Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 193

Văn bản gốc(Tây Tạng)

Trang 8 / 21 (50.000 ký tự/trang)
་རྨ་བྱའོ་ཞེས་པ་ད་ལྟར་བ་ལའོ། །
འདིར་མ་ཏུ་སའི་སྔ་མ་དང་འདྲ་བ་ཉིད་སྲིད་པ་མ་ཡིན་ནོ་ཞེས་པ་ཏི་ཡིས་སྦྱར་བར་བྱ་བའོ། །འབྲེལ་པ་དབང་པོའི་གཟུང་བྱ་མིན། །ཞེས་པ་འབྱུང་བའི་ཡོན་ཏན་བཞིན་དུ་འབྲེལ་པ་ཅན་རྣམས་ལས་ཐ་དད་པར་མི་སྣང་བའི་ཕྱིར་རོ་ཞེས་བསམས་པའོ། །གང་དབང་པོའི་ཤེས་པ་ལ་སྣང་བ་མ་ཡིན་པ་དེ་དབང་
པོའི་གཟུང་བར་བྱ་བ་མ་ཡིན་ཏེ། དབང་པོ་བཞིན་འབྲེལ་པ་ཡང་དེ་ལྟ་བུའོ། །ཁྱབ་བྱེད་མེད་པའོ། །ཐམས་ཅད་དུ་ཡང་མ་ཡིན་ཞེས་པ། མིག་གི་རྣམ་པར་ཤེས་པ་དང་དབང་པོ་ལ་སོགས་པ་རྣམས་དབང་པོས་འཛིན་པ་མི་སྲིད་པའི་ཕྱིར་རོ། །ཐམས་ཅད་དུ་ཞེས་སྨོས་པ་ནི་མེ་དང་དུ་བ་ལ་སོགས་པ་རྣམས་
མངོན་སུམ་གྱིས་འཛིན་པ་སྲིད་པའི་ཕྱིར་རོ། །འདིས་ནི་མ་ཁྱབ་པ་ཉིད་གསུངས་སོ། །ཡང་ན་ཐམས་ཅད་དུ་འབྲེལ་པ་ཅན་དག་མངོན་སུམ་མ་ཡིན་པ་དག་གོ་ཞེས་པའི་དོན་འདི་སྟེ། སྤྱིའི་ངོ་བོ་ཉིད་ཀྱི་ཕྱིར་དེ་ཡང་མངོན་སུམ་མ་ཡིན་པར་བསྒྲུབ་པ་ཉིད་ཀྱི་ཕྱིར་རོ། །དེ་ལས་ཀྱང་མི་སྲིད་པའི་ཕྱིར་འདི་ནི་མཚན་

ཉིད་མ་ཡིན་ནོ། །རྟགས་དང་རྟགས་ཅན་དག་མངོན་སུམ་མ་ཡིན་པ་དག་གོ་ཞེས་པ་འདི་ཙམ་ཁོ་ནས་བརྗོད་པར་འདོད་པའི་དོན་རྟོགས་པ་ཡིན་ན་ཡང་ཐམས་ཅད་དུ་སྨོས་པ་ནི་འགའ་ཞིག་མེ་དང་དུ་བ་ལ་སོགས་པ་རྣམས་ལ་མངོན་སུམ་དུ་མངོན་པར་འདོད་པ་བསལ་བའི་དོན་དུའོ། །ཀུན་ལ་
སྲིད་ཕྱིར་ལྟ་བུ་མིན། །ཞེས་པ་ཐམས་ཅད་སྔ་མ་དང་འདྲ་བ་ཉིད་ཡིན་བཞིན་དུ་གཅིག་ཁོ་ན་སྔ་མ་དང་འདྲ་བར་སྨྲ་བས། ཅིག་ཤོས་དག་ལ་དེ་མེད་དོ་ཞེས་དམ་བཅས་ཏེ། དེ་ལ་ཡང་སྔ་མ་དང་འདྲ་བ་ཉིད་གྲུབ་པས་གནང་ངོ་། །འབྲེལ་པ་གཞན་གྱིས་ཀྱང་འདི་ཞེས་པ་ལ། འབྲེལ་པ་གཞན་ནི་
འབྲེལ་པའི་བྱེ་བྲག་མེད་ན་མི་འབྱུང་བ་སྟེ། དེའི་སྟོབས་ཀྱིས་སྔ་མ་དང་འདྲ་བར་དོན་རྟོགས་པའོ། །དེ་ངེས་པར་བསྟན་པ་མེད་པའི་ཕྱིར་རྗེས་སུ་དཔག་པར་ངེས་པར་བསྟན་པ་མ་ཡིན་པ་ཁོ་ནའོ། །འོ་ན་འདི་མ་ཏུས་སུ་འགྱུར་མོད། ཇི་སྐད་བཤད་པའི་སྐྱོན་འབྱུང་བ་མ་ཡིན་ཏེ། རྗེས་སུ་དཔག་པ་ཐམས་ཅད་ནི་
རྒྱུ་ལས་འབྲས་བུའི་ཡུལ་ཅན་དུ་འགྱུར་བ་མ་ཡིན་པས་སོ། །འབྲེལ་པ་ཡང་འདིར་བསྟན་པ་ཁོ་ན་སྟེ། འབྲས་བུ་དང་རྒྱུའི་དངོས་པོ་རབ་ཏུ་བསྟན་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་གསུངས་པ། འཁྲུལ་པའི་ཕྱིར་ན་ལྷན་སྐྱོན་མིན། །ཞེས་པ། འབྲས་བུ་དང་རྒྱུའི་དངོས་པོས་ནི་འབྲས་བུ་ཁོ་ནའི་མེད་ན་མི་
འབྱུང་བར་འགྱུར་གྱི། རྒྱུའི་ནི་མ་ཡིན་ནོ། །དེ་ལྟར་ནི་རྒྱུ་ཡོད་ན་ཡང་ལྷན་ཅིག་བྱེད་པ་མ་ཚང་བའི་ཕྱིར་འབྲས་བུར་འགྱུར་བ་མ་ཡིན་ནོ། །དཔེར་ན་སྤྲིན་ཡོད་ན་ཡང་ཞིང་པ་རྣམས་ཀྱི་ཆེས་མེད་པའི་ཕྱིར་ཆར་པ་བཞིན་ནོ། །རྒྱུ་གཞན་ཚོགས་པ་ཡོད་ན་ཡང་། །ཆོས་མ་ཡིན་པ་ལ་སོགས་པ་འགལ་བས་
གགས་བྱས་པའི་ཕྱིར་རོ། །འོ་ན་ཁྱད་པར་དུ་གྱུར་པའི་གནས་སྐབས་ཐོས་པའི་ས་བོན་ལ་སོགས་པ་ནི་རྒྱུ་དངོས་ཉིད་དེ། དེ་ལ་གགས་བྱ་བར་ཡང་མི་ནུས་སོ། །དེ་ཅིའི་ཕྱིར་འཁྲུལ་པ་ཉིད་ཡིན་ཞེ་ན། མ་ཡིན་ཏེ། དེ་མཐོང་བ་ལས་འབྲེལ་པ་དྲན་པ་ལ་ལྟོས་པ་ལས་རྗེས་སུ་དཔག་པར་བྱ་བ་རྟོགས་པར་
འདོད་པ་ན། འབྲེལ་པ་དྲན་པ་ལས་སྔོན་དུ་འབྲས་བུ་སྐྱེས་པ་ཁོ་ན་མངོན་སུམ་དུ་འགྱུར་རོ། །འབྲས་བུ་མངོན་སུམ་མ་ཡིན་པ་ལ་རྣམ་པ་དེ་ལྟ་བུའི་རྒྱུ་རྟོགས་པ་ཡང་མ་ཡིན་ཏེ། གང་གིས་རྒྱུ་ལས་དེ་རྟོགས་པར་བྱ་བའོ། །དེའི་ཕྱིར་རྒྱུ་ལས་འབྲས་བུ་འགྲུབ་པ་མ་ཡིན་ནོ། །ལྷག་ལྡན་ལ་ཡང་ལྟ་བུ་ན། །

ཞེས་པ་ལ་སོགས་པས་འདི་ལ་ཡང་དེ་མ་ཐག་ཏུ་བརྗོད་པ་ཁོ་ནའི་སྐྱོན་གསུངས་སོ། །གདོན་མི་ཟ་བར་མ་ཡིན་ཞེས་པ་ལ་སོགས་པ་སྟེ། གཟུགས་ལ་སོགས་པ་མཚུངས་པ་རྣམས་ཀྱི་རོ་མཚུངས་པར་འབྱུང་བའི་ངེས་པ་སྦྱོར་བ་འདི་ནི་མ་ཡིན་ནོ། །འདི་ཙམ་ཞིག་ཏུ་ནི་འགྱུར་ཏེ་འདི་ལྟ་བུའི་རང་བཞིན་ཅན་
འདི་དང་རྒྱུ་མཚུངས་པ་རྣམས་ནི་རོ་འདི་ལྟ་བུ་ཅན་རྣམས་སོ་ཞེས་པར་འགྱུར་གྱི། གཟུགས་མཚུངས་པ་ཙམ་ལས་རྗེས་སུ་དཔག་པ་ནི་མ་ཡིན་ཏེ་འཁྲུལ་པའི་ཕྱིར་རོ། །ལྡན་པས་ཞེ་ན་མ་རྟོགས་ན། །མི་འགྱུར་ཞེས་པ་ལ་སོགས་པ་ལ་མ་རྟོགས་པ་ནི་མ་གོ་བའོ། །ཅི་ཞེ་ན། གང་ལས་འབྲས་བུ་ལ་རྒྱུ་རྗེས་སུ་
དཔོག་པ་འདི་ཡིན་པ་འབྲས་བུ་ཉིད་དོ། །དེའི་ཕྱིར་འབྲས་བུའི་ངོ་བོ་ཁོ་ནར་རྟོགས་པ་མེད་པར་གྱུར་པ་ན། རྟགས་ནི་རྗེས་སུ་དཔག་པར་བྱ་བ་རྒྱུ་ལ་མེད་ན་མི་འབྱུང་བ་ཉིད་འཛིན་པ་ལས་རྟོགས་པ་མེད་པར་འགྱུར་ན། དེ་ཡང་མཐོང་ངོ་། །འོ་ན་དོན་གཞན་འབྲས་བུ་དང་རྒྱུའི་དངོས་པོར་གྲུབ་པ་ཁོ་ནའི་མེད་
ན་མི་འབྱུང་བ་ངེས་པ་མ་ཡིན་ནམ། དེ་ལ་ཅི་ལྟར་ན་འབྲས་བུ་ཉིད་དུ་མ་བཟུང་ནས་མེད་ན་མི་འབྱུང་བ་ཉིད་ངེས་པར་ནུས་ཤེ་ན། བསྟན་བཅོས་ལ་མཐོང་བའི་འབྲས་བུ་ཉིད་འཛིན་པ་ལས་འདས་པ་འདིར་བརྗོད་པར་འདོད་ཀྱི། འཇིག་རྟེན་ལ་གྲགས་པའི་འབྲས་བུ་ཉིད་དུ་འཛིན་པ་ལས་འདས་པ་ནི་མ་ཡིན་
ཞེས་པས་སྐྱོན་མེད་དོ། །བསྟན་བཅོས་སུ་ནི་ཆུའི་རྒྱུན་གྱི་ཡན་ལག་ཅན་རྣམས། ཆུ་ལ་བྱུང་བའི་རྡུལ་ཕྲ་རབ་རིས་མཐུན་པ་རྣམས་ཁོ་ནས་རྩོམ་པར་བྱེད་ཅིང་། སྤྲིན་རྣམས་ནི་རྡུལ་ཕྲ་རབ་རྣམས་འགུགས་པའི་ངོར་རྒྱུ་མཚན་ཉིད་དུ་ཉེ་བར་གྱུར་པ་རྣམས་ཆར་པའི་རྒྱུར་ཐ་སྙད་དུ་བསྟན་པ་བསྟེན་པར་འགྱུར་བ་ཞེས་
པ་རྣམ་པར་གཞག་པའོ། །རྣམ་པ་འདི་ལྟ་བུའི་འབྲས་བུ་དང་རྒྱུའི་དངོས་པོ་འཇིག་རྟེན་གྱིས་རྟོགས་པར་ཡང་མ་ཡིན་གྱི། འོ་ན་ཅི་ཞེ་ན། སྤྲིན་རྣམས་ཡོད་པ་ན་ཆར་འབབ་པ་མཐོང་བའི་ཕྱིར་དང་། དེ་མེད་པ་ན་ཡང་མ་མཐོང་བའི་ཕྱིར་སྤྲིན་རྣམས་ཁོ་ན་ཆར་འབབ་པའི་རྒྱུ་དངོས་སོ་ཞེས་པ་སྟེ།
དེ་ལྟར་མཐོང་བ་དང་མ་མཐོང་བ་དག་གིས་འབྲས་བུ་དང་རྒྱུའི་དངོས་པོར་རྟོགས་སོ། །བསྟན་བཅོས་ལས་མཐོང་བའི་རྒྱུ་དང་འབྲས་བུའི་དངོས་པོ་རྣམས་ནི་མི་འཐད་པ་ཁོ་ན་སྟེ། རྡུལ་ཕྲ་རབ་རྟག་པ་རྣམས་མ་གྲུབ་པའི་ཕྱིར་རོ། །གྲུབ་ཏུ་ཆུག་ཀྱང་རྣམ་པར་འགྱུར་བ་མེད་པ་ཉིད་ཀྱི་ཕྱིར་ན་དགུག་པར་མི་

ནུས་པ་ཉིད་ཀྱི་ཕྱིར་དང་། བཀུག་པ་རྣམས་ལ་ཡང་རིམ་དང་ཅིག་ཅར་ཉིད་དག་གིས་འབྲས་བུ་རྩོམ་པ་མི་རིགས་པའི་ཕྱིར་རོ། །འདུ་བ་ཅན་གྱི་འབྲས་བུ་ཡང་དངོས་པོར་ཡོད་པའི་བློ་དང་ལྡན་པ་རྣམས་ཀྱིས་གཞན་དུ་རྒྱ་ཆེར་བཀག་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་ཤིན་ཏུ་འཕྲོས་པས་ཆོག་གོ། །
དེ་བཞིན་དུ་གང་བྱས་པ་ལ་སོགས་པ་རྣམས་ཀྱིས་ཞེས་པས་ལྡན་པའི་ཕྱོགས་ལ་མ་ཁྱབ་པ་ཉིད་གསུངས་ཏེ། བྱས་པ་ཉིད་ལ་སོགས་པ་རྣམས་མི་རྟག་པ་ཉིད་ལ་སོགས་པ་རྣམས་དང་འབྲས་བུ་དང་རྒྱུའི་དངོས་པོ་ཡོད་པ་ནི་མ་ཡིན་པས་སོ། །གཞན་རྣམས་ན་རེ་ལུས་པོ་ལ་སོགས་པའི་ཡན་ལག་ཅན་
གཅིག་མཐོང་བ་ནི་ལྟོ་བ་ལ་སོགས་པའི་ཡན་ལག་མངོན་སུམ་གྱིས་རྟོགས་པ་གཅིག་ལས་གཞན་པའི་ཡན་ལག་རྒྱབ་ལ་སོགས་པ་གང་ཡིན་པ་དེ་ལྷག་མ་ཡིན་ཞིང་། དེའི་ཡུལ་ཅན་གྱི་ཤེས་པ་ནི་ལྷག་མ་དང་ལྡན་པ་སྟེ། འདི་འཁྲུལ་པ་ཡང་མ་ཡིན་ཏེ་ལྟོ་བ་ནི་རྒྱབ་ལ་སོགས་པ་མེད་པར་ནམ་གྱི་ཚེ་
ཡང་ཉེ་བར་དམིགས་པ་སྔ་མ་མ་ཡིན་ནོ་ཞེའོ། །འདི་ལ་ཡང་ཐམས་ཅད་འབྱུང་བ་ཁོ་ན་སྟེ། གང་ཕྱིར་རྗེས་སུ་དཔག་པ་ཐམས་ཅད་ལ་ནི་མངོན་སུམ་གྱི་དོན་ལས་ཐ་དད་པ་ཁོ་ནའི་དོན་ལ་ཡང་དག་པར་རྟོགས་པ་སྟེ། རྟགས་མ་བཟུང་བ་ལས་འགར་ཡང་རྗེས་སུ་དཔག་པ་ཉེ་བར་སྐྱེ་བ་ནི་མ་ཡིན་པའི་ཕྱིར་
རོ། །འཁྲུལ་པ་ཡང་ཡོད་པ་ཁོ་ན་སྟེ། རྭ་ལ་སོགས་པའི་ཡན་ལག་ཡང་དག་པར་ཡོད་པ་ལ་ཡང་རྔ་མ་ལ་སོགས་པའི་ཡན་ལག་མེད་པའི་ཕྱིར་རོ། །སྔ་མ་དང་ལྡན་པ་ལ་ཡང་ཞེས་པ་སྔ་མ་ཝ་ཏ་ཅེས་པ་འདི་ལ་འདྲ་བའི་ཕྱོགས་ལ་རྭ་ལ་སོགས་པའི་རྟགས་ཀྱི་བ་ལང་གི་དོན་རྗེས་སུ་དཔོག་པ་ན།
དུ་བའི་འབྲེལ་པ་ཡིན་ཞིང་། དེ་ཡང་འདིར་བློའི་རྟགས་ལས་ངེས་པར་བྱ་བར་བཤད་ན། འདིར་བློ་ཡང་དེ་དང་འབྲེལ་པ་མ་གྲུབ་པའི་ཕྱིར་དང་། སོ་སོར་འཆིང་བ་མེད་པའི་ཕྱིར་ཡང་། རྟགས་སུ་མི་རུང་ཞེས་པས་དེ་ལས་དེ་འགྲུབ་པ་མ་ཡིན་ནོ། །དེ་ལས་ཀྱང་ལྐོག་ཤལ་ལ་སོགས་པའི་རྟགས་
ལས་བ་ལང་གི་དོན་རྗེས་སུ་དཔོག་པར་མི་འགྱུར་ཏེ། དེ་ཡང་མཐོང་ངོ་། །དེ་ལྟར་ནི་ཚོགས་པ་གཅིག་ལ་རག་ལས་པའི་ལྐོག་ཤལ་ལ་སོགས་པའི་ཡན་ལག་གི་བདག་ཉིད་ཅན་བ་ལང་ངོ་ཞེས་རིགས་པས་རྣམ་པར་དཔྱོད་པ་རྣམས་ནི། མེད་ན་མི་འབྱུང་བ་དེས་ནས་ལྐོག་ཤལ་ལ་སོགས་པའི་རྟགས་ལས་

