Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 193

Văn bản gốc(Tây Tạng)

Trang 20 / 21 (50.000 ký tự/trang)
ལ་སོགས་པའི་ཁྱད་པར་རྣམས་ཐ་དད་པ་བརྗོད་ཅིང་སྤྱི་བརྗོད་པ་དེ་ལྟར་ཚོགས་པའི་སྒྲ་ཌིཏ་ཐ་ལ་སོགས་པའི་སྒྲ་ཡང་ངོ་། །དེའི་ཕྱིར་ཁས་བླངས་པ་ཉམས་པ་མ་ཡིན་
ནོ། །འོ་ན་ཅི་ཞེས་པ་ལ་སོགས་པ་རྣམས་ཏེ། གལ་ཏེ་གཉིས་ཀ་ཡང་སྤྱི་རྗོད་པར་བྱེད་པ་དག་ཡིན་ན་རིགས་དང་ཚོགས་པའི་སྒྲ་དག་ལ་ཁྱད་པར་ཅི་ཞིག་ཡོད་དེ། ཅུང་ཟད་ཀྱང་མ་ཡིན་ནོ་ཞེས་པ་བསམས་པའོ། །ཅུང་ཟད་ཀྱང་མེད་དོ་ཞེས་པ་ཆ་ཤས་འདི་ཙམ་གྱིས་ཁྱད་པར་
མེད་པ་ཁོ་ནའོ་ཞེས་པ་དགོངས་པའོ། །རྣམ་པ་ཐམས་ཅད་དུ་མེད་པ་མ་ཡིན་པ་ཁོ་ནའོ་ཞེས་པ་སྟེ། གཞན་དུ་ན་འདི་ནི་རིགས་ཀྱི་སྒྲའོ། །འདི་ནི་ཚོགས་པའི་སྒྲའོ་ཞེས་པ་ཐ་དད་དུ་མི་འཐད་པར་འགྱུར་རོ། །འོ་ན་ཆ་ཤས་རྣམས་ལ་དངོས་དང་ཉེ་བར་བཏགས་པས་འཇུག་
པ་ཉིད་ཀྱི་ཁྱད་པར་དུ་འགྱུར་བ་མ་ཡིན་ནམ། རིགས་ཀྱི་སྒྲ་ནི་སོ་སོར་ཡན་ལག་རྣམས་ལ་དངོས་སུ་འཇུག་ཅིང་། ཚོགས་པའི་སྒྲ་ནི་ཉེ་བར་བཏགས་པ་སྟེ། ཇི་སྐད་དུ་སྤྱི་བརྟགས་པ་རྒྱས་པར། འདི་ནི་རིགས་དང་ཚོགས་པའི་སྒྲ་དག་གི་ཁྱད་པར་ཏེ། རབ་ཏུ་

གྲགས་པའི་དབང་ལས་རིགས་ཀྱི་སྒྲ་ནི་སོ་སོར་ཡང་ཚོགས་པ་ཅན་རྣམས་ལ་འཇུག་སྟེ། ཚོགས་པའི་སྒྲ་ནི་སོ་སོར་ཚོགས་པ་ཅན་རྣམས་ལ་ཉེ་བར་གདགས་པར་བྱའོ་ཞེ་ན། དེའི་ཕྱིར་གསུངས་པ། རབ་ཏུ་གྲགས་པའི་དབང་དུ་བྱས་པ་ཞེས་པ་ལ་སོགས་པའོ། །
ཕག་པའི་གསལ་བའི་ཡན་ལག་རྣམས་ལ་ཡང་ཕག་པའི་སྒྲ་བཏགས་པ་ལས་འཇུག་སྟེ། དཔེར་ན་གྲོང་གི་ཕག་བཟའ་བྱ་མིན་ནོ་ཞེས་བརྗོད་པ་ན་ཆ་ཤས་རྣམས་ཀྱང་བཟའ་བྱ་མིན་པ་ལྟ་བུའོ། །ཁ་ཅིག་ཏུ་གཙོ་བོར་ཆ་ཤས་རྣམས་ལ་འཇུག་སྟེ། ཇི་སྐད་དུ། བྷ་ར་ཏི་ཧ་
རིས་སྨྲས་པ། ཆུ་སོགས་རྣམས་ལ་སོགས་པའི་སྒྲས་ས་ལ་སོགས་པ་ཡོངས་སུ་གཟུང་ངོ་། །གྲངས་ལ་སོགས་པ་ལ་མི་ལྟོས་པ་ཉིད་ཀྱིས་ན་ཆ་ཤས་རྣམས་ལ་གཙོ་བོར་འཇུག་པ་ཉིད་དུ་སྟོན་ཏོ། །གྲངས་ལ་སོགས་པ་ལ་ལྟོས་པ་དང་བཅས་པ་ཉིད་ན་ཀཱརྵཱ་པ་ཎ་དང་དཔག་
