པོ་ཁོ་ན་ལ་གྲུབ་པ་མ་ཡིན་ནོ། །གཞན་ཡང་ཇི་ལྟར་ཚད་མར་གྱུར་པའི་ལུང་དེ་ལས་ཕ་རོལ་པོས་བདེ་བ་ལ་སོགས་པ་རྣམས་སྐྱེ་བ་ ཅན་དང་། མི་རྟག་པ་ཉིད་དུ་གྲུབ་པ་དེ་ལྟར་སེམས་པ་དང་བཅས་པ་ཉིད་དུ་སྤང་སྟེ། དེའི་ཕྱིར་དེ་ལ་གནོད་པར་བྱེད་པའི་རྗེས་དཔག་འཇུག་པ་མ་ཡིན་ནོ། །འཇུག་ན་ཡང་དེའི་དེས་གནོད་བཞིན་པ་ནི་ཅི་ལྟར་ལུང་ཚད་མ་ཡིན། དེས་ན་ལུང་ལ་ཕ་རོལ་པོས་ཁས་བླངས་པ་ནི་སྒྲུབ་བྱེད་མ་ཡིན་ནོ། ། གལ་ཏེ་སྒྲུབ་པར་བྱེད་པ་མ་ཡིན་ན་དེ་དང་དེར་ཐལ་བར་འགྱུར་བའི་སྒྲུབ་བྱེད་བརྗོད་པ་ཅི་ལྟར་ཡིན་ཞེ་ན། འདི་སྐྱོན་མ་ཡིན་ཏེ། གང་གི་ཕྱིར་གང་ཕ་རོལ་པོས་བརྟགས་པ་རྣམས་ཀྱིས་ཐལ་འགྱུར་དུ་བྱ་བ་དཔེར་ན་ནམ་མཁའ་ལ་སོགས་པ་ནི་ཡོད་པ་ཉིད་ཀྱི་ཕྱིར་མི་རྟག་པ་ཉིད་དུའོ་ཞེས་པ་ལྟ་བུ་དེ་ནི། ཆོས་ གཅིག་ཁས་བླངས་པ་ན་ཆོས་གཞན་ཁས་བླངས་པར་བསྟན་པའི་དོན་དུ་སྟེ། མུ་སྟེགས་པ་རྣམས་ཀྱིས་སངས་རྒྱས་པ་འགའ་ཞིག་ལ་འདི་ལྟར་འཛིན་དུ་འཇུག་སྟེ། ནམ་མཁའ་ལ་སོགས་པ་རྣམས་དེ་ཁོ་ན་ཉིད་དུ་ཡོད་དོ་ཞེས་ཟུང་ཤིག་ཅེས་པ་ལ། འཛིན་དུ་གཞུག་བྱ་དེས་སྨྲས་པ། གལ་ཏེ་དེ་རྣམས་དེ་ ཁོ་ན་ཉིད་དུ་ཡོད་ན་དེ་ལྟར་གྱུར་ན། དོན་དམ་པར་ཡོད་པ་ཉིད་ཀྱི་ཕྱིར་བུམ་པ་ལ་སོགས་པ་བཞིན་དུ་དེ་རྣམས་རྟག་པ་ཉིད་མ་ཡིན་པར་རོ་ཞེས་སོ། །ཅི་སྟེ་འདི་ཁས་བླང་བ་མ་ཡིན་ན་དེ་རྣམས་ཡོད་པ་ཉིད་དུ་ཡང་འགྱུར་བ་མ་ཡིན་ནོ། །དེ་ལྟར་ནི་དོན་བྱེད་ནུས་པ་གང་དེ་ཁོ་ན་དོན་དམ་པར་ཡོད་པ་ཡིན་ལ། རྟག་ པ་ལ་དོན་བྱེད་པ་ཡོད་པ་ཡང་མ་ཡིན་ཏེ། རིམ་པ་དང་ཅིག་ཅར་ཉིད་འགལ་བའི་ཕྱིར་རོ། །རེ་ཞིག་དེ་རིམ་གྱིས་དོན་བྱེད་པ་རིགས་པ་མ་ཡིན་ཏེ། འདི་ག་ལས་ན་ལྟོས་པ་མེད་པའི་བྱེད་པ་པོ་ནི་རང་ཡོད་པ་ཙམ་གྱིས་ཏེ། སྡོད་པར་བྱ་བར་མི་རིགས་པའི་ཕྱིར་རོ། །ཅི་སྟེ་ཕྱིས་ཀྱི་དུས་ན་འབྱུང་བའི་འབྲས་ བུའི་ངོར་དེའི་ནུས་པ་སྔར་ཡོད་པ་མ་ཡིན་ནོ་ཞེས་པས་དེ་བྱེད་པ་མ་ཡིན་ན། དེ་ལྟར་འགྱུར་ན། ཕྱིས་ཀྱང་བྱེད་པ་མ་ཡིན་པར་འགྱུར་ཏེ་ཁྱད་པར་མེད་པའི་ཕྱིར་སྔར་བཞིན་ནོ། །ལྷན་ཅིག་བྱེད་པ་ཉེ་བར་བྱས་ནས་ཕྱིས་བྱེད་དོ་ཞེ་ན། མ་ཡིན་ཏེ། ཕུལ་དུ་བྱུང་བར་བསྒྲུབ་ཏུ་མེད་པ་ནི་ལྟོས་པར་མི་རུང་བའི་ ཕྱིར་རོ། །ཅིག་ཅར་དོན་བྱེད་པའང་སྲིད་པ་མ་ཡིན་ཏེ། དོན་བྱེད་ནུས་པའི་རང་བཞིན་ནི་སྔར་བཞིན་དུ་ཕྱིས་ཀྱང་མི་བྱེད་པ་མི་རིགས་པའི་ཕྱིར་རོ། །དེའི་ཕྱིར་ནམ་མཁའ་ལ་སོགས་པ་རྣམས་ཡོད་པ་ཉིད་དུ་ཁས་ལེན་ན་དེ་རྣམས་ཀྱི་རྟག་པ་ཉིད་ཀྱང་མེད་དོ་ཞེས་གདོན་མི་ཟ་བར་ཁས་བླང་བར་བྱའོ། ། མེད་པ་ཉིད་ཀྱང་མ་ཡིན་ནོ་ཞེས་པ་ཞར་ལ་བྱུང་བས་ཆོག་གོ། །ལུང་ལས་ཕ་རོལ་པོས་མཐོང་བ་ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་པ་འདི་གནས་སོ། །དོན་སྨོས་པ་ནི་དོན་མེད་པ་རྟོག་པས་སྒྲོ་བཏགས་པའི་རང་བཞིན་ནི་རྟགས་མ་ཡིན་ནོ་ཞེས་ཤེས་པའི་དོན་དུ་སྟེ། དཔེར་ན་སྒྲ་མི་རྟག་སྟེ་ཕྱོགས་དང་ མཐུན་པའི་ཕྱོགས་གང་རུང་བ་ཉིད་ཀྱི་ཕྱིར། བུམ་པ་བཞིན་ཞེས་པ་ལྟ་བུའོ། །ཕྱོགས་དང་མཐུན་པའི་ཕྱོགས་ལས་གང་ཡང་རུང་བ་ཉིད་ནི་སྒྲ་ལ་དངོས་པོའི་ཆོས་ཉིད་དུ་གནས་པ་ནི་མ་ཡིན་གྱི། འོན་ཀྱང་སྨྲ་བ་པོའི་བརྗོད་པར་འདོད་པའི་དབང་ལས་སོ། །དེ་ལྟར་ནི་སྒྲ་རྟག་སྟེ། ཕྱོགས་དང་མཐུན་ པའི་ཕྱོགས་ལས་གང་ཡང་རུང་བ་ཉིད་ཀྱི་ཕྱིར། ནམ་མཁའ་བཞིན་ཞེས་འདོད་པའི་རྗེས་སུ་བྱེད་པའི་ཕྱིར་རྟག་པར་མངོན་པར་འདོད་པ་ནམ་མཁའ་ལ་སོགས་པ་ཡང་ལྟོས་པར་བྱ་བར་འགྱུར་རོ། །དེའི་ཕྱིར་སྨྲ་བ་པོའི་འདོད་པ་ཙམ་གྱིས་འཇུག་པའི་ཆོས་འདི་རྣམས་དངོས་པོའི་སྟོབས་ཀྱིས་འཇུག་པ་ རྣམས་མ་ཡིན་ལ། རྣམ་པ་འདི་ལྟ་བུ་རྣམས་ལས་དངོས་པོ་འགྲུབ་པ་ཡང་མ་ཡིན་ཏེ། དངོས་པོ་གཅིག་ནི་འགལ་བའི་རང་བཞིན་ཉིད་དུ་མི་འགྱུར་རོ་ཞེས་པའོ། །གང་དུ་ཆོས་གཅིག་ལ་འཇུག་པའི་མཚན་ཉིད་ཉེ་བ་ཅན་དེར་ནི་དེ་ལས་དོན་འགྲུབ་པར་འགྱུར་ཏེ། དཔེར་ན་འགའ་ཞིག་ཏུ་དོན་ གཞན་འདྲེས་པའི་ངོ་བོའི་ཆོས་མཐུན་པ་ཉིད་མངོན་པར་མཐོང་ནས། གོང་བུ་འདི་ནི་རྭ་ཅན་ཡིན་ཏེ། བ་ལང་དང་བ་མེན་དག་ལས་གང་ཡང་རུང་བ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་བརྗོད་པ་ལྟ་བུ་སྟེ། འཕྲོས་པས་ཆོག་གོ། །དངོས་པོ་མ་ཡིན་པ་རྟོག་པས་སྒྲོ་བཏགས་པའི་རང་བཞིན་ནི་རྟགས་མ་ ཡིན་ནོ་ཞེས་པ་འདི་ནི་གནས་སོ། །འདིར་ཡང་ཚུལ་གང་ཡང་རུང་བ་མ་བརྗོད་པ་ནི་མ་ཚང་བ་ཉིད་ཅེས་བཤད་པར་འགྱུར་རོ་ཞེས་སླར་ཡང་བཤད་པར་བྱ་བ་མ་ཡིན་ཏེ། བསྟན་པ་འདི་ཁོ་ནས་དོན་གྱིས་བརྗོད་ཟིན་པ་ཉིད་ཀྱི་ཕྱིར་རོ། །གང་གི་ཕྱིར་ཇི་ལྟར་ཚུལ་གསུམ་པ་ གཏན་ཚིགས་ཡིན་ཞེས་བཤད་པས་ཚུལ་རེ་རེ་བ་དང་གཉིས་གཉིས་པའི་དོན་ནི་གཏན་ཚིགས་མ་ཡིན་ནོ་ཞེས་བཤད་པར་འགྱུར་བ་དེ་ལྟར་ཚུལ་གསུམ་བརྗོད་པ་གཞན་དོན་རྗེས་སུ་དཔག་པའོ་ཞེས་བརྗོད་པས། ཚུལ་རེ་རེ་དང་གཉིས་གཉིས་བརྗོད་པ་ནི་རྗེས་སུ་དཔག་པ་མ་ཡིན་གྱི། འོ་ན་ཅི་ ཞེ་ན་མ་ཚང་བ་ཉིད་ཀྱི་སྒྲུབ་པར་བྱེད་པའི་སྐྱོན་ཏེ། དེ་ལས་ཕ་རོལ་པོ་ལ་ཡང་དག་པའི་ངེས་པ་མི་སྐྱེ་བའི་ཕྱིར་རོ། །འོ་ན་གང་ཞེས་པ་ལ་སོགས་པས་ནི། ཚུལ་གསུམ་པའི་རྟགས་བརྗོད་པ་ཙམ་རྗེས་སུ་དཔག་པ་ཉིད་དུ་བརྗོད་པའི་ཕྱིར་རོ། །རིགས་པ་ཕྲ་མོ་ལ་སོགས་པ་རྟོག་གེའི་བསྟན་ བཅོས་རྣམས་སུ་ཕྱོགས་བརྗོད་པ་ཡང་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པའི་ཕྱིར་འདྲི་བར་བྱེད་དོ། །གཞན་དོན་རྗེས་སུ་དཔག་པར་བཀོད་པ་ནི། དེའི་ནང་དུ་འདུས་པ་སྟེ། སྒྲུབ་པར་བྱེད་པའི་ཡན་ལག་ཉིད་དུ་བསྟན་པའི་ཕྱིར་རོ། །དེ་ཅི་ལྟར་ཞེས་པ་དེའི་བསྟན་བཅོས་བྱེད་པ་རྣམས་ལ་དེ་ལ་འཐད་ པ་ཅི་ཞིག་ཡོད་ཅེས་པའོ། །དེ་རྣམས་ཁོ་ན་ལ་དྲི་བར་བྱའོ་ཞེས་པ། གང་རྣམས་བསྒྲུབ་པར་བྱ་བ་འགྲུབ་པའི་ངོར་ནུས་པ་མེད་པའི་ཕྱོགས་ཀྱི་ཚིག་ཀྱང་སྒྲུབ་པར་བྱེད་པ་ཉིད་དུ་སྨྲ་བ་རྣམས་ལའོ་ཞེས་པ་དགོངས་པའོ། །ཡང་ཅི་ལྟར་ཕྱོགས་ཀྱི་ཚིག་ནུས་པ་མེད་པ་ཉིད་ཡིན། ཇི་སྲིད་དུ་བསྒྲུབ་ པར་བྱ་བ་རྗོད་པར་བྱེད་པ་མེད་ན་གཏན་ཚིགས་ཀྱི་ཚིག་མི་འཇུག་པ་ཁོ་ན་སྟེ། དེའི་ཕྱིར་གཏན་ཚིགས་ཀྱི་ཚིག་འཇུག་པར་བྱེད་པའི་ཕྱིར་ཕྱོགས་ཀྱི་ཚིག་ལ་ཡང་ནུས་པ་ཡོད་པ་ཁོ་ནའོ་ཞེ་ན། གལ་ཏེ་དེ་ལྟ་ན་མི་མཐུན་ཕྱོགས་ཀྱི་ཚིག་ལའང་ཐལ་འགྱུར་ཏེ། འགའ་ཞིག་གིས་སྒྲ་རྟག་གོ་ཞེས་བརྗོད་པ་ན་ ཕ་རོལ་པོས་སྨྲས་པ། སྒྲ་བྱས་པ་ཡིན་ལ། བྱས་པ་ཡང་མི་རྟག་པ་སྟེ། དཔེར་ན་བུམ་པ་བཞིན་ནོ་ཞེས་སོ། །དེ་ལྟར་མི་མཐུན་ཕྱོགས་ཀྱི་ཚིག་ལས་ཀྱང་གཏན་ཚིགས་ཀྱི་ཚིག་འཇུག་པ་ཡོད་པའི་ཕྱིར་ན་མི་མཐུན་ཕྱོགས་ཀྱི་ཚིག་ཀྱང་བྱས་པ་ཉིད་རྗོད་པ་དེ་དང་ལྷན་ཅིག་སྒྲུབ་པར་བྱེད་པར་འགྱུར་ཏེ། དེའི་ཕྱིར་ འདི་ནི་མི་རིགས་སོ། །འོ་ན་རྟོགས་སུ་འཇུག་པ་པོས་ཇི་སྲིད་དུ་གཏན་ཚིགས་ཀྱི་ཡུལ་མ་བརྗོད་པ་དེ་སྲིད་དུ་གཏན་ཚིགས་འཇུག་པ་མི་སྲིད་པ་ཁོ་ན་མ་ཡིན་ནམ། གདོན་མི་ཟ་བར་ཡུལ་བཤད་པར་བྱ་བ་ཡིན་ལ། དེའི་ཕྱིར་ཡུལ་སྟོན་པ་ཁོ་ན་ལས། ཕྱོགས་ཀྱི་ཚིག་བསྒྲུབ་པར་བྱ་བ་འགྲུབ་པའི་ངོར་ ནུས་པ་ཉིད་དོ་ཞེ་ན། འདི་ཡོད་པ་མ་ཡིན་ཏེ། ཕྱོགས་ཀྱི་ཚིག་མེད་པར་ཡང་། གང་འགའ་ཞིག་ཏུ་བྱས་པ་དེ་ཐམས་ཅད་ནི་མི་རྟག་པ་སྟེ། སྒྲ་ཡང་བྱས་པའོ་ཞེས་ཁྱབ་པ་དང་ཕྱོགས་ཀྱི་ཆོས་ཉིད་བསྟན་པ་ན། སྒྲ་མི་རྟག་པའོ་ཞེས་དོན་གྱིས་རྟོགས་པ་ཁོ་ནའོ་ཞེས་པས་ཕྱོགས་ཀྱི་ཚིག་དོན་དང་བྲལ་ བའོ། །དེས་ན་ཕྱོགས་ནི་མ་བརྗོད་ན་ཡང་འགྲུབ་པ་ལ་གེགས་མེད་པའི་ཕྱིར་ཚུལ་གསུམ་པོ་རྣམས་ལས་གང་ཡང་རུང་བ་ཁོ་ན་མ་བརྗོད་པ་ནི་མ་ཚང་བ་ཉིད་རྗོད་པ་སྒྲུབ་པར་བྱེད་པའི་སྐྱོན་ཡིན་གྱི། ཕྱོགས་མ་བརྗོད་པ་ནི་མ་ཡིན་ནོ། །གལ་ཏེ་འོ་ན་ཕྱོགས་ཀྱི་ཚིག་སྒྲུབ་པར་བྱེད་པ་མ་ཡིན་ན། དེའི་ཚེ་སྒྲུབ་པར་བྱེད་པའི་ཡན་ལག་གི་སྐབས་སུ་ཁྱེད་ཅག་གིས་ཀྱང་རྗེས་སུ་དཔག་པར་བྱ་བའི་མཚན་ཉིད་ངེས་པར་བསྟན་པ་རིགས་པ་མ་ཡིན་ནོ་ཞེ་ན་གསུངས་པ། ཁོ་བོ་ཅག་གི་ནི་ཞེས་པ་ལ་སོགས་པ་སྟེ། འདིས་བསྟན་པར་བྱ་བའོ་རྗེས་སུ་དཔག་པར་བྱ་བ་བསྟན་པ་ནི་རྗེས་སུ་དཔག་བྱ་ བསྟན་པའོ། །དེ་ཡང་འདིར་མཚན་ཉིད་བསྟན་པར་རིག་པར་བྱའི་དམ་བཅའ་བརྗོད་པ་ནི་མ་ཡིན་ནོ། །གཏན་ཚིགས་ནི་ཚུལ་གསུམ་པའི་རྟགས་ཡིན་ལ་དེའི་དོན་ནི་གཏན་ཚིགས་དོན་ཏེ། དེ་གང་གི་ཡུལ་ཡིན་པ་དེ་ནི་གཏན་ཚིགས་དོན་གྱི་ཡུལ་ཅན་ནོ། །གང་གི་ཕྱིར་རྗེས་སུ་དཔག་པར་བྱ་ བའི་མཚན་ཉིད་བསྟན་པས་ནི་གཏན་ཚིགས་ཀྱི་དོན་ཕྱིན་ཅི་མ་ལོག་པར་རབ་ཏུ་གསལ་བ་དེའི་ཕྱིར་དེའི་ཡུལ་ཅན་ཡིན་པ་ཉིད་ཀྱི་ཕྱིར། སྒྲུབ་པར་བྱེད་པའི་སྐབས་སུའང་དེ་ཉེ་བར་བཀོད་པའོ་ཞེས་པ་ངག་གི་དོན་ཏོ། །ཡན་ལག་རྣམས་སུ་ཞེས་པ་ལ་སོགས་པ་སྟེ། ཡན་ལག་རྣམས་ཀྱི་སྐབས་ རྣམས་སུ་གང་རྗེས་སུ་དཔག་པར་བྱ་བ་བསྟན་པ་དེ་ནི། ཁོ་བོ་ཅག་གིས་སྒྲུབ་པར་བྱེད་པ་ཉིད་དུ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ཁོ་ན་ལ་ཐེ་ཚོམ་སྐྱེ་བའི་ཕྱིར་རོ། །དེ་ལས་ཞེས་པ་ནི་ཨཱརྱ་ལ་སོགས་པ་ཉིད་ཀྱི་ཕྱིར་བདུན་པའི་དོན་ལ་ཏ་སིའོ། །དེ་ཁོ་ན་ལ་སྟེ་རྗེས་སུ་དཔག་པར་བྱ་བ་ལ་ཐེ་ཚོམ་ སྐྱེད་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །ཡང་ན་རྒྱུའི་ལྔ་པའི་མཐའ་ཅན་ཁོ་ན་ལས་ཏ་སི་འདི་སྟེ། དེ་ཁོ་ན་ལས་ཏེ་རྗེས་སུ་དཔག་པར་བྱ་བ་དམིགས་པའི་རྒྱུ་ལས་ཐེ་ཚོམ་སྐྱེ་བའི་ཕྱིར་རོ་ཞེས་པའི་དོན་ཏོ། །འདིས་རྗེས་སུ་དཔག་པར་བྱ་བ་ཐེ་ཚོམ་ཅན་ཉིད་དུ་སྟོན་ཅིང་དོན་འདི་གསལ་ བར་བྱེད་དེ། གྲུབ་པ་སྒྲུབ་པར་བྱེད་པ་ཡིན་གྱི་ཅིག་ཤོས་ནི་མ་ཡིན་ལ། རྗེས་སུ་དཔག་པར་བྱ་བ་ཡང་ཐེ་ཚོམ་ཅན་ཏེ། དེ་ནི་རེ་ཞིག་གཞན་ལའང་འགྲུབ་པར་བྱེད་པའི་ནུས་པ་མེད་ན་བདག་ཉིད་ལ་ལྟ་ཅི་སྨོས་ཞེས་པའོ། །རྗེས་སུ་དཔག་པར་བྱ་བ་ཡང་སྒྲུབ་པར་བྱེད་པ་མ་ཡིན་པ་ཉིད་དུ་བསྟན་ པས་དེའི་ཚིག་ཀྱང་བསྟན་པར་འགྱུར་རོ། །དེ་ལྟར་ནི་དོན་ཁོ་ན་ནི་དངོས་སུ་རྟོགས་པར་བྱེད་ཀྱི་ཚིག་གིས་མ་ཡིན་ལ། དེ་ནི་ནུས་པའི་དོན་གསལ་བར་བྱེད་པའི་ཕྱིར་བརྒྱུད་པས་སྒྲུབ་པར་བྱེད་པར་འགྱུར་རོ། །གང་ལ་དོན་ཉིད་ལ་བསྒྲུབ་བྱ་འགྲུབ་པའི་ནུས་པ་མེད་པར་ངེས་པ་དེ་ལ། དེ་རྗོད་ པར་བྱེད་པ་ལ་ཤིན་ཏུའང་ནུས་པ་མེད་དོ་ཞེས་གསལ་བ་ཁོ་ནར་རྟོགས་པར་བྱའོ། །འོན་ཀྱང་ཞེས་པ་ལ་སོགས་པས། གཏན་ཚིགས་དོན་གྱི་ཡུལ་ཅན་འདོད། །ཅེས་པའི་དོན་འཆད་དོ། །འོ་ན་གཏན་ཚིགས་ཀྱི་དོན་གྱི་མཚན་ཉིད་བསྟན་པ་ནི་རྟོག་གེའི་བསྟན་བཅོས་གཞན་དུ་བྱས་པ་མ་ ཡིན་ནམ། དེ་ཅིའི་ཕྱིར་འདིར་བྱ་ཞེ་ན་གསུངས་པ། དེ་ནི་དེས་གསལ་བར་བྱ་བའོ་ཞེས་པའོ། །གང་གི་ཕྱིར་ཁོ་བོ་ཅག་འདོད་པའི་རྗེས་སུ་དཔག་པར་བྱ་བ་དེ་ཁོ་ན་གཏན་ཚིགས་དེས་བསྒྲུབ་པར་བྱའི། གཞན་གྱིས་ཡོངས་སུ་བརྟགས་པ་ནི་མ་ཡིན་པ་དེའི་ཕྱིར་དེའི་མཚན་ཉིད་བསྟན་པར་བྱའོ། ། རྣམ་པ་འདི་ལྟ་བུ་ཁོ་ནའི་དོན་གཏན་ཚིགས་ཀྱིས་བསྒྲུབ་པར་བྱའི་དེ་ལས་བཟློག་པ་མ་ཡིན་པར་ཅི་ལྟར་ཤེས་པར་འགྱུར་ཞེས་པ་དགོངས་པའོ། །དེའི་ཕྱིར་འདིར་མདོར་བསྡུས་པས་བསྟན་ཏོ། །མང་པོ་རྣམས་ལ་བསྒྲུབ་པར་བྱ་བའི་ཡུལ་ཅན་གྱི་ལོག་པར་རྟོགས་པ་མཐོང་སྟེ། དེའི་ཕྱིར་དེ་བསལ་ བའི་དོན་དུ་བསྟན་བཅོས་སུ་ཕྱོགས་ཀྱི་མཚན་ཉིད་བསྟན་པར་བྱས་ཀྱི། སྦྱོར་བའི་དུས་སུ་དེ་བསྟན་པར་བྱ་བ་ནི་མ་ཡིན་ཏེ། ཉེ་བར་མཁོ་བ་མེད་པའི་ཕྱིར་རོ། །ཅི་སྟེ་ཡང་བསྟན་པར་བྱ་བའོ་ཞེས་ཤིན་ཏུ་འབད་པ་དེ་ལྟ་ནའང་རྣམ་པ་འདི་ལྟ་བུ་བསྟན་པར་བྱའོ་ཞེས་སློབ་པ་གསུངས་པ། ངོ་བོ་ཁོ་ན་ ཞེས་པ་ལ་སོགས་པའོ། །འདིར་ངོ་བོ་དང་། ཚིག་ཕྲད་དང་། འདོད་པ་དང་རང་ཉིད་ཀྱི་ཚིག་བཞི་མོ་རྣམས་ཀྱིས་རིམ་པ་ཇི་ལྟ་བར་མ་གྲུབ་པ་དང་། སྒྲུབ་པར་བྱེད་པ་མིན་པ་དང་། འདོད་པས་ཡུལ་དུ་བྱས་པ་དང་། སྒྲུབ་པར་བྱེད་པ་བྱེད་པ་པོས་བསྒྲུབ་པར་འདོད་པ་གཟུང་ངོ་། །དེ་ ལས་ཀྱང་བསྒྲུབ་པར་བྱ་བ་ཚུལ་བཞི་པའོ་ཞེས་བསྟན་པར་འགྱུར་རོ། །གྲུབ་པ་དང་སྒྲུབ་པར་བྱེད་པའི་ངོ་བོས་ནི་མ་ཡིན་ནོ་ཞེས་པ། རིམ་པ་ཇི་ལྟ་བར་ངོ་བོ་དང་ཚིག་ཕྲད་དག་གི་རྣམ་པར་གཅད་པར་བྱ་བ་སྟོན་པར་བྱེད་དོ། །དེ་ལྟར་ནི་རང་གི་ངོ་བོའི་སྒྲས་མ་གྲུབ་པ་བཟུང་ལ། དེའི་རྣམ་ པར་གཅད་པར་བྱ་བ་ནི་གྲུབ་པ་སྟེ། སྒྲ་མཉན་པར་བྱ་བའོ་ཞེས་པ་ལྟ་བུའོ། །རང་གི་ངོ་བོ་ཁོ་ནས་ཞེས་པ་ཚིག་ཕྲད་ཀྱིས་སྒྲུབ་པར་བྱེད་པ་མ་ཡིན་པ་གཟུང་ལ། དེའི་རྣམ་པར་གཅད་པར་བྱ་བ་ནི་མ་གྲུབ་ཀྱང་སྒྲུབ་པར་བྱེད་པ་ཉིད་དུ་འདོད་པ་སྟེ། དཔེར་ན་མ་གྲུབ་པའི་གཏན་ཚིགས་ དང་དཔེ་དག་སྟེ། སྒྲ་རྟག་སྟེ་མིག་གིས་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་བློ་བཞིན་ཞེས་པ་འདི་ལྟ་བུའི་ངོ་བོ་དག་གོ། །དེ་ལ་གྲུབ་ཟིན་རྣམ་པར་གཅོད་པའི་འབྲས་བུ་ཅན་གོ་སླ་བ་ཉིད་ཀྱི་ཕྱིར་སྒྲུབ་པར་བྱེད་པ་རྣམ་པར་གཅོད་པའི་འབྲས་བུ་ཅན་ཁོ་ན་དེ་ལྟ་ན་ཡང་ཞེས་པ་ལ་སོགས་པས་སྟོན་པར་བྱེད་དོ། ། དེ་ལྟ་ན་ཡང་ཞེས་པ་ངེས་པར་གཟུང་བ་ལ་སྟེ། ཡོད་ན་ཞེས་པའི་དོན་ཏོ། །གཏན་ཚིགས་དང་དཔེ་ལྟར་སྣང་བ་ཡང་དེ་དག་ཡིན་ལ། མ་གྲུབ་པ་དག་ཀྱང་ངོ་ཞེས་ཚིག་རྣམ་པར་སྦྱར་རོ། །མ་གྲུབ་པའི་གཏན་ཚིགས་དང་དཔེ་ལྟར་སྣང་བ་དག་བརྗོད་པ་ཡོངས་སུ་སྤངས་པར་འགྱུར་ཏེ། དམ་ བ