བ་ལང་གི་དོན་ལ་རྗེས་སུ་དཔག་པར་བྱེད་པས་སོ། །དུ་བ་ལས་མེ་རྗེས་སུ་དཔོག་པ་ན་ལྡན་པའི་འབྲེལ་པ་སྟེ། དེ་ཡང་མ་བཟུང་བ་ན་རྟོགས་པར་མི་འགྱུར་ན་དེ་ཡང་མཐོང་ངོ་། །དེ་ལྟར་ནི་དུ་བ་ཙམ་མཐོང་ནས་མེ་མེད་ན་མི་འབྱུང་བར་ངེས་པ་སྔོན་མ་ཅན་གྱིས་རྗེས་སུ་དཔོག་པར་བྱེད་པས་སོ། །དེའི་ཚེ་
རྟེན་མཐའ་དག་མ་བཟུང་བ་ནི། དོན་དུ་མའི་ཐུན་མོང་བ་ཉིད་ཀྱི་ཕྱིར་ན་གཉིས་ཉིད་ལ་སོགས་པ་ལྟར་ལྡན་པ་ཡོངས་སུ་གཅོད་པ་ཡང་མ་ཡིན་ནོ། །ལྡན་པའི་རྐྱེན་གྱི་ཕྱོགས་ལ་ནི་སྤྲིན་ལ་སོགས་པ་རྣམས་ཆར་པ་ལ་སོགས་པ་རྣམས་དང་ལྷན་ཅིག་འབྲས་བུ་དང་རྒྱུའི་དངོས་པོའི་འབྲེལ་པའོ། །ལྷག་མ་
དང་ལྡན་འདྲ་ལ་ཡང་། །འདྲ་བའི་ཕྱོགས་ལ་ཡང་གཟུགས་ནི་རོ་ལ་དོན་གཅིག་ལ་འདུ་བ་མ་ཡིན་ཞེས་པས་འདི་རྣམས་ཇི་སྐད་བཤད་པའི་འབྲེལ་པ་རྣམས་སོ། །ཕྱི་མ་ལ་བསྟན་པ་མེད་པའི་ཕྱིར་རོ་ཞེས་པ། ལྷག་མ་དང་ལྡན་པ་ལ་ལྡན་པའི་ཕྱོགས་ནི་རྣམ་པར་དཔྱད་པའི་ཕྱི་མ་སྟེ། དེ་ལ་འདི་
བསྟན་པ་ཉིད་ཀྱི་ཕྱིར་རོ། །རྒྱུ་ཉིད་ལ་སོགས་པ་རྣམས་ཀྱི་ཡང་འབྲེལ་པ་ཅན་ཉིད་ཅེས་པ། རྒྱུ་ལ་སོགས་པ་རྣམས་ཀྱི་འབྲས་བུ་ཉིད་ལ་སོགས་པ་རྣམས་དང་ལྷན་ཅིག་རྟགས་དང་རྟགས་ཅན་གྱི་དངོས་པོར་འབྲེལ་པ་འདོད་པ་ན། རྒྱུ་ཉིད་ལ་སོགས་པ་ནི་འབྲས་བུ་ཉིད་ལ་སོགས་པ་ཙམ་ལ་ལྟོས་པ་ཉིད་
ཀྱི་ཕྱིར། དེ་ལ་རྟགས་ཅན་ལ་འབྲས་བུ་ཉིད་ལ་སོགས་པའི་རྣམ་པ་ཅན་ཁོ་ན་ཤེས་པར་འགྱུར་གྱི། ཆར་པ་ལ་སོགས་པའི་རྣམ་པ་ཅན་དུ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་གསུངས་པ། འབྲེལ་པ་ཙམ་གྱི་སྒོ་ནས་ཞེས་པ་ལ་སོགས་པ་སྟེ། འབྲེལ་པ་མེད་པར་ནི་རྟགས་ལས་རྟགས་ཅན་ལ་ཤེས་པ་
སྐྱེ་བ་མ་ཡིན་ཞིང་། རྟགས་ཀྱང་ཇི་ལྟར་གང་དང་ལྷན་ཅིག་འབྲེལ་པ་དེ་ལྟར་དེ་ཁོ་ན་རྟོགས་པར་བྱེད་ཀྱི། གཞན་རྣམ་པ་གཞན་དུ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་ན་མི་རུང་ངོ་ཞེས་པས་སོ། །རྒྱུ་ཉིད་ལ་སོགས་པས་སྤྲིན་ལ་སོགས་པ་རྣམས་འབྲས་བུ་ཉིད་ལ་སོགས་པས་ཆར་པ་ལ་སོགས་པ་
རྣམས་འབྲེལ་པའོ་ཞེས་པས་དེ་ཙམ་རྟོགས་པར་འགྱུར་རོ། །དེ་འགྱུར་མེད་དོ། །བདག་ཉིད་ཐམས་ཅད་ཀྱིས་དེ་རྣམས་ཀྱི་འབྲས་བུ་དང་རྒྱུའི་དངོས་པོ་ལ་སོགས་པ་རྣམས་འབྲེལ་པ་ཡིན་གྱི་ཆ་ཤས་ཀྱིས་ནི་མ་ཡིན་ནོ། །དེའི་ཕྱིར་ཐལ་བ་འདིར་མི་འགྱུར་ཏེ། ཁྱད་པར་རྣམས་ཀྱང་འབྲེལ་པ་ཅན་

ཡིན་པ་ཉིད་ཀྱི་ཕྱིར་ཞེ་ན། གསུངས་པ། རྣམ་པ་ཐམས་ཅད་འཛིན་པའམ་ཞེས་པ་ལ་སོགས་པ་ནི། ཐིགས་པ་ཆེན་པོ་ཅན་གྱི་ཆར་པ་མྱུར་དུ་འབབ་པ་ཞེས་པ་ལ་སོགས་པ་ཡང་འཛིན་པར་འགྱུར་ཏེ། འདི་ལྟ་བུ་ལ་སོགས་པའི་རྣམ་པ་རྣམས་དང་ཡང་ལྷན་ཅིག་རྒྱུ་དང་འབྲས་བུ་
ལ་སོགས་པའི་དངོས་པོ་ཡིན་པའི་ཕྱིར་རོ། །ཁོ་བོ་ཅག་ལ་ནི་གལ་ཏེ་ཡང་རྣམ་པ་ཐམས་ཅད་དུ་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་ཡིན་པ་དེ་ལྟ་ན་ཡང་ཐལ་བར་འགྱུར་བ་འདི་མ་ཡིན་ཏེ། དེ་ལྟར་ངེས་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །ཕ་རོལ་པོས་ནི་མངོན་སུམ་ངེས་པའི་བདག་ཉིད་དུ་
འདོད་དེ། དེའི་ཡུལ་ཡང་ཆ་ཤས་མེད་པའོ། །དེའི་ཕྱིར་གལ་ཏེ་དེ་འཛིན་ན་དེས་དེ་རྣམ་པ་ཐམས་ཅད་དུ་གཟུང་བར་བྱ་ཞིང་། ཡང་ན་ཇི་ལྟར་ཡང་མ་ཡིན་ནོ་ཞེས་བཤད་དོ། །དེའི་ཕྱིར་དེ་ཁོ་ན་ལ་སྐྱོན་འདིའོ། །སྔ་མ་ལ་གང་མངོན་པར་བརྗོད་པའི་སྐྱོན་འབྲེལ་པ་གཞན་ལས་རྟོགས་པ་དང་འབྲས་བུ་ཙམ་
ལ་སོགས་པའི་རྗེས་སུ་དཔོག་པ་དང་རྣམ་པ་ཐམས་ཅད་འཛིན་པར་ཞེས་པ་ལ་སོགས་པ་དེ་རྣམས་སྤྱི་ལས་མཐོང་བ་ལ་ཡང་བསྒྲེ་བར་བསྟན་པའི་ཆེད་དུ་གསུངས་པ། སྤྱི་ལས་མཐོང་བའང་དེ་བཞིན་ནོ་ཞེས་པའོ། །ཅི་ལྟར་ཞེ་ན་གསུངས་པ། དེ་ཡང་ནི་ཞེས་པ་ལ་སོགས་པ་སྟེ། འོ་ན་སྔ་མ་དག་
ལས་དེའི་ཁྱད་པར་ཅི་ཞེ་ན་གསུངས་པ། ཤིན་ཏུ་ལྐོག་ཏུ་གྱུར་པ་ལ་ཞེས་པའོ། །ཐམས་ཅད་དུ་ཡང་ཞེས་པ་སྔ་མ་དང་ལྡན་པ་ལ་སོགས་པ་རྣམས་ལ་ཡང་སྟེ། སྔ་མ་འདྲ་བ་དང་ཕྱི་མ་འདྲ་བའོ་ཞེས་སྨྲ་བས་རྗེས་སུ་དཔག་པར་བྱ་བའི་ཤེས་པ་ཚད་མར་བརྗོད་ལ། དེ་ཁོ་ན་ཡང་དོན་རྟོགས་པ་སྟེ།
འབྲས་བུ་གཞན་པ་ཡང་མེད་དེ། དེ་ལས་ཀྱང་ཁས་བླངས་པ་ཉམས་སོ། །དེར་འགྱུར་མོད། ཡང་ན་ཉེ་བར་ལེན་པ་ལ་ལྟོས་པའི་བློ་རྣམས་འབྲས་བུ་མ་ཡིན་ནོ་ཞེ་ན། དེ་ཡོད་པ་མ་ཡིན་ཏེ། དེ་རྣམས་ནི་ཕན་པ་དང་མི་ཕན་པ་དྲན་པའི་རྒྱུ་ཅན་ཉིད་ཀྱི་ཕྱིར་རོ། །དེ་ཁོ་ན་དང་འདི་ནི་ཕན་པ་དང་མི་ཕན་པའོ་ཞེས་པ་ལ་
སོགས་པ་དྲན་པ་མེད་པ་དེ་རྣམས་ནི་འགའ་ཞིག་ལ་ཡང་ཉེ་བར་སྐྱེ་བ་མ་ཡིན་པས་སོ། །དེ་ལྟར་འགྱུར་མོད་འབྲས་བུ་ཁས་བླངས་པ་མེད་པ་ཁོ་ནའོ་ཞེ་ན་གསུངས་པ་མ་ཡིན་ཞེས་པ་ལ་སོགས་པ་སྟེ། གང་བྱེད་པ་ཡིན་པ་དེ་ལས་ལ་བྱ་བའི་འབྲས་བུ་ཅན་ཏེ། སྟ་རེ་བཞིན་རྗེས་སུ་དཔག་པ་ཡང་དེ་ལྟ་བུའོ། །རང་

བཞིན་ནོ། །གྲུབ་པ་ལ་བསྒྲུབ་པར་བྱ་བ་ཉིད་དུ་དོགས་པར་བྱས་ནས་གསུངས་པ། རྟགས་ཤེས་ཞེས་པ་ལ་སོགས་པའོ། །ཐ་སྙད་བསྟན་པ་འགྲུབ་མི་འགྱུར། །ཞེས་པ་གང་གི་ཕྱིར་རྗེས་སུ་དཔག་པར་བྱ་བ་ཁོ་ན་སྔ་མ་དང་ལྡན་པ་དང་ལྷག་མ་དང་ལྡན་པ་གཙོ་བོ་སྟེ། ཤེས་པ་ནི་ཉེ་བར་བརྟགས་
པས་ཏེ། དེའི་ཡུལ་ཅན་ཉིད་ཀྱི་ཕྱིར་དེ་ལྟར་རྣམ་པར་བསྟན་ཏོ་ཞེས་བསྒྲགས་ན་གང་ལས་དེ་ལྟར་འདི་ཐ་སྙད་དུ་བསྟན་པར་འགྱུར་བ་རྟགས་ཀྱི་ཤེས་པ་ནི་དེའི་ཡུལ་ཅན་ཡང་མ་ཡིན་ཏེ། རྟགས་ནི་སྔ་མ་དང་ལྡན་པ་དང་ལྷག་མ་དང་ལྡན་པ་ཉིད་དུ་བསྟན་བཅོས་སུ་ཡང་དག་པར་མ་བསྒྲགས་པ་ཉིད་ཀྱི་ཕྱིར་རོ་
ཞེས་པས་ཁས་བླངས་པ་ཉམས་པའོ། །གང་ཡང་ཞེས་པ་ལ་སོགས་པས་ཀྱང་ཁས་བླངས་པ་ཉམས་པ་ཁོ་ན་གསུངས་སོ། །དེ་ལྟར་ནི་དེ་ཉིད་དུ་བཤད་པ། རེ་རེའི་ཡང་རྣམ་པ་གསུམ་ཉིད་དུ་ཤེས་པར་བྱ་བའི་དོན་དུ་རྣམ་པ་གསུམ་ཞེས་སོ། །གཏན་ཚིགས་ཅི་ཞེ་ན་འདི་ཁོ་ན་དུས་གསུམ་ཉིད་དུ་
འཛིན་པའི་ཕྱིར་རོ་ཞེས་པའོ། །འདི་ཡང་ལྡན་པའི་ཕྱོགས་ལ་མི་འཐད་པ་ཁོ་ན་སྟེ། རྒྱུ་ལ་འབྲས་བུ་མ་འོངས་པ་ཁོ་ན་འཛིན་པའི་ཕྱིར་རོ། །ལྷག་མ་དང་ལྡན་པའི་ཡང་མ་ཡིན་ཏེ། མ་འོངས་པའི་རྗེས་སུ་དཔག་པ་མི་སྲིད་པའི་ཕྱིར་རོ། །རྒྱུ་ལས་སྔར་འབྲས་བུ་སྲིད་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །
ཕྱོགས་ཅན་པས་སྨྲས་པ། རྫས་ལ་སོགས་པའི་ཚིག་གི་དོན་བཀག་པ་ལས་སྒྲ་ལ་ཡོན་ཏན་ཉིད་ཡང་དག་པར་སྒྲུབ་པ་ལྷག་མ་དང་ལྡན་པའོ་ཞེས་པའོ། །འདིར་ཡང་འབྲེལ་པ་བསྟན་པ་མེད་པའི་ཕྱིར། དེའི་རྗེས་སུ་དཔག་པ་ཉིད་ཁོ་ན་ཡང་རྙེད་པར་དཀའ་ན། རྣམ་པ་གསུམ་ཉིད་ལྟ་ཅི་སྨོས། །རབ་
ཏུ་སྤྲོས་པས་སྒྲ་ཡང་ཡོན་ཏན་ཉིད་བསྒྲུབས་པ་ནི་ལུང་ལས་གྲུབ་པ་སྟེ། ཡིད་ཆེས་པའི་མིང་རྣམ་པར་སྒྲུབ་པས་ཞེས་པ་ལ་སོགས་པའོ། །དེའི་ཕྱིར་སྒྲ་ལ་ཡོན་ཏན་ཉིད་སྒྲུབ་པ་ནི་རྗེས་སུ་དཔག་པ་མ་ཡིན་ནོ། །དེ་ལ་ནི་ལྟ་བུ་ཡང་མ་ཡིན་ན་ཞེས་པ་སྔ་མ་ལྟ་བུའི་རྗེས་སུ་དཔག་པ་ལ་རང་གི་འབྲེལ་པ་བསྟན་
པ་ཁོ་ན་མེད་དེ། དེའི་ཕྱིར་དེ་རྗེས་སུ་དཔག་པ་ཉིད་དུ་བསྟན་པ་མ་ཡིན་ནོ་ཞེས་པ་འདིའི་རྣམ་པ་གསུམ་ཉིད་ག་ལས་ཡིན། སྔ་མ་དང་མཚུངས་པ་ཞེས་རྣམ་པ་ཙམ་སྟོན་པ་ལས་བསྟན་པར་འགྱུར་བ་ནི་མ་ཡིན་ཏེ། དྲན་པ་ལ་སོགས་པ་རྣམས་ལ་ཡང་སྔ་མ་དང་འདྲ་བར་འཛིན་པའི་ཕྱིར་རོ། །དེ་བཞིན་

དུ་ལྷག་མ་དང་སྟེ་མངོན་སུམ་དང་མཚུངས་པའོ་ཞེས་འདིར་ཡང་འབྲེལ་པ་བསྟན་པ་མ་ཡིན་པ་ཁོ་ནའོ་ཞེས་པའོ། །བྱེ་བྲག་པ་རྣམས་ཀྱི་ཡང་ཞེས་པ་ལ་སོགས་པའོ། །འདིའི་འབྲེལ་པ་ནི་རྣལ་འབྱོར་པ་རྣམས་ཀྱི་མངོན་སུམ་གྱི་ཤེས་པའི་སྒྲུབ་པར་བརྗོད་ལ། རྟགས་ལས་
སྐྱེས་པ་ཉིད་དུ་དེ་འཆད་པར་འགྱུར་རོ། །འོ་ན་རྟགས་ལས་སྐྱེས་པ་ཞེས་པ་འདི་ཅི་ཞེ་ན། བརྗོད་པར་བྱ་བ་སྟེ། ཀུན་ནས་བལྟས་ཤིང་ལྷག་པར་ཞེན་པ་ནི། ཀུན་ནས་བལྟས་པ་རྣམས་ཏེ། རྗེས་སུ་རྟོགས་པ་ཡང་ངོ་། །དེ་ལ་གང་དངོས་སུ་དོན་རྣམས་ཀུན་ནས་ལྟ་བ། དཔེར་ན་འདི་ནི་བ་ལང་ཁོ་ནའོ། །
འདི་ནི་རྟ་ཁོ་ནའོ་ཞེས་པ་དེ་མངོན་སུམ་མོ། །གང་གཞན་བལྟ་བར་བྱ་བ་རྣམས་འདིའི་རྗེས་སུ་རྟོགས་པ་དེ་ནི་རྟོགས་པ་ལས་བྱུང་བ་ཧ་ཅང་ཐལ་བར་བྱ་བཞིན་པ་དེ་ནི་རྟགས་དང་རྟགས་ཅན་ངེས་པའི་ཆེད་དུ་བརྡ་ལས་བྱུང་བ་ཅན་གྱི་མཚན་ཉིད་ངེས་པར་བསྟན་པར་བྱ་བ་སྟེ། བརྡ་ལ་ཡོད་པ་ནི་བརྡ་ལས་བྱུང་
བ་སྟེ། བརྡ་བྱས་པ་ཞེས་པའི་དོན་ཏོ། །འདི་ལྟ་སྟེ། འདིའི་འདི་ནི་ཞེས་པ་ལ་སོགས་པ་སྟེ། འདིའི་ཞེས་པས་རྟགས་གསུངས་སོ། །འདི་ནི་ཞེས་པ་ནི་རྗེས་སུ་དཔག་པར་བྱ་བའོ། །གང་གི་ཚེ་འདིའི་འདི་རབ་ཏུ་གྲུབ་པ་དང་། ཐེ་ཚོམ་མེད་པར་ཡང་འགྱུར་བའོ། །འདིའི་སྟེ་ཤེས་པར་བྱེད་པའམ་
འབྱུང་བར་བྱེད་པ་ལ་ནུས་པ་ཅན་གྱི་རྒྱུའི། འདི་ལྟ་སྟེ་གསལ་བར་བྱ་བའམ་འགྲུབ་པར་བྱ་བ་འབྲས་བུའོ་ཞེས་པའོ། །ཅི་སྟེ་འདིའི་རྒྱུ་མཐོང་བ་ལས་འབྲས་བུ་གཟུང་བར་བྱ་བ་མ་ཡིན་ན་ཡང་རྗེས་སུ་ངེས་པར་འགྱུར་ཏེ། དཔེར་ན་ཉིན་མོར་བྱེད་པ་ཤར་བར་མཐོང་བ་ལས་བུམ་པ་མངོན་པར་གསལ་བ་ལ་བཞིན་དང་།
སྣལ་མ་རྣམས་བྲེས་ཤིང་བརྐྱང་བར་གནས་པ་རྣམས་དང་ཐ་ག་པ་ལྷག་པར་གནས་པ་རྣམས་མཐོང་ནས་འབྱུང་བའི་སྣམ་བུ་ལ་བཞིན་ནོ། །དེ་ལྟར་གང་གི་ཚེ་འདིའི་འདི་རབ་ཏུ་གྲུབ་པ་དང་ཐེ་ཚོམ་མེད་པར་འགྱུར་བ་སྟེ། གསལ་བར་བྱ་བའམ་འགྲུབ་པར་བྱ་བའི་འབྲས་བུ་འདིའི་ཡང་འདི་རྒྱུའོ་ཞེས་པ་ཡིན་པ་ན།
དེ་ནས་འདིའི་འབྲས་བུ་ལྟ་བའི་ཕྱིར་ཞེས་པ་ལ་སོགས་པ་ཇི་ལྟར་རིགས་པར་བརྗོད་པར་བྱའོ། །འབྲེལ་པ་ཅན་རྣམ་པ་གཉིས་ཏེ་ཡང་དག་པར་ལྡན་པ་ཅན་ཡང་དཔེར་ན་དུ་བ་མེ་ལས་ལྟ་བུ་སྟེ། ཡང་དག་པར་འདུ་བ་ཅན་ཡང་དཔེར་ན་བ་ལང་གི་རྭ་ལྟ་བུའོ། །དོན་གཅིག་ལ་འདུ་བ་ཅན་ཡང་རྣམ་པ་གཉིས་