ཚད་དང་གྲུ་བཞི་ལ་སོགས་པའི་སྒྲ་བཞིན་དུ་ཕྱོགས་གཅིག་ལ་འཇུག་པ་ཉིད་དུ་མི་འགྱུར་རོ། །དེ་ལ་གྲངས་ལ་མི་ལྟོས་པ་ཐིགས་པ་དང་ཁྱོར་པ་གང་ལ་སོགས་པ་སྟེ། གྲངས་ལ་མི་ལྟོས་པ་ཉིད་ཀྱི་ཕྱིར་གཅིག་ལ་ཡང་ཐིགས་པ་འཇུག་ཅིང་དུ་མ་ལ་ཡང་ཡོད་དོ། །ཆུའི་སྒྲ་ནི་
ཚད་ལ་མི་ལྟོས་པ་སྟེ། ལྟེ་བ་དང་བརླ་དང་པུས་མོ་ཙམ་ཉིད་ལ་སོགས་པ་མི་ལྟོས་པའི་ཕྱིར་རོ། །དབྱིབས་ལ་མི་ལྟོས་པ་སྟེ། རིང་པོ་དང་ཟླུམ་པོ་དང་གྲུ་བཞི་ལ་སོགས་པ་ལ་མི་ལྟོས་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་ཁུ་ཚུར་དང་མདུད་པ་དང་རྣ་རྒྱན་ལ་སོགས་པ་རྣམས་ཀྱི་ཆ་
ཤས་ནི་ཁུ་ཚུར་ལ་སོགས་པའི་སྒྲ་རྣམས་ཀྱིས་བརྗོད་པར་བྱ་བ་མ་ཡིན་ནོ། །ཡན་ལག་ཁྱད་པར་ཅན་ལ་ཞེས་པ། ངེས་པའི་ཡན་ལག་གི་ཁྱད་པར་ཚོགས་པ་རྗོད་པར་བྱེད་པ་བརྒྱ་ལ་སོགས་པའི་སྒྲ་རྣམས་ཡན་ལག་ལ་འཇུག་པ་རྣམས་མ་ཡིན་ནོ། །ཁ་དོག་ཁྱད་པར་ཅན་ལ་ཁྲ་བོ་
དང་འདྲེན་མ་ཞེས་པ་ནི་སྔོན་པོའམ། དམར་པོ་ཁྲ་བོའི་ཡན་ལག་ལ་འཇུག་པ་མ་ཡིན་ནོ། །རེ་རེ་ལ་ཡོངས་སུ་རྫོགས་པ་སྟེ་ཞེས་པ་དང་། ཆ་ཤས་རེ་རེ་ལ་གཙོ་བོར་རབ་ཏུ་སྦྱར་རོ་ཞེས་པའི་དོན་ཏོ། །གཙོ་བོ་ཞེས་པ་འདི་ཅི་ལས་ཤེ་ན། ཕྱི་མ་ལ་ཉེ་བར་བཏགས་པ་ཞེས་

པའི་ཚིག་ལས་སོ། །གྲོང་གི་སྒྲ་ནི་ཁང་པ་དང་ཞིང་དང་ལམ་དང་ལྕགས་རི་དང་སབ་མ་དང་སྐྱེས་བུ་ལ་སོགས་པ་ཚོགས་པ་རྗོད་པར་བྱེད་པ་སྟེ། དེ་ཕྱོགས་གཅིག་སྐྱེས་བུ་ལ་འཇུག་པའོ། །ལུས་ཀྱི་ལས་ཀྱིས་བདག་གི་ལས་བཤད་པ་ཞེས་པ་འདིར་ལུས་ཀྱི་སྒྲ་ལག་པ་
དང་རྐང་པ་ལ་སོགས་པ་ཚོགས་པ་ལ་འཇུག་བཞིན་པ་ནི་དེའི་ཆ་ཤས་ཁོ་ན་ལ་ཉེ་བར་བཏགས་པའོ། །སྤྱི་བརྟགས་པ་རྒྱས་པར་ནི། ཆ་ཤས་རྣམས་ལ་ཉེ་བར་བཏགས་པས་འཇུག་པ་ཉིད་མང་བ་ཉིད་དུ་མཐོང་ངོ་ཞེས་རིགས་ཀྱི་སྒྲ་ལས་ཚོགས་པའི་སྒྲ་ཁྱད་པར་དུ་བྱེད་པ་ཉིད་ཀྱིས་
བཤད་དོ། །འདི་ནི་ཕྱོགས་ཙམ་བསྟན་པའོ། །ཡང་འདི་ནི་འདིར་རིགས་དང་ཚོགས་པའི་སྒྲ་དག་གི་ཁྱད་པར་གསལ་བ་སྟེ། ཚོགས་པའི་སྒྲ་ནི་ཚོགས་པ་གཅིག་གི་ནང་དུ་འདུས་པའི་རིགས་མི་མཐུན་དང་རིགས་མཐུན་ཡང་ཐ་མི་དད་པར་བརྗོད་དེ། རིགས་ཀྱི་སྒྲ་ནི་དེའི་
