Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 193
Văn bản gốc(Tây Tạng)
Trang 4 / 21 (50.000 ký tự/trang)
་དེ་མ་ཐག་ཏུ་ངེས་པའི་ཤེས་པར་ འགྱུར་རོ་ཞེས་པས་རྗེས་སུ་དྲན་པའི་ཤེས་པ་དབང་པོ་དང་དོན་ཕྲད་པ་ལས་སྐྱེས་པར་འགྱུར་རོ། །དངོས་སུ་སྨོས་པ་ནི་རིང་པོའི་དོན་ཇི་ལྟ་བ་བཞིན་མ་ཡིན་པའི་ཤེས་པའི་འབྲས་བུ་ཅན་རྣམ་པར་གཅད་པར་བྱ་བ་ཉིད་ན་མངོན་སུམ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེས་ན་སྤྲོས་པ་འདིས། གང་གིས་ གང་ལ་འཁྲུལ་པ་དང་སྲིད་པ་མེད་པ་དེ་དེའི་ཁྱད་པར་མ་ཡིན་ཏེ། དཔེར་ན་བ་ལཱ་ཀའི་དཀར་པོ་ཉིད་དང་ནག་པོ་ཉིད་བཞིན། ཐ་སྙད་དུ་བྱ་བ་མ་ཡིན་པ་ཉིད་ལ་སོགས་པ་ཡང་དབང་པོའི་ཤེས་པ་ལ་ཇི་ལྟར་རིགས་པར་འཁྲུལ་པ་དང་སྲིད་པ་མེད་དོ་ཞེས་ཁྱབ་པར་བྱེད་པ་མེད་པར་སྟོན་ཏོ། །ཡང་འཁྲུལ་ པ་ཞེས་བྱ་བ་འདི་ཅི་ཡིན་ཞེ་ན། གལ་ཏེ་དེ་ལས་གཞན་པ་ལ་ཡོད་པ་སྟེ། དེ་ལྟར་གྱུར་ན་སྔོན་པོ་ཉིད་དུ་བུང་བའི་ཁྱད་པར་དུ་འགྱུར་རོ། །ཐ་སྙད་དུ་བྱ་བ་མ་ཡིན་པ་ཉིད་ཀྱང་ཤེས་པའི་གདུང་བ་དང་སྡུག་བསྔལ་སོགས་པ་ལ་ཡང་ཡོད་པའི་ཕྱིར་རོ། །ཅི་སྟེ་དེ་ལ་མེད་པ་ཡིན་ན། དེ་ལྟ་ན་ཡང་བརྩལ་མ་ཐག་ ཏུ་བྱུང་བ་ཉིད་ཀྱིས་མི་རྟག་པ་ཉིད་བསྒྲུབ་པར་བྱ་བ་ན། བསྒྲུབ་བྱས་འཁྲུལ་པར་མི་འགྱུར་ཏེ། །གང་ཕྱིར་གང་ལས་བསྒྲུབ་པར་བྱ་བས་འཁྲུལ་པར་འགྱུར་ལ། བརྩལ་མ་ཐག་ཏུ་བྱུང་བ་ལ་དེ་མེད་པ་མ་ཡིན་ནོ། །བརྩལ་མ་ཐག་ཏུ་བྱུང་བ་ཁོ་ན་ནི་མི་རྟག་པ་འགའ་ཞིག་ལ་མེད་དོ་ཞེས་པས་དེ་ཁོ་ ན་ལ་འཁྲུལ་པར་འགྱུར་རོ་ཞེ་ན། འདི་སྐྱོན་མ་ཡིན་ཏེ། འཁྲུལ་པའི་སྒྲའི་དོན་ནི་རྣམ་པ་གཅིག་མ་ཡིན་པས་སོ། །ཁ་ཅིག་ཡུལ་ལ་འཁྲུལ་པ་ཞེས་པ་རྣམ་པ་གཞན་དུ་ཡོད་པའོ། །ཁ་ཅིག་ཏུ་གཞན་ལ་ཡོད་པ་གཏན་ཚིགས་འཁྲུལ་པ་ཞེས་པའོ། །ཁ་ཅིག་ཏུ་དེ་ལ་མེད་པ་ཁྱད་པར་ འཁྲུལ་པ་ཞེས་པ་ལ་སོགས་པའོ། །འདིར་ནི་དེ་ལ་མེད་པར་མངོན་པར་འདོད་དོ། །ཅི་སྟེ་ཡང་ཞེས་པ་ལ་སོགས་པ་ལ། འདིས་ནི་འདི་སྐད་སྟོན་ཏེ། མི་འདོད་པ་བཟློག་པའི་ཆེད་དུ་ཐ་སྙད་དུ་བྱ་བ་མ་ཡིན་པ་ལ་སོགས་པ་སྨོས་པ་མ་ཡིན་གྱི། འོན་ཀྱང་ཚད་མ་ལ་སོགས་པ་རྣམས་ཀྱི་ རང་བཞིན་ཡོངས་སུ་ཤེས་པ་ལས། ངེས་པར་ལེགས་པར་འཐོབ་སྟེ། དེའི་ཕྱིར་དེའི་རང་བཞིན་བསྟན་པའི་ཆེད་དུའོ། །དེའི་ཕྱིར་གྲུབ་པ་སྒྲུབ་པའོ་ཞེ་ན། དེ་ནི་མ་ཡིན་ཏེ་ཞེས་པ་ལ་སོགས་པས་འདི་གསུངས་ཏེ། མངོན་སུམ་གྱི་མཚན་ཉིད་བརྗོད་པར་འདོད་པ་ལ་ཤེས་པའི་རང་བཞིན་བསྟན་པ་ སྐབས་ཅི་ཡོད་ཅེས་པའོ། །དེ་ལ་འདིར་འགྱུར་མོད་མངོན་སུམ་གྱི་མཚན་ཉིད་དེ་ཁོ་ན་དེའི་རང་བཞིན་རབ་ཏུ་བསྟན་པ་མེད་པར་སྨྲ་བར་ནུས་པ་མ་ཡིན་ནོ་ཞེ་ན་གསུངས་པ། འདིའི་ཡང་ཞེས་པ་ལ་སོགས་པ་སྟེ་མཚན་ཉིད་ཅེས་བྱ་བ་ནི་གང་དོན་གཞན་ལས་ལྡོག་པའི་ངོ་བོས་མཚོན་པར་བྱ་བ་རྟོགས་པར་ བྱེད་པ་མ་ཡིན་ལ། མཚོན་པར་བྱ་བ་དེ་ཡང་དབང་པོ་དང་དོན་ཕྲད་པ་ལས་བྱུང་བ་ཞེས་པ་འདི་ཁོ་ནས་གྲུབ་བོ་ཞེས་པས་རང་བཞིན་བརྗོད་པ་དོན་མེད་དོ། །འདིས་ནི་གཏན་ཚིག་གསལ་བར་བྱས་སོ། །ཅི་སྟེ་དགོས་པ་ཡང་བསྟན་པར་བྱས་ན་དེ་ལྟར་འགྱུར་ན། ཧ་ཅང་ཐལ་ལོ་ཞེས་སྟོན་པ་ གསུངས་པ། ཤེས་པའི་རང་བཞིན་བསྟན་པར་བྱ་བ་ཉིད་ན་ཡང་ཞེས་པ་ལ་སོགས་པ་སྟེ། འདིས་ནི་དཔེའོ། །གང་མངོན་སུམ་གྱི་མཚན་ཉིད་ལ་ཉེ་བར་མཁོ་བ་མེད་པ་དེ་དེའི་སྐབས་སུ་བསྟན་པར་བྱ་བ་མ་ཡིན་ཏེ། ཡོན་ཏན་ཉིད་ལ་སོགས་པ་བཞིན། ཐ་སྙད་དུ་བྱ་བ་མ་ཡིན་པ་ཉིད་ལ་ སོགས་པ་ཡང་མངོན་སུམ་གྱི་མཚན་ཉིད་ཀྱི་ངོར་ཉེ་བར་མཁོ་བ་མེད་དོ། །ཁྱབ་པར་བྱེད་པ་མེད་པའོ། །གང་ཞིག་ཐ་སྙད་དུ་བྱ་བ་མ་ཡིན་པ་ལ་སོགས་པ་ནི་དབང་པོ་དང་དོན་ཕྲད་པ་ལས་སྐྱེས་པའི་མངོན་སུམ་གྱི་ཁྱད་པར་མ་ཡིན་པ་ཁོ་ན་སྟེ། འོ་ན་ཅི་ཞེ་ན། འདི་ནི་མངོན་སུམ་གཉིས་ཁོ་ན་ཕན་ ཚུན་འདྲེས་པའི་ངོ་བོ་མདོ་གཅིག་གིས་མཚོན་པའོ། །ཐ་སྙད་དུ་བྱ་བ་མ་ཡིན་པ་འཁྲུལ་པ་མེད་པ་ཞེན་པའི་བདག་ཉིད་ཅེས་པ་མདོའི་ཕྱོགས་གཅིག་པོ་འདིས་ཡིད་ཀྱིས་མཚོན་པའོ། །དབང་པོ་དང་དོན་ཕྲད་པ་ལས་བྱུང་བ་ཞེས་པ་འདིས་ནི་དབང་པོ་དང་དོན་ཕྲད་པ་ལས་སྐྱེས་པའོ། །དེའི་ཕྱིར་ཡང་། དབང་དོན་ལས་བྱུང་བློ་ལ་ནི། །མེད་དོ་ཞེས་པ་ལ་སོགས་པ་གང་བརྗོད་པ་དེ་ནི་མདོའི་དོན་ཡོངས་སུ་མ་ཤེས་པའི་རྣམ་པར་སྤྱོད་པའོ། །དེ་ཉིད་ཀྱི་ཕྱིར། བདེ་སོགས་གཞལ་བྱ་མིན་པའམ། །ཞེས་པ་དེ་ཡང་སྐྱོན་མ་ཡིན་ལ། གང་དེ་མ་ཐག་པར་བརྗོད་པའི་གཏན་ཚིགས་ནི་མ་གྲུབ་པའོ་ཞེས་ སེམས་པ་དེས་ནི་ཡིད་དབང་པོ་ཉིད་དུ་བརྗོད་པར་བྱ་སྟེ། མངོན་སུམ་གྱི་ཐ་སྙད་དུ་བྱ་བ་རབ་ཏུ་གྲུབ་པའི་དོན་དུའོ། །གཞན་ཡང་ཐ་སྙད་དུ་ཡང་ཞེས་པ་མ་ཡིན་པ་འཁྲུལ་པ་མེད་པ་ཞེན་པའི་བདག་ཉིད་ཅེས་པ་འདི་ཙམ་མཚན་ཉིད་དུ་འགྱུར་མོད། འདི་ཁོ་ནས་སྔ་མ་ཡང་མངོན་ སུམ་ཉིད་དུ་གྲུབ་པའི་ཕྱིར། མཚན་ཉིད་སྔ་མ་དོན་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །ཐམས་ཅད་དུ་ཡང་ཞེས་པ་ལ་སོགས་པར་མཚན་ཉིད་མ་ཁྱབ་པ་ཉིད་དུ་གསུངས་ཏེ། གང་གི་ཕྱིར་མིག་དང་རྣ་བའི་རྣམ་པར་ཤེས་པ་དག་ཀྱང་མངོན་སུམ་ཉིད་དུ་འདོད་དེ། དེ་དག་ལ་ཡང་ཕྲད་པ་ལ་བྱུང་བ་ མི་སྲིད་དོ། །དེ་མི་སྲིད་པར་སྟོན་པ་གསུངས་པ། བར་དང་བཅས་པ་འཛིན་པ་དང་། །ཞེས་པ་ལ་སོགས་པ་སྟེ། བར་དང་བཅས་པ་འཛིན་པ་ནི་རྣམ་པར་ཆོད་པ་འཛིན་པ་ཞེས་པའོ། །ལྷག་པར་འཛིན་པ་ནི་དབང་པོ་དང་བྲལ་བར་འཛིན་པའོ། །དེར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གསུངས་པ། མ་ཡིན་ཞེས་པ་ལ་སོགས་པ་སྟེ། འདིས་གང་དབང་པོ་དང་བར་མེད་པ་དེ་དབང་པོ་ལས་བར་དང་བཅས་པ་ཞེས་གཟུང་བར་བྱ་བ་མིན་ཞིང་། ལྷག་པའོ་ཞེས་ཀྱང་མ་ཡིན་ཏེ། དྲི་ལ་སོགས་པ་བཞིན། གཟུགས་དང་སྒྲ་དག་ཀྱང་དེ་ལྟ་བུའོ་ཞེས་འགལ་བས་ཁྱབ་པའི་ཐལ་བར་འགྱུར་བ་ གསུངས་སོ། །དེ་རྣམ་པ་དེ་ལྟར་འཛིན་པ་ཡང་ཡོད་དོ། །དེ་ལྟར་ནི་དབང་པོའི་ཚད་ལས་ལྷག་པའི་རང་བཞིན་རྣམས་དང་རྣམ་པར་ཆོད་པ་ཞེས་པའི་རི་ལ་སོགས་པ་རྣམས་དང་སྒྲ་རྣམས་གཟུང་བར་བྱའོ་ཞེས་པ་འདི་ནི་རབ་ཏུ་གྲགས་པའོ། །འཐོབ་པ་འཛིན་པར་གྱུར་ན་ནི་ཆ་ཇི་སྙེད་ཀྱིས་འཐོབ་པ་ དེ་སྙེད་ཁོ་ན་འཛིན་པར་འགྱུར་ཞིང་རྣམ་པར་མ་ཆད་པ་ཞེས་པར་ཡང་འཛིན་པར་འགྱུར་རོ། །གཟུགས་སྨོས་པ་ནི་འདིར་མིག་གི་ཡུལ་ཉེ་བར་མཚོན་པའི་དོན་ཏོ། །གང་གང་ལས་བར་དང་བཅས་པར་གཟུང་བྱ་སྟེ། དེ་དང་ལྷན་ཅིག་བར་མེད་པ་ཉིད་མ་ཡིན་ཏེ། དཔེར་ན་ཚུ་རོལ་དང་ཕ་རོལ་བཞིན། གཟུགས་དང་སྒྲ་དག་ཀྱང་རང་འཛིན་པར་བྱེད་པའི་དབང་པོ་ལས་བར་དང་བཅས་པའོ་ཞེས་གཟུང་བར་བྱ་བའོ། །དེ་བཞིན་དུ་གང་གང་ལས་ལྷག་པར་གཟུང་བར་བྱ་བ་དེ་དེ་དང་ལྷན་ཅིག་བདག་ཉིད་ཐམས་ཅད་ཀྱིས་བར་མེད་པ་ཉིད་མ་ཡིན་ཏེ། དཔེར་ན་ཉུངས་ཀར་བཞིན། གཟུགས་དང་སྒྲ་དག་ ཀྱང་རང་གི་དབང་པོ་ལས་ལྷག་པར་གཟུང་བར་བྱ་བ་དག་གོ་ཞེས་པ་ཐལ་བ་དང་བཟློག་པས་ཁྱབ་པར་བྱེད་པ་དང་འགལ་བ་གཉིས་པོ་འདིའོ་ཞེས་པའི་སྒྲ་ཉེ་བར་བླང་བ་ནི་མ་གྲུབ་པ་ཉིད་ཡོངས་སུ་སྤང་བའི་ཆེད་དུའོ། །འོ་ན་དབང་པོ་ནི་དབང་པོ་ལས་འདས་པ་མ་ཡིན་ནམ། དེ་ཅི་ལྟར་དེ་ལ་ལྟོས་པས་ ཅུང་ཟད་བར་དང་བཅས་པ་ཞེས་པའམ་ལྷག་པའོ་ཞེས་པར་གཟུང་བར་བྱ་བ་ཡིན། གཟུགས་ལ་སོགས་པ་རྣམས་ལ་ཚད་ཡོད་པ་ཡང་མ་ཡིན་ཏེ། ཡོན་ཏན་རྣམས་ལ་ཡོན་ཏན་མེད་པ་ཉིད་ཀྱི་ཕྱིར་རོ། །དེས་ན་ཅིའི་ཕྱིར་དེ་རྣམས་ལྷག་པ་འཛིན། ཕ་རོལ་པོས་དྲི་ལ་སོགས་པ་རྣམས་དང་ ལྷན་ཅིག་དབང་པོ་བར་མེད་པ་ཉིད་དུ་འདོད་པ་ཡང་མ་ཡིན་ཏེ། དེ་རྣམས་དང་དེ་ལྡན་པ་མེད་པའི་ཕྱིར་རོ། །དེས་ན་དབང་པོ་དང་བར་མེད་པ་དྲི་ལ་སོགས་པ་ལ་མ་ཡིན་པས་ཞེས་པ་ལ་སོགས་པ་འདི་ཅི་ལྟར་བརྗོད་ཅེ་ན། རྫས་གང་ལ་དྲི་ལ་སོགས་པ་རྣམས་འདུས་པའི་རྫས་དེ་འདིར་ དབང་པོ་དང་བར་མེད་པར་ཤེས་པར་བྱས་ལ། དེ་དང་ལྷན་ཅིག་དབང་པོ་སྦྱོར་བའི་ཕྱིར་དེའི་སྒོ་ནས་དྲི་ལ་སོགས་པ་རྣམས་ཀྱང་བར་མེད་པ་ཉིད་ཡོད་དེ། སྦྱར་བ་ལ་འདུ་བའི་མཚན་ཉིད་དོ་ཞེས་པ་སྐྱོན་མེད་དོ། །གང་འོ་ན་དབང་པོ་ནི་དབང་པོ་ལས་འདས་པ་མ་ཡིན་ནམ་ཞེས་པ་ལ་སོགས་ པ་བརྗོད་པ་དེ་ལ་གལ་ཏེ། དབང་པོ་ལ་ལྟོས་ནས་གཟུགས་དང་སྒྲ་དག་དེ་ལྟར་འཛིན་པ་མ་ཡིན་ན་དེའི་ཚེ་ཅི་ལ་ལྟོས་པས་བརྗོད་པར་བྱ། གལ་ཏེ་རྟེན་ལ་ལྟོས་པས་སོ་ཞེ་ན། འོ་ན་དེ་ལྟ་ན་གལ་ཏེ་གཟུགས་དང་སྒྲ་དག་རྟེན་ལས་རྣམ་པར་བཅད་པ་དག་གོ་ཞེས་པ་དང་ལྷག་པ་དག་ཀྱང་ངོ་ཞེས་པར་ཡང་ གཟུང་བར་བྱ་བ་ཡིན་ན། དེ་ལས་ཕྱི་རོལ་མ་ཡིན་པར་འཇུག་པའི་དབང་པོ་ལས་ཀྱང་དེ་དག་ཁོ་ནར་གཟུང་བར་བྱ་སྟེ། གང་གང་ལས་རྣམ་པར་ཆོད་པའོ་ཞེས་པ་དང་ལྷག་པའོ་ཞེས་པར་ཡང་གཟུང་བར་བྱ་བ་དེ། དེ་ལས་ཕྱི་རོལ་མ་ཡིན་པར་འཇུག་པའི་དངོས་པོ་ལས་ཀྱང་དེ་ལྟ་ཁོ་ནར་གཟུང་བར་ བྱ་སྟེ། དཔེར་ན་བུམ་པ་ལས་རྣམ་པར་ཆོད་པ་ཞེས་པ་དང་ལྷག་པ་ཞེས་པར་ཡང་གཟུང་བར་བྱ་བའི་རི་བོ་ནི་བུམ་པ་ལས་ཕྱི་རོལ་དུ་འཇུག་པ་མ་ཡིན་པའི་ཆུ་ལ་སོགས་པ་ལས་དེ་ལྟ་ཁོ་ནར་གཟུང་བྱ་ཡིན་པ་བཞིན། རྩོད་པའི་གཞིར་གྱུར་པའི་གཟུགས་དང་སྒྲ་དག་ཀྱང་དབང་པོའི་རྟེན་ལས་རྣམ་པར་ ཆོད་པ་དག་གོ་ཞེས་པ་དང་ལྷག་པ་དག་གོ་ཞེས་པར་ཡང་གཟུང་བར་བྱ་བའོ། །རང་བཞིན་ནོ། །གང་ཡང་གཟུགས་ལ་སོགས་པ་རྣམས་ལ་ཞེས་གང་སྨྲས་པ་དེ་ལ། གལ་ཏེ་གཟུགས་ལ་སོགས་པ་རྣམས་ལ་ཚད་མེད་ན་དེའི་ཚེ་ཅི་ལྟར་གཟུགས་ཆུང་ངུའོ་གཟུགས་ ཆེན་པོའོ་ཞེས་གཟུང་བར་བྱ། གལ་ཏེ་ཉེ་བར་བཏགས་པ་ལ་སྟེ། དེ་འགྱུར་མོད་ཀྱི་གཟུགས་ལ་སོགས་པ་རྣམས་གང་དུ་འཕྲོད་པ་འདུས་པའི་རྫས་དེ་ཆུང་ངུའམ་ཆེན་པོ་སྟེ། དེའི་སྒོ་ནས་གཟུགས་ལ་སོགས་པ་ལ་ལྷག་པ་ཉིད་ལ་སོགས་པ་ཉེ་བར་བཏགས་པའོ་ཞེ་ན། ཇི་ལྟ་བ་དེ་ལྟར་ འགྱུར་མོད། བཏགས་པ་དེས་ཀྱང་དྲི་ལ་སོགས་པ་བཞིན་དུ་གཟུགས་ལ་སོགས་པ་ཡང་ལྷག་པའོ་ཞེས་འཛིན་པ་མི་ཐོབ་བོ་ཞེས་པ་འདི་ཙམ་བརྗོད་པར་བྱའོ། །གཞན་ཡང་ཤེས་པ་མཚུངས་པ་ཡོངས་སུ་གཅད་པར་བྱ་བ་ཉིད་ཀྱི་ཕྱིར། ཉེ་བར་བཏགས་པ་ཁོ་ན་མི་རིགས་ཏེ། རྫས་ལ་གང་འདྲ་ བའི་རྫས་ཆུང་ངུའམ་ཆེན་པོ་ཞེས་པའི་ཤེས་པ་དེ་གཟུགས་ལ་སོགས་པ་རྣམས་ལ་གཟུགས་ཆུང་ངུའམ་ཆེན་པོ་ཞེས་ཁྱད་པར་མེད་ལ། དངོས་དང་བཏགས་པ་དག་ཤེས་པ་མཚུངས་པས་ཡོངས་སུ་གཅད་པར་བྱ་བའང་མ་ཡིན་ཏེ། གང་འདྲ་བའི་ཤེས་པས་བ་ལང་དངོས་ཡོངས་སུ་གཅོད་ པ་དེ་འདྲ་བ་ཁོ་ནས་ཉེ་བར་བཏགས་པ་ཁུར་བུ་བ་མ་ཡིན་པས་སོ། །གལ་ཏེ་ཡང་རྟེན་གྱི་སྒོ་ནས་ཡོན་ཏན་རྣམས་དང་ཡོན་ཏན་དང་ལྡན་པ་རྣམས་རྟོགས་པར་བྱ་བ་ཡིན་ན། སྒྲ་ཐམས་ཅད་ཆེན་པོའོ་ཞེས་པ་ཁོ་ནར་རྟོགས་བྱར་འགྱུར་ཏེ། དེའི་རྟེན་ནམ་མཁའ་ཚད་ཆེན་པོ་ཉིད་ཀྱི་ཕྱིར་རོ། །དེ་ལས་ ཀྱང་གླང་པོ་ཆེ་དང་སྦྲང་བུ་ལ་སོགས་པའི་སྒྲ་རྣམས་ཚད་ཐ་དད་པར་རྟོགས་པར་མི་འགྱུར་རོ། །དེའི་ཕྱིར་དེ་རྣམས་ཀྱང་ཡོན་ཏན་དང་ལྡན་པར་ཁས་བླང་བར་བྱ་ལ། ཡང་ན་རྫས་ཀྱང་མ་ཡིན་ནོ། །ཕྱི་རོལ་དུ་འཇུག་པ་ཉིད་ཀྱི་ཕྱིར་ཞེས་པ་ལ་སོགས་པས་གཏན་ཚིགས་དག་མ་གྲུབ་པར་སྨྲས་སོ། །དེ་ལྟར་ ནི་རྟེན་ལས་ཕྱི་རོལ་དུ་འཇུག་པ་མ་ཡིན་པ་ཉིད་ལ་བརྟེན་ནས། བར་དང་བཅས་པ་དང་ལྷག་པ་འཛིན་པའི་གཏན་ཚིགས་དག་མངོན་པར་བརྗོད་ན། ཕྱི་རོལ་དུ་འཇུག་པ་ཉིད་ལ་ནི་དེ་འཐད་པ་མ་ཡིན་ཏེ། གང་གི་ཕྱིར་དབང་པོ་ནི་ཕྱི་རོལ་དུ་སོན་ནས། རྣམ་པར་རྒྱུ་བའི་ཡུལ་དང་ལྡན་ཞིང་། དེ་རྟེན་ ལས་ལྷག་པར་སྣང་སྟེ། མར་མེའི་སྣང་བ་བཞིན་ནོ། །དེའི་ཕྱིར་དེའི་ཡུལ་བར་དང་བཅས་པ་དང་། ལྟག་པར་འཛིན་པ་འཐད་ཀྱི། རྟེན་ལས་ཏེ། དབང་པོ་ལས་མ་ཡིན་ནོ་ཞེས་པ་བསམ་པའོ། །འདིར་བརྩད་པར་བྱ་སྟེ། མིག་ནི་འོད་དང་ལྡན་པ་ཉིད་ཀྱི་ཕྱིར་འོད་ཟེར་རྣམས་བྱུང་ནས་དོན་གསལ་ བར་བྱེད་ཅེས་ཁས་བླངས་པའི་ཕྱིར་ཕྱི་རོལ་དུ་འཇུག་པ་ཉིད་དུ་དོགས་པར་རིགས་ན། རྣ་བ་ནི་ཉན་བྱེད་ཀྱི་བུ་གར་ཡོངས་སུ་བཅད་པའི་ནམ་མཁའི་ཕྱོགས་ཀྱི་ཁྱད་པར་ཡིན་ཏེ། དེ་ནི་ཕ་རོལ་པོས་ཕྱི་རོལ་དུ་འཇུག་པ་ཉིད་དུ་འདོད་པ་མ་ཡིན་ནོ། །དེས་ནི་ཅི་ལྟར་དེ་དེ་ལྟར་དོགས་ཞེས་པའོ། །འདི་ ལྟར་སེམས་ཏེ་ནམ་མཁའ་ཕྱོགས་དང་ལྡན་པ་ཉིད་དུ་བཏགས་ཤིང་། དོན་དམ་པར་ནི་དེ་ཆ་ཤས་མེད་པ་ཁོ་ན་སྟེ། ཇི་སྐད་བཤད་པའི་ཚུལ་གྱིས་བཏགས་པའི་ཕྱོགས་ལ་གང་ཕྱི་རོལ་དུ་འཇུག་པ་མ་ཡིན་པ་དེ་ཉིད་ལ་སྐྱོན་བརྗོད་པ་ལ། མ་རྟོགས་པས་དོན་དམ་པའི་ཕྱོགས་ལ་བརྟེན་པས་ཕྱི་ རོལ་དུ་འཇུག་པ་ཉིད་དུ་རེས་འགའ་ཕ་རོལ་པོས་རྟོགས་པར་བྱེད་དོ་ཞེས་པ་དེའི་ཕྱིར་དོགས་པར་རིགས་སོ། །དེ་ལ་གསོ་བ་ལ་སོགས་པ་ལ་རབ་ཏུ་སྦྱོར་བའི་ཕྱིར་ཞེས་པ་འཐད་པའོ། །འོ་ན་རྐང་པ་བསྐུ་བ་ལ་སོགས་པས་རྟེན་ལས་གཞན་དུ་ཡང་མིག་ལ་སོགས་པ་བྱ་བ་མ་ཡིན་ནམ། དེའི་ ཕྱིར་གང་ལ་གསོ་བའི་སྦྱོར་བ་ཅན་དེ་ལ་དབང་པོའོ་ཞེས་པ་འདི་མཐའ་གཅིག་ཏུ་ངེས་པ་མ་ཡིན་ནོ་ཞེ་ན། དེ་ཡོད་པ་མ་ཡིན་ཏེ། དེར་ཡང་མ་མ་གསོ་བའི་སྒོ་ནས་གཞོན་ནུའི་བཞིན་དུ་མིག་ལ་སོགས་པའི་རྟེན་ལ་གནས་པ་ཁོ་ནའི་རྩ་འཕོ་བས་གསོ་བ་རབ་ཏུ་སྦྱོར་བའི་ཕྱིར་ཏེ། རྣམ་པ་གཞན་དུ་ན་དེ་ལ་ཉེ་བ་མ་ ཡིན་ཞིང་དེ་དག་འབྲེལ་པ་ཉམས་སུ་མ་མྱོང་བ་ནི་ཅི་ལྟར་གསོ་བར་བྱ། ཅི་སྟེ་གསོ་བའི་དུས་སུ་རྐང་པ་ལ་སོགས་པ་ལ་ཉེ་བར་གྱུར་པའོ་ཞེ་ན། དེ་ལྟར་གྱུར་ན་རྐང་པ་ལ་སོགས་པས་གཟུགས་འཛིན་པར་ཐལ་ལོ། །དེའི་ཕྱིར་རང་གི་རྟེན་ལ་གནས་པ་ཁོ་ན་ཇི་སྐད་བཤད་པའི་རྣམ་པས་གསོ་བར་བྱའོ་ཞེས་ ཁས་བླང་བར་བྱའོ། །དེ་འདི་སྐད་བཤད་པར་འགྱུར་ཏེ། དབང་པོ་གང་ཞིག་རང་གི་རྟེན་ལ་གསོ་བར་བྱ་བ་དེ་དེ་ཁོ་ན་ལ་འཇུག་སྟེ། སྣ་ལ་སོགས་པ་བཞིན། མིག་དང་རྣ་བ་དག་ཀྱང་རང་གི་རྟེན་ལ་གསོ་བར་བྱ་བ་དག་གོ་ཞེས་པ་རང་བཞིན་ནོ། །དེའི་ཕྱིར་དབང་པོ་ཁོ་ན་ལས་ཞེས་པ་སྟེ། ཚིག་ཕྲད་ ནི་རིམ་པ་ཐ་དད་པ་སྟེ། རྣམ་པར་ཆོད་པ་ཁོ་ན་ལ་ཞེས་པ་འདི་ལྟར་བལྟ་བར་བྱའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་རྟེན་ལས་ཀྱང་རྣམ་པར་བཅད་པའི་དོན་ཞེས་འཛིན་ཏེ། དབང་པོ་འབའ་ཞིག་ལས་ནི་མ་ཡིན་ནོ། །གང་ཕྱིར་རྟེན་གྱི་སྒོ་ཁོ་ནས་ནི་དབང་པོ་ལས་དོན་བར་དང་ བཅས་པ་འཛིན་པར་རྟོགས་ཏེ། སྔར་ཇི་སྐད་བཤད་པ་བཞིན་ནོ། །སྐྱོན་གཞན་བརྗོད་པར་བཞེད་པས་ཕྱི་རོལ་དུ་འཕོ་བ་ཁས་བླངས་ནས་གསུངས་པ། ཡོད་དུ་ཆུག་ན་ཡང་ཞེས་པ་ལ་སོགས་པའོ། །གཞན་དུ་ན་ཞེས་པ་ལ་སོགས་པས་ཕྱི་རོལ་དུ་འཕོས་པའི་ཡུལ་ལ་དམིགས་པའི་ནུས་པ་མེད་པ་ལ་ གཏན་ཚིགས་གསུངས་ཏེ། དབང་པོ་གང་གི་རྟེན་བཀབ་པ་ན་ཡུལ་འཛིན་པ་མེད་པ་དེ་ཕྱི་རོལ་དུ་འཕོས་པས་ནི་གེགས་མེད་པར་ཡུལ་འཛིན་པའི་ནུས་པ་མེད་དེ། པགས་པ་ལ་སོགས་པའི་དབང་པོ་བཞིན། མིག་དང་རྣ་བ་དག་ཀྱང་རང་གི་རྟེན་བཀབ་པ་ན་ཡུལ་འཛིན་པ་མེད་དོ། །འབྲས་བུ་མི་དམིགས་ པའོ། །འོ་ན་མིག་གི་ནུས་མཐུའི་མཚན་ཉིད་འཇུག་པ་ནི་རྟེན་བཀབ་པ་ན་འཇིག་པའམ། རྟེན་བཀབ་པའི་དུས་ན་དེ་ཁོ་ན་ལ་མྱུར་དུ་རབ་ཏུ་འཇུག་པ་མ་ཡིན་ནམ། དེའི་ཕྱིར་སྐྱོན་འདི་མེད་དེ། རྟེན་མ་བཀབ་པ་ཁོ་ན་ནི་དེའི་ཡུལ་འཛིན་པའི་ནུས་པ་ཡིན་གྱི་རྣམ་པ་གཞན་དུ་མ་ཡིན་ནོ་ཞེས་པའོ། །རྣ་བའི་ དབང་པོའི་ངོར་རེ་ཞིག་འདི་ཡང་དག་པར་འཇོག་པ་མ་ཡིན་ཏེ། དེ་རྟེན་བཀབ་པ་ན་ཡང་ཕྱི་རོལ་དུ་འཇུག་པ་ཉིད་ཀྱི་ཕྱིར་དང་། རྟག་པ་ཉིད་ཀྱི་ཕྱིར་ཡང་ངོ་། །མིག་གི་ངོར་གལ་ཏེ་འདི་ལན་ཡིན་ཞེས་སོ་སོར་རེ་བར་འགྱུར་ན་དེ་ཡང་དོར་ཅིག །གང་གི་ཕྱིར། མིག་གི་བདག་ཉིད་དུ་གྱུར་པའི་འོད་ཀྱི་ ཆ་ཤས་ཅན་ནི་འཕོས་ནས། བདག་ཉིད་ཐམས་ཅད་ཀྱིས་ཡུལ་དང་ཡང་དག་པར་ལྡན་པ་ཉིད་ཀྱི་ཕྱིར། དེ་ཁོ་ན་ལ་ཉེ་བ་ཡིན་གྱི། རྟེན་ལ་མ་ཡིན་ལ། དེ་དང་ལོག་པ་མ་ཡིན་པ་ཉིད་ཀྱི་ཕྱིར། མིག་ཀྱང་ངོ་ཞེ་ན། གང་ལས་རྣམ་པར་དབྱེ་བས་རྟེན་ལ་ཡང་འཇུག་པར་འགྱུར་བ། དེའི་ཆ་ཤས་ རྣམས་ཡོད་པ་མ་ཡིན་པས་ཏེ། དེ་ལས་ཀྱང་དེའི་ཚེ་དེའི་རྟེན་དུ་མངོན་པར་འདོད་པའི་ལུས་ཀྱི་ཆ་ཤས་ནི་དེའི་རྟེན་དུ་འགྱུར་བ་མ་ཡིན་པ་ཁོ་ན་སྟེ། འབྲེལ་པ་མེད་པའི་ཕྱིར། དབང་པོ་གཞན་བཞིན་ནམ་ཧ་ཅང་ཐལ་བ་ཡང་ནའོ། །རྟེན་མ་ཡིན་ན་ཡང་བཀབ་པ་ན་དེའི་འཇིག་པ་དང་འཇུག་པ་དག་ ཅིས་འགྱུར་ཞེས་པའམ་ཧ་ཅང་ཐལ་བའོ། །ཅི་སྟེ་ཆ་དང་བཅས་པར་འོད་ཀྱི་ཆ་ཤས་ཅན་རྟོག་ན། དེ་ལྟ་ན་ཡང་དེའི་ཕྱོགས་ཡུལ་དང་ཡང་དག་པར་ལྡན་པ་ཤེས་པ་ཉེ་བར་སྐྱེ་བའི་རྒྱུ་ཡིན་པ་དེ་ལ་སྐྱོན་དེ་ཁོ་ནའོ། །འོན་ཏེ་དེ་མིག་གི་དབང་པོ་ལ་དོན་གཞན་ཉིད་དུ་འདོད་ན་དེའི་ཚེ་དེ་ཁོ་ན་མིག་གི་ངོ་བོ་ བསྟན་པའི་ཤུགས་ལས་དང་། དེའི་མཚན་ཉིད་ལས་མིག་གི་ཡིན་ཞིང་། དེ་ལ་ཡང་ཆ་ཤས་དང་བཅས་པ་དང་། ཆ་ཤས་མེད་པ་ཉིད་ཀྱི་ཕྱོགས་དག་ལ་སྐྱོན་དང་བཅས་པ་དེའི་གནས་སྐབས་ཁོ་ནའོ་ཞེས་པས་འདི་ནི་གྱི་ན་ཡིན་ནོ། །ལྔ་པོ་རྣམས་དབང་པོ་ཉིད་ན་ཞེས་པ། སྣ་དང་ལྕེ་དང་མིག་ དང་པགས་པ་དང་རྣ་བ་རྣམས་དབང་པོ་རྣམས་སོ་ཞེས་པའི་མདོ་ལས་སོ། །བདེ་སོགས་གཞལ་བྱ་མིན་པའམ། །ཞེས་པས་མཚན་ཉིད་མ་ཚང་བ་ཉིད་གསུངས་སོ། །བདེ་བ་ལ་སོགས་པ་ཤེས་པ་མངོན་སུམ་གྱི་མཚན་ཉིད་ཀྱིས་མ་བསྡུས་པའི་ཕྱིར་རོ། །དེ་ལས་ཀྱང་བདེ་བ་ལ་སོགས་པ་ རྣམས་གཞལ་བྱ་ཉིད་དུ་ཁས་ལེན་པ་འགལ་བའོ། །དེ་ལ་འདིར་འགྱུར་མོད། གལ་ཏེ་ཡང་བདེ་བ་ལ་སོགས་པ་མངོན་སུམ་གྱི་ཡུལ་དུ་མི་འགྱུར་མོད། དེ་ལྟ་ན་ཡང་རྗེས་སུ་དཔག་པ་ལ་སོགས་པའི་ཡུལ་ཉིད་ཀྱི་ཕྱིར་གཞལ་བྱར་འགྱུར་རོ་ཞེ་ན། དེའི་ཕྱིར་གསུངས་པ། གང་ཞེས་པ་ལ་ སོགས་པ་སྟེ། རང་སྨོས་པ་ནི་ཕ་རོལ་གྱི་རྣམས་ལ་བདེ་བ་དང་རབ་ཏུ་དང་བ་ལ་སོགས་པའི་རྟགས་རབ་ཏུ་རྙེད་པར་སླ་བ་ཉིད་ཀྱི་ཕྱིར་རོ། །རང་གི་རྣམས་ནི་གང་གི་ཚེ་རྟགས་མེད་པའི་ཕྱིར་རྗེས་སུ་དཔག་པ་མེད་ལ། འདྲ་བ་མེད་པའི་ཕྱིར་ཉེ་བར་འཇལ་བ་མེད་ཅིང་། ཉེ་བར་བསྟན་པ་མེད་པའི་ཕྱིར་ ལུང་མེད་ལ། དབང་པོ་དང་དོན་ཕྲད་པ་མེད་པའི་ཕྱིར་མངོན་སུམ་མ་ཡིན་ཏེ། དེ་ལྟ་ན་ཅི་ལྟར་དེ་རྣམས་གཞལ་བྱ་ཉིད་ཡིན། ཅི་སྟེ་སྐྱོན་འདི་མི་འདོད་ན། དེ་ལྟ་ན་དེའི་ཚེ་བདེ་བ་ལ་སོགས་པའི་ཤེས་པ་ཚད་མ་ལྔ་པར་ཉེ་བར་བགྲང་བར་བྱའོ་ཞེས་སྟོན་པ་གསུངས་པ། དེའི་ཡང་ཞེས་པ་སྟེ། དེ་ལྟ་ ན་ཡང་ཚད་མ་བཞི་ཉིད་དུ་ཁས་བླངས་པ་ལ་གནོད་པའོ། །ཡང་ན་དབང་པོ་གཞན་ཡིད་ཡིད། །ཅེས་པ། གལ་ཏེ་སྐྱོན་འདི་འདོད་པ་མ་ཡིན་ནོ་ཞེས་པ་དགོངས་པའོ། །དེ་ལྟར་ན་ཡང་དབང་པོ་ལྔར་ཁས་བླངས་པ་ལ་གནོད་དོ། །བཀག་པ་མེད་ཕྱིར་ཅེས་པ་འདིས་བསྟན་བཅོས་སུ་ཡིད་དབང་པོ་ཉིད་ དུ་འདོད་པ་ཁོ་ནའོ་ཞེས་སྟོན་ཏོ། །ཁ་ཅིག་རྣམས་ལ་ནི་ཡོད་ཅེས་པ་གྲངས་ཅན་ལ་སོགས་པ་རྣམས་ལའོ། །དབང་པོ་གཞན་སྒྲ་དོན་མེད་པའོ་ཞེས་པ་སྣ་ལ་སོགས་པ་རྣམས་ཀྱི་ཡང་དབང་པོ་ཉིད་དུ་དེ་ཁོ་ན་ལས་གྲུབ་པ་ཉིད་ཀྱི་ཕྱིར། དེའི་ཚིག་དོན་མེད་པ་ཉིད་དུ་འགྱུར་རོ། །དེའི་ ཕྱིར་སྔར་ཡང་བརྗོད་པ་ལས་ནི་གཞན་རྣམས་དབང་པོ་ཉིད་དུ་རྟོགས་པར་བྱ་སྟེ། མངོན་པར་འདོད་པ་མ་ཡིན་ནོ་ཞེས་པའོ། །ཁ་ཅིག་སྣ་དང་ལྕེ་དང་མིག་དང་པགས་པ་དང་རྣ་བའི་དབང་པོ་རྣམས་འབྱུང་བ་རྣམས་ལས་སོ་ཞེས་པ་འདིར་སྣ་ལ་སོགས་པ་རྣམས་དབང་པོ་ཉིད་དུ་བསྒྲུབ་པ་མ་ཡིན་གྱི། འོ་ན་ ཅི་ཞེ་ན། དབང་པོ་ཉིད་དུ་རབ་ཏུ་གྲགས་པ་རྣམས་ཁོ་ནའི་འབྱུང་བ་ལས་གྱུར་པ་ཉིད་དང་འབྱུང་བ་ལས་མ་གྱུར་པའི་ཡིད་དེ། དེ་རྗེས་སུ་བསྟན་པའོ་ཞེས་སྨྲའོ། །འདི་ཡང་མ་ཡིན་ཏེ། དབང་པོའི་གྲངས་ཀྱི་རང་བཞིན་གཞན་བསལ་བའི་ཕྱིར་ན་སྣ་ལ་སོགས་པ་རྣམས་འབྱུང་བ་རྣམས་ལས་ སོ་ཞེས་པས་ཀྱང་འབྱུང་བ་ལས་གྱུར་པ་ཉིད་དུ་གྲུབ་པའི་ཕྱིར་དབང་པོ་སྨོས་པ་དོན་མེད་པ་ཉིད་དུ་འགྱུར་རོ། །ཤེས་པའི་ཡང་ཤེས་པ་ལ་སོགས་པ་སྟེ། དབང་པོ་དང་ཕྲད་པ་དག་ཚད་མ་ཉིད་ན། འབྲས་བུ་མེད་པར་མི་འགྱུར་ཏེ། ཤེས་པ་འབྲས་བུ་ཉིད་ཀྱི་ཕྱིར་རོ། །ཤེས་པ་ལས་དོན་ གཞན་མ་ཡིན་པའི་འབྲས་བུ་སྨྲ་བའི་ཡང་ཇི་ལྟར་རང་གི་འདོད་པར་བསྟན་པ་བཞིན་ནོ་ཞེས་སེམས་པའོ། །ངེས་པའི་བདག་ཉིད་ཅན་ནི་ཞེས་པ་ལ་སོགས་པ་ལ། གང་མ་ངེས་པའི་བདག་ཉིད་ཚད་མར་འདོད་པ་དེའི་ངེས་པ་འབྲས་བུ་དོན་གཞན་དུ་འགྱུར་གྱི། ཞེན་པའི་བདག་ཉིད་ཚད་མར་འདོད་པའི་ གཞན་འབྲས་བུར་གྱུར་པ་ནི་མ་ཡིན་ནོ། །འོ་ན་ངེས་པའི་ཤེས་པ་ནི་ཤེས་པ་དུ་མས་བར་ཆད་པ་ཅན་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་ལས་དེ་མ་ཐག་པར་འགྱུར་ཏེ། སྔར་ཇི་སྐད་བཤད་པ་བཞིན་ནོ། །བར་ཆོད་པ་ནི་འབྲས་བུ་ཉིད་དུ་རིགས་པ་ཡང་མ་ཡིན་ཏེ། གཞན་དུ་ན་ཧ་ཅང་ཐལ་བར་འགྱུར་རོ། ། དེ་དེས་ན་འབྲས་བུ་ཉིད་ག་ལས་ཤེ་ན། བདེན་ཏེ། དེ་ལྟ་ན་ཡང་གང་གི་ཚད་མ་མ་ངེས་པའི་བདག་ཉིད་དུ་འདོད་པ་དེའི་རིགས་པ་བསྟན་པ་ཉིད་ཀྱི་ངེས་པ་དོན་གཞན་འབྲས་བུར་འགྱུར་རོ་ཞེས་པས། རྟོག་པ་ཡང་རེ་ཞིག་སྲིད་པར་འགྱུར་རོ། །གང་གི་ཞེན་པའི་བདག་ཉིད་ཁོ་ནར་མངོན་སུམ་ འདོད་པ་དེའི་ནི་རྟོག་པ་འདི་ཡང་སྲིད་པ་མ་ཡིན་ནོ་ཞེས་བསྟན་པའི་དོན་དུ་འདི་སྐད་བཤད་པའོ། །དེ་ལྟར་འབྲས་བུ་དོན་གཞན་དུ་ཁས་བླངས་པ་འགལ་ལོ། །ཁྱད་པར་གྱི་ཤེས་པ་ཞེས་པ་ལ་སོགས་པས། གལ་ཏེ་ཡང་ངེས་པའི་བདག་ཉིད་དུ་ཐ་དད་པ་མེད་པ་དེ་ལྟ་ན་ཡང་ཡུལ་ཐ་དད་པས་ཤེས་ པ་ཐ་དད་པའི་ཕྱིར་ཚད་མ་ལས་འབྲས་བུ་ཐ་དད་དུ་སྟོན་ཏོ། །ཁྱད་པར་ལ་མིན་ཐ་དད་ཕྱིར། །ཞེས་པ་ལ་སོགས་པའི་དོན་འདི་ཡིན་ཏེ། གང་ཞིག་གང་ལས་གཞན་ཡུལ་ཅན་གྱི་བྱེད་པ་དེ་ནི་དེ་ལ་འབྲས་བུར་འགྱུར་བ་མ་ཡིན་ཏེ། དཔེར་ན་པ་ལཱ་ཤ་ལས་གཞན་པའི་ཡུལ་ཅན་གྱི་གཅོད་བྱེད་ནི་པ་ ལཱ་ཤ་ལས་གཞན། ཁྱད་པར་གྱི་ཤེས་པ་ཡང་ཁྱད་པར་ཅན་ལས་གཞན་པའི་ཡུལ་ཅན་གྱི་བྱེད་པའོ་ཞེས་པ་ཁྱབ་པར་བྱེད་པ་དང་འགལ་བའོ། །གཞན་གྱི་ཡུལ་ཅན་གྱི་ཚད་མའི་ཞེས་པ་གཏན་ཚིགས་སོ། །ཚད་མ་ནི་ཞེས་པ་འདི་ཡང་བྱེད་པ་ཉིད་ཉེ་བར་མཚོན་པའོ། །གཞན་ལ་འབྲས་བུ་ རིགས་པ་ཡང་མ་ཡིན་ནོ། །ཞེས་པ་ཚད་མའི་འབྲས་བུའོ། །ཡུལ་གཞན་ལ་ཞེས་པ་ལ་སོགས་པ་དཔེའོ། །ཁྱད་པར་དུ་བྱ་བའི་ཤེས་པའི་རྒྱུ་ཉིད་ཀྱི་ཕྱིར་ཞེས་པ་མ་གྲུབ་པ་ཉིད་དུ་སྨྲས་སོ། །འདི་ལྟར་སེམས་པ་སྟེ། ཇི་ལྟར་གཅོད་བྱེད་ནི་སེང་ལྡེང་ལ་སོགས་པ་ཚད་མའི་རྒྱུ་མཚན་ཉིད་ཀྱི་ཕྱིར་སེང་ ལྡེང་ལ་སོགས་པའི་ཡུལ་ཅན་ཡིན་པ་དེ་བཞིན་དུ་ཁྱད་པར་གྱི་ཤེས་པ་ནི་ཁྱད་པར་དུ་བྱ་བའི་ཤེས་པའི་རྒྱུ་མཚན་ཉིད་ཀྱི་ཕྱིར་ཁྱད་པར་དུ་བྱ་བའི་ཡུལ་ཅན་ནོ་ཞེས་པའོ། །ཁྱད་པར་དུ་བྱ་བའི་ཤེས་པའི་རྒྱུ་མཚན་ཉིད་ནི་དེའི་དེ་མེད་ན། དེ་ཡོད་པ་མ་ཡིན་པའི་ཕྱིར་རོ། །མ་ཡིན་ཏེ་ཧ་ཅང་ཐལ་བའི་ ཕྱིར་རོ་ཞེས་པ། གང་ཡང་རབ་ཏུ་འཇལ་བ་པོ། །བྱེད་པ་པོ་དང་། གང་བ་ལང་ལ་སོགས་པའི་ལས་གཞལ་བར་བྱ་བ་དང་ཕྱོགས་གང་དུ་ཡིན་པ་གཞིར་དང་། གང་ལས་འབྱུང་བ་འབྱུང་ཁུངས་ལས་དང་། གང་གི་ཆེད་དུ་སྦྱིན་པ་དེ་ཡང་དགོས་ཆེད་དེ། འདི་ཐམས་ཅད་ཀྱང་ཁྱད་པར་དུ་བྱ་ བའི་ཤེས་པའི་རྒྱུ་ཉིད་ཀྱི་ཕྱིར་ཁྱད་པར་གྱི་ཤེས་པ་བཞིན་དུ་བྱེད་པར་ཐལ་ལོ་ཞེས་པའི་དོན་ཏོ། །དེའི་ཕྱིར་ཞེས་པ་ལ་སོགས་པ་སྟེ། འདིར་དེའི་སྒྲ་ནི་གཉིས་དག་སྟེ། དེ་ལ་གཉིས་པའི་འབྲེལ་པ་ཅན་ནི། གང་གི་སྒྲ་ནི་གང་གི་ཞེས་དྲུག་པའི་མཐའ་ཅན་དུ་མཉན་པར་བྱ་བའོ། །དང་པོ་ནི་གང་དང་ དེ་གཉིས་རྟག་ཏུ་འབྲེལ་པའི་ཕྱིར་ཐོས་བཞིན་པ་མ་ཡིན་པ་ཡང་རྗེས་སུ་དཔག་པར་བྱ་སྟེ། ཇི་ལྟར་རྟོགས་པ་དང་བློ་དང་སོ་སོར་ཞེན་པའི་དོན་གྱི་སྒྲ་ལས་དང་། ལས་མེད་པ་རྣམས་ཀྱི་ཨ་ཎ་ལ་བྱེད་པ་པོ་དེ་ཎི་ལའོ་ཞེས་པ་འདི་བཞིན་ནོ། །དེ་ཡང་ལས་ལ་ཞེས་པ་འདིས་གཞི་ མཚུངས་པ་ཉིད་དུ་བཤད་པར་བྱའོ། །དེས་ན་དོན་འདིར་འགྱུར་ཏེ། ཤེས་པ་གང་ཞིག་གིས་ཤེས་པར་བྱ་བའི་ལས་གང་ལ་བྱ་བ་སྟོན་ཅིང་བྱེད་པ་ཅན་གཞན་གྱིས་བར་མ་ཆོད་པའི་བྱ་བ་རྟོགས་པའི་ཤེས་པར་བྱ་བའི་ལས་དེ་ཁོ་ནའི་ཤེས་པ་དེ་ཚད་མའོ་ཞེས་པའོ། །འདིར་ཡང་ཁྱད་པར་ལ་ཁྱད་པར་ གྱི་ཤེས་པ་ཁོ་ནའི་བྱ་བ་སྟོན་ཏེ། དེའི་རྣམ་པ་ཅན་དུ་སྐྱེ་བས་སོ། །གཞན་དུ་ན་དེ་ཁྱད་པར་གྱི་ཤེས་པ་ཁོ་ནར་མི་འགྱུར་རོ། །དེའི་ཕྱིར་ཁྱད་པར་དེ་ཁོ་ནའི་ཚད་མ་ཡིན་གྱི། ཁྱད་པར་དུ་བྱ་བ་ནི་མ་ཡིན་ཏེ། དེ་ལ་དེའི་བྱ་བ་རྒྱས་པ་མེད་པའི་ཕྱིར་རོ། །འོ་ན་ཚད་མ་ནི་བྱེད་པ་ཅན་དྲུག་གི་ནང་གི་ བྱེད་པ་མ་ཡིན་ནམ། བྱ་བའི་ཡང་བྱེད་པ་ཅན་རྣམས་སུ་འགྱུར་གྱི། བྱེད་པ་ཅན་གཞན་གྱི་ནི་མ་ཡིན་ནོ། །དེའི་ཕྱིར་ཅི་ལྟར་ལས་དེ་ཁོ་ནའི་དེ་ཚད་མ་ཞེས་བརྗོད་པར་བྱ་ཞེ་ན། འདི་ནི་སྐྱོན་མ་ཡིན་ཏེ། འདི་ནི་འབྲེལ་པའི་མཚན་ཉིད་ཀྱི་དྲུག་པ་མ་ཡིན་པ་ཁོ་ནའི། འོ་ན་ཅི་ཞེ་ན། བྱེད་ལྡན་གྱི་སྦྱོར་བའི་ མཚན་ཉིད་ཅན་ཏེ། དཔེར་ན་པ་ལཱ་ཤ་རྣམས་ཀྱི་གཅོད་བྱེད་ཅེས་པ་ལྟ་བུའོ། །དོན་འདི་ཡིན་ཏེ། ཁྱད་པར་དེ་ཁོ་ནའི་དེ་ཚད་མ་སྟེ། དེ་ཁོ་ན་དེས་གཞལ་བར་བྱ་བའི་ཁྱད་པར་དུ་བྱ་བ་ནི་མ་ཡིན་ནོ་ཞེས་པ་འགོག་པ་དེའི་ཕྱིར་ཡུལ་ཐ་དད་པ་ཉིད་དུ་གྲུབ་བོ། །དེ་ལ་ཡང་ཞེས་པ་ལ་སོགས་པ་སྟེ། འོ་ན་ ཡང་ཁྱད་པར་རྟོགས་པར་བྱ་བ་ལ་ཁྱད་པར་དུ་བྱ་བའི་ཤེས་པ་འབྲས་བུ་ཉིད་དུ་བརྗོད་པ་མ་ཡིན་ནམ། དེ་ལ་འབྲས་བུ་མེད་པ་ཞེས་བརྗོད་པར་བྱ་བ་ཅི་ཞེ་ན། སྐྱོན་འདི་མེད་དེ། ཡང་གི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏེ། དེ་ཁོ་ན་ལ་སྟེ་ཁྱད་པར་ཁོ་ན་རྟོགས་པར་བྱ་བ་ལའོ་ཞེས་པའི་དོན་ཏོ། །གང་གི་ཚེ་སྣང་བ་ ཞན་པའི་ཕྱོགས་སུ་བ་ལང་ལ་སོགས་པ་ཙམ་གྱི་ཁྱད་པར་འབའ་ཞིག་ཁོ་ན་ཡོངས་སུ་གཅོད་ཀྱི་གསལ་བའི་བྱེ་བྲག་ནི་མ་ཡིན་ཏེ། དེ་ལ་ཐེ་ཚོམ་ཟ་བའི་ཕྱིར་ཞིང་། བ་ལང་ལ་སོགས་པ་ཙམ་ཡང་སྤྱིའི་ངོ་བོ་ཉིད་ཀྱི་ཕྱིར་དང་། དེ་ལ་ཡང་ཁྱད་པར་གཞན་མེད་པའི་ཕྱིར་ལ། སྤྱི་ནི་ཁྱད་པར་དུ་ འགྱུར་བ་སྲིད་པ་མ་ཡིན་པ་དེའི་ཚེ་ཁྱད་པར་གྱི་ཤེས་པ་ཚད་མ་ཉིད་དམ་འབྲས་བུ་ཉིད་དུ་འགྱུར་ཞིང་། གང་ཡང་རུང་བ་ཁས་བླངས་ན་གང་ཡང་རུང་བ་ཉམས་སོ་ཞེས་པས་ཁས་བླངས་པ་ལ་གནོད་པའོ། །དེ་གཉིས་ཅི་ཞེས་པའི་དེའི་ལན་ཏེ། འདིར་ཡང་གཅིག་གི་གཉིས་ཀའི་ངོ་བོ་འགལ་བ་ཡོངས་ སུ་སྤང་བའི་ཆེད་དུ་དཔེར་ན་ཞེས་པ་ལ་སོགས་པས་མཐོང་བའི་མཐའ་སྟེ། གང་གི་ཕྱིར་རྣལ་འབྱོར་པ་རྣམས་ཀྱི་རྣལ་འབྱོར་རྫོགས་པ་ན་བདག་ཉིད་མཐོང་བ་རྣམས་ཀྱི་དེ་གཟུང་བྱར་ཡང་འགྱུར་ལ། འཛིན་པ་པོ་ཡང་ཡིན་པ་བཞིན་ནོ། །དོན་གཞན་འབྲས་བུར་སྨྲ་བ་ལ་འདི་མི་འདོད་པ་སྟེ། དེ་ལྟར་གྱུར་ན་ཐལ་ བར་འགྱུར་རོ་ཞེས་གསུངས་པ། གལ་ཏེ་དོན་གཞན་ཡིན་ན་ཡང་། །ཞེས་པ་ལ་སོགས་པའོ། །རང་བཞིན་ཁོང་དུ་ཆུད་ན་ནི་ཤེས་པའི་ཞེས་པ་ལ་སོགས་པ་སྟེ། འདིས་ནི་འདི་སྟོན་ཏེ། བདག་ཉིད་ཀྱི་དཔེས་ནི་དོན་གཞན་གཞལ་བར་བྱ་བ་ཡིན་པ་ལ་ཁྱད་པར་གྱི་ཤེས་པ་རྣམ་པ་གཉིས་ཀར་འགྲུབ་པ་ མ་ཡིན་ཏེ། དཔེ་དང་དཔེ་ཅན་དག་མི་མཚུངས་པ་ཉིད་ཀྱི་ཕྱིར་རོ། །འོན་ཀྱང་རང་ཉིད་ཁོང་དུ་ཆུད་པ་ཁོ་ན་ལ་ཤེས་པའི་དངོས་པོ་གཉིས་སུ་འགྱུར་ཞིང་། རང་ཉིད་ཁོང་དུ་ཆུད་པ་ལ་ཡང་ཤེས་པའི་རྣམ་པ་གཉིས་ཀ་ལྟར་ན་ཡང་ཚད་མ་དང་གཞལ་བར་བྱ་བ་ལ་ཡང་ཁོ་བོས་འདོད་པ་ཁོ་ན་སྟེ། དེ་ཡང་ཁྱོད་ཀྱིས་བདག་ཉིད་དཔེར་བརྗོད་པས་གཞུང་བཙུགས་སོ་ཞེས་པའོ། །དེ་ལྟར་ན་འོ་ན་ཞེས་པ་ལ་སོགས་པས་ཇི་ལྟར་སྒྲོན་མའི་མུན་པ་བཟློག་པ་འབྲས་བུ་དོན་གཞན་ཡིན་པ་དེ་བཞིན་དུ་མི་ཤེས་པ་ལ་སོགས་པ་བཟློག་པ་འབྲས་བུར་འགྱུར་རོ་ཞེས་སྟོན་ཏོ། །ཡུལ་གྱི་དབྱེ་བ་ཡང་འདི་ལ་མེད་དོ་ ཞེས་པ་ཉེ་བར་དགོད་པའོ། །ཀུན་ལ་མིན་ཞེས་པས་འབྲས་བུ་རྣམ་པར་གཞག་པའི་མ་ཁྱབ་པ་ཉིད་གསུངས་སོ། །ཅིའི་ཕྱིར་འདི་ཀུན་ལ་མིན་ཞེ་ན། གསུངས་པ། ཁ་ཅིག་ཏུ་ཞེས་པ་ལ་སོགས་པ་སྟེ། གཟས་པ་ཙམ་གྱིས་ཏེ། ཡིད་ལ་བྱེད་པ་ཙམ་གྱིས་སོ། །གང་ལ་གང་གི་རྩོལ་བ་ཙམ་ གྱིས་ཤེས་པ་སྐྱེ་བ་དེ་ལ་དེའི་མི་ཤེས་པ་ཡོད་པ་མ་ཡིན་ཏེ། དཔེར་ན་ཤེས་རབ་ཅན་ཁ་ཅིག་གིས་བཟོའི་གནས་འགའ་ཞིག་ལ་བཞིན་འཇིག་རྟེན་གྱི་ཤེས་པ་ཡང་ཤེས་བྱ་འགའ་ཞིག་ལ་རྩོལ་བ་ཙམ་གྱིས་སྐྱེའོ། །ཁྱབ་བྱེད་དང་འགལ་བ་གསུངས་སོ། །ལྡོག་པ་ཡོད་མིན་འབྲས་བུ་མིན། །ཞེས་ པ་ལ། མི་ཤེས་པ་ལ་སོགས་པ་མེད་པ་ནི་མི་ཤེས་པ་ལ་སོགས་པ་ལྡོག་པ་སྟེ། དངོས་པོ་མེད་པ་ལ་ནི་བྱ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ཉེ་བར་བརྗོད་པ་མེད་པ་ཉིད་ཀྱི་ཕྱིར་རོ། །བྱ་བཞིན་པ་མ་ཡིན་པ་ཡང་རབ་ཏུ་འཇལ་བར་འགྱུར་བར་འོས་པ་མ་ཡིན་ནོ། །ཚད་མའི་ འབྲས་བུར་འགྱུར་བར་འོས་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །གང་ཡོད་པ་མ་ཡིན་པ་དེ་ནི་ཚད་མའི་འབྲས་བུ་མ་ཡིན་ཏེ། ཤིན་ཏུ་མེད་པ་བཞིན། ལྡོག་པ་ཡང་ཡོད་པ་མ་ཡིན་པའོ། །འགལ་བས་ཁྱབ་པའོ། །སྒྲོན་མའི་ཡང་མུན་པ་ལྡོག་པ་ཙམ་འབྲས་བུ་མ་ཡིན་ཏེ། འོན་ཀྱང་བུམ་པ་ལ་སོགས་པ་ གསལ་བར་བྱེད་པའོ། །དེའི་ཕྱིར། དེའི་གནས་སྐབས་ནི་ཚད་མ་དང་འབྲས་བུ་མེད་པའི་སྐྱོན་ནོ་ཞེས་པའོ། །འབྲེལ་པ་འགའ་ཞིག་གིས་ཞེས་པ་ལ། འབྲེལ་པ་བྱེད་པའི་འདོད་པའི་བྱེ་བྲག་གིས་འབྲེལ་དུ་མ་རྣམས་ཏེ། དེ་ལ་འབྲེལ་པ་འགའ་ཞིག་ལ་མངོན་སུམ་གྱི་མཚན་ཉིད་ཀྱི་མདོ་ འདི་སྲིད་པ་མ་ཡིན་ཞེས་པ་འདིའི་ཕྱིར། འབྲེལ་པ་འགའ་ཞིག་གིས་ཞེས་སྨྲས་སོ། །དེ་ལ་ཁ་ཅིག་རྣམས་འབྲེལ་སྨྲ་སྟེ། རབ་ཏུ་གྲུབ་པ་དང་། རྟགས་དང་། བདག་སྟེ། རབ་ཏུ་གྲུབ་པ་དང་ཤེས་པ་དོན་གཞན་མ་ཡིན་ནོ། །རབ་ཏུ་གྲུབ་པ་དེ་ཡང་ཡོན་ཏན་ཉིད་དང་མི་རྟག་པ་ཉིད་དུ་སྒྲ་དང་འདྲ་བར་ བལྟ་བར་བྱའོ་ཞེས་སྨྲས་ཤིང་། གལ་ཏེ་བློ་ནི་མི་རྟག་པ་ཡིན་ན། མི་རྟག་པ་ཡང་རྒྱུ་དང་ལྡན་པར་འགྱུར་ཏེ། དེའི་ཕྱིར་འདིའི་ཡང་རྒྱུ་བརྗོད་པར་བྱ་ཞིང་། གཞན་ཉིད་ཀྱང་སྟེ། ཤེས་པ་པོའི་གཏན་ཚིགས་འདིས་ཡིན་པ་ཞེས་པའོ་ཞེ་ན། བརྗོད་པར་བྱ་སྟེ། བདག་དང་དབང་པོ་དང་ཡིད་དང་དོན་ཕྲད་པ་ ལས་གང་གྲུབ་པ་དེ་གཞན་ཏེ། གང་གང་ལས་གྲུབ་པ་དེ་དེ་ལས་གཞན་ཡིན་ཏེ། དཔེར་ན་འཇིམ་པ་ལ་སོགས་པ་ལས་བུམ་པ་ལ་སོགས་པ་བཞིན། བདག་ལ་སོགས་པ་རྣམས་ལས་ཤེས་པ་འགྲུབ་པ་ཡང་དེ་ལྟ་བུའོ། །དེའི་ཕྱིར་དེ་ཡང་དེ་རྣམས་ལས་གཞན་ཡིན་ནོ། །རྒྱུ་ཡང་འདི་ཁོ་ནས་བསྟན་ཏེ་ བདག་ལ་སོགས་པའོ། །འབྲེལ་འདི་ལ་མངོན་སུམ་གྱི་མཚན་ཉིད་ཀྱི་མདོ་འདི་འཐད་པ་མ་ཡིན་ནོ། །གཞན་རྣམས་ནི་འབྲེལ་ཀུན་ནས་སྨྲ་སྟེ། རྟགས་ལས་བྱུང་བ་ཚད་མར་བརྗོད་ལ་དེའི་ཕྱིར་སྨྲས་པ། ཅི་རྟགས་ལས་བྱུང་བ་གཅིག་པུ་ཁོ་ན་ཚད་མའམ། མ་ཡིན་ཞེ་ན་བརྗོད་པར་བྱ་སྟེ། བདག་ དང་དབང་པོ་དང་ཡིད་དང་དོན་ཕྲད་པ་ལས་གང་གྲུབ་པ་དེ་གཞན་ནོ། །མངོན་སུམ་ཚད་མའོ་ཞེས་པ་ངག་ལྷག་མའོ། །འབྲེལ་པ་འདི་ལ་མངོན་སུམ་གྱི་མཚན་ཉིད་ཀྱི་མདོ་འདི་རྣམ་པར་བཤད་པར་བྱའོ། །མདོ་ལས་བྱུང་བ་མ་ཡིན་ཡང་བཤད་པར་བྱེད་པས་བརྗོད་པ་ཡིན་ཏེ། དབང་པོ་དང་ཕྲད་ པ་ལ་མངོན་སུམ་མམ་བདག་དང་ཡིད་ཕྲད་པའོ་ཞེས་པ་འདིའི་ཕྱིར་མདོ་ལས་བྱུང་བའོ་ཞེས་སྨྲས་སོ། །རྫས་སྨོས་པས་ཡོན་ཏན་དང་ལས་དག་ལའང་མདོ་ལས་བྱུང་བའི་མངོན་སུམ་གྱི་མཚན་ཉིད་གཞན་ཡོད་དོ་ཞེས་སྟོན་ཏོ། །དེ་སླར་ཡང་ཡོན་ཏན་དང་ལས་རྣམས་ཕྲད་པ་རྣམས་ལ་ཤེས་པ་འགྲུབ་ པའི་ཕྱིར་རྫས་རྒྱུ་སྟེ། རྒྱུའི་རྒྱུ་ཡང་ངོ་ཞེས་པ་འདི་ནི་རང་གི་རྟེན་གྱིས་མངོན་པར་གསལ་བ་མ་ཡིན་པའི་ཡོན་ཏན་དང་ལས་རྣམས་ལ་ཤེས་པ་ཉེ་བར་སྐྱེ་བ་མ་ཡིན་ནོ། །དེའི་ཕྱིར་དེའི་རྟེན་རྫས་ནི་ཡོན་ཏན་དང་ལས་རྣམས་གསལ་བར་བྱེད་ཅིང་དེའི་ཤེས་པའི་རྒྱུར་འགྱུར་རོ། །ཡོན་ཏན་དང་ལས་ཀྱི་ཤེས་པའི་ རྒྱུ་ནི་དབང་པོ་དང་དོན་ཕྲད་པའོ། །དེའི་རྒྱུ་རྫས་བུམ་པ་ལ་སོགས་པ་ནི་རྒྱུའི་རྒྱུའོ་ཞེས་བརྗོད་པར་བྱའོ། །འདིར་ཡང་གཙོ་བོ་ཉིད་ཀྱི་ཕྱིར་དང་། དོན་གཅིག་ལ་འདུས་པའི་རྒྱུ་ཉིད་ཀྱི་ཕྱིར་བདག་དང་ཡིད་ཕྲད་པ་ལས་སྐྱེ་ལ། དབང་པོ་དང་ཡིད་དང་དོན་ཕྲད་པ་རྣམས་ནི་དེ་ལ་ཕན་འདོགས་པ་པོ་རྣམས་ སོ། །ཁ་ཅིག་ནི་ཞེས་པ་སྟེ། གང་གི་ཕྱིར་ཤེས་པ་ཚད་མ་ཉིད་ཡིན་ན་འབྲས་བུ་གཞན་དུ་མི་འགྱུར་ཏེ། དེ་ལྟར་ནི་རྟོགས་པ་འབྲས་བུ་ཡིན་ཞིང་། ཤེས་པ་ལས་རྟོགས་པ་དོན་གཞན་པ་ཡང་མ་ཡིན་ནོ། །དེས་ན་ཤྲཱ་ཡ་ས་ཀ་ལ་སོགས་པ་རྣམས་ཕྲད་པ་འདོད་པར་བྱེད་དོ། །ཐུན་མོང་མ་ཡིན་པའི་རྒྱུ་ཉིད་ཀྱི་ཕྱིར་ ཞེ་ན། ཕྲད་པ་ཅིག་ཤོས་རྣམས་ནི་དྲན་པ་ལ་སོགས་པའི་ཤེས་པའི་ཐུན་མོང་བ་རྣམས་ཏེ་དབང་པོ་དང་དོན་ཕྲད་པ་ནི་མངོན་སུམ་ཁོ་ནའི་རྒྱུའོ། །གཙོ་བོ་ཉིད་ཀྱི་ཕྱིར་ཞེས་པ་བདག་དང་ཡིད་དག་གཙོ་བོ་ཉིད་ཀྱི་ཕྱིར་དེ་ཕྲད་པ་ཡང་གཙོ་བོ་ཉིད་དེ། དེས་ན་དབྱངས་ཅན་པ་ལ་སོགས་པ་རྣམས་ཏེ་འདོད་པར་ བྱེད་དོ། །དེ་ལ་བདག་ནི་གཙོ་བོ་ཉིད་དེ། ཤེས་པའི་བྱེད་པ་པོ་ཉིད་ཀྱི་ཕྱིར་དང་། དེའི་རྟགས་ཉིད་ཀྱི་ཕྱིར་དང་། འབྲས་བུ་ཉེ་བར་ལོངས་སྤྱོད་པ་པོ་ཉིད་ཀྱི་ཕྱིར་རོ། །ཡིད་ཀྱང་སྟེ་ཡུལ་ཐམས་ཅད་པ་ཉིད་ཀྱི་ཕྱིར་དང་། ཤེས་པ་དང་དོན་གཅིག་ལ་འདུ་བ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་ན་ཡང་ཞེས་པ་ལ་ སོགས་པས་བསྟན་བཅོས་དང་འགལ་བ་གསུངས་སོ། །ཇི་ལྟར་བདག་ཉིད་མེ་ལ་སོགས་པ་རྗེས་སུ་དྲན་པ་དང་ལྡན་པའི་རྟགས་མངོན་སུམ་པ་མཐོང་ནས་མངོན་སུམ་མ་ཡིན་པའི་དོན་ལ་རྗེས་སུ་དཔག་པར་འགྱུར་བ་དེ་ལྟར་ཁྱད་པར་དྲན་པ་དང་ལྡན་པ་འདི་ཁོ་ནའི་སྤྱི་ཙམ་ མཐོང་བ་ལས་གཟུང་བཞིན་པ་མ་ཡིན་པའི་ཁྱད་པར་རྣམས་ལ་ཐེ་ཚོམ་མོ་ཞེས་པ་ཐེ་ཚོམ་འགྲུབ་པ་ནི་རྟགས་ཅན་དང་མཚུངས་སོ། །ཇི་ལྟར་ཡང་ཡང་དག་པའི་དོན་དང་འབྲེལ་པའི་དབང་གིས་འདི་ནི་དོན་གྱི་རང་བཞིན་ནོ་ཞེས་མངོན་སུམ་སྐྱེ་བ་དེ་ལྟར་ཡང་དག་པའི་དོན་དང་འབྲེལ་པའི་དབང་གིས་འདི་ ཁོ་ན་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་གཏན་ལ་ཕེབས་པ་སྐྱེའོ་ཞེས་པས་འདིའི་འགྲུབ་པ་མངོན་སུམ་དང་མཚུངས་སོ་ཞེས་གང་བཤད་པ་དེ་འགལ་ལོ། །གཏན་ལ་ཕེབས་པ་ནི་རྣམ་པར་བརྟགས་པ་སྔོན་མ་ཅན་ཉིད་ཀྱི་ཕྱིར་རོ་ཞེས་འབྲེལ་ལོ། །སྤྱིར་མཐོང་བ་ཅན་གྱི་ཐེ་ཚོམ་དུ་གྱུར་པ་ནི། རྣམ་པར་ བརྟགས་པ་ལས་གང་གི་ཚེ་ཁྱད་པར་གྱི་ངོ་བོས་དོན་ངེས་པར་འཛིན་པ་དེའི་ཚེ་འདི་ནི་བ་ལང་ཁོ་ན་ཡིན་གྱི་བ་མེན་ནི་མ་ཡིན་ནོ་ཞེས་གཏན་ལ་ཕེབས་པ་སྐྱེའོ། །ཡུལ་ལ་ལྟ་དོན་ཅན་ཉིད་ཕྱིར། །ཞེས་པ་ཡུལ་ཉམས་སུ་མྱོང་བའི་དགོས་པ་ཅན་ཉིད་ཀྱི་ཕྱིར་རོ་ཞེས་པའི་དོན་ཏོ། །ཡུལ་ལ་ལྟ་བ་ཙམ་གྱི་ དོན་ནི་ཞེས་པ་ལ། ཙམ་གྱི་སྒྲ་ནི་ལྷག་པ་རྣམ་པར་གཅད་པའི་དོན་ཏོ། །འདི་སྐད་བཤད་པར་འགྱུར་ཏེ། ཁྱད་པར་སྒྲོ་འདོགས་པ་ལ་སོགས་པ་ལ་ནི་བྱ་བ་མ་ཡིན་ཞེས་པས། དེ་ཡང་རྣམ་པར་རྟོག་པ་མེད་པ་ཉིད་ཀྱི་ཕྱིར་རོ། །གང་གིའང་ཡུལ་ཉམས་སུ་མྱོང་བ་ཙམ་དགོས་པ་ཡིན་པ་དེ་རྣམ་ པར་བརྟག་པ་ལ་ལྟོས་པ་མེད་པར་འཇུག་སྟེ། དེ་སྟོན་པར་བྱེད་པ། དེ་ལ་རྣམ་པར་གཅོད་པ་ག་ལས་ཞེས་པ་སྟེ། དེ་ལས་ཀྱང་ཆོས་མི་མཐུན་པ་ཉིད་ཀྱི་ཕྱིར་དེ་དང་གཏན་ལ་ཕེབས་པ་སྐྱེ་བ་མཚུངས་པ་ནི་མ་ཡིན་ཏེ་དཔེར་ན་རྗེས་སུ་དཔག་པ་དང་བཞིན་ནོ། །དེ་ལྟར་འགྱུར་མོད་ཡོད་པའི་དོན་དང་ འབྲེལ་པའི་དབང་ལ་སྐྱེ་བ་ཙམ་བསྒྲེ་བར་བྱེད་པའོ་ཞེ་ན། དེ་ནི་མི་རིགས་ཏེ། ཁྱད་པར་བསྒྲེ་བར་བྱེད་པ་དོན་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཐེ་ཚོམ་དང་རྗེས་སུ་དཔག་པ་ལ་སོགས་པ་རྣམས་དང་ཡང་དེ་ལྟར་སྐྱེ་བ་མཚུངས་པ་འཐོབ་སྟེ། དེ་རྣམས་ཀྱང་སྤྱི་ལ་སོགས་པ་ ཡང་དག་པའི་དོན་དང་མངོན་པར་འབྲེལ་པའི་དབང་གིས་སྐྱེ་བའི་ཕྱིར་ན་བསྒྲེ་བ་མ་ཡིན་པ་ཁོ་ནའོ་ཞེས་པས་ཤེས་པ་ཉིད་ཆོས་མཐུན་པ་དེ་ཡང་མེད་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་འཛིན་པར་ཐལ་ལོ་ཞེས་པ། རྣམ་པ་ཀུན་གྱིས་ཏེ། མང་པོ་ཅན་ཉིད་ལ་སོགས་པ་རྣམས་ཀྱིས་ཀྱང་འཛིན་པར་ འགྱུར་རོ། །ཆ་ཤས་གང་ལ་ནུས་པ་དེ་ཁོ་ན་འཛིན་པར་འགྱུར་རོ་ཞེ་ན་གསུངས་པ། ཐམས་ཅད་ཀྱི་བདག་ཉིད་དང་། ཅེས་པ་ལ་སོགས་པ་སྟེ། ཆ་ཤས་མེད་པ་ཉིད་ཀྱི་ཕྱིར། དོན་ཅི་རིགས་པར་ཕྲད་པ་རྣམ་པ་ལྔས་གང་དབང་པོ་དང་ཕྲད་པ་མ་ཡིན་པའི་ཆ་ཤས་དེ་ཡོད་པ་མ་ཡིན་པ་ཁོ་ནའོ། ། དེ་ལས་ཀྱང་དེའི་ཁྱད་པར་རྣམས་དོན་ལས་ཐ་མི་དད་པ་ཉིད་ཀྱི་ཕྱིར་དོན་ལྟ་བུར་དེ་རྣམས་ལ་ཡང་འཛིན་པ་སྐྱེད་པར་ནུས་པར་འགྱུར་རོ། །འོ་ན་གང་ཁོ་ན་འཛིན་པར་འདོད་པའི་ཆ་ཤས་དེ་ཁོ་ན་གཟུང་བར་བྱ་བ་མ་ཡིན་ནམ་ཞེ་ན་གསུངས་པ། འདི་ཅི་ཞིག་ཅེས་པ་ལ་སོགས་པ་སྟེ། གང་གི་ཚེ་ ཕ་རོལ་རྣམས་མཐོང་བ་པོས་བལྟས་ནས་དོན་མཐོང་བ་ལས་སྔར་ཁོ་ནར་འདི་ཅི་ཞེ་ན་ཁྱད་པར་མེད་པར་འཛིན་པར་འདོད་པར་གྱུར་པ་ན། དེ་ལ་རྟོགས་ནས་མཐོང་བར་བྱེད་པ་དེའི་ཚེ་སྐྱོན་འདི་འབྱུང་ངོ་། །ཕྲད་པ་སྨྲ་བ་ལ་ཡང་སྐྱོན་འདི་བརྗོད་པར་བྱས་པས་འདི་ནི་དོན་གྱིས་ཤེས་པ་སྨྲ་བ་ལ་ཡང་བརྗོད་ པ་ཁོ་ནར་འགྱུར་རོ། །དེ་ལྟར་ནི་ཕྲད་པ་དོན་འཛིན་པའི་རྒྱུའོ་ཞེས་པ་ལ་སྐྱོན་འདི་བརྗོད་པར་བྱ་བ་ཡིན་ཞིང་། ཤེས་པ་ཚད་མར་སྨྲ་བས་ཀྱང་དེ་ཁོ་ན་ཤེས་པའི་རྒྱུར་འདོད་པར་བྱའོ་ཞེས་པས་སྐྱོན་མཚུངས་སོ། །དེ་ལྟར་ནི་སྐྱོན་འདི་ཁོ་ན་རྗེས་སུ་དཔག་པར་འཆད་པར་འགྱུར་རོ། །གལ་ཏེ་དབང་པོ་ དང་དོན་འབྲེལ་པར་གྱུར་པ་ན་བདག་ཉིད་ཐམས་ཅད་ཀྱིས་འཛིན་པར་ཐལ་བར་འགྱུར་བ་དེའི་ཚེ། ཁྱེད་ཀྱི་ཡང་དབང་པོ་གསུམ་པོ་རྣམས་ཀྱིས་འབྲེལ་བཞིན་པའི་ཡུལ་ལ་ཅིའི་ཕྱིར་བདག་ཉིད་ཐམས་ཅད་ཀྱིས་འཛིན་པར་གྱུར་པ་མ་ཡིན་ཞེ་ན། ཁོ་བོ་ཅག་གིས་ཕྲད་པ་དེའི་རྒྱུར་འདོད་པ་མ་ཡིན་ཏེ། དེ་རྫས་སུ་ཡོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གཞན་ཡང་ཁོ་བོ་ཅག་ནི་མིག་ལ་སོགས་པས་ཀྱང་དོན་རྣམ་པ་ཐམས་ཅད་གཟུང་བར་བྱ་བའོ་ཞེས་འདོད་དོ། །དེ་གཟུང་བ་ན་ཡང་དེ་ལྟར་འཁྲུལ་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཆ་ཤས་འགའ་ཞིག་ལ་ངེས་པར་འགྱུར་བ་མ་ཡིན་ནོ་ཞེས་པས་ཐ་དད་དུ་རུང་བ་ མ་ཡིན་པ་ཉིད་ཀྱི་ཕྱིར། དེ་ནི་མ་བཟུང་བ་དང་འདྲ་བ་འབའ་ཞིག་གོ་ཞེས་པ་འདི་ནི་བརྗོད་ཟིན་ཏོ། །གལ་ཏེ་ཡང་ཕ་རོལ་པོ་ཡང་འདི་སྐད་དུ་སྨྲ་བར་བྱེད་ན། དེས་འདི་སྐད་དུ་སྨྲ་བར་འོས་པ་མ་ཡིན་ཏེ། གང་དོན་རྣམས་དངོས་སུ་ལྟ་བ་འདི་ནི་བ་ལང་ཁོ་ནའོ། །འདི་ནི་རྟ་ ཁོ་ན་ཞེས་པ་ལྟ་བུ་དེ་མངོན་སུམ་མོ་ཞེས་སྨྲས་པའི་ཕྱིར་རོ། །དེ་ལྟར་ཡང་དག་པའི་དོན་དང་འབྲེལ་པའི་དབང་གིས་འདི་འདིའི་རང་བཞིན་ནོ་ཞེས་འབྱུང་བ་མངོན་སུམ་མོ་ཞེས་སྨྲས་པའི་ཕྱིར་རོ། །དེ་བཞིན་དུ་གང་འདི་ནི་དབང་པོ་རྣམས་ཀྱི་དོན་རྣམས་ལ་རབ་ཏུ་གྲུབ་པ་སྟེ། འདི་ནི་སྒྲའོ། །འདི་ནི་གཟུགས་ སོ། །འདི་ནི་རོའོ། །འདི་ནི་དྲིའོ། །འདི་ནི་རེག་པའོ་ཞེས་པའོ་ཞེས་ཀྱང་བརྗོད་པའི་ཕྱིར་རོ། །གང་གི་ཕྱིར་མངོན་སུམ་ངེས་པའི་བདག་ཉིད་དུ་ཕ་རོལ་པོས་འདོད་པས་སོ། །འདི་ཁོ་ན་ཡང་ངེས་པ་རྣམས་ཀྱི་རང་གི་དོན་རྟོགས་པ་སྟེ། གང་དེ་ངེས་པར་འབྱེད་པའོ། །དེ་གལ་ཏེ་རྣམ་པ་གཞན་བཞིན་དུ་མ་ ངེས་པ་ཡིན་ན། དེ་རྣམས་ཀྱིས་བཟུང་ཟིན་པ་ཅི་ལྟར་ཡིན། ད་ནི་ཁྱེད་ལའང་མངོན་སུམ་གྱིས་མ་ངེས་ཤིང་དེ་ལ་ཡང་གཟུང་བ་ཞེས་བྱ་བ་ཅི་ལྟར་ཡིན་ཞེ་ན། མངོན་སུམ་ནི་གང་གིའང་ངེས་པར་བྱེད་པའི་བདག་ཉིད་མ་ཡིན་ཏེ། དེས་གང་ཞིག་འཛིན་པ་དེ་ཡང་ངེས་པས་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེར་སྣང་ བས་སོ། །དེ་བས་ན་ངེས་པ་དང་མ་ངེས་པའི་དབང་ལས་མངོན་སུམ་གྱི་འཛིན་པ་དང་མི་འཛིན་པ་དག་མ་ཡིན་ནོ། །ངེས་པའི་ནི་འདི་ལྟ་བུ་མ་ཡིན་ཏེ། ཅུང་ཟད་ངེས་ཀྱང་གཞན་མ་ངེས་པས་འཛིན་པ་དང་མི་འཛིན་པ་ཡིན་ནོ། །དེའི་ཕྱིར་ངེས་པ་གང་ཡིན་པ་དེ་ཁོ་ན་འདིའི་འཛིན་པའོ། །གཞན་དུ་ན་རྣམ་པ་ གཅིག་ལ་ཡང་དེར་མི་འགྱུར་རོ། །ཡང་བདག་ཉིད་ཐམས་ཅད་ཀྱིས་བཟུང་ན་ཡང་དེ་ལྟར་ངེས་པར་མི་འགྱུར་བ་ཅི་ཞེ་ན། ལྷན་ཅིག་བྱེད་པ་མ་ཚང་བ་ཉིད་ཀྱི་ཕྱིར་རོ། །ཉམས་སུ་མྱོང་བ་ནི་རྣམ་པར་རྟོག་པ་གོམས་པ་ཇི་ལྟ་བར་ངེས་པ་རྣམས་སྐྱེད་པར་བྱེད་དེ། དཔེར་ན་གཟུགས་མཐོང་བ་ལ་ཁྱད་པར་མེད་ ཀྱང་། རོ་དང་འདོད་ལྡན་མ་དང་བཟའ་བར་བྱ་བའི་རྣམ་པར་རྟོག་པ་རྣམས་ལྟ་བུའོ། །དེ་ལ་བློ་གསལ་བ་ཉིད་དང་དེའི་བག་ཆགས་གོམས་པ་དང་སྐབས་ཞེས་བྱ་བ་ལ་སོགས་པ་རྣམས་ཉམས་སུ་མྱོང་བ་ལ་ངེས་པ་སྐྱེ་བའི་རྒྱུ་རྣམས་སོ། །དེ་རྣམས་ཁོ་ན་ཤིན་ཏུ་དང་ཆེས་ཤིན་ཏུ་ལ་སོགས་པའི་བྱེ་བྲག་ལས་ སྔ་ཕྱི་ཉིད་དུ་སྟེ། དཔེར་ན་སྐྱེད་པར་བྱེད་པ་དང་ཀློག་ཏུ་འཇུག་པར་བྱེད་པ་པོ་ཉིད་དུ་ཁྱད་པར་མེད་ཀྱང་ཕ་འོང་བ་མཐོང་ནས། བདག་གི་ཕ་འོང་ངོ་ཞེས་སྔོན་ལ་ངེས་པར་འགྱུར་གྱི། མཁན་པོ་འོང་ངོ་ཞེས་མ་ཡིན་པ་བཞིན་ནོ། །འགྱུར་བའི་ངེས་པ་དེ་ཡང་འཁྲུལ་པའི་རྒྱུ་མེད་ན་འགྱུར་རོ། །དེའི་ཕྱིར་ཉམས་ སུ་མྱོང་ངོ་ཞེས་པ་ཁོ་ནས་ནི་རྣམ་པ་ཐམས་ཅད་ངེས་པ་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཕ་རོལ་པོས་མངོན་སུམ་རྟོག་པ་དང་བཅས་པར་འདོད་ན། ཅི་ལྟར་ཡུལ་ལ་ལྟ་བ་ཙམ་གྱི་དོན་ཅན་ནི་བཞི་པོ་ཕྲད་པ་ལས་སྐྱེས་པའོ་ཞེས་པ་དེ་བརྗོད་ཅེ་ན། དབང་པོའི་ཤེས་པ་རྟོག་པ་མེད་པ་ཉིད་དུ་ཚད་མས་གྲུབ་བོ་ཞེས་ དངོས་པོའི་སྟོབས་ལས་སློབ་དཔོན་གྱིས་དེ་སྐད་དུ་གསུངས་ལ། ཁོ་བོ་ཅག་གིས་ནི་ཕ་རོལ་པོས་ཁས་བླངས་པའི་དབང་ལས་འདི་སྐད་དུ་བཤད་དོ་ཞེས་པས་མི་འགལ་ལོ། །གལ་ཏེ་ཕ་རོལ་པོས་མངོན་སུམ་ངེས་པའི་བདག་ཉིད་དོ་ཞེས་ཁས་བླངས་ན། མངོན་སུམ་དང་གཏན་ལ་ཕེབས་པར་ མཚུངས་པར་སྐྱེ་བའོ་ཞེས་པ་འདི་ཅི་ལྟར་རིགས་ཏེ། དེ་ཁོ་ན་དང་དེ་མཚུངས་པར་སྐྱེའོ་ཞེས་ཁས་བླངས་པར་རིགས་པ་ནི་མ་ཡིན་ནོ་ཞེ་ན། །འདི་ནི་དེའི་སྐྱོན་གཞན་དུ་འགྱུར་ཏེ། གང་འདི་ལྟར་འདོད་པ་ལའོ་ཞེས་པ་ཤིན་ཏུ་ཐལ་ཆེས་པས་ཆོག་གོ། །ཡུལ་ཐ་དད་པ་ཡང་ཞེས་པ། ཚད་མའི་ཡུལ་ བདག་དང་ཡིད་ཡིན་པ་ཉིད་ཀྱི་ཕྱིར་དང་། འབྲས་བུའི་ཡུལ་དོན་ཡིན་པ་ཉིད་ཀྱི་ཕྱིར་རོ། །འོ་ན་ཤེས་པ་ཡང་བདག་ལ་འདུ་བའི་ཕྱིར་དེའི་ཡུལ་ཅན་ཁོ་ན་མ་ཡིན་ནམ་ཞེ་ན། འདི་ཡོད་པ་མ་ཡིན་ཏེ། གང་ཕྱིར་ཤེས་པའི་ཤེས་པར་བྱ་བ་ནི་ཡུལ་ཉིད་དུ་མངོན་པར་འདོད་ཀྱི་འདུ་བ་ཅན་གྱི་རྒྱུ་ནི་མ་ཡིན་པས་སོ། ། གཞན་དུ་ན་ཤེས་པ་ཐམས་ཅད་ཡུལ་གཅིག་པ་ཉིད་དུ་འགྱུར་རོ། །བདག་དང་ཡིད་ཕྲད་པ་ནི་དམིགས་པ་མ་ཡིན་ན། དེའི་འདུ་བ་ཅན་གྱི་རྒྱུ་ལ་གཞན་ཅི་ཞིག་ཡུལ་དུ་འགྱུར་ཞེས་པས་འདི་ནི་ལན་མ་ཡིན་ནོ། །ཡུལ་ཐ་དད་པ་ལ་སྐྱོན་ཅི་ཡོད་ཅེ་ན་གསུངས་པ། མེད་ཅེས་པ་ལ་སོགས་པའོ། །གཞན་ ཡང་ཞེས་པ་ལ་སོགས་པས་ཁས་བླངས་པས་གནོད་པ་གསུངས་ཏེ། བསྟན་བཅོས་སུ་བརྗོད་པ་ནི་སྤྱི་དང་ཁྱད་པར་ལ་ལྟོས་པ་ནི་རྫས་དང་ཡོན་ཏན་དང་ལས་རྣམས་ལ་མངོན་སུམ་སྟེ། རྫས་དང་ཡོན་ཏན་དང་ལས་ལ་ལྟོས་པ་ཡང་རྫས་རྣམས་ལའོ་ཞེས་པ་སྟེ། འདིར་སྤྱི་སྨོས་པས་སྤྱི་ཆེན་པོ་ཡོད་པ་ཉིད་ གཟུང་བར་བྱ་ཞིང་། ཁྱད་པར་སྨོས་པས་རྫས་ཉིད་ལ་སོགས་པ་སྤྱི་ལྷག་མ་རྣམས་ཏེ། སྤྱི་དང་ཁྱད་པར་ཞེས་པ་འདི་ཡང་ལྟོས་ནས་བྱས་པ་སྟེ། དེའི་ཕྱིར་སྤྱི་འདི་རྣམས་ནི་ཁྱད་པར་གྱི་སྒྲས་བརྗོད་པར་བྱ་བ་རྣམས་སོ། །ཡོད་པ་ཉིད་ནི་སྤྱི་ལོ་ན་སྟེ་ཁྱད་པར་མ་ཡིན་ལ། ལྷག་མ་རྣམས་ ནི་སྤྱི་རྣམས་དང་ཁྱད་པར་རྣམས་སུ་ཡང་ལྟོས་ནས་འགྱུར་རོ། །དེ་ལ་སྤྱི་ལ་ལ་ལྟོས་པ་ནི་རྫས་ལ་ཡོད་པ་ནི་རྫས་སོ་ཞེས་པའོ་ཁྱད་པར་ལ་ལྟོས་པ་ནི་རྫས་ནི་སའོ་བུམ་པའོ་ཞེས་པ་ལ་སོགས་པའོ། །རྫས་དང་ཡོན་ཏན་དང་ལས་ལ་ལྟོས་པ་ནི་དབྱུག་པ་ཅན། དཀར་པོ། འགྲོའོ་ཞེས་པའོ། །ཅིའི་ཕྱིར་སྦྱར་ བར་མི་བྱ་ཞེ་ན་གསུངས་པ། གང་གི་ཕྱིར་ཞེས་པ་ལ་སོགས་པ་སྟེ། རང་གི་དོན་ཙམ་འཛིན་པ་ཉིད་ཀྱི་ཕྱིར་ཞེས་པ་འདི། ཡུལ་ལ་ལྟ་དོན་ཅན་ཉིད་ཕྱིར། །ཞེས་པ་འདི་ནི་རྣམ་པར་འགྲེལ་ལོ། །མཚམས་སྦྱོར་བ་ནི་སྦྱོར་བར་བྱེད་པའོ། །དེའི་རང་གི་ངོ་བོ་སྟོན་པར་བྱེད་པ། །འདི་ནི་འདིའི་ཞེས་པ་ ལ་སོགས་པ་སྟེ། ངེས་པར་ཞེས་པ་ནི་རྣམ་པ་གཞན་དུ་ན། གང་ཡང་ཁྱད་པར་དུ་བྱེད་པ་དང་ཁྱད་པར་དུ་བྱ་བ་ཡང་འཛིན་པ་མ་ཡིན་ཞིང་དེ་དག་སྦྱོར་བར་ཡང་མི་བྱེད་པ་དེ་ཡང་དེ་ལྟར་འཛིན་པར་འགྱུར་རོ་ཞེས་དགོངས་པའོ། །ལྡན་པ་ཕྱིས་པ་ལས་སམ་ཐ་མི་དད་པར་ཉེ་བར་བཏགས་པ་ལས་ཞེས་ཇི་ ལྟར་སྲིད་པར་བལྟ་བར་བྱའོ། །དེ་ལྟར་ནི་ཡོན་ཏན་གྱི་ཚིག་རྣམས་ལས་ལྡན་པ་དབྱེ་བ་དང་། ཐ་དད་པ་མེད་པར་ཉེ་བར་བཏགས་པ་ཡང་ཐམས་ཅད་དུ་མ་ཡིན་པས་སོ། །གང་གི་ཕྱིར་བྱ་བ་དང་རྫས་ཀྱི་ངོ་བོས་རྟེན་རྟོགས་པ་ཡོད་པ་མ་ཡིན་ཏེ། ལྡན་པའི་རྐྱེན་གྱི་དོན་ནི་གང་དུ་རྟོགས་པར་བྱ་བ་དེ་ཁོ་ན་ལྡན་ པ་ཕྱིས་པས་ཀྱང་མཚོན་པར་བྱའོ། །གལ་ཏེ་དབང་པོའི་བློ་ལ་དེ་མི་འཐད་ན་འོ་ན་དེ་ཅི་ཞིག་ལ་ཡིན་ཞེ་ན་གསུངས་པ། དེ་ཡང་ཞེས་པ་ལ་སོགས་པ་སྟེ། སྔར་ཁྱད་པར་དང་ཁྱད་པར་དུ་བྱ་བའང་གཟུང་ནས་འཇིག་རྟེན་གྱི་རྣམ་པར་གཞག་པ་ཡང་རྗེས་སུ་དྲན་པར་བྱས་ཏེ། རྗེས་སུ་སྦྱར་བར་བྱ་བར་ནུས་ཀྱི་ རྣམ་པ་གཞན་དུ་ན་མ་ཡིན་ནོ། །དེའི་ཚེ་ཡང་དབང་པོའི་ཤེས་པ་ཡུན་རིང་པོ་ན་འགགས་པའོ་ཞེས་པ་དྲན་པ་ཉིད་ཀྱིས་དྲངས་ནས་ཁྱད་པར་བྱེད་པ་ཡིད་ཁོ་ནས་སྦྱར་བར་བྱ་སྟེ། དེའི་ཕྱིར་དེ་ཁོ་ན་ལ་དེ་འཐད་དོ། །རྣམ་པ་གཞན་དུ་ནི་ཞེས་པ་གལ་ཏེ་ཁྱད་པར་ནི་དྲན་པས་དྲངས་པ་ཉིད་དུ་འདོད་པ་མ་ཡིན་ནའོ། ། དེ་འདིས་གང་ཁྱད་པར་ལ་ལྟོས་པའི་ཤེས་པ་དེ་མངོན་སུམ་མ་ཡིན་པའམ། དེ་ཡིད་ལ་བྱུང་བ་ཁོ་ན་སྟེ། དཔེར་ན་དྲི་ཞིམ་པོ་ནི་མངར་པོའོ་ཞེས་པའི་ཤེས་པ་བཞིན། བ་ལང་འགྲོའོ་ཞེས་པའང་། ཇི་སྐད་བཤད་པའི་རྣམ་པའོ། །ཁྱབ་པར་བྱེད་པ་དང་འགལ་བ་དང་བསྒྲུབ་པར་བྱ་བ་གཉིས་པ་ལ་ ལྟོས་པས་ནི་རང་བཞིན་གསུངས་ཤིང་། རིགས་པ་ཡང་མ་ཡིན་ཏེ་ཞེས་པ་དཔེ་ལ་བསྒྲུབ་པར་བྱ་བ་མ་ཚང་བའི་དོགས་པ་སེལ་བར་བྱེད་དོ། །དབང་པོ་ཐ་དད་ཀྱིས་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་རོ་ཞེས་པ་དྲི་དང་རོ་དག་སྣ་དང་ལྕེས་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་རོ། །རྫས་ཀྱང་མིག་དང་ལུས་ཀྱིས་གཟུང་ བར་བྱ་བ་ཉིད་ཀྱི་ཕྱིར་རོ། །དེས་འདི་སྐད་བཤད་པར་འགྱུར་ཏེ། གང་དབང་པོ་ཐ་དད་ཀྱིས་གཟུང་བར་བྱ་བའི་ཁྱད་པར་དང་ཁྱད་པར་ཅན་གྱི་ཡུལ་ཅན་གྱི་ཤེས་པ་དེ་མངོན་སུམ་མ་ཡིན་པའམ་དེ་ཡིད་ཁོ་ན་ཡིན་ཏེ། དཔེར་ན་གཟུགས་སྐྱུར་བའོ་ཞེས་པའི་ཤེས་པ་བཞིན། དྲི་བཟང་པོ་ནི་ཞིམ་པོ་ཞེས་ པའི་ཤེས་པ་འདི་ཡང་དེ་ལྟ་བུའོ་ཞེས་པ། སྔ་མ་དང་འདྲ་བར་གཏན་ཚིགས་ཀྱི་དབྱེ་བ་སྦྱར་བར་བྱའོ། །ད་ནི་རྫས་ཉིད་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། གཟུགས་ལ་སོགས་པ་ཚོགས་པ་ལ་དེ་ཉེ་བར་བཏགས་པའི་ཕྱིར་རོ། །དེས་ན་ཅིའི་ཕྱིར་དེ་ལ་མངོན་སུམ་དུ་འགྱུར་ཞེས་རྫས་རྣམ་པར་ བརྟག་པ་རྩོམ་པ། གལ་ཏེ་ཡང་ཞེས་པ་ལ་སོགས་པ་སྟེ་འདིའི་དོན་ནི་འདི་ཡིན་ཏེ། གང་དབང་པོ་གཅིག་མིན་གྱིས་གཟུང་བར་བྱ་བ་དེ་ནི་གཅིག་མ་ཡིན་ཏེ། གཟུགས་ལ་སོགས་པ་བཞིན། རྫས་ཀྱང་དེ་ལྟ་བུའོ་ཞེས་ཁྱབ་བྱེད་དང་འགལ་བའི་ཐལ་འགྱུར་རོ། །རྫས་དབང་པོ་གཅིག་མིན་གྱིས་ གཟུང་བར་བྱ་བ་ཉིད་ནི། བལྟ་བར་བྱ་བ་དང་རེག་པར་བྱ་བ་ཡང་རྫས་སོ་ཞེས་ཁས་བླངས་པའི་ཕྱིར་རོ། །གཟུགས་སོགས་དབྱེར་མེད་པའམ་ཞེས་པས་འདི་སྐད་སྟོན་ཏེ། གཟུགས་ལ་སོགས་པ་ལ་ཡང་ཐ་དད་པར་རྣམ་པར་འཇོག་པའི་རྒྱུ་ནི་དབང་པོ་གཅིག་མིན་གྱིས་གཟུང་བར་བྱ་བ་ཉིད་དེ། གལ་ཏེ་ ཡང་དེ་ལྟར་གྱུར་ནའང་། རྫས་ལ་ཐ་དད་པ་འདོད་པ་མ་ཡིན་ན་གཟུགས་ལ་སོགས་པ་རྣམས་ལ་ཡང་དེར་མི་འགྱུར་རོ་ཞེས་པའོ། །འཛིན་བྱེད་ཐ་དད་པ་ལ་གཟུགས་ལ་སོགས་པ་རྣམས་ཀྱི་གཅིག་མ་ཡིན་པ་ཉིད་དུ་རྣམ་པར་གཞག་གོ་ཞེ་ན། འགྱུར་མོད། དེ་ལས་ཀྱང་ཁོ་བོ་ཅག་གིས་དབང་པོ་ཐ་དད་པས་ གཟུང་བྱ་ཉིད་ཁོ་ནའི་ཕྱིར་ཐ་དད་པའོ་ཞེས་ངེས་པར་གཟུང་བ་མ་ཡིན་ནོ། །གཞན་ཡང་དབང་པོ་ཐ་དད་པ་ཉིད་ཀྱིས་གཟུང་བར་བྱ་བ་ཉིད་ཀྱིས་འཛིན་བྱེད་ཐ་དད་པ་ཡང་འཕངས་པ་ཁོ་ན་སྟེ། དབང་པོ་ཐ་དད་པས་གཟུང་བར་བྱ་བ་ཉིད་ན། གདོན་མི་ཟ་བར་འཛིན་བྱེད་ཐ་དད་པར་འགྱུར་བར་འོས་ སོ། །འོ་ན་རྫས་ཡོད་ནའང་དབང་པོ་ཐ་དད་པས་གཟུང་བར་བྱ་བ་ཉིད་ལ་འཛིན་བྱེད་ཐ་དད་པར་མི་འགྱུར་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། རྫས་དེ་ཁོ་ན་རྣམ་པར་དཔྱད་པར་བྱ་བཞིན་པ་ཉིད་ཀྱི་ཕྱིར་དང་། གཟུགས་ལ་སོགས་པ་རྣམས་ལ་ཡང་བརྒལ་ཞིང་བརྟག་པ་མཚུངས་པའི་ཕྱིར་ཡང་ངོ་། །མཐོང་ཞེ་ན་ཞེས་ པ་ལ་སོགས་པས་རྫས་ཀྱི་གཅིག་ཉིད་ནི་མངོན་སུམ་གྱིས་གྲུབ་ལ། གཟུགས་ལ་སོགས་པ་ཡང་གཅིག་མ་ཡིན་པ་ཉིད་དུའོ། །དེས་ན་ཅི་ལྟར་དེ་རྗེས་སུ་དཔག་པས་རྣམ་པ་གཞན་དུ་བྱ་བར་ནུས་ཞེས་སྟོན་པར་བྱེད་དོ། །ཡོད་པ་དང་ཡོན་ཏན་ཉིད་དག་ལྟ་བུ་ཞེས་པ་འདིས་ཀྱང་ཡོད་པ་དང་ཡོན་ཏན་ཉིད་དག་གིས་མ་ ངེས་པར་སྨྲས་སོ། །ཡོད་པ་ཉིད་དང་ཡོན་ཏན་ཉིད་དག་གི་རྟེན་གཟུགས་ལ་སོགས་པ་རྣམས་ནི་དབང་པོ་ཐམས་ཅད་པ་ཅན་རྣམས་ཏེ། དེའི་ཕྱིར་དེ་དག་ཀྱང་དབང་པོ་ཐམས་ཅད་པ་ཉིད་དོ། །ཇི་སྐད་བཤད་པ་འདིས་ནི་ཡོན་ཏན་ཉིད་ལ་དང་ཡོད་པ་ཉིད་ལ་དབང་པོ་ཐམས་ཅད་པའི་ཤེས་པར་བཤད་དོ་ཞེས་ པའོ། །ཐ་མི་དད་པའི་ཤེས་པ་ནི་སླར་ཡང་གང་ཁོ་ན་བདག་གིས་མཐོང་བ་དེ་ཁོ་ན་རེག་གོ་ཞེས་པ་སྟེ། དེ་དབང་པོས་མིན་ཞེས་པ་ལན་ནོ། །དབང་པོ་དུ་མ་དོན་མེད་ཕྱིར། །ཞེས་པ་དབང་པོ་དུ་མ་བརྟག་པ་ལ་རྒྱུ་མཚན་མེད་པ་ཉིད་ཀྱི་ཕྱིར་ཞེས་པའི་དོན་ཏོ། །དབང་པོ་གཅིག་གིས་དོན་དུ་མ་མཐའ་དག་ རྟོགས་པར་ནུས་པ་མ་ཡིན་ནོ་ཞེས་པས་དབང་པོ་གཞན་ཡོངས་སུ་རྟོགས་པ་ཡིན་ན་གལ་ཏེ་ཡང་དེ་དབང་པོ་གཞན་གྱི་དོན་ལ་ཡང་རབ་ཏུ་འཇུག་ན་དབང་པོ་དུ་མ་བརྟག་པ་རྒྱུ་མཚན་མེད་པར་འགྱུར་རོ། །འདི་སྐད་བཤད་པར་འགྱུར་ཏེ། འབྲས་བུ་ཐ་དད་པས་དབང་པོ་ཐ་དད་པ་རྟོགས་པར་བྱ་ལ། གལ་ཏེ་ དབང་པོའི་བྱ་བ་ཡང་གཅིག་ཁོ་ནས་བྱ་བ་ཡིན་ན། དབང་པོ་གཞན་ལ་ཚད་མ་ཡོད་པ་མ་ཡིན་ནོ་ཞེས་པ་དེ་བརྟག་པར་བྱ་བ་མ་ཡིན་པར་འགྱུར་རོ་ཞེས་པའོ། །དོན་མེད་པ་ཞེས་པ་ནི་རྒྱུ་མཚན་མེད་པ་ཞེས་པའི་དོན་ཏོ། །ཅི་སྟེ་ཡང་འགྱུར་རོ་ཞེས་པ་འདི་ལྟར་བསམས་པ་སྟེ། དབང་པོ་དུ་མས་དོན་གཅིག་ ཡོངས་སུ་གཅད་པར་ནུས་ལ། གཅིག་གིས་དོན་དུ་མ་ནི་མ་ཡིན་ཞིང་། གཟུགས་ལ་སོགས་པ་ཡང་དུ་མ་རྣམས་ཏེ། དེའི་ཕྱིར་དབང་པོ་མང་པོ་ཉིད་བརྟགས་པ་དོན་དང་བྲལ་བ་ཉིད་མེད་དོ་ཞེ་ན། རང་ཡུལ་ཐ་དད་ནའང་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་དབང་པོ་གཅིག་དབང་པོ་གཞན་གྱི་དོན་ལ་ཡང་ རབ་ཏུ་འཇུག་ན་དེའི་ཕྱིར་དེ་ཐམས་ཅད་ཁོ་ན་དེའི་རང་གི་དོན་དུ་འགྱུར་ཞིང་། རང་གི་དོན་ལ་ཡང་ཐ་དད་ན་ཡང་སྔོན་པོ་ལ་སོགས་པ་བཞིན་ཏེ། དེ་ནུས་པར་འགྱུར་བ་ཁོ་ནའོ་ཞེས་པས་ལན་མ་ཡིན་ནོ། །གྲངས་ལ་སོགས་པ་ཐ་དད་པས་ཀྱང་ཞེས་པ་གྲངས་དང་ཚད་རྣམས་དང་ཐ་དད་པ་ཉིད་དང་ལྡན་པ་དང་རྣམ་ པར་དབྱེ་བ་དག་དང་གཞན་ཉིད་དང་གཞན་མ་ཡིན་པ་ཉིད་དག་དང་ལས་ཏེ། གཟུགས་ཅན་དང་འཕྲོད་པ་འདུ་བའི་ཕྱིར་མིག་གིས་གཟུང་བར་བྱ་བ་རྣམས་སོ་ཞེས་པའི་གྲུབ་མཐའ་ལས་སོ། །དབང་པོ་གཞན་གྱི་དོན་ནི་མ་ཡིན་ནོ་ཞེས་པ་སྟེ། འདིས་ནི་གང་མིག་གི་དབང་པོའི་དོན་ཡིན་པ་དེ་ལ་དཔག་ པའི་དབང་པོ་ནུས་པ་མ་ཡིན་ཏེ། གཟུགས་ལ་སོགས་པ་བཞིན་རྫས་ཀྱང་དེ་ལྟ་བུའོ་ཞེས་ཁྱབ་བྱེད་དང་འགལ་བའི་ཐལ་འགྱུར་གསལ་བར་བྱེད་དོ། །དབང་པོ་གཞན་གྱི་ཡུལ་ཉིད་ཀྱིས་ཀྱང་ཞེས་པ་ལ་སོགས་པ་གཟུགས་དང་རེག་བྱ་དག་ནི་ཐ་དད་པར་གྱུར་ན་ཡང་། ཇི་ཙམ་དུ་དབང་པོ་ཐ་དད་པས་ རྟོགས་པ་མ་ཡིན་པ་དེ་ཙམ་དུ་ནི་ཤེས་པར་ནུས་པ་མ་ཡིན་ནོ། །གལ་ཏེ་ཡང་དབང་པོ་གཅིག་གིས་འཛིན་པར་གྱུར་ན། དེའི་ཚེ་ཇི་ལྟར་སྔོན་པོ་ལ་སོགས་པ་རྣམས་མིག་གི་སྤྱོད་ཡུལ་ཉིད་ཀྱིས་ཐ་མི་དད་པར་དེ་ལྟར་གཟུགས་དང་རེག་བྱ་དག་ཀྱང་འགྱུར་རོ། །དེ་ལས་ཀྱང་རེག་བྱ་ཡང་མིག་གིས་འཛིན་པར་ འགྱུར་རོ། །གང་ལས་མིག་གིས་མི་འཛིན་པ་ཞེས་པ། དབྱེ་བས་བྱས་པའི་དབང་པོ་གཞན་གྱིས་མི་འཛིན་པ་སྟོན་ཏོ། །དེའི་ཕྱིར་འདིས་ནི་གང་ལ་རེག་བྱེད་ཀྱི་དབང་པོས་ནུས་པ་དེ་ནི་མིག་གི་དབང་པོའི་དོན་མ་ཡིན་ཏེ། རེག་བྱ་བཞིན། རྫས་ཀྱང་རེག་བྱེད་ཀྱི་དབང་པོས་ནུས་པའོ་ཞེས་པ་ཁྱབ་བྱེད་ དང་འགལ་བའི་ཐལ་འགྱུར་གསུངས་སོ། །འདི་ཁོ་ནའི་བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་མི་འདོད་པར་ཐལ་བར་གྱུར་པ་གསུངས་པ། དེ་གལ་ཏེ་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་ཡང་མིག་གི་རིག་བྱེད་ཀྱིས་གཟུང་བྱ་ཡིན་ཡང་རྫས་འཛིན་ཏོ་ཞེས་འདོད་ན་དེའི་ཚེ་དབང་པོ་གཞན་གྱི་དོན་ཡང་མིག་ གི་རང་གི་དོན་ཏོ་ཞེས་མངོན་པར་ཁས་བླངས་པར་འགྱུར་ཏེ་རྫས་བཞིན་ནོ། །དེ་ལས་ཀྱང་རང་གི་དོན་ཉིད་ཀྱི་ཕྱིར་དེ་རེག་བྱ་དང་རོ་ལ་སོགས་པའི་དབྱེ་བས་ཐ་དད་ཀྱང་སྔོན་པོ་ལ་སོགས་པ་བཞིན་དུ་མིག་གིས་གཟུང་བར་བྱའོ་ཞེས་པ་འདིའི་ཕྱིར་ན། ཐ་དད་པ་ཉིད་ནི་དབང་པོ་དུ་མས་གཟུང་ བར་བྱ་བ་ཉིད་ལ་རྒྱུ་མ་ཡིན་ཏེ། དབང་པོ་དུ་མ་བརྟག་པའི་རྒྱུ་མ་ཡིན་ནོ་ཞེས་པའི་དོན་ཏོ། །གང་གི་ཕྱིར་རང་གི་དོན་ཐ་དད་པ་ཡང་དབང་པོ་གཅིག་ཁོ་ནས་ཡོངས་སུ་གཅད་པར་བྱ་བ་ཡིན་པ་དེའི་ཕྱིར་ཡང་གཟུགས་ལ་སོགས་པ་རྣམས་ཐ་དད་པ་ཉིད་ཀྱི་ཕྱིར་དབང་པོ་གཅིག་མིན་གྱིས་གཟུང་བར་བྱ་བའོ་ཞེས་གང་ བརྗོད་པ་དེ་མི་རིགས་སོ། །འོ་ན་ཅི་ཞེ་ན་དབང་པོ་གཞན་གྱི་དོན་མི་འཛིན་པའོ་ཞེས་པ། དབང་པོ་གཅིག་མིན་ཉིད་ལ་རྒྱུའོ་ཞེས་སྦྲེལ་ལོ། །གང་ཕྱིར་གལ་ཏེ་དབང་པོ་གཞན་གྱི་དོན་དབང་པོ་གཞན་གྱིས་འཛིན་པར་མི་ནུས་ན། དེ་ལྟ་ན་དབང་པོ་དུ་མ་བརྟག་པར་ནུས་སོ་ཞེས་སྟོན་ཏོ། །དེའི་ཕྱིར་འདི་ ལྟར་དབང་པོ་དུ་མས་གཟུང་བར་བྱ་བའི་རྫས་ཡོད་པ་མ་ཡིན་ནོ་ཞེས་གནས་སོ། །སླར་ཡང་འདི་ཁོ་ན་གསལ་བར་བྱ་བའི་ཆེད་དུ་རྫས་དབང་པོ་དུ་མ་ཅན་དུ་ཁས་ལེན་ན་ཁས་བླངས་པས་གནོད་པ་འཐོབ་བོ་ཞེས་སྟོན་པ་གསུངས་པ། གལ་ཏེ་ཡང་ཞེས་པ་ལ་སོགས་པའོ། །གལ་ཏེ་དོན་ཐ་མི་དད་པ་དབང་ པོ་དུ་མས་འཛིན་པར་འགྱུར་ན་དེ་ལས་ཀྱང་དབང་པོ་རྣམས་རང་གི་ཡུལ་ངེས་པར་མི་འགྱུར་ཞིང་། དེའི་ཕྱིར་ཡང་གཟུགས་ལ་སོགས་པ་རྣམས། དབང་པོ་ཐམས་ཅད་ཀྱིས་གཟུང་བར་བྱ་བར་སོ་སོ་རེ་རེ་ཡང་འགྱུར་ཏེ། རྫས་བཞིན་ནོ། །དབང་པོ་ཐམས་ཅད་ཀྱིས་གཟུང་བྱ་སྨོས་པ་ཡང་། འདིར་དབང་པོ་ གཅིག་གིས་གཟུང་བྱ་ཉིད་ཀྱི་ངེས་པ་སེལ་བ་ལྷུར་བྱེད་པའོ། །གང་གསུངས་པ་དེ་ལྟ་ན་གཟུགས་ལ་སོགས་པ་རྣམས་དབང་པོ་དུ་མས་གཟུང་བར་བྱ་བ་རྣམས་སུ་འགྱུར་རོ་ཞེས་པ་སྟེ། ངེས་པས་དབང་པོ་གཅིག་གིས་གཟུང་བར་བྱ་བ་རྣམས་སུ་མི་འགྱུར་རོ་ཞེས་པའི་དོན་ཏོ། །རང་གི་བྱེ་བྲག་ལ་ངེས་ པར་བྱེད་པ་རྣམས་སོ་ཞེས་པ་རང་གི་ཁྱད་པར་ལ་ངེས་པར་བྱེད་པ་རྣམས་ཏེ། དབང་པོའི་བློ་རྣམས་ཀྱིས་ཞེས་སྦྲེལ་བར་བྱའོ། །རྫས་དང་གྲངས་ལ་སོགས་པ་དང་ལས་རྣམས་ལ་ཞེན་པ། སོགས་པ་སྨོས་པ་ལས་དངོས་པོ་དང་ཡོན་ཏན་ཉིད་དང་ཐ་དད་པ་ཉིད་ལ་སོགས་པ་རྣམས་གཟུང་བར་བྱའོ། ། མི་འགྱུར་རོ་ཞེས་པ་ལ་སོགས་པ་སྟེ། རྫས་ནི་རེག་བྱེད་དང་མིག་གིས་འཛིན་པར་མི་འགྱུར་ལ། ལྷག་མ་རྣམས་མིག་གིས་སོ་ཞེས་སྦྱར་བར་བྱའོ། །དེ་ལྟ་ན་འོ་ན་ཞེས་པ་རྣམ་པ་གཞན་དུ་ངེས་པར་བྱེད་པ་ཉིད་སྨྲས་སོ། །དེ་ལྟ་ན་ཡང་ཞེས་པ་སྟེ། ཕྱོགས་འདི་ལ་དེ་མ་ཐག་པར་བརྗོད་པའི་སྐྱོན་འཇུག་པ་མེད་ དོ་ཞེས་སྟོན་པར་བྱེད་དོ། །གང་ཞིག་གི་གང་ལ་ངེས་པར་བྱེད་པའི་རྒྱུ་མེད་པ་དེ་དེ་ལ་ངེས་པ་མ་ཡིན་ཏེ། དཔེར་ན་འདོད་པ་ཙམ་གྱིས་འཇུག་པའི་ལག་པ་ལ་སོགས་པའི་མིང་རྣམས་དོན་འགའ་ཞིག་ལ་བཞིན། དབང་པོ་རྣམས་ཀྱང་རྫས་ལ་སོགས་པ་རྣམས་ལ་ངེས་པར་བྱེད་པའི་རྒྱུ་ཡོད་པ་ མ་ཡིན་ནོ། །རྒྱུ་མེད་པའོ། །མདོ་དང་འགལ་ལོ་ཞེས་པས་ཁས་བླངས་དང་འགལ་བ་གསུངས་སོ། །རིགས་པས་ཀྱང་ཞེས་པ་ལ་སོགས་པས་ཏེ། གང་དངོས་པོ་མེད་པ་དེ་བྱ་བ་མ་ཡིན་ཏེ། ནམ་མཁའི་མེ་ཏོག་བཞིན། དབང་པོ་གཞན་གྱིས་མི་འཛིན་པ་ཡང་དངོས་པོ་མེད་པའོ། །ཁྱབ་ པར་བྱེད་པ་དང་འགལ་བའོ། །གཞན་རྣམས་ནི་མདོ་རྣམ་པ་གཞན་དུ་རྟོག་པར་བྱེད་དེ། དེ་སྨོས་པས་རང་གི་ཁྱད་པར་དང་བྲལ་བའི་ཁྱད་པར་གཞན་དུ་མངོན་པར་འདོད་པ་སྟེ། དེ་མེད་པའི་ཕྱིར་རེག་པ་ཉིད་ལ་སོགས་པ་མེད་པའི་ཕྱིར་རོ། །གཟུགས་ལ་མིག་གི་དབང་པོ་རབ་ཏུ་འཇུག་ལ། དེས་ཀྱང་ རེག་བྱ་ཉིད་ལ་སོགས་པ་མེད་པས་གཟུགས་ཉིད་ཡོད་པར་མཚོན་པར་བྱའོ། །དབང་པོ་གཞན་གྱིས་འཛིན་པ་མ་ཡིན་པ་ནི་མི་འཁྲུལ་བའོ་ཞེས་ཏེ། དེ་ཡང་རིགས་པས་ཀྱང་ཞེས་པ་ལ་སོགས་པ་ཁོ་ནས་བསལ་བར་བྱའོ། །རིགས་པས་རྗེས་སུ་སྒྲུབ་པ་ཅན་ཉིད་དུ་གྱུར་ན་ནི། དེ་ལྟར་བཤད་པ་མཛེས་ མོད། རིགས་པ་དང་འགལ་ན་ནི་དཀའ་བས་རྟོག་པ་ནི་རྟོག་པ་མ་ཡིན་པ་ཁོ་ནའོ། །གཞན་ཡང་རང་གི་བྱེ་བྲག་རྣམས་ཀྱི་སྐབས་ཉིད་ཀྱི་ཕྱིར། དེའི་སྒྲས་དེ་རྣམས་ཁོ་ན་འཛིན་པར་རིགས་ཀྱི་ཁྱད་པར་གཞན་རྣམས་ནི་མ་ཡིན་ཏེ། སྐབས་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་མེད་པས་ཀྱང་དངོས་པོ་ ཉེ་བར་ལེན་པ་མི་རིགས་སོ་ཞེས་པས་འདི་ནི་སྙིང་པོ་མེད་པའོ། །རྣམ་པར་བཤད་པ་སྔ་མ་ལ་ནི་སྐྱོན་འདི་ཡོད་པ་མ་ཡིན་ཏེ། གང་ལ་གང་གི་རྒྱུ་མེད་པ་དེ་ནི་དེར་འབྱུང་བ་མ་ཡིན་ནོ་ཞེས་པ་རིགས་ཏེ། འགྱུར་མོད་ཅེས་པ་ལ་སོགས་པ་གང་སྨྲས་པའོ། །གལ་ཏེ་དེ་ལྟ་ན་རྫས་མེད་ན། གང་བདག་ གིས་མཐོང་བ་དེ་ཁོ་ན་རེག་པའོ་སྙམ་པ་ཐ་དད་པ་མེད་པའི་ཤེས་པ་འདིའི་ཡུལ་ཅི་ཡིན། འདི་ནི་ཡུལ་མེད་པ་ཁོ་ནའོ་ཞེས་སྨྲ་བ་ནུས་པ་ཡང་མ་ཡིན་ཏེ། ཡུལ་ལ་སོགས་པ་ངེས་པས་སྐྱེ་བའི་ཕྱིར། མངོན་པར་འདོད་པའི་མངོན་སུམ་བཞིན། །ཞེས་བསམས་ནས་སྨྲས་པ། འོ་ན་ གང་ཞེས་པ་ལ་སོགས་པའོ། །གཞན་པའི་སྤྱོད་ཡུལ་ཅན་ཞེས་པ་ལ་སོགས་པ་སྟེ། རྫས་ལས་གཞན་པ་བརྟགས་པ་ཁོ་ན་འདིའི་ཡུལ་ལོ་ཞེས་སྟོན་ཏོ། །ཡུལ་ཐ་དད་པ་ཞེས་པ་ལ་སོགས་པ་སྟེ། གཟུགས་དང་རེག་བྱ་ཡང་ཕན་ཚུན་ལས་བཟློག་པའི་ཡུལ་ཉེ་བར་དམིགས་པ་དང་ལྡན་པ་ལས་ དེ་སྐྱེའོ། །དེས་ན་གལ་ཏེ་ཡང་བརྟགས་པ་ཡུལ་ཡིན་པ་དེ་ལྟ་ན་ཡང་གཟུགས་ལ་སོགས་པ་ཉེ་བར་དམིགས་པ་ཡོད་ན་དེ་ཡོད་པའི་ཕྱིར་ན། སྨིག་རྒྱུ་ལ་སོགས་པ་ལ་ཆུའི་ཤེས་པ་བཞིན་དུ་ཡུལ་ལ་སོགས་པ་ངེས་པ་ཁོ་ནས་དེ་སྐྱེའོ་ཞེས་གསལ་བར་བྱེད་དོ། །དེ་ཡང་ལྷན་ཅིག་སྤྱོད་པའི་ཚོགས་ པའི་ཡུལ་ཅན་ཞེས་པ་སྟེ། མིག་དང་ལུས་ཀྱིས་ཉེ་བར་དམིགས་པའི་ཡུལ་ཐ་དད་པ་དེ་འདིའི་ལྷན་ཅིག་སྤྱོད་པ་ཡིན་པ་ཞེས་པ་ནི། དེའི་ཡོན་ཏན་ཡང་དག་པར་ཤེས་པ་སྟེ་འབྲུ་མང་པོ་པའོ། །སླར་ཡང་དེ་དང་ལྷན་ཅིག་སྤྱོད་པའི་ཚོགས་པ་འདིའི་ཡུལ་ཡིན་པ་ཞེས་འབྲུ་མང་པོ་པ་ཁོ་ནའོ། །དེ་ལྟར་ གཟུགས་དང་རེག་བྱ་དག་ལྷན་ཅིག་སྤྱོད་པ་ཉེ་བར་མཚོན་པ་ཉིད་དུ་གྱུར་ན་ཡང་དྲི་ལ་སོགས་པ་ཚོགས་པ་ཙམ་ཡུལ་ཉིད་དུ་བརྗོད་པར་འགྱུར་བ་མ་ཡིན་ནོ། །དྲན་པ་ཉིད་ཐ་མི་དད་པའི་ཤེས་པ་ཞེས་པ། གཟུགས་ལ་སོགས་པ་གང་རྣམས་ལ་ཉམས་སུ་མྱོང་བ་སྔོན་དུ་འགྲོ་བའི་བུམ་པ་ཞེས་པའི་བརྡ་ ཡིན་པ་དེའི་ཚོགས་པ་ལ་སླར་ཡང་ཕྱི་མའི་དུས་སུ་གཟུགས་དང་རེག་པ་ཉེ་བར་དམིགས་པ་དང་ལྡན་པ་པོའི་དྲན་པ་སྟེ། དེ་ཁོ་ན་བུམ་པ་འདིའོ་ཞེས་ཐ་མི་དད་པའི་ཤེས་པ་སྐྱེའོ། །གང་ཚོགས་པ་ནི་དངོས་པོ་མ་ཡིན་པའི་ཕྱིར་ཤེས་པ་འགའ་ཞིག་གིས་ཀྱང་ཉམས་སུ་མྱོང་བ་མ་ཡིན་ཏེ། དེས་ན་ཅི་ ལྟར་དེ་ལ་དྲན་པ་ཡིན་ཞེས་སྨྲ་བ་དེའི་བརྩད་པར་བྱ་བ་མ་ཡིན་ཏེ། གང་གི་ཕྱིར་ཚོགས་པ་ནི་བརྟགས་པ་ཡིན་ལ་གང་ཡང་བརྟགས་པའི་དངོས་པོ་དེ་ནི་རྣམ་པར་ཤེས་པའི་གཟུང་བའི་ཆ་ཤས་ཉིད་ཀྱིས་བདག་ཉིད་དུ་གྱུར་པའོ་ཞེས་པ་རང་རིག་པ་ཁོ་ནས་ཉམས་སུ་མྱོང་བས་སོ། །རྣམ་པ་གཞན་དུ་ན་ཅི་ ལྟར་དེ་ཁོ་ན་ཁང་བཟངས་ཀྱི་ཕྲེང་བ་ཆེན་པོ་འདིའོ་ཞེས་དྲན་པར་འགྱུར། ཅིའི་ཕྱིར་འདི་ཚོགས་པའི་ཡུལ་ཅན་ཡིན་གྱི། ཡང་དངོས་པོར་ཡོད་པ་བུམ་པ་ལ་སོགས་པ་རྫས་ཀྱི་ཡུལ་ཅན་ནི་མ་ཡིན་ཞེ་ན། གསུངས་པ། གཟུགས་ལ་སོགས་པ་འཛིན་པ་མེད་ན་དེའི་བློ་མེད་པའི་ཕྱིར་རོ་ཞེས་པ། གང་ཞིག་གང་ འཛིན་པ་མེད་པར་གྱུར་ན། དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མ་དམིགས་པ་དེ་ནི་དེ་ལས་ཐ་དད་པ་ཡོད་པ་མ་ཡིན་ཏེ། ཤིང་ལ་སོགས་པ་རྣམས་ལས་གྲོང་དྲུག་གམ་ཁང་བཟངས་ཀྱི་ཕྲེང་བ་བཞིན། བུམ་པ་ལ་སོགས་པའི་རྫས་ཀྱང་གཟུགས་ལ་སོགས་པ་འཛིན་པ་མེད་ན་དམིགས་པའི་མཚན་ཉིད་ཀྱིར་ གྱུར་པ་མ་དམིགས་པའོ་ཞེས་པ་རང་བཞིན་མ་དམིགས་པ་གསུངས་སོ། །གང་དུ་སྣང་བ་ཀུན་དུ་འཛིན་པ་དེར་གཟུགས་བལྟར་རུང་བ་ཁོ་ནར་འགྱུར་བ་མ་ཡིན་ཏེ། སྣང་བ་མེད་པར་ཡང་སྲོག་ཆགས་འགའ་ཞིག་རྣམས་ཀྱིས་དེ་འཛིན་པའི་ཕྱིར་དེས་མ་ངེས་པ་མ་ཡིན་ནོ། །དེ་བཞིན་དུ་ཁྱད་པར་ཅན་རྣམས་ ཞེས་པ་ལ་སོགས་པ་སྟེ། ཡོད་པ་དང་ཡོན་ཏན་ཉིད་དག་གིས་སྔར་མ་ངེས་པར་བརྗོད་པ་དེ་ཡོངས་སུ་སྤང་བའི་ཆེད་དུ་ཉེ་བར་བཀོད་པ་སྟེ། ཁྱད་པར་ཅན་རྣམས་ནི་གཟུགས་ལ་སོགས་པ་རྣམས་སོ། །དེ་རྣམས་ཐ་དད་པ་རྣམས་ཡོད་པ་དང་ཡོན་ཏན་ཞེས་པའི་ཁྱད་པར་འདི་དང་མ་འབྲེལ་པ་ཁོ་ན་རྣམས། སྔར་ཉེ་བར་དམིགས་པ་དང་ལྡན་པའི་དེ་ལས་དོན་གཞན་རྣམ་པར་གཅོད་པའི་ཡུལ་ཅན་ཡོད་པ་མ་ཡིན་པ་དང་ཡོན་ཏན་མ་ཡིན་པ་ལས་ལྡོག་པའི་མཚན་ཉིད་ཅན་ཏེ། གང་སྤྱི་ཡིན་པ་དེ་ཡུལ་ལོ་ཞེས་པ་ཇི་སྲིད་པའོ། །ཐ་མི་དད་པས་ཐམས་ཅད་དུ་ཞེས་པ། ཡིད་ལས་བྱུང་བའི་ཤེས་པ་སྤྱིའི་རྣམ་པའི་རྗེས་སུ་ འབྲེལ་པ་དེ་ནི་དེ་རྣམས་ཐ་དད་པ་ཡོད་ཀྱང་བསྒྲིབས་ནས། རང་གི་རྣམ་པ་ཐ་མི་དད་པ་ཡང་འདི་རྣམས་ལ་ཞེན་ཏེ། གཅིག་ཉིད་ལྟ་བུར་ཀུན་ནས་ལེན་ཅིང་དེ་རྣམས་ཐ་མི་དད་པས་དེ་ཐམས་ཅད་ལ་ཉེ་བར་སྐྱེའི་གཅིག་ཁོ་ན་ལ་ནི་མ་ཡིན་ནོ། །ཡོད་པ་དང་ཡོན་ཏན་ཉིད་དག་ནི་མངོན་སུམ་མ་ཡིན་ནོ་ཞེས་པ་འདི་ལས་ མ་ངེས་པ་མ་ཡིན་ནོ་ཞེས་པ་དགོངས་པའོ། །དེ་ཉེ་བར་མ་མཚོན་པའི་ཕྱིར་ཞེས་པ། སྔར་ཉམས་སུ་མྱོང་བའི་ཤེས་པ་ནི་དངོས་པོ་ཐ་དད་པའི་ཡུལ་ཅན་ཏེ། དེའི་ཕྱིར་དེ་སྔོན་དུ་འགྲོ་བ་ནི་ཡིད་ལས་བྱུང་བ་སྤྱིའི་ཤེས་པའོ་ཞེས་ཁྱད་པར་འདི་ཉེ་བར་མ་མཚོན་པའི་ཕྱིར་རོ། །སྤྱོད་ཡུལ་མཚུངས་ཉིད་འདོད་ ཅེ་ན། །ཞེས་པ་མ་ངེས་པ་ཉིད་གཞུང་གཟུགས་པའི་ཆེད་དུ་ཉེ་བར་བཀོད་པའོ། །སྤྱོད་ཡུལ་མཚུངས་པ་ཉིད་ལ་གཏན་ཚིགས་སྨྲས་པ། དེ་མི་འཛིན་ན་དེའི་བློ་མེད་པའི་ཕྱིར་རོ་ཞེས་པ་ཁྱད་པར་བྱེད་པ་མ་བཟུང་བས་ཁྱད་པར་ཅན་ལ་བློ་འཇུག་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ལས་ཀྱང་གཟུགས་ ལ་སོགས་པ་ཁྱད་པར་ཅན་རྣམས་དབང་པོ་ཐམས་ཅད་པ་ཉིད་ཀྱི་ཕྱིར་དེའི་ཁྱད་པར་ཡོད་པ་ཉིད་དང་ཡོན་ཏན་ཉིད་དག་དབང་པོ་ཐམས་ཅད་པ་ཉིད་དུ་གྲུབ་བོ། །གང་ཁྱད་པར་དང་ཁྱད་པར་ཅན་དུ་གྱུར་པ་དེ་རྣམས་དབང་པོ་མཚུངས་པའི་ཡུལ་ཡིན་ཏེ། དཔེར་ན་དབྱུག་པ་དང་དབྱུག་པ་ཅན་བཞིན་ནོ། །ཡོད་པ་ཉིད་ དང་དེ་དང་ལྡན་པ་རྣམས་དང་། ཡོན་ཏན་དང་དེ་དང་ལྡན་པ་རྣམས་ཀྱང་དེ་ལྟ་བུའོ། །རང་བཞིན་གྱི་གཟུགས་བརྙན་ནོ། །མི་འདོད་པ་ལ་ཐལ་བར་འགྱུར། །ཞེས་པ་ཐལ་འགྱུར་གྱི་ཟོལ་གྱིས་མ་ངེས་པ་ཉིད་དུ་གསུངས་སོ། །རྫས་དང་ལྡན་པ་རྣམས་ཞེས་པ་ལ་སོགས་པ་སྟེ། རྫས་འདི་རྣམས་ ཀྱི་རྟེན་དུ་ཡོད་པ་ཞེས་པ་རྫས་དང་ལྡན་པ་རྣམས་སོ། །འདིར་རྫས་དང་ལྡན་པས་ཡོན་ཏན་ནི་ཁྱད་པར་ཅན་ཏེ། རྫས་ནི་ཁྱད་པར་རོ། །དེ་ལས་ཀྱང་ཇི་ལྟར་ཡོན་ཏན་དབང་པོ་ལྔ་པ་ཡིན་པ་དེ་བཞིན་དུ་རྫས་ཀྱང་འགྱུར་རོ། །དེ་བཞིན་དུ་རྫས་གཅིག་པ་ཉིད་ཀྱི་ཕྱིར་ཞེས་པ་ལ་སོགས་པ་སྟེ། རྫས་ནི་རྫས་ མེད་པ་དང་། རྫས་དུ་མར་འདོད་པར་བྱའི། རྫས་གཅིག་པ་ནི་རྫས་མ་ཡིན་ནོ། །དེ་ལ་རྫས་མེད་པའི་རྫས་ནི། གང་ལ་རྫས་གཞན་གྱི་རྟེན་མེད་པ་སྟེ། དཔེར་ན་རྡུལ་ཕྲ་རབ་དང་ནམ་མཁའ་ལ་སོགས་པ་བཞིན་ནོ། །རྫས་དུ་མའི་རྫས་ནི་གང་ལ་རྫས་དུ་མའི་རྟེན་ཅན་ཏེ། དཔེར་ན་བུམ་པ་ལྟ་བུའོ། ། དེ་ནི་དུ་མ་ལ་འཕྲོད་པ་འདུས་པའོ། །འདིར་ཡང་རྫས་གཅིག་ནི་ཡོད་པ་དབང་པོ་ཐམས་ཅད་པའི་ཁྱད་པར་རོ་ཞེས་པས་རྫས་ཀྱང་དབང་པོ་ཐམས་ཅད་པར་འགྱུར་ལ། འདོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་མ་ངེས་པའོ། །རྫས་འཇུག་པའི་ཕྱིར་ཞེས་པ་ལ་སོགས་པ་སྟེ། རྫས་ལ་འཇུག་པའི་ཡོད་པ་ གང་ཡིན་པ་དེའི་རྫས་གཅིག་ནི་ཁྱད་པར་ཡིན་ལ། འདི་ནི་དབང་པོ་ཐམས་ཅད་པ་ཡང་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཡོན་ཏན་ལ་འཇུག་པའོ། །དེའི་ཕྱིར་འདི་ཐལ་བར་འགྱུར་བ་མ་ཡིན་ནོ། །ཅིའི་ཕྱིར་ཐ་མི་དད་པའི་ཡོད་པ་འདི་རྫས་ལ་སོགས་པའི་ཡོད་པ་ལ་དགག་པར་བྱ་བ་མ་ཡིན་གྱི། ཐ་དད་ པ་ནི་མ་ཡིན་ཞེ་ན་གསུངས་པ། དེ་སྐད་དུ་བཤད་པ་ནི་ཞེས་པ་ལ་སོགས་པ་སྟེ། ཡོད་པའི་རྫས་ཀྱི་རང་བཞིན་དགག་པ་བྱས་པ་ན། དེའི་ཕྱིར་ཡོན་ཏན་དང་ལས་སུ་འགྱུར་རོ་ཞེས་པའི་དོགས་པ་བསལ་བའི་ཆེད་དུ་འདི་བཤད་དེ། ལས་དང་ཡོན་ཏན་རྣམས་ལ་ཡང་ཡོད་པའི་ཕྱིར་ལས་མ་ཡིན་ཞིང་ཡོན་ ཏན་མ་ཡིན་ནོ་ཞེས་པ་འདིའི་ཕྱིར་སྐབས་སུ་བབ་པ་ཁོ་ནའི་ཡོད་པའི་ཆོས་ཡང་གི་སྒྲས་བསྡུ་བར་བྱ་སྟེ། གཞན་དུ་ན་བསྡུ་བའི་ཆེད་དུ་ཡང་རིགས་སོ། །རྫས་ལ་འཇུག་པ་ལས་ཀྱང་། ཡོན་ཏན་དང་ལས་རྣམས་ལ་མི་འཇུག་པ་ལས། ཡོན་ཏན་དང་ལས་རྣམས་ལ་ཡོད་མིན་གསལ་བར་མི་འགྱུར་རོ། །གལ་ ཏེ་ཡང་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་འདི་འགལ་བའི་ཆོས་ལ་གནས་པར་འདོད་ན། དེ་ལས་ཐ་དད་པར་འགྱུར་རོ། །དེ་ལས་ཀྱང་དེ་མ་ཐག་པར་བརྗོད་པའི་སྐྱོན་འདི་འགྱུར་རོ། །མདོ་འདི་ཡང་འགལ་བ་སྟེ། ཡོད་པའི་རྟགས་ཁྱད་པར་མེད་པའི་ཕྱིར་དང་། ཁྱད་པར་གྱི་གཏན་ཚིགས་མེད་པའི་ ཡང་ཕྱིར་ཡོད་པ་གཅིག་པའོ་ཞེས་པ་བསམ་པའོ། །གང་གི་ཚེ་ཡང་ཞེས་པ་ལ་སོགས་པ་སྟེ། གང་གི་ཚེ་འདི་མིག་གིས་མཐོང་ནས་མེ་འདི་དྲོ་བའོ་ཞེས་འཛིན་པ་དེའི་ཕྱིར་དེའི་ཚེ་རེག་བྱ་ཡང་མེའི་ཁྱད་པར་ཉིད་ཀྱི་ཕྱིར་མིག་གིས་གཟུང་བར་བྱ་བར་འགྱུར་ལ། དེ་ལྟར་ཡང་མ་ཡིན་ནོ་ཞེས་པ་སྟེ། དེའི་ ཕྱིར་ཡང་མ་ངེས་པའོ། །མཐོང་བ་ཞེས་པ་འདིས་དོན་གྱིས་གོ་བ་དང་མཚུངས་པའི་ལྟག་ཆོད་ཉེ་བར་འགོད་དོ། །མེད་ཀྱང་ཞེས་པ་ལ་སོགས་པས་སྔོན་པོ་ལ་སོགས་པ་ཐ་དད་པ་རྣམས་ལ་ཡང་དབང་པོ་ཐ་དད་མེད་པ་སྟོན་པར་བྱེད་པས་ཤིང་སེམས་པ་ཅན་ཉིད་ལ་ཉལ་བ་བཞིན་དུ་ཉེ་བར་དམིགས་པར་ མཚུངས་པ་གཉིས་པའོ། །འཛིན་པ་ཐ་དད་པའི་ཕྱིར་ཞེས་པ་ཡང་གཏན་ཚིགས་གཞན་ཉེ་བར་བསྟན་པ་ལས་དང་པོའོ། །རྣམ་གཞན་དུ་བརྗོད་ཅེས་པ་ལ་སོགས་པས་དོན་གྱིས་གོ་བ་དང་མཚུངས་པ་སེལ་བར་བྱེད་དོ། །དེ་ལྟར་འགྱུར་མོད་མ་ངེས་པའོ་ཞེས་པ་འདིས་གཏན་ཚིགས་འཁྲུལ་པར་བརྗོད་ པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། དམ་བཅའ་བའི་སྐྱོན་ནོ། །གང་གི་ཕྱིར་ཁྱོད་ཀྱིས་དབང་པོ་ཐ་དད་པས་གཟུང་བྱ་ཉིད་ཁོ་ནའི་ཕྱིར་རོ་ཞེས་ངེས་པར་འཛིན་པས་གཏན་ཚིགས་གཞན་མེད་དོ་ཞེས་དམ་བཅའ་བར་འགྱུར་ལ། དེ་ཡང་མི་རིགས་ཏེ། གཏན་ཚིགས་གཞན་ཡང་ཡོད་པར་གྱུར་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་གསུངས་པ། མ་ཡིན་ཞེས་པ་ལ་སོགས་པ་སྟེ། འདིར་མ་ངེས་པ་ཡང་མ་ཡིན་ནོ་ཞེས་པ་ནི་ངེས་པ་འདི་འཁྲུལ་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཐམས་ཅད་བསྒྲུབ་བྱར་ཞེས་པ་ལ་སོགས་པས་ཉེ་བར་དམིགས་པ་གཉིས་པ་སེལ་བར་བྱེད་དོ། །བློ་ཐ་དད་པའང་གཞན་ ཉིད་ཀྱི་ཕྱིར་ཞེས་པ་ལ་སོགས་པས། གཏན་ཚིགས་གཞན་ཡང་བསྒྲུབ་པར་བྱ་བའི་འཇུག་པ་སྟོན་པར་བྱེད་པས། མི་འཁྲུལ་བ་དང་བཅས་པ་བསྟན་པ་ལས་དང་པོའོ། །འབྱེད་ན་རྣམ་གཞན་དབྱེར་མེད་ཅིང་། །ཅེས་པ་འཛིན་པ་ཐ་དད་པ་འབའ་ཞིག་ལས་རྣམ་པ་གཞན་པ་དབང་པོ་ཐ་དད་པ་དང་འཛིན་ བྱེད་ཐ་དད་པར་གྱུར་ན་ཡང་ཐ་མི་དད་པ་མ་ཡིན་པ་ཁོ་ནའོ་ཞེས་པ་ཇི་སྲིད་པའོ། །གང་ལ་ཡང་ཞེས་པ་ལ་སོགས་པས་གལ་ཏེ་འཛིན་པ་ཐ་དད་པ་འབའ་ཞིག་ལས་སྔོན་པོ་ལ་སོགས་པ་རྣམས་ལ་ཐ་དད་པ་སྟེ། དེ་ལྟར་གྱུར་ན་གང་ལ་དབང་པོ་ཐ་དད་པ་དང་འཛིན་བྱེད་ཐ་དད་པ་ཡང་ཡོད་པ་དེ་ལ་ཆེས་ཤིན་ ཏུ་ཡང་ཐ་དད་པར་འགྲུབ་པོ། །དབང་པོ་ཐ་དད་པ་བྱས་པ་ལ་ནི། ཐ་དད་པ་མེད་པའི་དགོས་པ་མེད་པའི་ཕྱིར་རོ་ཞེས་སྟོན་ཏོ། །འདིས་ཞེས་པ་རྫས་ལ་མངོན་སུམ་སེལ་བའི་རིགས་པས་སོ། །ཡོན་ཏན་ལ་སོགས་པ་རྣམས་ལ་ཞེས་པ་ལ། སོགས་པའི་སྒྲས་ལས་རྣམས་ལའོ། །བསལ་ཞིང་སྤངས་ པར་བརྗོད་དོ། །ཅི་ལྟར་ཞེ་ན་གསུངས་པ། དེ་ཡང་ནི་ཞེས་པ་ལ་སོགས་པ་སྟེ། རང་གི་རྟེན་ཅན་ནི། ཡོན་ཏན་དང་ལས་དག་གི་རང་གི་སྤྱི་སྟེ། ཡོན་ཏན་ཉིད་དང་ལས་ཉིད་དོ། །གང་གི་རྟེན་རང་ཉིད་ཡིན་པ་དེ་རང་གི་རྟེན་ཅན་ཏེ། དེ་དང་འབྲེལ་པའི་སྒོ་ནས་སྐྱེའོ་ཞེས་པ་ནི་འདི་དང་ལྷན་ཅིག་ འབྲེལ་པ་སྟེ། ཁྱད་པར་དང་འབྲེལ་པའི་སྒོས་སྐྱེའོ་ཞེས་པ་ཇི་སྲིད་པའོ། །དེའི་ཕྱིར་ཡང་གང་ཁྱད་པར་ལ་ལྟོས་པ་དེ་མངོན་སུམ་མ་ཡིན་ཞེས་པ་ལ་སོགས་པ་སྔ་མ་བཞིན་དུ་སྒྲུབ་བྱེད་བརྗོད་པར་བྱའོ། །གཞན་ཡང་དེ་ཡང་བཞི་པོ་ལ་སོགས་པ་ཕྲད་པ་ཁོ་ན་ལས་སྐྱེའོ་ཞེས་འདི་བསྟན་པའོ། །སོགས་ པའི་སྒྲས་གསུམ་འདུས་པ་ལས་དང་གཉིས་འདུས་པ་ལས་ཀྱང་ཇི་ལྟར་སྲིད་པར་རོ། །དེ་ལས་སྐྱོན་ཅི་ཡོད་ཅེ་ན་གསུངས་པ། ཇི་ལྟར་ཐམས་ཅད་དུ་ཞེས་པ་ལ་སོགས་པ་སྟེ། དེ་ལ་བཞི་པོ་ཕྲད་པ་ལས་ནི་བདག་དང་ཡིད་དང་དབང་པོ་དང་རྫས་ཕྲད་པ་ལས་གཟུགས་ལ་སོགས་པ་རྣམས་ལ་དང་། ལས་རྣམས་ལའོ། །གསུམ་འདུས་པ་ལས་སྒྲ་ལའོ། །དེ་ལ་རྫས་དང་ལྷན་ཅིག་དབང་པོ་འབྲེལ་པ་ཡོད་པ་མ་ཡིན་ཏེ། ནམ་མཁའ་ལས་ཐོས་པ་ཉིད་ཀྱི་ཕྱིར་དང་། དེ་ཁོ་ན་ལ་སྒྲ་འདུ་བ་ཅན་ཡིན་པའི་ཕྱིར་རོ། །གཉིས་ཕྲད་པ་ལས་ནི་བདག་དང་ཡིད་ཕྲད་པ་བདེ་བ་ལ་སོགས་པ་རྣམས་ལའོ། །དེ་ལྟར་ ན་ཡོན་ཏན་དང་ལས་དང་རང་ཉིད་དང་ཕྲད་པ་རྣམས་ལས་ཤེས་པ་འགྲུབ་པའི་ཕྱིར། རྫས་ནི་རྒྱུ་དང་རྒྱུའི་ཡང་ངོ་ཞེས་གང་བརྗོད་པ་དེ་ཡང་སུན་ཕྱུང་བ་ཡིན་ནོ་ཞེས་པའོ། །སེར་སྐྱ་པ་རྣམས་ཀྱི་ཞེས་པ་ལ་སོགས་པ་སྟེ། དེར་བརྗོད་པ། ཅི་རྗེས་སུ་དཔག་པ་གཅིག་པུ་ཁོ་ན་ཚད་མའམ་ཞེ་ན། མ་ཡིན་ ཞེས་བརྗོད་པར་བྱ་སྟེ། རྣ་བ་ལ་སོགས་པའི་འཇུག་པ་ཡང་ངོ་། །མངོན་སུམ་ཚད་མ་ཞེས་པ་ལྷག་མའོ། །རྣ་བ་དང་པགས་པ་དང་མིག་དང་ལྕེ་དང་སྣ་རྣམས་ཀྱི་ཡིད་ཀྱིས་བྱིན་གྱིས་བརླབས་པའི་འཇུག་པ་སྒྲ་དང་རེག་བྱ་དང་གཟུགས་དང་རོ་དང་དྲི་རྣམས་ལ་རིམ་པ་ཇི་ལྟ་བར་འཛིན་པ་ལ་འཇུག་ བཞིན་པ་ནི་མངོན་སུམ་གྱི་ཚད་མའོ། །ཡིད་ཀྱིས་ཞེས་པ་ཡིད་ཀྱི་འཇུག་པ་སྟེ། རང་བཞིན་དང་རྣམ་འགྱུར་དག་ཐ་དད་མེད་པར་ཉེ་བར་བཏགས་པ་ལས་དེ་སྐད་དུ་བཤད་དོ། །བྱིན་གྱིས་བརླབས་པ་ཞེས་པ་དེ་དང་ལྷན་ཅིག་ཡུལ་གཅིག་ལ་ཞུགས་པ་ཞེས་པའི་དོན་ཏོ། །འདིར་བྱིན་གྱིས་ བརླབས་པའི་དོན་ནི་ལྷན་ཅིག་པའི་དོན་ཏེ། དཔེར་ན་རྒྱལ་པོའི་མིས་བྱིན་གྱིས་བརླབས་ཤིང་ཞུགས་པ་ནི་དེ་དང་ལྷན་ཅིག་གོ་ཞེས་རྟོགས་པར་བྱ་བ་ཡིན་པ་བཞིན་ནོ། །གཞན་རྣམས་ན་རེ་ཡིད་ཀྱིས་བྱིན་གྱིས་བརླབས་པ་ཞེས་པ། ཡིད་ཀྱིས་ཡང་དག་པར་རིག་པ་སྟེ། ཇི་སྐད་དུ་བཤད་པ། ཕྱི་རོལ་ གྱི་དོན་རྣམས་ལ། དབང་པོ་ཞེན་པར་བྱེད་ན། དབང་པོ་ཞེན་པ་དེ་ལ་ཡིད་རྗེས་སུ་ཞེན་པར་བྱེད་དོ་ཞེས་སོ། །གཞུང་འདི་ནི་དབང་པོའི་འཇུག་པ་ཁོ་ན་ཕྱི་རོལ་གྱི་ཡུལ་གྱི་རྣམ་པ་ཅན་ནི། ཡིད་ཀྱི་འཇུག་པས་ཡང་དག་པར་རིག་པར་བྱ་བ་སྟེ། དབང་པོའི་འཇུག་པ་དང་ལྷན་ཅིག་པས་ཕྱི་རོལ་གྱི་དོན་ནི་ མ་ཡིན་ནོ་ཞེས་རྟོགས་པར་བྱའོ། །དེའི་ཕྱིར་གང་རྣ་བ་ལ་སོགས་པ་རྣམས་ཀྱི་འཇུག་པ་ཡིད་ཀྱི་འཇུག་པས་གཟུང་བར་བྱ་བ་དེ་ནི་དེས་བྱིན་གྱིས་བརླབས་པ་ཞེས་བརྗོད་དེ། དབང་པོ་རྣམས་ཀྱི་འཇུག་པ་ནི། རང་གི་ཡུལ་ཉེ་བར་གྱུར་པ་ན། དེའི་རྣམ་པར་ཡོངས་སུ་འགྱུར་བར་ཤེས་པར་བྱའོ། །དེ་སླར་ཡང་ རྣམ་པ་གཉིས་ཏེ། རྐྱེན་དང་བཅས་པ་དང་རྐྱེན་མེད་པའོ། །རྐྱེན་ནི་སྐྱེས་བུ་ལས་བྱུང་བའི་རྟོགས་པར་བརྗོད་པར་བྱ་སྟེ། སེམས་པ་ཅན་ཉིད་ཀྱི་ངོ་བོ་ཡུལ་ཉམས་སུ་མྱོང་བའི་རང་བཞིན་ནོ། །འདི་ཡང་བདག་གི་ངོ་བོ་ཡིན་གྱི་གཞན་འགའ་ཞིག་གི་མ་ཡིན་ཏེ། སེམས་པ་མེད་པ་ཉིད་ ཀྱི་ཕྱིར་རོ། །སྐྱེས་བུ་ལས་བྱུང་བའི་རྐྱེན་དེ་དང་ལྷན་ཅིག་འདུས་པ་གང་ཡིན་པ་དེ་དང་ངོ་བོ་གཅིག་པ་ལྟ་བུར་སྟོན་པ་དེ་ནི་རྐྱེན་དང་བཅས་པ་སྟེ། དཔེར་ན་བསྲེགས་པའི་གནས་སྐབས་ན་ལྕགས་ཀྱི་གོང་བུ་མེ་དང་འདྲེས་པ་ལས་དེའི་རང་བཞིན་མ་ཡིན་ཡ