ཏེ། འབྲས་བུ་གཞན་གྱི་འབྲས་བུ་དང་། རྒྱུ་གཞན་གྱི་རྒྱུའོ། །དེ་ལ་རྒྱུའི་དོན་གཅིག་ལ་འདུ་བ་སྟེ། གཅིག་གི་དོན་རྣམས་ལ་འདུ་བའོ། །འབྲས་བུ་ཡང་གཅིག་ཏུ་དོན་རྣམས་ཀྱི་འདུ་བ་ཞེས་ཚིག་རྣམ་པར་སྦྱར་བ་ཐ་དད་པ་ལས་སོ། །དེ་ལ་འབྲས་བུ་ལས་འབྲས་བུ་གཞན་ལ་རྗེས་སུ་དཔོག་པ་ནི་
དཔེར་ན་གཟུགས་ལས་རེག་པ་ལྟ་བུའོ། །རྒྱུ་ལས་རྒྱུ་གཞན་ལ་ནི་དཔེར་ན་རྐང་པ་ལས་ལག་པ་དག་ལྟ་བུའོ། །འགལ་བ་ནི་རྣམ་པ་བཞི་སྟེ། བྱུང་བའི་མ་བྱུང་བ་ནི་དཔེར་ན་ཡོད་པ་མ་ཡིན་པའི་ཆར་པའི་ལས་ནི་ཡོད་པ་རླུང་དང་སྤྲིན་ཡང་དག་པར་སྦྱོར་བའི་སྟེ། དེ་ཡོད་ན་ཆར་པའི་ལས་མེད་པའི་ཕྱིར་རོ། །
བྱུང་བ་མ་བྱུང་བའི་ནི། ཆར་པའི་ལས་ཡོད་བཞིན་པ་དེ་ཁོ་ན་རླུང་དང་ཆར་པ་ཡང་དག་པར་སྦྱོར་བ་དེ་ཁོ་ནའི་སྟེ། ཤིན་ཏུ་འཇུག་པ་ཉིད་དང་རབ་ཏུ་འཇུག་པ་མེད་པ་ཉིད་རྟོགས་པར་བྱེད་དོ། །བྱུང་བ་བྱུང་བའི་ནི་གཤེར་བ་ཉིད་ཆུ་ལོན་འཆིང་བའི་སྟེ། གཤེར་བ་ཉིད་ཀྱི་འབྲས་བུ་རླན་པ་དང་འགལ་བའི་ཕྱིར་
གཤེར་བ་ཉིད་དང་འགལ་བར་བསྟན་ཏོ། །མ་བྱུང་བ་མ་བྱུང་བའི་ནི་མངོན་པར་གྲུབ་པ་ལྗང་གུ་ཉིད་ཀྱི་བུམ་པ་ཚོས་པ་ལས་སྐྱེས་པའི་ངོ་བོར་བྱུང་བ་ལ། མངོན་པར་གྲུབ་པའི་བུམ་པ་མེ་དང་ཡང་དག་པར་སྦྱོར་བའོ། །རྒྱུས་འབྲས་བུ་རྗེས་སུ་དཔག་པའི་གཏན་ཚིགས་དག་གོ་ཞེས་བརྗོད་དོ་ཞེས་པ་ཕ་
རོལ་པོའི་མངོན་པར་འདོད་པ་ལ་ཞེན་པ་དགོངས་པའོ། །འོ་ན་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་མཚན་ཉིད་དག་སྟེ། དེ་ལ་འབྲས་བུ་དང་རྒྱུ་དག་བཀག་གི །གསལ་བར་བྱ་བ་དང་གསལ་བར་བྱེད་པའི་མཚན་ཉིད་དག་ནི་མ་ཡིན་ནོ་ཞེ་ན། སྐྱོན་འདི་མེད་དེ། གསལ་བར་བྱ་བ་དང་གསལ་བར་བྱེད་
པའི་དངོས་པོ་ནི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་ཁོ་ནའོ། །དེ་ལྟར་ནི་ལྷན་ཅིག་བྱེད་པ་པོ་གསལ་བར་བྱེད་པ་ལས། ཉེ་བར་ལེན་པ་ལ་ལྟོས་ནས་ཤེས་པ་སྐྱེད་པར་རུང་བའི་སྐད་ཅིག་གཞན་སྐྱེས་པ་ཁོ་ན་ནི། བུམ་པ་ལ་སོགས་པ་རྣམས་ཀྱི་བསལ་བ་སྟེ། རྣམ་པ་གཞན་དུ་ན་དེས་བྱས་
པའི་ཕན་འདོགས་པ་ལ་ལྟོས་པ་མེད་པར་ཤེས་པ་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །ཕ་རོལ་པོ་ནི་རྨོངས་པ་ལས་སྐྱེད་པ་དང་བྲལ་བ་ཁོ་ནའི་ངོ་བོ་མ་དོར་བའི་བུམ་པ་ལ་སོགས་པའི་མངོན་པར་གསལ་བར་སེམས་སོ། །དེའི་རང་གི་ངོ་བོ་ངེས་པར་རྟོགས་པ་ཡང་མ་ཡིན་ནོ། །ཤེས་པ་སྐྱེད་བྱེད་

ཀྱི་ནུས་པ་མངོན་པར་གསལ་བའོ་ཞེ་ན། དེ་ལྟ་ན་འོ་མ་བུམ་པ་ལ་སོགས་པ་ཁོ་ན་མངོན་པར་གསལ་བར་བྱེད་པས་བྱའོ་ཞེས་འཐོབ་སྟེ། ནུས་པ་ནི་དེའི་བདག་ཉིད་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །དོན་གཞན་ཉིད་ན་བུམ་པ་ལ་སོགས་པ་ལ་ཕན་མི་འདོགས་པར་ཐལ་བའི་ཕྱིར་རོ། །
ནུས་པ་ལས་ཤེས་པ་སྐྱེ་བའི་ཕྱིར་བུམ་པ་ལ་སོགས་པ་རྣམས་རྟག་ཏུ་འཛིན་པ་མ་ཡིན་པར་ཡང་ཐལ་བར་འགྱུར་ཏེ། རྒྱུ་མ་ཡིན་པ་ནི་ཡུལ་དུ་འཐད་པ་མ་ཡིན་པས་སོ། །དེའི་ཡང་དེ་ལ་ནུས་པའོ་ཞེ་ན། འབའ་ཞིག་པས་ཀྱང་སྐྱེད་པར་བྱེད་པར་འགྱུར་རོ། །ལྷན་ཅིག་བྱེད་པ་ལ་ལྟོས་ནས་སྐྱེད་པར་བྱེད་ཀྱི་
འབའ་ཞིག་པས་མ་ཡིན་ནོ་ཞེ་ན། ཕན་གདགས་བྱ་མ་ཡིན་པའི་ལྟོས་པ་འདི་ཅི་ཞིག །ཤེས་པ་མངོན་པར་གསལ་བའོ་ཞེ་ན། རྟག་ཏུ་བུམ་པ་ལ་སོགས་པ་མི་འཛིན་པར་ཐལ་ལོ་ཞེས་པ་ལ་སོགས་པ་ཐམས་ཅད་སླར་ཡང་འཇུག་གོ། །དེས་ན་ཕ་རོལ་པོས་ཡོངས་སུ་བརྟགས་པའི་མངོན་པར་གསལ་
བ་ནི་འཐད་པ་མ་ཡིན་ཏེ། དེའི་ཕྱིར་དེ་ནི་རྟགས་དང་རྟགས་ཅན་གྱི་དངོས་པོ་མ་ཡིན་ནོ། །སྣལ་མ་ལ་སོགས་པ་ཡན་ལག་རྣམས་ལས་གཞན་པའི་ཡན་ལག་ཅན་གྱི་རྫས་བུམ་པ་ལ་སོགས་པར་རྟོགས་པར་བྱ་བ་ཡང་མ་ཡིན་ཏེ། དེའི་ཕྱིར་རང་བཞིན་མི་དམིགས་པས་ཡོད་པ་ཉིད་གསལ་བར་བྱས་
པ་ཅན་དེ་ནི་མེད་པ་ཁོ་ནའོ། །དེས་ན་དེ་རྣམས་ཀྱིས་དེའམ། དེས་དེ་རྣམས་རྗེས་སུ་དཔོག་པ་ག་ལ་ཡིན། དེ་ཡོད་པ་ཉིད་ན་ཡང་རྒྱུ་ལས་རྗེས་སུ་དཔོག་པ་རིགས་པ་མ་ཡིན་ཏེ། འཁྲུལ་པའི་ཕྱིར་རོ་ཞེས་བརྗོད་ཟིན་ཏོ། །དེ་ལྟར་འགྱུར་མོད་རྒྱུ་ཚོགས་པས་འབྲས་བུ་སྲིད་པ་རྗེས་སུ་དཔག་པར་
བྱའོ་ཞེ་ན། འདི་མི་རིགས་ཏེ། མངོན་སུམ་ངེས་པའི་བདག་ཉིད་ཅན་དུ་ཁས་བླངས་པའི་ཕྱིར་རོ། །རྒྱུ་ནི་སྐྱེད་པར་བྱེད་པ་ཁོ་ནར་འགྱུར་བ་གེགས་བྱེད་པ་མི་འབྱུང་བ་ཅན་ནམ། སྐྱེད་པར་བྱེད་པ་མ་ཡིན་པ་ཁོ་ནའང་གེགས་ངེས་པར་འབྱུང་བ་ཅན་ཡིན། བརྟག་པ་སྔ་མ་ལ་ནི། དེ་དེའི་ངོ་བོར་མངོན་
སུམ་གྱིས་ངེས་སོ་ཞེས་པས། དེ་ལས་ཁྱད་པར་ཅན་གྱི་འབྲས་བུ་སྐྱེད་པ་རྗེས་སུ་དཔག་པ་ཁོ་ནར་འགྱུར་ན་འགྱུར་བ་ཡང་མ་ཡིན་ནོ། །ཇི་ལྟར་རྒྱུ་ལས་འབྲས་བུ་ཡོངས་སུ་བཅད་ནས་དེའི་དོན་ལ་རབ་ཏུ་འཇུག་བཞིན་པ་སླུ་བ་མེད་པ་མཐོང་བ་བཞིན་ནོ། །ཕྱོགས་གཉིས་པ་ལ་ནི་རྒྱུ་ཁོ་ནར་དེ་མི་

འགྱུར་རོ་ཞེས་པའི་ངེས་པ་ཡོད་པ་ན། དེ་ལས་འབྲས་བུ་འབྱུང་བ་རྗེས་སུ་དཔག་པ་ག་ལ་ཡིན། མེ་གྲང་བའི་རྒྱུར་གྱུར་པ་མ་ཡིན་ན་ཞེས་ངེས་པ་ཡོད་པ་ལ་འགའ་ཞིག་མེས་གྲང་བ་ཡང་དག་པར་འབྱུང་བ་རྗེས་སུ་དཔོག་པ་ནི་མ་ཡིན་པས་སོ། །དེ་ལྟར་ཕ་རོལ་པོའི་འདོད་པས་རྒྱུས་འབྲས་བུ་དག་
རྗེས་སུ་དཔོག་པའི་གཏན་ཚིགས་དག་མ་ཡིན་ནོ། །ལྡན་མིན་རྟོགས་མེད་ལ་འགྲུབ་ཕྱིར། །ཞེས་པ་གང་མ་བཟུང་བ་ན་ཡང་གང་ལ་རྗེས་སུ་དཔོག་པ་དེ་ནི་རྗེས་སུ་དཔོག་པའི་རྒྱུ་མ་ཡིན་ཏེ། དཔེར་ན་ཆུའི་མེ་བཞིན། མེ་དང་དུ་བའི་ལྡན་པ་མ་བཟུང་བ་ན་ཡང་མེ་རྗེས་སུ་དཔོག་པར་འགྱུར་རོ། །
ཁྱབ་པར་བྱེད་པ་དང་འགལ་བའོ། །ཡང་ཅི་ལྟར་དེ་མ་རྟོགས་པ་ན་ཡང་འགྲུབ་པ་ཡིན་ཞེ་ན། སྨྲས་པ། མཐོང་བའི་ཕྱིར་ཞེས་པ་ལ་སོགས་པ་སྟེ། ལྡན་པ་ནི་གཉིས་ལ་གནས་པ་ཉིད་ཀྱི་ཕྱིར་གཉིས་ཉིད་བཞིན་དུ་རྟེན་ཐམས་ཅད་མཐོང་བ་སྔོན་མ་ཅན་ཁོ་ནས་འཛིན་པར་འགྱུར་ལ། རྗེས་སུ་
དཔག་པའི་དུས་ན་ཡང་རྟེན་ཐམས་ཅད་མ་མཐོང་བའི་ཕྱིར་ལྡན་པ་འཛིན་པ་མི་སྲིད་པ་ཁོ་ནའོ། །དེ་སྟེ་ཡང་མེད་ན་མི་འབྱུང་བ་ཉིད་དྲན་པ་ལས་དུ་བས་མེ་རྗེས་སུ་དཔག་པར་བྱ་བ་མ་ཡིན་ནོ། །འདིར་འགྱུར་མོད་འདི་ནི་མ་ཤེས་པ་ཁོ་ནར་རྗེས་སུ་དཔོག་པའི་གཏན་ཚིགས་སུ་འགྱུར་རོ་ཞེ་ན། གསུངས་
པ། ཤེས་པའི་རྒྱུ་ཉིད་ཁོ་ནས་ཀྱང་། །ཞེས་པ་ལ་སོགས་པ་སྟེ། རང་གི་ཡུལ་ཅན་གྱི་ཤེས་པའི་རྒྱུས་ཞེས་པའི་དོན་ཏོ། །གང་ཕྱིར་ཤེས་པར་བྱེད་པ་ཐམས་ཅད་ནི་རང་གི་ཡུལ་ཅན་གྱི་ཤེས་པ་ཉེ་བར་སྐྱེད་པར་བྱེད་ཅིང་ཤེས་པར་བྱ་བའི་དོན་ཤེས་པར་བྱེད་དེ་སྒྲོན་མ་བཞིན་ནོ། །རྣམ་པ་
གཞན་དུ་ན་མ་བཟུང་བའི་དུ་བ་ལས་ཀྱང་མེ་ལ་རྟོགས་པར་འགྱུར་རོ། །ལྡན་པ་ཡང་ཞེས་པ་ལ་སོགས་པ་སྟེ། གང་ལྡན་པའི་རྟེན་ཡིན་པ་དེ་སོ་སོར་སྦྱོར་བ་གཉིས་པ་ལ་རྟོགས་པར་བྱེད་པའི་གཏན་ཚིགས་ཏེ། དཔེར་ན་དུ་བ་བཞིན། མེ་ཡང་དེ་ལྟ་བུའོ་ཞེས་རང་བཞིན་གྱི་ཐལ་འགྱུར་གསུངས་
སོ། །དེ་ལྟར་འགྱུར་མོད། འདི་ནི་འདོད་པ་ཁོ་ནའོ་ཞེ་ན་གསུངས་པ། མཐོང་ཞེས་པ་ལ་སོགས་པའོ། །འོ་ན་དུ་བ་ཡང་གནས་ཀྱི་ཁང་པ་ལ་སོགས་རྣམས་སུ་མེ་མེད་པ་ལས་འབྱུང་བ་མཐོང་བ་ཁོ་ནའོ། །དེས་ན་གང་གིས་གཅིག་ལ་མངོན་པར་གསལ་བར་བྱེད་པ་ཉིད་དུ་ཐལ་བར་

འགྱུར་བར་རྩོད་ཅིང་ཅིག་ཤོས་ལ་མ་ཡིན་པ་འདི་དག་གི་ཁྱད་པར་ཅི་ཡིན། འདི་ལྟར་སེམས་ཏེ་གལ་ཏེ་ཡང་དུ་བའི་ལྡན་པ་ཅན་ཉིད་ད་ལྟར་བྱུང་བ་མེད་མོད། བྱུང་བ་སྔོན་མ་ནི་ཡོད་པ་ཁོ་ན་སྟེ། རྒྱུ་མཚན་ཅན་ནི་རྒྱུ་མཚན་ལ་མི་འཁྲུལ་བའི་ཕྱིར་རོ། །སྐྱེ་བཞིན་པ་ཁོ་ནའི་དུ་བ་
ནི་མེ་དང་ལྡན་ཞིང་། མེ་ནི་དེའི་རྒྱུ་མཚན་ཡིན་ལ། གདོན་མི་ཟ་བར་རྒྱུ་མཚན་རྣམས་ནི་རྒྱུ་མཚན་ཅན་ལ་འཇུག་པར་འགྱུར་བ་ཡང་མ་ཡིན་ནོ། །དེའི་ཕྱིར་དེ་གནས་སྐབས་གང་དུ་ཡང་བྱུང་བ་སྔོན་མ་ཅན་གྱིས་ཡང་ལྡན་པ་ཅན་ཉིད་སྲིད་པ་མ་ཡིན་ནོ་ཞེས་པའོ། །དེ་ལྟར་གང་གི་ཕྱིར་མེ་ནི་རེས་འགའ་དུ་
བའི་རྒྱུ་མཚན་ཡིན་ལ་རེས་འགའ་རྒྱུ་མཚན་མ་ཡིན་པ་དེའི་ཕྱིར་འཁྲུལ་པ་ཉིད་ལས་དེ་དུ་བའི་ངོར་མངོན་པར་གསལ་བར་བྱེད་པ་ཉིད་མ་ཡིན་ནོ། །ལྡན་པ་རྗེས་སུ་དཔོག་པའི་རྒྱུར་འདོད་པ་ལ་ནི་དེ་འཐོབ་བོ་ཞེས་བརྩད་པར་བྱའོ། །དམིགས་ཀྱིས་བསལ་བའི་ཕྱིར་ཞེས་པ་ལ་སོགས་པ་སྟེ། ཐེ་ཚོམ་ཟ་
བའི་མཉན་པས་མ་ངེས་པ་ཉིད་སྨྲས་ཏེ། ཐེ་ཚོམ་གྱི་རྒྱུ་ཉིད་ཀྱི་ཕྱིར་རོ། །ཡང་ཅི་ལྟར་ལྡན་པ་ཅན་ཉིད་མཚུངས་པ་ཉིད་ལ་མེའི་མ་ངེས་པ་ཉིད་དང་དུ་བའི་མ་ཡིན་པ་ཅི་ལྟར་ཞེ་ན་སྨྲས་པ། དེ་གདོན་མི་ཟ་བར་མ་ཡིན་ཞེས་པ་ལ་སོགས་པའོ། །ཐ་དད་མིན་ཕྱིར་ཞེས་པས་ལྡན་པ་ནི་ཐོབ་པ་ཡིན་ལ།
དེ་ཐ་དད་པ་ཡོད་པ་ཡང་མ་ཡིན་ཏེ། དེ་ལས་ཀྱང་ཇི་ལྟར་གཅིག་གི་ཐོབ་པ་དེ་ལྟར་གཉིས་པའི་ཡང་ངོ་ཞེས་པ་མེ་གཅིག་པུ་ལ་རྒྱུ་མ་ཡིན་པར་རིགས་པ་མ་ཡིན་ནོ། །དེ་ལྟར་འགྱུར་མོད་ལྡན་པའི་རྟེན་འགའ་ཞིག་ནི་འཁྲུལ་པ་སྟེ་གང་དེ་ལ་འཁྲུལ་པའོ། །འགའ་ཞིག་ནི་མི་འཁྲུལ་བ་སྟེ་གང་
འཁྲུལ་པ་མེད་པའོ། །དེ་ལ་གང་ཞིག་འདིའི་རྟེན་མི་འཁྲུལ་བ་དེ་ཁོ་ན་རྟགས་ཉིད་དུ་འདོད་ཀྱི་ཅིག་ཤོས་ནི་མ་ཡིན་ནོ། །དེའི་ཕྱིར་ལྡན་པ་གཟུང་བ་ཞེས་པ་ཁོ་ན་རྗེས་སུ་དཔོག་པའི་རྒྱུ་མ་ཡིན་གྱི། འོ་ན་ཅི་ཞེ་ན། གང་གི་ཚེ་འདི་ནི་འདིའི་རྟེན་འཁྲུལ་པ་ཅན་ནོ། །འདི་ནི་འཁྲུལ་པ་མེད་པའོ་ཞེས་
པ་འདི་ལྟར་ཡང་འཁྲུལ་པ་དང་། འཁྲུལ་པ་མེད་པའི་རྟེན་ཉིད་ཀྱིས་རྣམ་པར་དཔྱོད་པ་སྔོན་མ་ཅན་གཟུང་བར་བྱ་སྟེ། དེ་ཁོ་ན་འཁྲུལ་པ་མེད་པའི་རྟེན་ལ་རྟོགས་པར་བྱེད་པ་ཉིད་འཛིན་པའོ། །དེས་ན་འཁྲུལ་པ་མེད་པ་དེ་ཁོ་ནས་རྗེས་སུ་དཔག་པར་བྱའོ་ཞེས་པས་ཇི་སྐད་བརྗོད་པའི་སྐྱོན་གྱི་གནས་