རིགས་མཐུན་པ་ཁོ་ནའི་ཚོགས་པ་དང་ཚོགས་པ་མ་ཡིན་པ་ཡང་ངོ་ཞེས་པའོ། །འོ་ན་གང་འདི་ཉིད་ཉི་མ་ལ་སོགས་པའི་སྒྲ་གསལ་བ་གཅིག་ལ་ཉེ་བར་ལྟུང་བ་དེ་རྣམས་ཅི་ལྟར་སྤྱི་བརྗོད་པ་ཡིན་ཞེ་ན། དེ་ལ་ཡང་ཉི་མ་ལ་སོགས་པ་རྣམས་ཀྱི་གནས་སྐབས་ཐ་དད་པས་ཐ་དད་
པའི་ཕྱིར་དུ་མ་ཉིད་ཡོད་དོ་ཞེས་པས་མི་སྐྱོན་ནོ། །འབྲེལ་པ་མ་བྱས་པ་ཞེས་པ། འབྲེལ་པ་མི་ཤེས་པའི་རྟོགས་པ་པོའོ། །ཅི་ལྟར་རྗེས་སུ་དཔག་པ་ཡིན་ཞེས་པ་མ་ཡིན་པ་ཁོ་ནའོ་ཞེས་པ་བསམས་པའོ། །འབྲེལ་པ་ཞེས་མ་བྱས་པའི་སྒྲ་ལས་སྐྱེས་པའི་རྟོགས་པ་གང་ཡིན་པ་དེ་ནི་རྗེས་སུ་དཔག་པ་
མ་ཡིན་ཏེ། དཔེར་ན་གང་ཞིག་གི་ཀླ་ཀློའི་སྒྲ་ལས་སྐྱེས་པའི་ཐེ་ཚོམ་བཞིན། འབྲེལ་པ་བྱེད་པའི་དུས་སུ་འདི་པ་ན་སའོ་ཞེས་པ་འདི་ལ་ཡང་རྟོགས་པ་ནི་རྣམ་པ་དེ་ལྟ་བུའོ་ཞེས་པ་ཁྱབ་པར་བྱེད་པ་དང་འགལ་བའོ། །དེ་ལ་མ་ཡིན་ཞེས་པ་ལ་སོགས་པས་ནི་མ་གྲུབ་པ་ཉིད་དུ་གསུངས་སོ། །
རྟོགས་པས་ཞེས་པ་ལ་སོགས་པས་ནི། འདི་ཁོ་ན་ལ་འཐད་པའོ། །རྟོགས་པས་ཞེས་པ་འབྲེལ་བ་རྟོགས་པས་ཞེས་བྱ་བའི་དོན་ཏོ། །འདི་ནི་སྒྲ་དང་ཞེས་པ་ལ་སོགས་པས་རྟོགས་པ་དེ་སྟོན་ཏོ། །འོ་ན་འདི་སྒྲ་ཡང་ཉེ་བ་མངོན་སུམ་པའི་དངོས་པོའི་སྤྱི་རྗོད་པར་བྱེད་པ་མ་ཡིན་ནམ།

དེས་ན་ཅི་ཞིག་ལས་དེས་པ་ན་སའི་དོན་འགྲུབ་ཅེ་ན། སྐྱོན་འདི་མེད་དེ་ཇི་ལྟར་འབྲེལ་པ་རྟོགས་པའི་ཤིང་གི་སྒྲ་སྤྱི་རྗོད་པར་བྱེད་པ་ཡང་གང་གི་ཚེ་མདུན་ན་གནས་པའི་པ་ལ་ཤ་ལ་སོགས་པ་ལ་ཤིང་འདི་ཆོད་ཅིག་ཅེས་སྦྱོར་བ་དེའི་ཚེ་ཤིང་གི་བྱེ་བྲག་ཁོ་ན་ལ་འཇུག་པ་དེ་ལྟར་འདི་སྒྲ་ཡང་ངོ་། །འོ་ན་
ཅི་ཞེ་ན། མིང་བྱེ་བྲག་ཏུ་རྟོགས་པའོ་ཞེས་པ། པ་ན་སའི་སྒྲས་དེར་མིང་བྱེ་བྲག་ཏུ་རྟོགས་པ་ཙམ་བྱ་བའོ་ཞེས་པའི་དོན་ཏོ། །འདི་ཁོ་ན་གསལ་བར་བྱེད་པ་གསུངས་པ། འབྲེལ་པ་རབ་ཏུ་བསྟན་པའི་དོན་ནི་ཞེས་པ་ལ་སོགས་པ་སྟེ། ནིའི་སྒྲ་ནི་ངེས་པར་འཛིན་པའི་དོན་ཅན་ནོ། །མིང་ཅན་
གང་གི་དོན་ཡིན་པ་དེ་ནི་དེ་སྐད་ཅེས་བརྗོད་དེ། གང་འདིའི་སྒྲ་པ་ན་སའི་དོན་ཅན་དང་པ་ན་སའི་སྒྲ་གཞི་མཐུན་པ་ཉིད་དེ་ནི་འབྲེལ་པ་བསྟན་པའི་དོན་ཅན་ནོ། །འོ་ན་བརྗོད་པར་བྱ་བ་གཅིག་ལ་སྒྲ་དག་འཇུག་པ་ནི་གཞི་མཐུན་པ་ཉིད་དོ། །དེའི་ཚེ་ཡང་འབྲེལ་པ་མི་ཤེས་པ་ཉིད་ཀྱི་ཕྱིར་པ་ན་
སའི་སྒྲའི་དོན་མེད་པ་ཁོ་ན་སྟེ། དེ་ཅི་ལས་གཞི་མཐུན་པ་ཉིད་ཡིན་ཞེ་ན། བརྡར་བྱེད་དུ་འཇུག་པ་པོས་མིང་ཉིད་ཀྱིས་པ་ན་སའི་དོན་ལ་འཇུག་པའི་ཕྱིར་དེའི་ཚེ་འདི་སྒྲའི་དོན་ལ་ངེས་པར་སྦྱར་ཏེ། དེའི་ཕྱིར་དེ་ལ་འཇུག་གོ་ཞེས་པས་མི་སྐྱོན་ནོ། །འདིར་འདི་དོན་ཡིན་ཏེ། མིང་དང་མིང་ཅན་
གྱི་འབྲེལ་པ་རྟོགས་པ་ཙམ་གྱི་དོན་ཅན་ཁོ་ན་དེའི་ཚེ་པ་ན་སའི་སྒྲའི་ཡིན་ཏེ། འདིའི་སྒྲའི་ཡུལ་པ་ན་ས་ལ་མིང་ཉིད་དུ་ངེས་པར་སྦྱར་བའོ་ཞེས་པའོ། །ཡང་ཅི་ལྟར་དེ་དང་འབྲེལ་པ་རབ་ཏུ་བསྟན་པར་ནུས། ཇི་ཙམ་གྱིས་འདི་དེ་ལ་འཇུག་པའི་རྒྱུ་མཚན་དངོས་པོར་ཡོད་པ་ཅུང་ཟད་
ཀྱང་ཁྱེད་ཀྱིས་འདོད་པ་མ་ཡིན་ནོ་ཞེས་གསུངས་པ། གཉིས་ཀའི་བརྗོད་པར་བྱ་བའོ་ཞེས་བྱས་ནས་སོ་ཞེས་པ། པ་ན་ས་དང་འདིའི་སྒྲ་གཉིས་ཀ་དག་ཀྱང་རྗོད་བྱེད་དུ་འོས་པའམ། གཉིས་དག་གིས་བརྗོད་པར་ནུས་པའོ་ཞེས་པའི་དོན་ཏོ། །འདི་སྐད་བཤད་པར་འགྱུར་ཏེ། སྒྲ་རྣམས་
འདོད་པ་ཙམ་གྱིས་འཇུག་པ་ཉིད་ཀྱི་ཕྱིར་དོན་རྣམས་ཐམས་ཅད་ལ་རུང་བ་སྟེ། དེའི་ཕྱིར་འཇུག་པའི་རྒྱུ་མཚན་གཞན་མེད་ཀྱང་འབྲེལ་པ་བསྟན་པར་ནུས་སོ། །དེའི་དོན་ཉིད་མ་ཡིན་པའི་ཕྱིར་ནི་མིང་གི་དོན་ཅན་པ་ན་སའི་སྒྲ་ཡིན་ནོ་ཞེས་པ་པ་ན་ས་དེས་དོན་དང་ལྡན་པ་

མ་ཡིན་པ་ཉིད་ཀྱི་ཕྱིར། པ་ན་སའི་སྒྲ་ནི་མིང་བྱེ་བྲག་ཏུ་རྟོགས་པའི་དགོས་པ་ཅན་ནོ་ཞེས་པའི་དོན་ཏོ། །འོ་ན་དེ་ཁོ་ན་ཞེས་པ་ལ་སོགས་པ། འདིའི་སྒྲ་དང་དོན་དག་གི་འབྲེལ་པ་གང་ཡིན་པ་དེ་ཁོ་ན་སྒྲའི་སྒྲུབ་པའི་ངོ་བོར་བརྗོད་པར་བྱ་བར་འགྱུར་ཞིང་། དེ་
ལས་ཀྱང་ཁྱད་པར་འདི་ཁོ་ནས། སྒྲ་ལས་བྱུང་བ་རྗེས་སུ་དཔག་པ་ལས་ཚད་མ་གཞན་དུ་འགྱུར་རོ་ཞེས་སེམས་པའོ། །ཚད་མ་གཞན་གྱིས་ཉེ་བར་དམིགས་ནས་ཞེས་པ་མངོན་སུམ་ལ་སོགས་པས་སོ། །ཡང་ཇི་ལྟར་མངོན་སུམ་གྱིས་འབྲེལ་པ་ཅན་དག་ཉེ་བར་དམིགས། ཇི་ཙམ་དུ་