མེད་དོ་ཞེས་གསུངས་པ། མ་ཡིན་ཞེས་པ་ལ་སོགས་པ་སྟེ། ལྡན་པ་ནི་ལྷན་ཅིག་གམ་གཅིག་མ་ཡིན་པར་གཟུང་བར་བྱ་བ་ཡིན། བདག་ཉིད་ཕུལ་དུ་བྱུང་བ་ཅི་ཡང་སྒྲུབ་པར་མི་བྱེད་དེ། གང་གིས་ལན་ཅིག་མ་ཡིན་པར་ལྡན་པ་གཟུང་བར་བྱ་བ་དེ་རྗེས་སུ་དཔོག་པའི་རྒྱུ་ཉིད་དུ་འགྱུར་བའོ། །
གལ་ཏེ་ཡང་དེ་བཟུང་ཟིན་པར་གྱུར་ཡང་སླར་ཡང་འཁྲུལ་པ་དང་མ་འཁྲུལ་བའི་རྟེན་ཉིད་དུ་འཛིན་པ་ལྟོས་པ་ཡིན་ན། དེ་ལྟར་གྱུར་ན་གཞན་ཁོ་ན་མེད་ན་མི་འབྱུང་བའི་འབྲེལ་པ་ཉིད་དུ་ཁས་བླངས་པར་འགྱུར་གྱི། ལྡན་པ་ནི་མ་ཡིན་ནོ། །དེའི་ཕྱིར་དེ་ཁས་ལེན་པར་བྱེད་པ་ན། འདིའི་ཅིག་ཅར་
ཁོ་ན་འཛིན་པ་ཚད་མར་བྱ་བའོ། །དེ་ལས་ཀྱང་འདིའི་འཁྲུལ་པ་དང་མ་འཁྲུལ་པ་ཉིད་དུ་རྣམ་པར་དཔྱད་པ་ག་ལས་ཡིན་ཞེས་པའོ། །གང་གི་ཡང་མེད་ན་མི་འབྱུང་བ་ཉིད་འབྲེལ་པ་ཡིན་པ་དེའི་ཡང་སྐྱོན་འདི་ཅི་ལྟར་མི་འབྱུང་ཞེ་ན་གསུངས་པ། གང་གི་ནི་ཞེས་པ་ལ་སོགས་པ་སྟེ། གདོན་
མི་ཟ་བར་སྨོས་པ་ནི། བྱས་པ་ཉིད་དང་མི་རྟག་པ་ཉིད་ལ་སོགས་པ་ལ་མེད་ན་མི་འབྱུང་བ་ཉིད་ཀྱང་གཉིས་ཀ་ལ་འཇུག་པའི་ཕྱིར་རོ། །ཆ་འགའ་ཡིས་མིན་ཞེས་པ་ལ་སོགས་པས་ནི། མེའི་ངོ་བོ་གང་ཞིག་དུ་བ་ལ་ལྡན་པ་ཅན་ཡིན་པ་དེ་ནི་དུ་བའི་གོ་བར་བྱ་བ་སྟེ། མེ་ལ་སོགས་པའི་ངོ་བོ་
བཞིན། འབར་བ་ལ་སོགས་པའི་ངོ་བོ་ཡང་དེ་ལྟ་བུའོ། །དེ་བཞིན་དུ་དུ་བའི་ངོ་བོ་གང་ཞིག་མེ་དང་ལྡན་པ་ཅན་ཡིན་པ་དེ་ནི་མེའི་གོ་བར་བྱེད་པ་ཡིན་ཏེ། དུ་བ་ཉིད་ལ་སོགས་པའི་ངོ་བོ་བཞིན། རྫས་ལ་སོགས་པའི་ངོ་བོ་ཡང་དེ་ལྟ་བུའོ་ཞེས་རང་བཞིན་གྱི་ཐལ་འགྱུར་གཉིས་གསུངས་སོ། །
འབར་བ་ལ་སོགས་པའི་མཉན་པས་ཀྱང་འདིར་དེ་དང་ལྡན་པའི་མེའི་ངོ་བོ་ཁོ་ན་གསུངས་ཀྱི་ཡོན་ཏན་དང་སྤྱི་དག་ནི་མ་ཡིན་ཏེ། དེ་དག་གི་ལྡན་པ་ཅན་ཉིད་མི་སྲིད་པའི་ཕྱིར་རོ། །ཇི་ལྟར་ཡང་ཞེས་པ་ལ་སོགས་པ། ཇི་སྐད་བཤད་པའི་སྐྱོན་ནི་འབྲེལ་པ་གཞན་ལ་ཡང་བསྒྲེས་ནས་སྟོན་ཏོ། །
འགལ་བ་རྣམས་ལ་སྲིད་པའི་ཕྱིར། །ཞེས་པ་སྲིད་པ་སྨོས་པས་ནི་བྱུང་ཟིན་པ་ཁོ་ནའི་འགལ་བ་ལ་ཐལ་བར་འགྱུར་བ་འདི་སྟེ། མ་བྱུང་བ་ལ་ནི་མ་ཡིན་ཏེ། དེ་ལ་སྤྱི་དང་ཁྱད་པར་མི་འཐད་པའི་ཕྱིར་ཞེས་སྟོན་ཏོ། །རྟགས་ཀྱི་ཞེས་པ་ལ་སོགས་པ་སྟེ། རྟགས་ཀྱི་སྟེང་དུ་བ་ལ་སོགས་

པའི་གཞན་དང་སྤྱི་གང་ཡིན་པ་རྫས་ཉིད་ལ་སོགས་པའི་ངོ་བོ་དང་། གང་ཡང་འབར་བ་ལ་སོགས་པ་ཁྱད་པར་རྣམས་ཏེ། དེ་གཉིས་ཀ་ལ་ཡང་གསལ་བར་བྱེད་པ་དང་གསལ་བར་བྱ་བར་མི་འགྱུར་རོ། །འདིར་ཡང་བར་ཆོད་པ་སྦྲེལ་བར་བལྟ་བར་བྱ་སྟེ། རྟགས་ནི་
གཞན་དང་ཐུན་མོང་དང་། །རྟགས་ཅན་གྱི་ནི་ཁྱད་པར་རྣམས། །གསལ་བྱེད་གསལ་བྱ་མིན་ཞེས་པའོ། །སྡེབ་སྦྱོར་གྱི་ངོར་དེ་ལྟར་ཀླགས་པའོ། །གཞན་ལ་སྟེ་བྱེ་བྲག་པ་ལ་སོགས་པ་རྣམས་ཀྱི་ལྟར་ནའོ། །རྣམ་པ་ཀུན་དུ་ཐལ་བར་འགྱུར་ཏེ་གསལ་བྱེད་དང་གསལ་བྱའི་ལྡན་པ་ལ་སོགས་པའི་
འབྲེལ་པ་ཁྱད་པར་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །ལྡན་པ་ཅན་ཙམ་རྟོགས་པར་ཐལ་བར་འགྱུར་རོ་ཞེས་པ་ལྡན་པ་ཅན་གྱི་རྣམ་པ་ཙམ་གྱིས་རྗེས་སུ་དཔག་པར་བྱ་བ་འཛིན་པར་འགྱུར་རོ་ཞེས་པའི་དོན་ཏོ། །འདི་ག་ལས་ཤེ་ན་གསུངས་པ། གཞན་དུ་ན་ཞེས་པ་ལ་སོགས་པའོ། །འབྲེལ་
པའི་རྗེས་སུ་མཐུན་པར་རྟགས་ཀྱིས་རྟགས་ཅན་གོ་བར་བྱེད་དོ། །དེའི་ཕྱིར་ལྡན་པའི་དབང་གིས་རྟགས་ཀྱིས་རྟོགས་པར་བྱེད་པར་འགྱུར་ཞིང་། ལྡན་པ་ཅན་གྱི་ངོ་བོར་བཟུང་བ་དེའི་ངོ་བོ་ཁོ་ནས་རྟོགས་པར་འགྱུར་ཏེ། ལྡན་པ་ཅན་ཉིད་ནི་ལྡན་པ་ཅན་གཞན་ལ་ལྟོས་པ་ཉིད་ཀྱི་ཕྱིར་རོ། །དེ་སྐད་དུ་ཡང་
བཤད་པ། གང་འདི་འདིའི་ལྡན་པ་ཅན་དུ་རབ་ཏུ་གྲུབ་ཅིང་ཐེ་ཚོམ་མེད་པར་འགྱུར་ན། དེ་ནས་འདིའི་འབྲེལ་པ་ཅན་འཛིན་པའི་ཕྱིར། འབྲེལ་པ་ཅན་གཟུང་བ་མ་ཡིན་པ་ལ་ཡང་རྗེས་སུ་ངེས་པར་འགྱུར་རོ་ཞེས་པའོ། །འདིར་འགྱུར་མོད་མེའི་ངོ་བོ་ཁོ་ནས་ལྡན་པ་སྟེ། དེའི་ཕྱིར་དེའི་ངོ་བོས་
ཀྱང་རྟོགས་སོ། །གང་ཡང་དེ་ནས་འདིའི་ཞེས་པ་ལ་སོགས་པ་བཤད་པ་དེ་ལ། འབྲེལ་པ་ཅན་ལ་ཞེས་པ་འདིས་ཁྱད་པར་ཁོ་ན་ལ་མཆོག་ཏུ་སྙེགས་པ་སྟེ། ལྡན་པ་ཅན་ཡན་ལག་ཅན་གྱི་ངོ་བོ་ཙམ་ནི་མ་ཡིན་ནོ་ཞེ་ན་གསུངས་པ། འདིར་ཡང་མ་ཡིན་ཞེས་པ་ལ་སོགས་པའོ། །
ཡང་ན་དོགས་པར་མ་བྱས་ནས། ཕྱོགས་སྔ་མ་ལ་སྐྱོན་གཞན་ཁོ་ན་འདིས་གསུངས་སོ། །གལ་ཏེ་དུ་བས་ལྡན་པ་ཅན་གྱིས་མེ་ཡོད་པ་ཉིད་སྒྲུབ་པར་བྱེད་ན། མེ་དང་དུ་བ་ལྡན་པ་ནི་རྗེས་སུ་དཔོག་པ་ལ་ཡན་ལག་ཏུ་འགྱུར་ན། འདིར་ནི་བསྒྲུབ་པར་བྱ་བ་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན།

གསུངས་པ། དེ་རྟོགས་ཟིན་པ་ཉིད་ཀྱི་ཕྱིར་ཞེས་པའོ། །འོ་ན་ཅི་བསྒྲུབ་པར་བྱ་བ་ཡིན་ཞེ་ན་གསུངས་པ། གང་དུ་ནི་ཞེས་པ་ལ་སོགས་པ་སྟེ། ཅིའི་ཕྱིར་ཞེ་ན། འདིར་འདི་ཞེས་པའི་ཚིག་ལས་འདིར་གྱི་སྒྲས་འདིར་ཡུལ་གྱི་རྟེན་ཉིད་དུ་རྟོགས་པར་བྱའོ། །འོ་ན་རྟེན་ནི་སྤྱི་ཡིན་ཞིང་། འདིར་
ཞེས་པའི་ཚིག་གིས་བསྒྲུབ་པར་བྱ་བ་ཡིན་ན། དེ་ལ་དེ་ལས་ཁྱད་པར་རྟོགས་པ་ག་ལས་ཡིན་ཞེ་ན་གསུངས་པ། རྣམ་པ་གཞན་དུ་ན་ཞེས་པ་ལ་སོགས་པ་སྟེ། འདིས་ནི་ཁྱད་པར་དོན་གཞན་ཉིད་མི་སྲིད་པར་གསལ་བར་བྱེད་དོ། །གང་དུ་འདིར་ཞེས་པའི་ཚིག་འདི་དོན་གཞན་མི་སྲིད་པ་
ཡིན་པ་དེར། རབ་ཏུ་འཇུག་པའི་རྟེན་བརྗོད་པར་འདོད་པ་ཡིན་ཏེ། དཔེར་ན་འདི་ཁྲོན་པ་ཞེས་པའི་ངག་ལ་བཞིན། འདིར་མེ་ཞེས་པ་འདི་ལ་ཡང་འདིར་ཞེས་པའི་ཚིག་ནི་དོན་གཞན་མི་སྲིད་པ་ཅན་ཡིན་ནོ། །འབྲས་བུའོ། །འོ་ན་ཁྱད་པར་མ་གྲུབ་པ་མ་ཡིན་ནམ། དུ་བ་ཁོ་ན་འདིར་ཞེས་པ་
འདིས་བརྗོད་པར་འདོད་པ་ཉིད་ཀྱི་ཕྱིར་རོ་ཞེ་ན་གསུངས་པ། དུ་བ་ལ་མེ་ཞེས་པ་ལ་སོགས་པ་སྟེ། དམ་བཅའི་དོན་གྱི་ཕྱོགས་གཅིག་ཉིད་ནི་བསྒྲུབ་པར་བྱ་བའི་ཆོས་ཅན་ཁོ་ན་གཏན་ཚིགས་ཉིད་དུ་མངོན་པར་བརྗོད་པའི་ཕྱིར་རོ། །འོ་ན་ཁྱད་པར་དམ་བཅའི་ཕྱོགས་གཅིག་ཡིན་ལ། སྤྱི་གཏན་
ཚིགས་ཏེ། དེས་ན་སྐྱོན་འདི་ག་ལས་ཡིན་ཞེ་ན། འདི་ལྟར་སེམས་ཏེ། མེ་དང་དུ་བ་དག་གི་ལྡན་པ་འབྲེལ་པར་འདོད་པས་གཏན་ཚིགས་ཀྱང་ཁྱད་པར་གྱི་མཚན་ཉིད་ཀྱི་བདག་ཉིད་ཁོ་ནར་ཁས་བླང་བར་བྱ་སྟེ། སྤྱི་ནི་མ་ཡིན་ནོ། །རྣམ་པ་གཞན་དུ་ན་རྫས་དག་ཁོ་ན་ཕན་ཚུན་ལྡན་པ་མི་སྲིད་པར་
འགྱུར་ན། གང་གི་ཕྱིར་འདི་ནི་བསྟན་བཅོས་སུ་འདོད་པས་ཡང་ངོ་། །དེ་ལས་ཀྱང་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་སུ་འགྱུར་རོ། །འདིར་ཡང་འདི་བརྗོད་པར་བྱ་བ་ཁོ་ན་སྟེ། འདིར་མེ་ཡོད་པ་བསྒྲུབ་པར་བྱ་བ་ཡང་མ་ཡིན་ཏེ། དེ་ནི་རྟོགས་ཟིན་པ་ཉིད་ཀྱི་ཕྱིར་ཞེས་པ་
ལ་སོགས་པའོ། །ལན་དེ་བརྗོད་པར་བྱ་བ་ཡིན་དུ་ཟད་མོད། གང་ལ་ཇི་སྐད་བཤད་པའི་སྐྱོན་ལས་གྲོལ་བ་མ་ཡིན་ནོ། །འདིར་ནི་དུ་བའི་ཁྱད་པར་ལ་ཡང་མེ་བསྒྲུབ་པར་བྱ་བ་ལ། སྐྱོན་དང་བཅས་པ་དེའི་གནས་སྐབས་ཁོ་ནའོ། །དེའི་ཕྱིར་འདིའི་ལན་མ་ཡིན་ནོ་ཞེས་པའོ། །གལ་ཏེ་