སྒྲ་དང་དོན་དག་ནི་སྤྱིའི་ངོ་བོ་དག་གོ་ཞེས་བསྒྲུབས་ཟིན་ཅིང་། མངོན་སུམ་སྤྱིའི་ཡུལ་ཅན་ཡང་མ་ཡིན་ནོ་ཞེ་ན། ཕ་རོལ་པོའི་འདོད་པས་འདི་སྐད་བཤད་པའོ། །ཡང་ན་ཚད་མ་གཞན་གྱི་རྗེས་ལ་བྱུང་བའི་ཤེས་པ་སྟེ། འབྲས་བུ་ལ་རྒྱུས་ཉེ་བར་བཏགས་པའི་ཕྱིར་ཚད་མ་གཞན་གྱི་སྒྲས་
བརྗོད་དོ་ཞེས་པས་མི་སྐྱོན་ནོ། །ཡིད་ཀྱིས་བརྟགས་པའོ་ཞེས་པས་འབྲེལ་པ་ནི་འབྲེལ་པ་ཅན་ལས་ཐ་དད་པར་མེད་པ་ཁོ་ན་སྟེ། འབྲེལ་པ་ཅན་དག་ཕན་ཚུན་ལྟོས་པའི་དབང་ལས་རྣམ་པར་བརྟགས་པ་འབའ་ཞིག་གོ། །གང་བརྟགས་པ་དེ་ནི་འགའ་ཞིག་ཏུ་ཡང་དོན་བྱ་བ་ལ་སྦྱོར་བ་མ་ཡིན་
ཞིང་དོན་བྱ་བའི་དོན་ཅན་ནི་རྟོགས་པ་ལྡན་པ་རྣམས་ཀྱི་རྩོམ་པ་ཐམས་ཅད་དོ་ཞེས་པས་འབྲེལ་པ་རྗེས་སུ་དཔག་པར་འོས་པ་མ་ཡིན་ནོ། །གང་བརྟགས་པ་དེ་ནི་རྗེས་སུ་དཔག་པར་འོས་པ་མ་ཡིན་ཏེ། རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བའི་འབྲེལ་པ་བཞིན་སྒྲ་དང་དོན་གྱི་
འབྲེལ་པ་ཡང་དེ་ལྟ་བུའོ། །ཁྱབ་བྱེད་དང་འགལ་བའོ། །འོ་ན་སྤྱི་བརྟགས་པ་ཡིན་ན། ཡང་ན་རྗེས་སུ་དཔག་པར་བྱའོ་ཞེ་ན། དེ་ལ་རང་གི་མཚན་ཉིད་ཁོ་ན་གཞན་གྱི་ངོ་བོས་རྗེས་སུ་དཔག་པར་བྱ་བའོ་ཞེས་པ་འདི་བཤད་ཟིན་ཏོ། །ཅི་སྟེ་ཉེ་བར་འཇལ་བ་ལ་སོགས་པ་ལྷག་མ་ཅི་ལྟར་ཞེས་
པ་སོགས་པའི་སྒྲས་ནི་ཞེས་གྲགས་པ་ཉིད་དུ་སྲིད་པ་ལ་སོགས་པ་གཟུང་བར་བྱའོ། །ཕྱོགས་འདི་ལྷག་མ་བཤད་པ་ཡིན་ཞེས་པ་ཇི་སྐད་བཤད་པའི་ཕྱོགས་འདི་ཁོ་ནས་ཉེ་བར་འཇལ་བ་ལ་སོགས་པ་རྣམས་ཇི་ལྟར་སྲིད་པ་བཞིན་དུ་ཚད་མ་མ་ཡིན་པ་ཉིད་དང་། ཚད་མ་གཞན་མ་ཡིན་

པ་ཉིད་དུ་བཤད་པར་རིག་པར་བྱའོ། །ཇི་སྐད་བཤད་པའི་ཕྱོགས་དེ་ཉེ་བར་འཇལ་བའི་དབང་དུ་བྱས་ནས་གསུངས་པ། རེ་ཞིག་ཉེ་བར་འཇལ་བ་ནི་ཞེས་པ་ལ་སོགས་པ་སྟེ། བ་ལང་དང་བ་མེན་ལ་སོགས་པ་རྣམས་ལ་ཞེས་པས་ལུང་སྟོན་ཏོ། །འདྲ་བར་རྟོགས་པའི་དོན་ཅན་ཞེས་
པ་འདྲ་བར་ངེས་པའི་རྒྱུ་མཚན་ཞེས་པའི་དོན་ཏོ། །རབ་ཏུ་གྲུབ་པ་དང་ཆོས་མཐུན་པ་ཉིད་ལས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ནི་ཉེ་བར་འཇལ་བའོ་ཞེས་པ་འདི་དེའི་མཚན་ཉིད་དོ། །རབ་ཏུ་གྲུབ་པ་ནི་ཚད་ལས་ངེས་པ་བ་ལང་ལ་སོགས་པ་ཡིན་ཞིང་། དེ་དང་ཆོས་མཐུན་པ་ཉིད་དེ་ཆོས་མཚུངས་
པ་ཉིད་ནི་རབ་ཏུ་གྲུབ་པ་དང་ཆོས་མཐུན་པ་ཉིད་དོ། །དེ་ལས་བ་ལང་ལ་སོགས་པ་ལ་ལྟོས་པས་བ་མེན་ལ་སོགས་པ་འདྲ་བ་ཉིད་སྒྲུབ་པར་བྱེད་ཅིང་འགྲུབ་པ་གང་ཡིན་པ་དེ་ནི་ཉེ་བར་འཇལ་བའོ། །དེ་ལ་གཞན་ལས་ཐོས་ནས་ཞེས་པ། བ་ལང་ལྟ་བུ་ནི་བ་མེན་ནོ་ཞེས་པ་ལ་སོགས་པ་
ཡིད་ཆེས་པའི་ཚིག་ཐོས་པ་སྔོན་མ་ཅན། བརྗོད་པར་འདོད་པའི་རྟེན་གྱི་བ་མེན་ལ་སོགས་པ་འདྲ་བ་ཉིད་རྟོགས་པ་གང་དེ་ནི་སྒྲ་ལས་བྱུང་བ་ཁོ་ན་སྟེ། སྒྲ་ལས་རབ་ཏུ་བྱུང་བ་ཉིད་ཀྱི་ཕྱིར་ཏེ། སྒྲ་ལས་བྱུང་བ་ཡང་རྗེས་སུ་དཔག་པའི་ནང་དུ་འདུས་པ་ཉིད་ཀྱི་ཕྱིར་ཚད་མ་གཞན་མ་ཡིན་ནོ། །ཕྱི་རོལ་གྱི་དོན་
ལ་ནི་སླུ་བ་ཉིད་ཀྱི་ཕྱིར་ན་དེ་ཚད་མ་ཉིད་ཁོ་ན་མེད་དོ་ཞེས་པ་དགོངས་པའོ། །རང་ཉིད་ཀྱིས་ཡིན་ན་ནི་དོན་གཉིས་ཞེས་པ། རང་ཉིད་ཁོ་ནས་བ་ལང་དང་བ་མེན་གཉིས་མངོན་སུམ་གྱིས་རྟོགས་ནས། ཡིད་ཀྱིས་འདྲ་བ་ཉིད་དུ་གང་གི་ཚེ་འདི་དག་རྟོགས་པ་དེའི་ཚེ་ཉམས་སུ་མྱོང་ཟིན་
པའི་དོན་གྱི་ཡུལ་ཅན་ཉིད་ཀྱི་ཕྱིར། རྟོགས་པ་དེ་དྲན་པ་ལ་སོགས་པ་བཞིན་དུ་ཚད་མ་ཁོ་ནར་མི་འགྱུར་ན། ཅི་ཞིག་ལས་ཚད་མ་གཞན་དུ་འགྱུར། །རྣམ་པ་གཞན་དུ་ན་བ་ལང་དང་མ་ཧེ་མངོན་སུམ་གྱིས་མཐོང་ནས་གང་གི་ཚེ་འདི་ལས་འདི་མི་འདྲ་བའོ་ཞེས་པ་དེ་དག་མི་འདྲ་བར་
རྟོགས་པ་དེའི་དེ་ཡང་ཚད་མ་གཞན་དུ་འགྱུར་རོ་ཞེས་པ་དགོངས་པའོ། །དེ་ལྟར་རྟོགས་པ་ན་མ་ཡིན་ཞེས་པ། ཚད་མ་ཡིན་པས་རྟོགས་བཞིན་པ་ནི། དྲན་པ་ལ་སོགས་པས་རྟོགས་པ་ལྟར་འདྲ་བ་ཉིད་ནི་གཞལ་བྱ་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཕྱོགས་ཅན་ལེན་གྱིས་

སྨྲས་པ། ལུང་གིས་བྱས་པའི་འདུ་བྱེད་ལས་དྲན་པ་ལ་ལྟོས་པའི་ཆོས་མཐུན་པ་ཉིད་ཤེས་པ་ལས་མཚུངས་པ་ཉིད་ཅེས་བྱ་བའི་འབྲེལ་པ་རྟོགས་པ་ནི་ཉེ་བར་འཇལ་བའི་དོན་ཏོ་ཞེས་སོ། །བ་ལང་ལྟ་བུ་བ་མེན་ནོ་ཞེས་པའི་ལུང་འདིས་བྱས་པའི་འདུ་བྱེད་གང་ཡིན་པ་དྲན་