དེ་ལྟ་ན་རྫས་དག་ཁོ་ནའི་ཕན་ཚུན་ནི་ལྡན་པའོ་ཞེས་པ་གཞུང་ལུགས་ཏེ། འོ་ན་དེ་ལྟ་ན་མེ་ཡང་ཁྱད་པར་ཁོ་ན་རང་གི་མཚན་ཉིད་ཀྱི་རྣམ་གྲངས་པ་བསྒྲུབ་པར་བྱ་བ་ཉིད་དུ་ཁས་བླང་བར་བྱ་བ་མ་ཡིན་ནམ། དེ་ལས་ཀྱང་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་རང་གི་མཚན་ཉིད་ཀྱི་
བདག་ཉིད་ཡིན་པ་ཉིད་ཀྱི་ཕྱིར་གཏན་ཚིགས་ཐམས་ཅད་ཐུན་མོང་མ་ཡིན་པར་འགྱུར་རོ། །དཔེ་ཡང་བསྒྲུབ་བྱ་དང་སྒྲུབ་བྱེད་དང་བྲལ་བའོ་ཞེ་ན། འདི་ནི་བདེན་ཏེ། དེའི་ཕྱིར་གསུངས་པ། དེའི་ཕྱིར་རྟགས་དང་རྟགས་ཅན་དག་གདོན་མི་ཟ་བར་ལྡན་པ་མ་ཡིན་གྱི་ཞེས་པ་སྟེ། འདིར་ཁས་
བླང་བར་བྱའོ་ཞེས་བརྟག་པར་བྱ་སྟེ། གང་གི་ཕྱིར་ལྡན་པའི་འབྲེལ་པ་ལ་དེ་ལྟ་བུའི་སྐྱོན་ཡིན་པ་དེའི་ཕྱིར་རྟགས་དང་རྟགས་ཅན་དག་ལྡན་པའི་འབྲེལ་པ་ཅན་དུ་ཁས་བླང་བར་བྱ་བ་མ་ཡིན་པ་ཁོ་ནའོ། །གདོན་མི་ཟ་བ་སྨོས་པས་ནི་ངེས་པར་གཟུང་བ་བསྟན་པའོ། །འོ་ན་ཅི་ཞེ་ན། མེད་ན་མི་འབྱུང་བ་ཉིད་
ཁོ་ན་ཞེས་པ། དེ་ལ་སྐྱོན་མེད་པ་ཉིད་ཀྱི་ཕྱིར་རོ། །འོ་ན་ཡང་དེ་ཡང་སྐྱོན་དང་བཅས་པ་ཁོ་ན་མ་ཡིན་ནམ། མ་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །གང་ཕྱིར་དེ་ཐམས་ཅད་ཀྱི་ཚེ་རྟགས་ལ་འབྱུང་བར་འགྱུར་བ་ནི་མ་ཡིན་པས་ཏེ། དེ་ལྟར་ནི་མེས་སྟོང་པའི་ཡུལ་དང་དུས་དག་ན་ཡང་འགའ་ཞིག་གི་ཚེ་དུ་བ་ཉེ་
བར་དམིགས་པས་སོ་ཞེ་ན་གསུངས་པ། ཡུལ་དང་ལས་ལ་ལྟོས་པ་ནི། །ཞེས་པ་ལ་སོགས་པ་སྟེ། ཇི་ཙམ་གྱི་ཡུལ་དུ་དུ་བ་མེ་མེད་པར་མཐོང་བ་མ་ཡིན་པ་དེ་ལ་ལྟོས་པས་མེད་ན་མི་འབྱུང་བ་ཉིད་དུ་འགྱུར་ལ། དུས་ཇི་ཙམ་གྱིས་ཏེ། གཙུབ་ཤིང་གཙུབས་པ་ལ་སོགས་པའི་གནས་སྐབས་
ནའོ། །སོགས་པའི་སྒྲས་དེ་ལས་གཞན་པའི་གནས་སྐབས་མེ་ཉེ་བར་གྱུར་པ་ན་ཡང་། དུ་བ་མེ་དང་མེད་ན་མི་འབྱུང་བར་ཉེ་བར་དམིགས་པ་ནི་དེ་ལ་ལྟོས་པས་མེད་ན་མི་འབྱུང་བ་ཉིད་དོ། །འདུ་བ་ཡང་ཞེས་པ་ལ་སོགས་པ་སྟེ། གང་འབྲེལ་པ་ཉེ་བར་མ་དམིགས་པ་འདི་ནི་རྗེས་སུ་དཔོག་པའི་
རྒྱུ་མ་ཡིན་ཏེ། དཔེར་ན་རྒྱུ་དང་འབྲས་བུའི་དངོས་པོ་རབ་ཏུ་མ་གྲུབ་པ་འགའ་ཞིག་དག་གི་བཞིན། འདུ་བ་ཡང་རབ་ཏུ་མ་གྲུབ་པའོ་ཞེས་པ་ཁྱབ་པར་བྱེད་པ་མི་དམིགས་པ་གསུངས་པའོ། །འབྲེལ་པ་ནི་ཞེས་པ་ལ་སོགས་པ་དཔེ་གསལ་བར་བྱེད་པའོ། །མ་ཡིན་ཞེས་པ་ལ་སོགས་པ་

འདི་ཉིད་ཀྱི་རྣམ་པར་འབྲེལ་པའོ། །རྟོགས་པ་མེད་པའི་ཡང་ཞེས་པ་སྟེ། གང་ཞིག་གི་ཡང་འདུ་བ་ཅན་གྱི་ཡུལ་ཅན་རྟོགས་པ་ཡོད་པ་མ་ཡིན་པ་དེའི་ཡང་རྭ་ལ་སོགས་པ་ལ། མེད་ན་མི་འབྱུང་བ་ཉིད་དྲན་པ་ལས་བ་ལང་ལ་སོགས་པ་ཡང་དག་པར་རྟོགས་པར་མཐོང་ངོ་། །དེའི་ཕྱིར་མེད་ན་མི་
འབྱུང་བ་ཉིད་ཁོ་ན་རྗེས་སུ་དཔོག་པའི་རྒྱུ་ཡིན་ཏེ། དེ་ཡོད་པའི་དངོས་པོ་དག་དེ་དང་ལྡན་པ་ཉིད་ཀྱི་ཕྱིར། མྱུ་གུའི་ས་བོན་བཞིན་ནོ། །འདི་ལ་ཡང་དེ་ཁོ་ན་ཞེས་པ་ལ་སོགས་པས་དོན་གཅིག་ལ་འདུ་བ་ལ་འདུ་བའི་སྐྱོན་དང་ལྡན་པ་ཉིད་དུ་གསུངས་སོ། །འདིར་ཡང་ཞེས་པ་ལ་སོགས་པས་
ཀྱང་ལྡན་པའི་སྐྱོན་དང་ལྡན་པ་ཉིད་དུའོ། །དེར་འགྱུར་མོད། ཡོད་པ་མ་ཡིན་པ་དང་ཐེ་ཚོམ་ཟ་བ་ནི་བསྟན་པ་མ་ཡིན་ནོ་ཞེས་དམིགས་བསལ་ཡོད་དོ། །དེའི་ཕྱིར་གཟུགས་ནི་རེག་བྱ་ལ་རླུང་ལས་རྗེས་སུ་དཔག་པ་མ་ཡིན་ནོ་ཞེ་ན་གསུངས་པ། འཁྲུལ་པ་ཉིད་ན་ཡང་ཞེས་པ་ལ་སོགས་པའོ། །
རྒྱུའི་རྒྱུ་ལས་ཞེས་པ། ལུས་ཀྱི་རྒྱུ་ནི་མགོ་བོ་ཡིན་ལ། དེའི་ཡང་རྒྱུ་ནི་རང་གི་ཆ་ཤས་དཔྲལ་བའོ། །དེ་ལས་ཀྱང་རྒྱུའི་རྒྱུ་ལས་འབྲས་བུའི་འབྲས་བུ་ལུས་ལ་ཡང་དག་པར་རྟོགས་པ་མཐོང་སྟེ། ཡང་ལུས་དང་མགོ་བོའི་ཆ་ཤས་ནི་དོན་གཅིག་ལ་འདུ་བ་ཅི་ལྟར་ཡིན། ཇི་ཙམ་གྱིས་ཚིག་རྣམ་
པར་སྦྱར་བ་ཐ་དད་པ་ལས་དོན་གཅིག་ལ་འདུ་བ་ཅན་རྣམ་པ་གཉིས་སུ་བསྟན་ཏོ། །དོན་གཅིག་གིས་འདུ་བ་ཞེས་ཚིག་རྣམ་པར་སྦྱར་བ་གཞན་ལ་བརྟེན་པའི་ཕྱིར་རོ། །དེ་ལྟར་ནི་མགོ་བོ་དོན་གཅིག་ཡིན་ཞིང་དེས་ཀྱང་དེ་གཉིས་ཀ་དག་གི་ཡང་འདུ་བའོ། །ཇི་སྐད་དུ་སྨྲས་པ་ཞེས་པ། དེའི་ཚིག་ཁོ་ན་
ཤེས་པར་བྱེད་པར་གསུངས་སོ། །གང་ཞིག་ལ་འདི་རབ་ཏུ་གྲུབ་པ་དང་ཐེ་ཚོམ་མེད་པར་གྱུར་ཏེ། མགོ་བོ་ལ་སོགས་པ་འདི་རྣམས་ལུས་མ་བརྩམས་པ་རྣམས་སུ་འགྱུར་བ་མ་ཡིན་ལ། འདི་རྣམས་ཞིག་ན་ལུས་མི་འཇིག་པ་སྲིད་པ་ཡང་མ་ཡིན་ཞིང་། མགོ་བོ་ལ་སོགས་པ་མ་ཞིག་པ་ན། དེའི་ཡན་ལག་
རྣམས་རྣམ་པར་འགྱེས་པར་འགྱུར་བ་ཡང་མ་ཡིན་ནོ་ཞེས་པ་དེ་ལ་རྣམ་པ་འདི་ལྟ་བུའི་རྟོགས་པར་འགྱུར་ཏེ། ལུས་སུ་འགྱུར་ཏེ། གང་ཞིག་གི་འདི་ནི་ཡན་ལག་དང་ཡན་ལག་ཡིན་པའོ་ཞེས་པར་རོ། །དེའི་ཕྱིར་རྣམ་པ་གཉིས་ཁོ་ནའོ་ཞེས་ངེས་པར་གཟུང་བར་བྱ་བ་མ་ཡིན་ནོ་ཞེས་པའོ། །འོ་ན་

མཐོང་བ་ཞིག་པའི་མགོ་བོ་དེ་ཁོ་ན་ལས་ཡང་དག་པར་རྟོགས་པ་ཡིན་གྱི། དེའི་ཆ་ཤས་ལས་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། མ་གྱུར་པ་ལས་ཞེས་པ་སྟེ། མ་ཡིན་ཏེ་མེད་པ་རྒྱུ་ཉིད་དུ་མི་རིགས་པའི་ཕྱིར་ན་ཤིན་ཏུ་མེད་པ་བཞིན་ནོ། །འགལ་བ་ནི་རྗེས་སུ་དཔག་པའི་
རྒྱུ་ཉིད་ཡིན་པ་ངེས་པར་བསལ་བའི་ཆེད་དུ་གསུངས་པ། གང་ཞིག་འགལ་བ་ཞེས་པ་ལ་སོགས་པའོ། །རླུང་དང་སྤྲིན་ཡང་དག་པར་སྦྱོར་བ་ནི་ཆར་པའི་ལས་དང་འགལ་བ་ཞེས་པ་ནི། དེ་དག་ལྷན་ཅིག་མི་གནས་པའི་ཕྱིར་རོ། །འདིར་ཆར་པའི་ལས་རྟགས་ཀྱང་མ་ཡིན་གྱི་ཞེས་པ་དེ་དང་འགལ་
བའི་ཆོས་སྒྲུབ་པར་བྱེད་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན་དེ་མེད་པ་ཡིན་ནོ་ཞེས་པ། རླུང་དང་སྤྲིན་ཡང་དག་པར་སྦྱོར་བ་ཡོད་ན། ཆར་པའི་ལས་མེད་པའི་ཕྱིར་རོ། །ཆར་པའི་ལས་མེད་པ་དང་རླུང་སྤྲིན་སྦྱོར་བ་དག་འགལ་བ་ཡང་མ་ཡིན་ནོ་ཞེས་པ་ལྷན་ཅིག་གནས་པའི་ཕྱིར་རོ། །འདིར་འགྱུར་མོད།
ཆར་པའི་ལས་ཀྱི་མེད་པ་གང་ཡིན་པ་དེ་ནི་དེ་ཁོ་ནའི་གནས་སྐབས་ཀྱི་ཁྱད་པར་ཏེ། དེ་ལས་ཆར་པའི་ལས་ཁོ་ནའི་གནས་སྐབས་ཐོབ་པ་ནི་རྟགས་སོ་ཞེ་ན། ཡང་ཅི་ལྟར་མེད་པ་ནི་ཡོད་པའི་ཁྱད་པར་ཡིན་ཞིང་། དེའི་ཁྱད་པར་ཉིད་ཡིན་ན་ཡང་མེད་པ་ཁོ་ནར་མི་འགྱུར་ཏེ། ཁྱད་པར་ནི་དངོས་པོའི་
བདག་ཉིད་དུ་གྱུར་པ་ཉིད་ཀྱི་ཕྱིར་རོ། །དོན་གཞན་པ་ཉིད་ན་ཡང་སྐྱོན་དེ་ཁོ་ན་སྟེ། གང་ཞིག་འགལ་བ་དེ་རྟགས་མིན་ཞེས་པ་འདི་ལན་མེད་པའོ། །དེ་བཞིན་དུ་གཞན་ལ་ཡང་བརྗོད་པར་བྱའོ་ཞེ་ན། གང་དུ་མ་གྱུར་པ་རྟགས་ཡིན་པ་དེར་ཡང་རླུང་དང་སྤྲིན་ཡང་དག་པར་ལྡན་པ་མེད་པ་ནི་
ཆར་པའི་ལས་མེད་པ་དང་འགལ་བའི་ཕྱིར། འདིར་ཆར་པའི་ལས་མེད་པ་ནི་རྟགས་ཀྱང་མ་ཡིན་གྱི། འོ་ན་ཅི་ཞེ་ན་ཆར་པའི་ལས་སོ། །ཆར་པའི་ལས་དང་རླུང་དང་སྤྲིན་ཡང་དག་པར་ལྡན་པ་མེད་པ་དག་འགལ་བ་ཡང་མ་ཡིན་ནོ། །དེ་བཞིན་དུ་བྱུང་བ་བྱུང་བའི་ཞེས་པ་འདིར་ཡང་གཤེར་བ་ཉིད་
ཀྱི་ལས་རླན་པ་ནི་ཆུ་ལོན་འཆིང་བ་དང་འགལ་བ་སྟེ། རླན་པ་ཡང་རྟགས་མ་ཡིན་གྱི། འོ་ན་ཅི་ཞེ་ན་དེ་མེད་པའོ། །དེ་བཞིན་དུ་མ་བྱུང་བ་མ་བྱུང་བའི་ཞེས་པ་འདིར་ཡང་ལྗང་གུ་ཉིད་དང་མེ་དང་ཡང་དག་པར་ལྡན་པ་དག་འགལ་བ་སྟེ། འདིར་དེ་དག་རྟགས་དང་རྟགས་ཅན་གྱི་དངོས་པོ་ཡང་མ་ཡིན་ཏེ།

འོ་ན་ཅི་ཞེ་ན་དེ་ལྡོག་པ་དག་གོ། །གང་བཤད་པ་ཡང་ཞེས་པ། ཡོད་པ་ནི་མི་རྟག་པ་སྟེ་རྫས་བཞིན། འབྲས་བུ་ནི་རྒྱུ་སྟེ་སྤྱི་དང་ཁྱད་པར་བཞིན་ཞེས་པའོ། །རྫས་དང་ཡོན་ཏན་དང་ལས་རྣམས་ཁྱད་པར་མེད་པའོ་ཞེས་པའི་ཚིག་ལས། བསྟན་བཅོས་སུ་རྫས་དང་ཡོན་ཏན་དང་ལས་རྣམས་ཁོ་ན་
རྒྱུའི་དངོས་པོར་བཤད་དོ། །འདིར་ཡང་མ་བྱུང་བ་ནི་བྱུང་བའི་ཞེས་པ་ལ་སོགས་པས། དངོས་པོ་མེད་པ་རྒྱུར་བརྗོད་པའི་ཕྱིར། ཅི་ལྟར་དངོས་པོ་མེད་པ་དངོས་པོའི་རྟགས་ཡིན་ཞེས་དྲིས་པའོ། །དངོས་པོ་མེད་པ་དངོས་པོའི་རྟགས་སུ་ཁོ་བོ་ཅག་སྨྲ་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན་མ་བྱུང་བ་ལ་
སོགས་པ་རྟོགས་པའོ། །ཅིའི་ཕྱིར་ཞེ་ན། དམིགས་ཀྱིས་བསྟན་པ་ནི་རབ་ཏུ་གྲགས་པ་སྔོན་མ་ཅན་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །གང་ཞིག་གི་དུ་བ་མེའི་ཡང་དག་པར་ལྡན་པ་ཅན་ནོ་ཞེས་སྔར་འབྲེལ་པ་འཛིན་པའི་དུས་ན་རབ་ཏུ་གྲུབ་པར་འགྱུར་བ་དེ་ཁོ་ནའི་དུ་བ་མཐོང་བ་ལས་མེ་ལ་རྗེས་སུ་དཔག་
པ་སྟེ། ཅིག་ཤོས་ཀྱི་ནི་མ་ཡིན་ནོ། །དེའི་ཕྱིར་དུ་བ་ལ་སོགས་པ་རྟོགས་པ་ཁོ་ན་རྟགས་སོ། །དེའི་ཡུལ་ཅན་ལ་ནི་རྟག་པ་ཉིད་ཉེ་བར་བརྟགས་པ་སྟེ། དཔེར་ན་ཙནྡན་གྱི་ཞོ་ཆ་ཞེས་པ་བཞིན་ནོ། །འབྲེལ་པ་མེད་ཕྱིར་རྟགས་བློ་མིན། །ཞེས་པ་སྟེ། གང་ཞིག་གང་དང་ལྷན་ཅིག་འབྲེལ་པ་
མེད་པ་དེ་ནི་དེའི་རྟགས་མ་ཡིན་ཏེ། དཔེར་ན་བུམ་པ་ནི་སྣམ་བུའི་བཞིན་ཏེ། རྟགས་ཅན་ཡང་རྟགས་ཀྱི་བློ་དང་འབྲེལ་པ་མེད་དོ་ཞེས་པ་ཁྱབ་པར་བྱེད་པ་མི་དམིགས་པ་གསུངས་སོ། །འབྲེལ་པའི་དོན་ཡང་ཞེས་པ་ལ་སོགས་པ་སྟེ། བདག་ཉིད་ལ་རབ་ཏུ་གྲུབ་པ་ཞེས་བརྗོད་པ་ན། ཕ་རོལ་པོས་བརྗོད་
པ་ནི་བདག་ཉིད་ལ་རབ་ཏུ་གྲུབ་པའི་རྟགས་མ་ཡིན་ཏེ། གཞན་ཉིད་ཀྱི་ཕྱིར་རོ། །དོན་གཞན་གྱིས་དོན་གཞན་རྟོགས་པར་བྱེད་པ་ནི་མ་ཡིན་པའི་ཕྱིར་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་མདོ་འདི་ཉེ་བར་བཀོད་དོ། །འདི་སྐད་བཤད་པར་འགྱུར་ཏེ། ཐམས་ཅད་ནི་དོན་གཞན་གྱི་རྟགས་
མ་ཡིན་གྱི། འོ་ན་ཅི་ཞེ་ན། གང་ཁོ་ན་རྒྱུ་དང་འབྲས་བུ་ལ་སོགས་པའི་འབྲེལ་པ་རྣམས་ལས་གང་ཡང་རུང་བས་འབྲེལ་པར་གྱུར་པ་དེ་ཁོ་ན་དམིགས་ཀྱིས་བསྟན་པའོ་ཞེས་པའོ། །རྟགས་ལས་བྱུང་བར་བསྟན་པའི་ཕྱིར། །ཞེས་པ། རྟགས་ལས་བྱུང་བ་ཞེས་པའི་ཚིག་ལས་མདོ་འདིར་རྟགས་ཀྱི་