པའི་ཤེས་པའི་རྒྱུ་སྟེ། དེ་ལས་དྲན་པ་གང་ཡིན་པ་དེ་ལ་ལྟོས་པའི་ཆོས་མཐུན་པ་ཉིད་ཤེས་པ་ལས། གང་མཚུངས་པ་ཞེས་བྱ་བའི་འབྲེལ་པ་རྟོགས་པ་སྟེ། མིང་དང་མིང་ཅན་གྱི་འབྲེལ་པ་ཡོངས་སུ་གཅོད་པ་དེ་ཉེ་བར་འཇལ་བའི་ཡུལ་ལོ། །འདི་སྐད་བཤད་པར་འགྱུར་ཏེ། དང་པོར་རེ་ཞིག་
བ་ལང་ལྟ་བུར་བ་མེན་ནོ་ཞེས་སྒྲས་ཡོངས་སུ་གཅོད་ཅིང་། དེ་ལས་བ་མེན་མཐོང་བ་དྲན་པ་ལ་ལྟོས་པའི་ཆོས་མཐུན་པ་ཉིད་ཤེས་པ་ཁོ་ན་ལས་འདི་ལྟར་འདི་བ་མེན་ནོ་ཞེས་ཞེན་པར་བྱེད་དོ་ཞེས་པའོ། །འདི་ཡང་གལ་ཏེ་ཇི་ལྟར་ལུང་ལས་ཡོངས་སུ་གཅད་པ་དེ་ལྟར་མ་མཐོང་བ་ཡང་ཡོངས་སུ་
གཅོད་པར་བྱེད་ན་ནི། དེས་ན་དྲན་པ་ཁོ་ན་སྟེ་ཚད་མ་མ་ཡིན་ནོ། །ཅི་སྟེ་འདིའི་ཞེས་ཁྱད་པར་ངོ་ཤེས་པ་ལས་ཁྱད་པར་དུ་རྟོགས་པར་བྱེད་ན་དེའི་ཕྱིར་རྗེས་སུ་དཔག་པ་ཁོ་ན་སྟེ་ཚད་མ་གཞན་མ་ཡིན་ནོ། །དེ་ལྟར་ནི་གང་བ་ལང་དང་མཚུངས་པ་དེ་བ་མེན་ནོ་ཞེས་རྣམ་པར་གཞག་པ་ན། འདྲ་བའི་
རྟགས་ལས་ཁྱད་པར་རྟོགས་པས་སོ། །འདི་སྐད་བཤད་པར་འགྱུར་ཏེ། མཐོང་བཞིན་པའི་གོང་བུ་ནི་ཆོས་ཅན་ནོ། །འདི་བ་མེན་ནོ་ཞེས་པའི་མིང་ནི་བསྒྲུབ་པར་བྱ་བའི་ཆོས་སོ། །སྒྲ་ཉམས་སུ་མྱོང་བ་ལས་མདུན་ན་གནས་པ་དག་ལ་གང་བ་ལང་དང་བ་མེན་འདྲ་བའི་སྤྱི་དེ་ནི་ཕྱོགས་ཀྱི་ཆོས་སོ། །
ལུང་ཉམས་སུ་མྱོང་བའི་བློ་ལ་གནས་པའི་བ་མེན་ནི་དཔེའོ་ཞེས་པའོ། །ཐབས་མཐའ་ཡས་པ་ཅན་ཡང་མཚུངས་སོ་ཞེས་བྱ་བ་འབྲེལ་པ་རྟོགས་པའོ་ཞེས་པས། ཉེ་བར་འཇལ་བ་ཁོ་ན་ལ་ངོར་དགའ་བ་ཅི་ཞིག་ཡིན། དཔེར་ན་གང་སྣ་མཐོ་བ་དེ་ནག་པ་སྟེ་གང་རྟ་ལ་ཞོན་པ་དེ་བྱམས་
པའོ་ཞེས་པ་ལྟ་བུའོ། །འདི་ཚད་མ་ཡང་མ་ཡིན་ནོ། །རི་ཁྲོད་པས་ན་སྨྲས་པ། ཉེ་བར་འཇལ་བ་ཡང་འདྲ་བ་ཉིད་དུ། ཉེ་བར་མ་གྲུབ་པའི་དོན་ལ་བློ་སྐྱེ་བ་སྟེ། དཔེར་ན་བ་མེན་མཐོང་བ་བ་ལང་དྲན་པའི་ཞེས་སོ། །དེ་ཡང་བཟུང་ཟིན་པའི་ཡུལ་ཅན་ཉིད་ཀྱི་ཕྱིར་དྲན་པ་ལ་སོགས་