ཤེས་པས་ནི་རྟགས་ལས་བྱུང་བ་ཉིད་དུ་ངེས་པར་བསྟན་ལ། དེ་ལས་དེ་རྟགས་ཉིད་དུ་དམ་བཅས་པ་ལ་ཁས་བླངས་པས་གནོད་པའོ། །ཅི་སྟེ་རྗེས་སུ་དཔག་པར་བྱ་བའི་ཤེས་པ་འདིར་རྟགས་ལས་བྱུང་བ་ཉིད་དུ་ངེས་པར་བསྟན་པར་སེམས་ཀྱི། རྟགས་ཀྱི་ཤེས་པ་ནི་མ་ཡིན་
ནོ་ཞེ་ན་གསུངས་པ། རྗེས་སུ་དཔག་པར་བྱ་བའི་ཤེས་པ་ནི་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་རྟགས་ཀྱི་ཤེས་པ་རྟགས་ལས་བྱུང་བར་འདོད་ན། དེ་ལྟ་ན་རྗེས་སུ་དཔག་པར་བྱ་བའི་ཤེས་པ་འདི་ལ་འབྲས་བུ་དང་བྲལ་བར་འགྱུར་རོ། །རྗེས་སུ་དཔག་པར་བྱ་བའི་ཤེས་པ་རྟགས་ལས་བྱུང་བ་
ཉིད་ན་ནི། དེ་སྐྱེས་པ་ནི་དོན་དེ་རྟོགས་ཟིན་ཏོ་ཞེས་པས་འབྲས་བུ་མེད་པའོ། །དེའི་ཕྱིར་དེ་ཁོ་ན་ཁས་བླངས་པས་གནོད་པའོ། །དེ་ལྟར་འགྱུར་མོད། རྟགས་ཀྱི་ཤེས་པ་ནི་རྟགས་ཡིན་ལ། འབྲེལ་བ་དྲན་པ་ནི་རྟགས་ལས་བྱུང་བ་སྟེ། རྗེས་སུ་དཔག་པར་བྱ་བ་རྟོགས་པ་ནི་འབྲས་བུའོ་ཞེ་ན།
དེའི་ཕྱིར་གསུངས་པ། དྲན་པ་ཙམ་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་འབྲེལ་པ་དྲན་པ་ཚད་མ་ཡིན་པ་དེ་ལྟར་གྱུར་ན་གང་ཡང་རྟགས་མ་མཐོང་བ་དེས་ཀྱང་དུ་བའི་འབྲེལ་པ་དྲན་པ་ལས་མེ་རྟོགས་པར་འགྱུར་རོ། །ཙམ་གྱི་སྒྲ་ནི་དུ་བ་མཐོང་བ་བསལ་བའི་ཆེད་དུའོ། །དེ་དང་བཅས་པའི་འབྲེལ་
པས་དྲན་པ་ནི་རྗེས་སུ་དཔོག་པར་འདོད་པ་ཁོ་ནའོ། །གང་གསུངས་པ་དེ་དང་འདི་ཡང་དངོས་དང་བརྒྱུད་པས་རྗེས་སུ་དཔོག་པའི་རྒྱུ་ཉིད་ཀྱི་ཕྱིར་གཉིས་ཀ་ཡང་རྗེས་སུ་དཔག་པའོ་ཞེས་པའི་བྱེད་པ་བསྟན་པ་ལས་ཞེས་པ། འགལ་བ་ཡང་ཞེས་པའི་མདོའི་མཐར་ཞེས་པའི་བྱེད་པ་ཀློག་པའི་ཕྱིར།
འདིའི་འདི་འབྲས་བུ་ཞེས་པ་ལ་སོགས་པའི་ཤེས་པ་གང་ཡིན་པ་དེའོ་ཞེས་པས། བྱེད་པ་གསལ་བར་བྱེད་དོ། །གལ་ཏེ་དེ་ལྟ་ན་རྟགས་ཀྱི་ཤེས་པ་རྟགས་ལས་བྱུང་བ་ཡིན་ན་བྱེ་བྲག་ཏུ་མ་རྟོགས་པས་ཀྱང་རྟགས་མཐོང་བ་ཙམ་ལས་ལྷག་པར་རྟོགས་པར་འགྱུར་རོ་ཞེ་ན། དེའི་ཕྱིར་གསུངས་པ།
འབྲེལ་པ་དྲན་པ་ལ་ལྟོས་པས་ཞེས་པ་སྟེ། འབྲེལ་པ་དྲན་པ་ལ་ལྟོས་པ་ཉིད་ནི་དེའི་དམིགས་ཀྱིས་བསྟན་པ་ནི་རབ་ཏུ་གྲུབ་པ་སྔོན་མ་ཅན་ཉིད་ཀྱི་ཕྱིར་རོ་ཞེས་པ་འདི་ལས་ཐོབ་པའོ། །རྒྱུར་བྱས་ནས་ཞེས་པ། རྟགས་ཀྱི་སྒྲ་འདི་ནི་རྒྱུའི་རྣམ་གྲངས་ཏེ། བྱིངས་རྣམས་ནི་དུ་མའི་དོན་ཅན་ཉིད་ཀྱི་ཕྱིར་རོ། །

འདིས་འབྲས་བུ་རྟགས་སུ་བྱེད་སྐྱེད་པར་བྱེད་ཅེས་བྱེ་བྲག་ཏུ་བཤད་པ་ལས་སོ། །རྟགས་རྟོགས་པ་ཡང་རྗེས་སུ་དཔག་པར་བྱ་བ་རྟོགས་པའི་རྒྱུར་འགྱུར་རོ། །དེའི་ཕྱིར་གང་ཡང་གསུངས་པ། འབྲེལ་པ་མེད་ཕྱིར་རྟགས་བློ་མིན། །རྟགས་སོ་ཞེས་པ་འདི་གྲུབ་པ་བསྒྲུབ་པར་བྱ་བ་
ཉིད་དེ། བྱེད་རྒྱུའི་རྒྱུ་བརྗོད་པར་འདོད་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། དེ་ཡང་མ་ཡིན་ཏེ་ཞེས་པ་ལ་སོགས་པས་སེལ་བར་བྱེད་དེ། རྗེས་སུ་དཔག་པར་བྱ་བའི་མཚན་མར་གྱུར་པའི་ཞེས་པ་ཤེས་པར་བྱེད་པར་འགྱུར་བའི་ཞེས་པའི་དོན་ཏེ། རྗེས་སུ་དཔག་པར་བྱ་བ་མཚོན་པར་བྱེད་ཤེས་པར་
བྱེད་ཅེས་བྱས་ནས་སོ། །རྣམ་པ་གཞན་དུ་ན་ནི་ཞེས་པ་གལ་ཏེ། སྐྱེད་པར་བྱེད་པ་ཡང་རྟགས་ཀྱི་སྐབས་སུ་འགྱུར་བ་ཡིན་ན། བདག་དང་དབང་པོ་དང་ཡིད་དང་དོན་དང་ཕྲད་པ་ཡང་བརྗོད་པར་བྱ་བར་འགྱུར་ཏེ། དེ་རྣམས་ཀྱང་རྗེས་སུ་དཔག་པར་བྱ་བའི་ཤེས་པའི་རྒྱུ་རྣམས་ཡིན་པས་སོ་ཞེས་པ་སྟེ།
བརྗོད་པ་ནི་མ་ཡིན་ནོ། །དེའི་ཕྱིར་འདིར་སྐྱེད་པར་བྱེད་པའི་སྐབས་མ་ཡིན་ནོ་ཞེས་པའོ། །དེར་འགྱུར་མོད། རྗེས་སུ་དཔག་པར་བྱ་བའི་ཤེས་པའི་ངོར་རྟགས་ཀྱི་ཤེས་པ་ནི་དངོས་ཀྱི་རྒྱུ་ཉིད་དེ། གཞན་གྱི་ནི་མ་ཡིན་ནོ། །དེའི་ཕྱིར་དངོས་ཀྱི་རྒྱུ་ཉིད་ཀྱི་ཕྱིར་རྟགས་ཀྱི་ཤེས་པ་ཁོ་ན་བརྗོད་དོ་ཞེ་ན་
གསུངས་པ། དངོས་སུ་མ་ཡིན་ཞེས་པ་ལ་སོགས་པའོ། །ཅི་ལྟར་མ་ཡིན་ཞེ་ན་གསུངས་པ། འབྲེལ་པ་དྲན་པས་བར་དུ་ཆོད་པ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །འབྲེལ་པ་དྲན་པ་གྲུབ་པར་འགྱུར། །ཞེས་པ་ཚིག་འདི་ལས་འབྲེལ་པ་དྲན་པ་འགྲུབ་ཀྱི། འབྲེལ་པ་ཅན་དུ་བ་ལ་སོགས་པ་ལ་
ནི་རྟོགས་པ་མ་ཡིན་ནོ། །དེ་ལྟར་ནི་བཤད་འགྲེལ་ལས། གང་གི་དུ་བ་ལ་སོགས་པ་རྣམས་མེ་ལ་སོགས་པ་རྣམས་དང་འབྲེལ་པ་གྲུབ་པ་ཞེས་པ་ལ་སོགས་པས། འདི་སྐད་དུ་འཆད་པར་འགྱུར་བ་ཞེས་པས་དོན་འདི་ལ་ཤེས་པར་བྱེད་པ་གསུངས་སོ། །གང་གི་ཕྱིར་དེ་ཉིད་དུ་བཤད་པ་རབ་ཏུ་
གྲུབ་པ་སྔོན་མ་ཅན་ཁོ་ནའི་དམིགས་ཀྱིས་བསྟན་པ་ཞེས་པ་ཅི་ལྟར་རྟོགས་པར་བྱ་ཞེ་ན། བརྗོད་པར་བྱ་སྟེ། དོན་གཞན་གྱི་དངོས་པོ་ཡོད་ན། གང་གི་ཕྱིར་རབ་ཏུ་མ་གྲུབ་པ་ནི་དམིགས་ཀྱིས་བསྟན་པ་མ་ཡིན་ནོ། །ཅི་ལྟར་ཞེ་ན། གང་ཞིག་གི་དུ་བ་ལ་སོགས་པ་རྣམས་མེ་ལ་སོགས་པ་རྣམས་དང་

འབྲེལ་པ་རབ་ཏུ་གྲུབ་པ་མ་ཡིན་པ་དེའི་ངོར་དུ་བ་ལ་སོགས་པ་རྣམས་དམིགས་ཀྱིས་བསྟན་པ་མ་ཡིན་པའོ་ཞེས་པ་དེའི་ཕྱིར་རྟགས་ཀྱི་ཤེས་པ་རྟགས་ལས་བྱུང་བ་ཉིད་ལ་འདི་ཤེས་པར་བྱེད་པ་མ་ཡིན་ནོ། །འབྲས་བུ་ལ་སོགས་པ་མདོར་མ་བརྗོད་ཅེས་པ་བསྟན་བཅོས་སུ།
འབྲས་བུ་ཉིད་ཀྱི་ཕྱིར་དང་། རྒྱུ་ལས་རྣམ་པར་འགྱུར་བའི་ཕྱིར་དང་ཡང་དག་པར་ལྡན་པའི་ཕྱིར་དང་། རྣམ་པར་དབྱེ་བ་ལས་དང་། སྒྲ་ལས་དང་། སྒྲ་གྲུབ་པ་ལས་ཀྱང་། སྒྲ་མི་རྟག་གོ་ཞེས་པའོ། །འབྲས་བུ་ཉིད་ལ་སོགས་པ་སྒྲ་མི་རྟག་པའི་གཏན་ཚིགས་བཤད་པ་རྣམས་དང་། དེ་
བཞིན་དུ་ཡོད་པའི་རྒྱུ་དང་ལྡན་པ་མ་ཡིན་པ་ནི་རྟག་པའོ་ཞེས་རྟག་པ་ཉིད་སྒྲུབ་པའི་ཆེད་དུ་ཡོད་པའི་རྒྱུ་དང་ལྡན་པ་མ་ཡིན་པ་ཉིད་བཤད་དོ། །འབྲས་བུ་ཉིད་ལ་སོགས་པ་དེ་རྣམས་རྟགས་ཉིད་དུ་བརྗོད་པ་མ་ཡིན་ནོ་ཞེས་པས་མཚན་ཉིད་མ་ཚང་བ་ཉིད་དོ། །དེ་ལ་འདིར་འགྱུར་གྱི་དེ་རྣམས་ཀྱང་
འབྲས་བུ་ཉིད་ལ་སོགས་པ་རྣམས་ཀྱི་ནང་དུ་འདུའོ་ཞེ་ན་གསུངས་པ། འདི་རྣམས་ཞེས་པ་ལ་སོགས་པའོ། །འདི་རྣམས་ཀྱི་སྟེ་མི་རྟག་པ་ཉིད་ལ་སོགས་པ་རྟགས་རྣམས་ཀྱིའོ། །གང་ཡང་རུང་བ་ཞེས་པ་གཅིག་ཀྱང་ངོ་ཞེས་པའི་དོན་ཏོ། །འོ་ན་འབྲས་བུ་ཉིད་དང་ཡོད་པའི་རྒྱུ་མ་ཡིན་པ་ཉིད་ཀྱང་
དོན་གཅིག་ལ་འདུ་བ་ཅན་ཉིད་ཀྱི་ནང་དུ་འདུས་པར་འགྱུར་བ་མ་ཡིན་ནམ། དོན་གཅིག་ལ་སྟེ་སྒྲ་ལ་སོགས་པ་ལ་འབྲས་བུ་ཉིད་དང་མི་རྟག་པ་ཉིད་དག་དང་། བདག་ལ་སོགས་པ་ལ་རྟག་པ་ཉིད་དང་ཡོད་པའི་རྒྱུ་མ་ཡིན་པ་ཉིད་དག་འདུས་པའི་ཕྱིར་རོ་ཞེ་ན། འདི་ནི་ཡོད་པ་མ་ཡིན་ཏེ། དོན་གཅིག་
ལ་འདུ་བ་ཅན་ནི་འབྲས་བུ་འབྲས་བུ་གཞན་ལ་དང་རྒྱུ་རྒྱུ་གཞན་ལའོ་ཞེས་བཤད་ལ། འདིར་འབྲས་བུ་དང་རྒྱུའི་དངོས་པོ་སྲིད་པ་ཡང་མ་ཡིན་ནོ། །གསལ་བར་བྱ་བ་དང་གསལ་བར་བྱེད་པ་ཉིད་ཀྱི་ཞེས་པ། མི་རྟག་པ་ཉིད་གསལ་བར་བྱ་བ་ཉིད་ཀྱི་ཕྱིར་འབྲས་བུ་སྟེ། འབྲས་བུ་ཉིད་ནི་གསལ་བར་
བྱེད་པ་ཉིད་ཀྱི་ཕྱིར་རྒྱུའོ་ཞེས་པ་སྟེ། དེ་བཞིན་དུ་གཞན་ལ་ཡང་རིག་པར་བྱའོ། །ལྷག་མ་གསལ་བྱེད་མིན་པ་འཐོབ། །ཅེས་པ་རྣམ་པ་གཞན་དུ་ན་ཐ་དད་པར་ངེས་པར་བསྟན་པ་ཁོ་ནར་མི་འགྱུར་ན། དེ་ཡང་ཡོད་དོ། །དེས་ན་གསལ་བྱ་གསལ་བྱེད་ཉིད་ཀྱིས་འདིར་འབྲས་བུ་དང་རྒྱུ་ཉིད་

དུ་མངོན་པར་དགོངས་པའོ་ཞེས་རྟོགས་པར་བྱ་བ་མ་ཡིན་ནོ། །དོན་མེད་གཞན་ལ་དེ་རྟོགས་ཕྱིར། །ཞེས་པ་ལ། དོན་མེད་པ་ནི་དགོས་པ་དང་བྲལ་བའོ། །གཞན་ལས་ཞེས་པ་མེད་ན་མི་འབྱུང་བ་ལས་སོ། །མེད་ན་མི་འབྱུང་བ་ཉིད་ཀྱིས་ནི། དུ་བ་ལ་སོགས་པའི་རྟགས་ལས་
རྗེས་སུ་དཔག་པར་བྱ་བ་རྟོགས་ནས། འདི་ནི་འདིའི་གསལ་བར་བྱེད་པའོ་ཞེས་ཡིད་ཀྱིས་བརྟག་པར་བྱ་བའོ། །དེའི་ཕྱིར་དོན་མེད་པ་སྟེ་འདི་རྗེས་སུ་དཔོག་པའི་རྒྱུར་རྟོགས་པ་ཞེས་པ་ལྷག་མའོ། །ཡང་ན་རྟོག་པར་བྱེད་དོ་ཞེས་པའི་དཀྱུས་མ་འདིར་ཡང་སྦྲེལ་བར་བྱའོ། །ཕ་རོལ་པོས་
དགོས་པ་མེད་པ་ཁོ་ནར་འདི་རྗེས་སུ་དཔོག་པའི་རྒྱུ་ཉིད་དུ་རྟོག་པར་བྱེད་དོ་ཞེས་པའི་དོན་ཏོ། །གཞན་རྣམས་ཀྱང་འདི་སྐད་སྨྲ་བར་བྱེད་དེ། མེད་ན་མི་འབྱུང་བ་ཁོ་ན་འབྲེལ་པ་སྟེ། རྗེས་སུ་དཔོག་པའི་རྒྱུར་བསྟན་བཅོས་འདིར་ངེས་པར་བསྟན་ལ། རྗེས་སུ་དཔག་པའི་དབྱེ་བ་རབ་ཏུ་བསྟན་པའི་དོན་དུ་
ནི་འབྲས་བུ་དང་། རྒྱུའི་དངོས་པོ་ལ་སོགས་པའི་འབྲེལ་པ་ཉེ་བར་བླངས་ཏེ། དེ་ལས་ཀྱང་སྐྱོན་ཐམས་ཅད་མེད་དོ་ཞེས་སོ། །དེ་མི་རིགས་ཏེ་རྒྱུ་དང་རྟགས་ཉིད་དུ་ངེས་པར་བསྟན་པའི་ཕྱིར་དང་། དེ་ལ་ཡང་མེད་ན་མི་འབྱུང་བ་མེད་པའི་ཕྱིར་ཏེ། སྲིད་པར་རྗེས་སུ་དཔོག་པ་ཡང་ཕ་རོལ་པོའི་དངོས་
པོས་མི་སྲིད་པའི་ཕྱིར་རོ་ཞེས་པའོ། །གྲངས་ཅན་པ་རྣམས་ཀྱི་ཡང་ཞེས་པ་ལ་སོགས་པ་སྟེ། རྗེས་སུ་དཔག་པ་རྒྱ་ཆེར་རིག་པར་བྱའོ་ཞེས་གནས་པ་ལ། དེའི་རང་གི་ངོ་བོ་ཡོངས་སུ་ཤེས་པར་བྱ་བའི་ཆེད་དུ་ཕ་རོལ་པོས་རྗེས་སུ་དཔག་པ་ཞེས་བྱ་བ་འདི་ཅི་ཞེས་བརྗོད་པ་ལ་སྨྲས་པ། འབྲེལ་པ་གཅིག་
ལས་ཞེས་པ་ལ་སོགས་པའོ། །འབྲེལ་པ་རྣམ་པ་བདུན་ནོ་ཞེས་པ། དོན་རྣམས་ཀྱི་འབྲེལ་པ་ནི་རྣམ་པ་བདུན་ཉིད་དེ། ནོར་དང་བདག་པོའི་དངོས་པོས་དང་། །ཞེས་པ་ལ་སོགས་པ་བཤད་འགྲེལ་དུ་བཤད་པའི་ཕྱིར་རོ། །འབྲེལ་པ་རྣམས་ཀྱི་དོན་རྣམས་ཀྱི་ཞེས་ངེས་པར་བསྟན་པ་ལས་མདོ་རུ་
ལས་སྒྲུབ་པར་འབྲེལ་བའི་སྒྲར་ཤེས་པར་བྱའོ། །ནོར་དང་བདག་པོའི་དངོས་པོས་དང་། །ཞེས་པ། རྒྱལ་པོ་དང་བྲན་བཞིན་དང་། གཙོ་བོ་དང་སྐྱེས་བུ་བཞིན་ཏེ། དཔེར་བརྗོད་པ་གཉིས་ནི་འཇིག་རྟེན་དང་བསྟན་བཅོས་ལ་རབ་ཏུ་གྲགས་པའི་དབང་གིས་སོ། །དེ་བཞིན་དུ་ཕྱི་མ་ལ་ཡང་ཤེས་པར་

བྱའོ། །ནོར་དང་བདག་པོའི་དངོས་པོ་ནི་ཕན་ཚུན་ལྟོས་པ་སྟེ། ནོར་བདག་པོའི་ངོར་ཡོད་པ་དང་། དེར་རུང་བ་ཉིད་དེ། དེ་བཞིན་དུ་ནོར་ཅན་གྱི་ཡང་ནོར་གྱི་ངོར་ཡོད་པའོ། །རང་བཞིན་དང་རྣམ་འགྱུར་གྱི་དངོས་པོས་ནི། ཞོ་དང་འོ་མ་བཞིན་དང་། གཙོ་བོ་དང་ཆེན་པོ་ལ་
སོགས་པ་བཞིན་ནོ། །རང་བཞིན་ནི་རྣམ་པར་དབྱེར་མེད་པར་རྒྱུ་སྟེ། རྣམ་འགྱུར་ནི་དེའི་ཡོངས་སུ་འགྱུར་བ་ཅན་གྱི་ཆོས་སོ། །འབྲས་བུ་དང་རྒྱུའི་དངོས་པོས་ནི། ཕན་ཚུན་ཕན་འདོགས་པའི་མཚན་ཉིད་ཀྱིས་ཏེ། ཤིང་རྟ་དང་ཡན་ལག་བཞིན་དང་། སྙིང་སྟོབས་ལ་སོགས་པ་བཞིན་ཏེ། སྒྲ་ལ་
སོགས་པའི་དངོས་པོས་ཡོངས་སུ་འགྱུར་བ་ནའོ། །རྒྱུ་མཚན་དང་རྒྱུ་མཚན་ཅན་གྱི་དངོས་པོས་ནི། གང་ཡང་རུང་བས་ཕན་འདོགས་པའི་མཚན་ཉིད་ཀྱིས་ཏེ། རྫ་མཁན་དང་བུམ་པ་བཞིན་དང་། སྐྱེས་བུ་དང་གཙོ་བོའི་འཇུག་པ་བཞིན་ནོ། །ཙམ་པོ་དང་ཙམ་པོ་ཅན་གྱི་དངོས་པོས་ཡང་
ནའོ། །ཡན་ལག་དང་ཡན་ལག་ཅན་གྱི་དངོས་པོའི་མཚན་ཉིད་ཀྱིས་ནི་ཡལ་ག་ལ་སོགས་པ་དང་ཤིང་བཞིན་དང་། སྒྲ་ལ་སོགས་པ་དང་འབྱུང་བ་ཆེན་པོ་བཞིན་ནོ། །ལྷན་ཅིག་སྤྱོད་པའི་དངོས་པོས་ནི། ངུར་པ་ལྟ་བུ་དང་། སྙིང་སྟོབས་ལ་སོགས་པ་བཞིན་ནོ། །གནོད་བྱ་གནོད་བྱེད་ཀྱི་
དངོས་པོས་ནི་སྦྲུལ་དང་སྦྲེ་མོ་བཞིན་དང་། ཡན་ལག་དང་ཡན་ལག་ཅན་དུ་གྱུར་པའི་སྙིང་སྟོབས་ལ་སོགས་པ་བཞིན་ནོ། །སྙིང་སྟོབས་ལ་སོགས་པ་རྣམས་ཀྱི་ནི་གང་གི་ཡན་ལག་ཅན་ཉིད་དེས་ཅིག་ཤོས་ཟིལ་གྱིས་གནོན་པའི་ཕྱིར་རོ། །འདི་ནི་འབྲེལ་པ་རྣམ་པ་བདུན་ཏེ། དེས་ན་ཇི་ལྟར་སྲིད་པ་
བཞིན་འབྲེལ་པ་གཅིག་ལས་ཞེས་པ། ཇི་སྐད་བཤད་པ་དོན་གང་ཞིག་དབང་པོ་འགའ་ཞིག་གི་མངོན་སུམ་དུ་འགྱུར་བ་དེ་ལས། ད་ལྟར་དབང་པོའི་མངོན་སུམ་པའི་དོན་ལས་སྔར་ཚོགས་པ་ལ་འབྲེལ་པ་བྱས་པ་ལས་བློས་ནི་ཁྱད་པར་དུ་མ་བྱས་པའི་དོན་ཡོད་པ་ཉིད་དུ་རྟོགས་པར་བྱེད་དེ། དཔེར་ན་
སྔར་དུ་བ་དང་མེ་དག་གི་འབྲེལ་པ་མཐོང་ནས་དུ་བ་མཐོང་བ་ལས་མེ་ཡང་ཡོད་པ་ཉིད་དུ་རྟོགས་སོ་ཞེས་སོ། །འགྲུབ་པའི་རྒྱུ་ཞེས་པ། རྟགས་ཀྱི་ཤེས་པ་འབྲེལ་པ་དྲན་པ་ལ་ལྟོས་པ་སྟེ། དེ་ནི་ཁྱད་པར་མངོན་སུམ་མ་ཡིན་པའི་རྟགས་ཅན་མི་འགྲུབ་པའི་རྒྱུའོ། །འགྲུབ་པ་ནི་འབྲས་བུའོ། །མདོ་རུ་

ནི་རྒྱུ་ལས་འབྲས་བུ་ཉེ་བར་བཏགས་པའི་ཕྱིར་ལྷག་མ་འགྲུབ་པ་ནི་རྗེས་སུ་དཔག་པ་ཞེས་བཤད་དོ། །རྟགས་ཀྱི་ཤེས་པ་ནི། ཅུང་ཟད་མ་ངེས་པར་ཡང་འགྱུར། །ཞེས་པ། རླངས་པ་ལ་སོགས་པ་དང་ཐུན་མོང་བའི་སྐྱ་བོ་ཉིད་ལ་སོགས་པ་ཙམ་མཐོང་བ་བཞིན་ཏེ། ཅི་འདི་དུ་བའམ། འོན་ཏེ་རླངས་
པ་ལ་སོགས་པ་ཞེས་ཐེ་ཚོམ་ཟ་བའི་ཕྱིར་རོ། །དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཡང་ཞེས་པ་རླངས་པ་ལ་སོགས་པ་ལ་དུ་བའོ་ཞེས་འཛིན་པའི་ཕྱིར་རོ། །ཁྱད་པར་དུ་བྱ་བའི་དོན་དུ་ཕྱིས་ཀྱི་རྩོམ་པ་ཞེས་པ། གང་བཤད་པ་མངོན་སུམ་གཅིག་ལས་ཞེས་པ་དེའི་འདི་ཁྱད་པར་རོ། །མངོན་སུམ་ཡང་
ཡིན་ལ་ངེས་པར་མ་བཟུང་བ་ཡང་ངོ་ཞེས་པ། སྤྱི་ལས་ཏེ། རྣ་བ་ལ་སོགས་པའི་འཇུག་པས་འཛིན་པའི་ཕྱིར་མངོན་སུམ་མོ། །བྱེ་བྲག་ཏུ་ནི། ཐེ་ཚོམ་དང་ཕྱིན་ཅི་ལོག་པ་དག་གིས་ངེས་པར་མ་ཟིན་པའོ། །བྱེ་བྲག་མཐོང་བ་ལས་ཞེས་པ་ལ། ཁྱད་པར་དུ་བྱེད་པས་ན་བྱེ་བྲག་རྣམས་ཏེ། དུ་བ་ཁོ་
ན་ལ་འཇུག་པའི་ཁྱད་པར་གང་ཡིན་པ་སྐྱ་བོ་ཉིད་ལ་སོགས་པ་རྣམས་སོ། །དེ་མཐོང་བ་ལས་ཁྱད་པར་དུ་རྟོགས་པ་སྟེ། འདི་ནི་དུ་བ་ཁོ་ནའོ་ཞེས་པ་འདི་ལྟར་རོ། །ཐམས་ཅད་ཅེས་པ་འདི་གཞུང་ལྷག་མ་གསལ་བར་བྱེད་དོ། །དེ་ཡང་འདི་ལྟ་སྟེ། སྣང་བ་ཞན་ཅིང་གཞན་པར་བ་ལང་
དང་རྟ་འོས་པའི་ས་ཕྱོགས་སུ། བ་ལང་གི་ཚད་ཀྱི་གཟུགས་དུམ་པ་མཐོང་ནས། ཐེ་ཚོམ་དང་ལྡན་པའི་བློ་ནི་ཁྱད་པར་མཐོང་བ་ལས་བྱེ་བྲག་ཏུ་རྟོགས་པར་བྱེད་དེ། བ་ལང་ངོ་། །རྟའོ་ཞེས་པར་ཡང་ངོ་། །གཟུགས་དུམ་པ་མཐོང་ནས་ཞེས་པ། གཟུགས་ཅུང་ཟད་ཙམ་མཐོང་ནས་ཏེ། དབྱིབས་ཙམ་
མཐོང་ནས་ཞེས་པའི་དོན་ཏོ། །འདི་ལྟར་ཡང་འདོད་ན་ཞེས་པ་སྤྱིར་བཟུང་བའི་རྟགས་ཀྱི་སླར་ཡང་ཁྱད་པར་དུ་འཛིན་པར་འདོད་ནའོ། །རང་དོན་ལྟ་བ་ཙམ་ཉིད་ཕྱིར། །ཞེས་པ་སྒྲ་ལ་སོགས་པའི་རང་གི་མཚན་ཉིད་ཉམས་སུ་མྱོང་བ་ཙམ་ཉིད་ཀྱི་ཕྱིར་ཞེས་པའི་དོན་ཏོ། །ཙམ་གྱི་སྒྲ་ནི་སྤྱི་དང་ཁྱད་པར་འཛིན་པ་
བསལ་བའི་དོན་ཏོ། །རྣ་བ་ལ་སོགས་པའི་འཇུག་པའི་ནི་མ་ཡིན་ཞེས་པ་ལ་སོགས་པ་སྟེ། སྤྱི་དང་ཁྱད་པར་དག་ནི་དོན་གཞན་ལ་ལྟོས་པ་དག་སྟེ། དེའི་ཕྱིར་དོན་གཞན་ལ་ལྟོས་པས། འདི་འདི་དང་མཚུངས་པའམ། འདི་ནི་འདི་ལས་ཁྱད་པར་རོ་ཞེས་པར་འགྱུར་རོ། །རྣ་བ་ལ་སོགས་པའི་འཇུག་

པ་ནི་འདི་ལྟ་བུར་འཛིན་པ་ལ་ནུས་པ་ཡང་མ་ཡིན་ཏེ། རྣམ་པར་རྟོག་པ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་པས། དབང་པོའི་འཇུག་པའི་ནི་སྤྱི་འམ་ཁྱད་པར་ཡུལ་མ་ཡིན་ནོ། །དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་པ། སྤྱིའི་ཡུལ་ཅན་གྱི་དབང་པོའི་བློའིའོ། །དེ་
སྐད་དུ་ནི་བཤད་པ། སྤྱི་ལས་ནི་ངེས་པར་ཡང་མངོན་སུམ་ངེས་པར་མ་བཟུང་བ་ཡང་ངོ་ཞེས་སོ། །དེ་ཁོ་ན་ཁྱད་པར་དུ་ལེན་པར་བརྗོད་པར་བྱ་སྟེ་ཞེས་པ། དོན་ཇི་ལྟ་བ་བཞིན་པའི་རྣ་བ་ལ་སོགས་པའི་འཇུག་པ་མངོན་སུམ་མོ་ཞེས་པའོ། །ཇི་སྐད་དུ་གཞན་དུ་ཞེས་པ་རིགས་པ་ཕྲ་མོར་རོ། །
དེ་ལྟར་བརྗོད་པར་བྱ་བཞིན་པ་ན། མངོན་སུམ་གྱི་མཚན་ཉིད་ཀྱང་སྐྱོན་མེད་པར་འགྱུར་ཞིང་། འདིར་ཡང་ཁྱད་པར་བྱ་བ་མ་ཡིན་པར་འབྱུང་སྟེ། ངེས་པར་མ་བཟུང་བའི་རྟགས་ནི་མངོན་སུམ་མ་ཡིན་པ་ཉིད་ཀྱི་ཕྱིར་རྟགས་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འདིར་ཁ་ཅིག་སྨྲ་
བར་བྱེད་དེ། གལ་ཏེ་ཡང་མངོན་སུམ་རང་གི་དོན་ལ་ལྟ་བ་ཙམ་ཡིན་པ་དེ་ལྟ་ན་ཡང་སྤྱི་དང་ཁྱད་པར་གྱི་ཡུལ་ཅན་ཉིད་དུ་མི་འགྱུར་བ་མ་ཡིན་པ་ཁོ་ན་སྟེ། སྤྱི་དང་ཁྱད་པར་དག་ནི་སྒྲ་ལ་སོགས་པ་ལས་དོན་གཞན་མ་ཡིན་པ་ཉིད་ཀྱི་ཕྱིར་ཏེ། རྣམ་པ་ཐམས་ཅད་དུ་སྒྲ་ལ་སོགས་པ་དབང་པོའི་ཡུལ་
ཉིད་ཀྱི་ཕྱིར་རོ་ཞེའོ། །དེ་མི་རིགས་ཏེ་རང་གི་ཡུལ་ལ་རྣམ་པར་འཇུག་པ་ལ་གནོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ནི་གང་སྒྲ་ལ་འཇུག་པའི་སྤྱི་དེ་ཁོ་ན་ནི་གཟུགས་ལ་སོགས་པ་ལ་ཡང་འཇུག་སྟེ། དེ་ལྟར་དེ་སྒྲ་ལས་གཞན་མ་ཡིན་པ་དེ་ལྟར་གཟུགས་ལ་སོགས་པ་ལས་ཀྱང་ངོ་། །དེ་རྣ་བའི་
འཇུག་པས་འཛིན་པ་ན་གཟུགས་ལ་སོགས་པ་ཡང་འཛིན་པར་ཐལ་བར་འགྱུར་ཞིང་། གཟུགས་ལ་སོགས་པ་དུ་མ་ལས་ཀྱང་གཞན་མ་ཡིན་པ་ཉིད་ཀྱི་ཕྱིར་སྤྱི་གཅིག་པ་མ་ཡིན་པ་ཉིད་དང་། གཟུགས་ལ་སོགས་པ་རྣམས་ཀྱང་གཅིག་པོ་དེ་ལས་གཞན་མ་ཡིན་པ་ཉིད་ཀྱི་ཕྱིར་གཅིག་ཉིད་དུའོ་
ཞེས་པའོ། །མངོན་སུམ་གྱི་འབྲས་བུ་མངོན་སུམ་ཞེས་པ་སྟེ། གང་འདི་ལྟར་ཡང་འདོད་ན་ཞེས་པ་ལ་སོགས་པ་གསུངས་པ་དེའི་ལན་འདི་ཡིན་ནོ། །ཡིད་ཀྱི་འཇུག་པ་ནི་རྣམ་པར་རྟོག་པ་ཅན་ཉིད་ཀྱི་ཕྱིར་ཏེ་སྤྱི་དང་ཁྱད་པར་གྱི་ཡུལ་ཅན་ཉིད་ཀྱི་ཕྱིར་རོ། །དེ་ཡང་མི་དམིགས་སོ་ཞེས་པ།

གལ་ཏེ་ཡིད་ཀྱི་འཇུག་པ་མངོན་སུམ་གྱི་འབྲས་བུ་ཉིད་དུ་གྱུར་ན། དེ་ལྟར་ཐ་སྙད་དུ་བསྟན་པར་འགྱུར་ལ། དེ་ཡང་ཡོད་པ་མ་ཡིན་ཏེ། ཡུལ་ཐ་དད་པ་ཉིད་ཀྱི་ཕྱིར་རོ། །འདི་ཡང་སྔར་ཁོ་ནར་བརྗོད་ཟིན་ཏོ། །དེའི་ཕྱིར་དེ་མངོན་སུམ་གྱི་སྒྲས་ཐ་སྙད་དུ་བསྟན་པར་བྱ་བ་ཉིད་དུ་མི་འཐད་
པར་སྟོན་ཏོ། །གཞན་གྱི་འང་མ་ཡིན་ཞེས་པ་ལ་སོགས་པ་སྟེ། མངོན་སུམ་ལས་སམ། དེའི་འབྲས་བུ་ལས་གཞན་གྱི་ཡུལ་ལ་ཉེ་བར་འདོགས་པའི་རྒྱུ་མེད་པའི་ཕྱིར་རོ། །ཡང་ན་འགའ་ཞིག་འདི་སྐད་དུ་སྨྲ་བར་བྱེད་དེ། མངོན་སུམ་གཅིག་ལས་ཞེས་པའི་མངོན་སུམ་གྱི་སྒྲ་འདི་ནི་རབ་ཏུ་
གྲུབ་པ་ཉིད་ཉེ་བར་མཚོན་པར་བྱེད་དོ། །མངོན་སུམ་ལས་ཏེ་རབ་ཏུ་གྲུབ་པ་ལས་ཞེས་པའི་དོན་ཏོ། །དེས་ན་མངོན་སུམ་ལས་དང་། མངོན་སུམ་གྱི་འབྲས་བུ་ལས་གཞན་པའི་ཡང་ཤེས་པའི་ཡུལ་གྱི་རྟགས་ལ། མངོན་སུམ་ཐ་དད་དུ་བསྟན་པར་འགྱུར་རོ་ཞེའོ། །དེའི་ཕྱིར་གསུངས་
པ། གཞན་གྱིའང་མ་ཡིན་ཞེས་པ་ལ་སོགས་པའོ། །འདི་ལྟར་སེམས་ཏེ་རབ་ཏུ་གྲུབ་པ་ཉིད་ནི་མངོན་སུམ་ལ་སོགས་པའི་ཚད་མས་འགྱུར་ཞིང་། དེ་ལ་རེ་ཞིག་དེ་མངོན་སུམ་གྱིས་ཉེ་བར་རྟོགས་པ་ནི་མ་ཡིན་ཏེ། ཇི་སྐད་བཤད་པའི་རྣམ་པའི་ཕྱིར་རོ། །རྗེས་སུ་དཔག་པས་
ཀྱང་མ་ཡིན་པ་ཁོ་ན་སྟེ། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གང་ཕྱིར་རྟགས་གང་གིས་དུ་བ་རྗེས་སུ་དཔག་པར་བྱ་བ་དེ་བསྒྲུབ་པའི་ཆེད་དུ་རྟགས་གཞན་རྗེས་སུ་འདོད་ན། དེ་འགྲུབ་པའི་ཆེད་དུ་ཡང་གཞན་ནོ་ཞེས་པས་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །ལུང་ཡང་རྟག་ཏུ་རྟགས་
འཛིན་པ་ལ་བྱ་བ་དང་ལྡན་པ་མ་ཡིན་ཏེ། གྲུབ་པའི་མཐའི་གཞུང་ལུགས་ལ་མ་བརྟེན་པའི་རྟགས་ལུང་གིས་ཡོངས་སུ་གཅོད་པ་མ་ཡིན་པས་སོ། །དོན་འགའ་ཞིག་དབང་པོ་འགའ་ཞིག་གི་མངོན་སུམ་དུ་འགྱུར་རོ་ཞེས་བཤད་འགྲེལ་དུ་བརྗོད་པའི་ཕྱིར་ཡང་འདི་མི་རིགས་སོ་ཞེས་པའོ། །མངོན་སུམ་དུ་
ཐ་སྙད་དུ་བྱ་བ་ཅི་ཞིག་ལྟར་ཡིན་པར་འགྱུར་དུ་ཆུག་མོད་ཞེས་ཁས་བླངས་ནས་སྐྱོན་གཞན་བརྗོད་པར་འདོད་པས་གསུངས་པ། འདི་ཡང་བརྗོད་པར་བྱ་བ་ཞེས་པ་ལ་སོགས་པའོ། །ནོར་ལ་སོགས་པ་འབྲེལ་པ་ཅན་ལས་ནོར་ཉིད་ལ་སོགས་པའི་ངོ་བོ་ཁོ་ནས་སམ། ཡང་ན་ངོ་བོ་གཞན་གྱིས་འཛིན་པར་

འགྱུར་རོ། །གལ་ཏེ་ནོར་ཉིད་ལ་སོགས་པའི་ངོ་བོས་ནོར་ཞེས་པ་འདི་ལྟར་གཟུང་བར་བྱ་བ་ཡིན་ན། དེ་ལྟར་གྱུར་ན་རྗེ་བོའི་འབྲེལ་པ་ཅན་ཉིད་ཀྱི་ཕྱིར། ནོར་གྱིས་རྗེ་བོ་མེད་པར་ནོར་ཉིད་མི་འཐད་པའི་ཕྱིར། རྗེ་བོ་ལ་ངེས་པར་ལྟོས་པ་ཉིད་ཀྱི་ཕྱིར་ན་རྟགས་མཐོང་བ་ལས་སྔར་ཁོ་ནར་
རྗེ་བོར་རྟོགས་པས་འབྱུང་བར་འོས་ཏེ། རྣམ་པ་གཞན་དུ་ན་འདི་འདིའི་ནོར་རོ་ཞེས་པ་འདི་ལྟར་འཛིན་པ་མི་སྲིད་པ་མ་ཡིན་པས་སོ། །དེ་ལས་ཀྱང་དུས་ཕྱིས་འབྲེལ་པ་དྲན་པ་དོན་མེད་པར་འགྱུར་རོ། །རྗེ་བོ་ནི་སྔར་ཁོ་ནར་གྲུབ་ཟིན་པ་ཉིད་ཀྱི་ཕྱིར་རོ། །ལྷག་མ་མི་འཐད་པའི་ཕྱིར་ཏེ། ལྷག་མས་གྲུབ་པ་
ཡང་རྗེས་སུ་དཔག་པ་ཉིད་དུ་འདོད་པ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་རྣམ་པ་གཞན་དུ་ན་རྣམ་པ་གཞན་གྱིས་འཛིན་པར་འདོད་ན། དེ་མ་བརྗོད་དོ་ཞེས་པས་མཚན་ཉིད་ཡོངས་སུ་མ་རྫོགས་པ་ཉིད་དོ། །རྟགས་འཛིན་པ་ལ་མཚུངས་པ་ཞེས་པ། གལ་ཏེ་མེད་ན་མི་འབྱུང་བ་ཉིད་ཀྱིས་རྟགས་འཛིན་ན། མེད་ན་མི་
འབྱུང་བ་ཉིད་ཀྱང་སོ་སོར་སྦྱོར་བ་གཞན་ལ་ལྟོས་པ་ཁོ་ནའོ་ཞེས་པས། རྟགས་འཛིན་པ་ལས་སྔར་ཁོ་ན་བསྒྲུབ་པར་བྱ་བ་རྟོགས་པར་འགྱུར་བར་འོས་ལ། དེ་ལྟ་ན་ཡང་བསྒྲུབ་པར་བྱ་བ་སོ་སོར་སྦྱོར་བ་ཅན་གྲུབ་ན། འབྲེལ་པ་དྲན་པ་དོན་མེད་པ་ཉིད་དོ། །ཅི་སྟེ་གཞན་དུ་ན། དེ་ནི་མ་བརྗོད་དོ་ཞེས་པ་
མཚུངས་སོ། །མ་ཡིན་ཏེ་དེ་ནི་ཞེས་པ་ལ་སོགས་པ། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཞེས་པའི་ཚིག་ལས། ཆོས་ཅན་ལ་དུ་བ་ལ་སོགས་པ་ཡོད་པ་ཙམ་གཟུང་བར་བྱའི། འབྲེལ་པ་ཅན་ཉིད་ནི་མ་ཡིན་ནོ། །འོ་ན་ནམ་གྱི་ཚེ་དེ་གཟུང་བར་བྱ་ཞེ་ན་གསུངས་པ། ཕྱིས་ཞེས་པ་ལ་སོགས་པའོ། །
མ་རྟོགས་པ་ཡིས་དེ་རྟོགས་ཕྱིར། །ཞེས་པ། ནོར་དང་ནོར་ཅན་གྱི་འབྲེལ་པ་ལ་སོགས་པ་མངོན་པར་མི་ཤེས་པས་ཡང་ལྷག་མ་རྟོགས་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །ཡང་ཅི་ལྟར་དེ་རྟོགས་པ་ཡིན་ཞེ་ན་གསུངས་པ། མཐོང་ཞེས་པ་ལ་སོགས་པའོ། །འབྲས་བུ་དང་རྒྱུའི་དངོས་པོའི་འབྲེལ་པ་ལ་ནི།
ཇི་ལྟར་འབྲས་བུ་དང་རྒྱུའི་དངོས་པོའི་འབྲེལ་པ་བསྟན་བཅོས་སུ་རྣམ་པར་ཕྱེ་བ་དེ་ལྟ་ཁོ་ནར་མ་རྟོགས་པ་ཉིད་འདིར་བརྗོད་པར་འདོད་ཀྱི་རྣམ་པ་ཐམས་ཅད་དུ་ནི་མ་ཡིན་ནོ་ཞེས་རིག་པར་བྱའོ། །བསྟན་བཅོས་སུ་ནི་དངོས་པོ་གཅིག་ཁོ་ནའི་རང་གི་ངོ་བོ་མི་གཏོང་བ་ལས་ཡོངས་སུ་འགྱུར་བས་འབྲས་བུ་དང་

རྒྱུའི་དངོས་པོར་རྣམ་པར་འཇོག་པར་བྱེད་ལ། གང་རྣམས་དེ་ལྟར་འབྲས་བུ་དང་རྒྱུའི་དངོས་པོའི་འབྲེལ་པ་རབ་ཏུ་རྟོགས་པ་མ་ཡིན་པ་དེ་རྣམས་ཀྱང་རྣམ་པ་གཞན་གྱིས་དེ་རབ་ཏུ་རྟོགས་ནས། མེད་ན་མི་འབྱུང་བ་ཉིད་ཙམ་ཉེ་བར་དམིགས་པ་ལས་རྗེས་སུ་དཔག་པར་བྱ་བ་ངེས་པར་བྱེད་དོ། །བསྟན་
བཅོས་སུ་མཐོང་བའི་འབྲས་བུ་དང་རྒྱུའི་དངོས་པོ་ནི་མི་འཐད་པ་ཁོ་ན་སྟེ། གང་གི་ཕྱིར་འབྲས་བུ་དང་རྒྱུ་དག་གཅིག་ཉིད་ལ་འདི་ནི་འབྲས་བུའོ་འདི་ནི་རྒྱུའོ་ཞེས་པ་འདི་ཁོ་ནར་མི་འགྱུར་རོ། །ཅི་སྟེ་དེ་དག་ལ་གང་གིས་འདི་ལྟར་འགྱུར་བ་རང་བཞིན་ཕུལ་དུ་བྱུང་བ་འགའ་ཞིག་ཡོད་ན་ནི། ཐ་དད་
པར་ཐལ་བར་འགྱུར་ཏེ་སྙིང་སྟོབས་ལ་སོགས་པ་རྣམས་ལ་ཡང་རང་བཞིན་ཐ་དད་པ་ཁོ་ན་ཐ་དད་པར་རྣམ་པར་གཞག་པའི་རྒྱུ་ཡིན་པས་སོ། །གལ་ཏེ་འབྲས་བུ་དང་རྒྱུའི་དངོས་པོ་ཉིད་ཡོད་ན་ཡང་ཐ་དད་པ་མ་ཡིན་ཏེ། ཡོན་ཏན་གསུམ་གྱི་རིགས་ཐ་མི་དད་པ་ཉིད་ཀྱི་ཕྱིར་གཅིག་ཉིད་དོ་ཞེ་ན། མ་ཡིན་
ཏེ། འབྲས་བུ་དང་རྒྱུ་ལས་ཐ་དད་པར་ཡོན་ཏན་གསུམ་ཉིད་ཉེ་བར་མི་མཚོན་པའི་ཕྱིར་རོ། །རྟག་པ་ནི་རིམ་གྱིས་སམ་ཅིག་ཅར་ཡོངས་སུ་འགྱུར་བ་སྲིད་པ་ཡང་མ་ཡིན་ན། དེས་ན་དེའི་རྒྱུ་ཅན་འབྲས་བུ་དང་རྒྱུའི་རྣམ་པར་གཞག་པ་ག་ལ་ཡིན་ཞེས་པ་ཐལ་ཆེས་པས་ཆོག་གོ། །དེ་ལྟར་
འགྱུར་མོད། དེ་མ་བཟུང་བ་ཁོ་ན་དེ་རྗེས་སུ་དཔོག་པའི་རྒྱུའོ་ཞེ་ན་གསུངས་པ། མ་ཡིན་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །གདོན་མི་ཟ་བར་མ་ཡིན་ཞེས་པ་ལ་སོགས་པའོ། །འོ་ན་ནོར་གྱི་རང་གི་ངོ་བོ་འགྲུབ་པ་ནོར་ཅན་ལ་ལྟོས་པ་ཁོ་ན་མ་ཡིན་ནམ། དེ་འཁྲུལ་པ་ག་ལས་ཡིན་ཞེ་ན། འདི་ལྟར་
སེམས་ཏེ་རྗེས་སུ་དཔོག་པའི་དུས་ཁོ་ནར་ནོར་ཉིད་དུ་བཟུང་བའི་རྟགས་ནི་སོ་སོར་སྦྱོར་བ་རྟོགས་པར་བྱེད་ལ། ཡང་ན་སྔར་འབྲེལ་པ་འཛིན་པའི་དུས་སུ་དེ་ལྟར་ཡོངས་སུ་བཅད་པར་གྱུར་པ་ནི་རྗེས་སུ་དཔོག་པའི་དུས་སུ་སྟེ། རྣམ་པ་གཞན་དུ་ན་ཡང་ཉེ་བར་དམིགས་པར་བྱ་བཞིན་པའོ་ཞེས་པའོ། །གལ་ཏེ་
རྗེས་སུ་དཔག་པའི་དུས་སུ་འདི་འདིའི་ནོར་རོ་ཞེས་པ་འདི་ལྟར་ངེས་པ་གོ་བར་བྱེད་པར་འདོད་ན་ནི་འདིར་བརྗོད་པའི་སྐྱོན་ནོ། །ནོར་ཅན་གྱི་འབྲེལ་པ་ལས་ནོར་ཉིད་ཅེས་པ་ལ་སོགས་པས་སོ། །དེའི་ཕྱིར་ལྟ་བ་གཉིས་པ་ཁས་བླང་བར་བྱ་ལ་དེ་ལས་ཀྱང་འཁྲུལ་པའོ། །ནོར་དང་ནོར་ཅན་དག་བརྒྱུད་

པས་བཟློག་པའི་དངོས་པོ་སྲིད་པའི་ཕྱིར་དེ་ལྟར་རྗེས་སུ་དཔག་པར་བྱ་བར་ནུས་པ་མ་ཡིན་ནོ། །འདིར་ནི་བདག་གིས་དེའི་སྔར་ནོར་ཉིད་ཀྱིས་བཟུང་ཟིན་ཏེ། དེའི་ཕྱིར་གང་ན་འདི་ཡིན་པ་དེ་ན་འདིའི་ནོར་ཅན་དེས་འབྱུང་བར་འོས་སོ་ཞེས་པས། སའི་དབང་ཕྱུག་ལ་སོགས་པ་
མེད་ཀྱི། གདུགས་ལ་སོགས་པ་འབའ་ཞིག་པ་བདག་པོ་མེད་པའང་མཐོང་བ་སྲིད་པའི་ཕྱིར་རོ་ཞེས་པའོ། །དེ་བཞིན་དུ་གཞན་དུ་ཡང་ཇི་ལྟར་སྲེད་པར་འཁྲུལ་པ་བརྟག་པར་བྱའོ། །དེ་ལྟར་འགྱུར་མོད། ནོར་དང་ནོར་ཅན་གྱི་དངོས་པོ་ལ་སོགས་པས་འབྲེལ་པ་ཐམས་ཅད་གོ་བར་བྱེད་པ་
ནི་མ་ཡིན་གྱི་འོ་ན་ཅི་ཞེ་ན། གང་མི་འཁྲུལ་པའོ་ཞེ་ན། དེའི་ཕྱིར་གསུངས་པ། འབྲེལ་པ་ཉེ་བར་དམིགས་པའི་མ་ཡིན་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་ཇི་སྐད་བཤད་པའི་འབྲེལ་པ་བཟུང་བ་ལ་ཡང་། སླར་ཡང་རྟགས་ནི་འཁྲུལ་པ་དང་མ་འཁྲུལ་པ་ཉིད་ལ་ལྟོས་ཏེ། དེའི་ཕྱིར་
མེད་ན་མི་འབྱུང་བ་ཉིད་ཁོ་ན་རྗེས་སུ་དཔོག་པའི་རྒྱུར་འགྱུར་གྱི། ནོར་དང་ནོར་ཅན་གྱི་དངོས་པོ་ལ་སོགས་པའི་འབྲེལ་པ་རྣམས་ནི་མ་ཡིན་ནོ། །མེད་ན་མི་འབྱུང་བའི་དངོས་པོ་རྗེས་སུ་དཔག་པའི་རྒྱུ་ཡིན་པ་འདི་ནི་འགྱུར་མོད། དེ་ནི་ཇི་སྐད་བཤད་པའི་འབྲེལ་པ་ཡོད་ན་འགྱུར་ཏེ། དེའི་ཕྱིར་དེ་ངེས་
པར་བསྟན་ཏོ་ཞེ་ན། དེ་མི་རིགས་ཏེ་དེ་ཡོད་ན་ཡང་དེ་མེད་པའི་ཕྱིར་རོ། །འབྲེལ་པ་ཁྱད་པར་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་རྒྱུ་མཚན་དང་རྒྱུ་མཚན་ཅན་གྱི་འབྲེལ་པ་ནི་གཉིས་ལ་གནས་པས་ཏེ། དེ་ནི་གཅིག་ལ་ཇི་ལྟ་བ་བཞིན་དུ་གཉིས་པ་ལ་ཡང་ངོ་ཞེས་པ་སྟེ། གཉིས་ཀ་ལ་གོ་བར་བྱ་བ་དང་གོ་བར་
བྱེད་པའི་དངོས་པོར་འགྱུར་རོ། །གནོད་བྱ་གནོད་བྱེད་ཀྱི་དངོས་པོ་ནི་འབྲེལ་པ་མེད་པ་ཁོ་ན་སྟེ། ཞེས་པ། རྟགས་དང་རྟགས་ཅན་དག་གི་ཞེས་པ་དགོངས་པའོ། །དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་དག་རྟགས་དང་རྟགས་ཅན་མིན། །ཞེས་པ་འབྲེལ་པ་ཅིག་ཤོས་རྣམས་ནི་ཕ་རོལ་པོའི་འདོད་
པས་རྟགས་དང་རྟགས་ཅན་དག་ཏུ་འགྱུར་ལ། གནོད་བྱ་གནོད་བྱེད་ཀྱི་དངོས་པོ་ནི་ཕ་རོལ་པོའི་འདོད་པས་ཀྱང་འགྱུར་བ་མ་ཡིན་ནོ། །སྦྲུལ་དང་སྦྲེ་མོ་དག་ནི་གནོད་བྱ་གནོད་བྱེད་ཀྱི་དངོས་པོ་ཡིན་ལ། དེ་དག་རྟགས་དང་རྟགས་ཅན་དག་ཏུ་འདོད་པ་ཡང་མ་ཡིན་ཏེ། འཁྲུལ་པའི་ཕྱིར་རོ། །

འོན་ཀྱང་སྦྲུལ་རྒྱལ་བ་དང་སྦྲེ་མོ་འཕམ་པ་དག་སྟེ། དེ་དག་གནོད་བྱ་གནོད་བྱེད་ཀྱི་དངོས་པོ་ཡང་མ་ཡིན་ནོ། །དེ་བཞིན་དུ་གཞན་ལ་ཡང་ངོ་ཞེས་པ། བྱ་རོག་དང་འུག་པ་ལ་སོགས་པ་རྣམས་ལའོ། །གང་ཡང་ངེས་པར་བཟུང་བ་ཞེས་པ་ལ་སོགས་པས་མཚན་ཉིད་མ་ཁྱབ་པ་ཉིད་གསུངས་སོ། །
གཙོ་བོ་དང་སྐྱེས་བུ་ཡང་དག་པར་ལྡན་པར་སྒྲུབ་པའི་གཏན་ཚིགས་ཀྱི་རྗེས་སུ་དཔག་པ་མ་བསྡུས་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་ལ་སོགས་པ་རྣམས་ཀྱིས་ཞེས་པའི་སོགས་པའི་སྒྲས། ཚད་ཅན་དང་འབྲས་བུ་དང་རྒྱུའི་དངོས་པོ་དང་། ནུས་པ་འཇུག་པ་དང་སྣ་ཚོགས་ཀྱི་ངོ་བོ་ཉིད་རྣམས་གཟུང་
བར་བྱའོ། །གཙོ་བོ་ཡོད་པ་ཉིད་ལ་སོགས་པ་རྟོགས་པ་ཞེས་པ་འདིར་ཡང་སོགས་པ་སྨོས་པས། གཅིག་ཉིད་དང་། དོན་དང་ལྡན་པ་ཉིད་དང་། གཞན་གྱི་དོན་ལ་སོགས་པ་རྣམས་དང་། ཙཱུ་ལི་ཀའི་དོན་རྣམས་སོ། །དེའི་ཚེ་ཅི་ཡིན་ཞེས་པ་བདུན་པ་རྣམས་ལས་གཅིག་ཀྱང་སྲིད་པ་མ་ཡིན་
ནོ་ཞེས་དྲི་བའོ། །བསམ་པར་བྱ་ཞེས་པ་རྣམ་པ་གཉིས་ཉིད་སྲིད་པའི་ཕྱིར་རོ། །སོ་སོར་བརྗོད་བྱ་མིན་ཞེས་པ་གཙོ་བོ་ཡོད་དོ། །ཐ་དད་པ་རྣམས་ལ་མཐོང་བའི་ཕྱིར་རོ་ཞེས་པ་ཁོ་ན་བརྗོད་པར་བྱའི། ཐ་དད་པ་རྣམས་ཀྱི་རྗེས་སུ་འགྲོ་བ་མཐོང་བའི་ཕྱིར་ཞེས་པ་ནི་མ་ཡིན་ནོ། །ཐ་དད་པ་རྣམས་ཁོ་ན་ནི་
རྒྱུ་མཚན་ཅན་ནོ་ཞེས་པ་བསྐྱེད་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །རྒྱུ་མཚན་ནི