པ་བཞིན་དུ་ཚད་མ་ཉིད་དུ་མི་འཐད་དོ། །དེ་ལྟར་འགྱུར་མོད་ཀྱི། གཟུང་བ་ཙམ་ཁོ་ན་འཛིན་པར་གྱུར་པ་ན་ཉེ་བར་འཇལ་བ་ཚད་མ་ཉིད་མ་ཡིན་གྱི། འོ་ན་ཅི་ཞེ་ན། འདྲ་བས་ཁྱད་པར་དུ་བྱས་པའོ། །དེ་ནི་དེ་ལྟར་སྔར་བཟུང་བ་ཡང་མ་ཡིན་ཏེ། དེའི་ཕྱིར་བཟུང་ཟིན་པའི་ཡུལ་ཅན་
ཉིད་མ་གྲུབ་བོ་ཞེ་ན། འདི་མི་རིགས་ཏེ། མངོན་སུམ་ཁོ་ན་ལས་དེ་རྟོགས་པའི་ཕྱིར་རོ། །འདྲ་བས་ཁྱད་པར་དུ་བྱས་པ་ཁོ་ནར་དེ་སྔར་ཡང་ཡོངས་སུ་བཅད་པས་སོ། །འདི་གདོན་མི་ཟ་བར་ཁས་བླང་བར་བྱ་བ་སྟེ། རྣམ་པ་གཞན་དུ་ན་སྔར་བ་ལང་མཐོང་ནས་ཕྱིས་མ་ཧེ་མཐོང་བའི་
ཡང་བ་ལང་ལ་འདྲ་བའི་བློར་འགྱུར་ན་འགྱུར་བ་ཡང་མ་ཡིན་ནོ། །དེའི་ཕྱིར་འདྲ་བས་ཁྱད་པར་དུ་བྱས་པའི་དངོས་པོ་འཛིན་བཞིན་པ་ཡང་ཚད་མ་གཞན་དུ་རྟགས་པའི་ཆེད་དུ་ནུས་པ་མ་ཡིན་ནོ། །ཅི་སྟེ་དེ་ལྟ་ན་ཡང་དེ་ཡང་འགའ་ཙམ་ཞིག་གིས་ཁྱད་པར་དུ་བྱས་པ་འཛིན་ཞེས་པས་ཚད་མ་གཞན་ཉིད་དུ་
བརྟག་པར་བྱ་ན། མངོན་སུམ་ལས་ཡོངས་སུ་གཅད་པའི་ཨུཏྤ་ལ་སྔོན་པོའི་རྫས་ལ་གང་དུས་ཕྱིས་འབྱུང་བའི་ཨུཏྤ་ལ་སྔོན་པོ་ཞེས་འཛིན་པར་དེ་ཡང་ཚད་མ་གཞན་དུ་བརྟག་པར་བྱ་བ་སྟེ། འདི་ལ་ཡང་སྔར་ཨུཏྤ་ལ་སྔོན་པོའོ་ཞེས་པའི་རྣམ་པ་འདིས་མངོན་སུམ་ལས་ཡོངས་སུ་བཅད་
པ་མ་ཡིན་པ་ཁོ་ན་སྟེ། རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་འགྱུར་མོད་ཀྱི་དེ་ནི་དབང་པོ་ལས་སྐྱེས་པ་ཉིད་ཀྱི་ཕྱིར་མངོན་སུམ་ཁོ་ནའི་ནང་དུ་འདུས་པར་རིག་པར་འགྱུར་རོ། །ཐ་སྙད་ལ་མཁས་པའི་དབང་པོའི་ཤེས་པ་ཡང་རྣམ་པར་རྟོག་པ་དང་བཅས་པར་འགྱུར་ཏེ། དེའི་ཕྱིར་འདིར་
ཐལ་བར་འགྱུར་རོ་ཞེ་ན། འདི་མི་རིགས་ཏེ། བརྡ་ལ་ལྟོས་པ་ཉིད་ཀྱི་ཕྱིར་རོ། །གཞན་དུ་ན་བརྡ་མངོན་པར་མི་ཤེས་པ་ཡང་དེ་ལྟར་ཡོངས་སུ་གཅོད་པར་འགྱུར་རོ། །དབང་པོ་ལས་བྱུང་བ་བརྡ་ལ་ལྟོས་པ་ཡང་མ་ཡིན་ཏེ། དངོས་པོའི་རང་བཞིན་ངེས་པར་རྟོགས་པ་མི་གནས་པར་
གྱུར་ན་མི་རུང་ངོ་། །དེ་ལྟར་ནི་ཨུཏྤ་ལ་སྔོན་པོའི་བདག་ཉིད་དུ་གང་དངོས་པོ་རྣམ་པར་གནས་པ་དེ་ཁོ་ན་ལ། འདོད་པ་ལས་སེར་པོའི་སྒྲ་བརྡར་བྱས་པ་ན། འགའ་ཞིག་སྔོན་པོ་ཞེས་ཞེན་ཅིང་། ཁ་ཅིག་སེར་པོར་ཞེས་སོ། །དེའི་ཕྱིར་མི་ཤེས་པར་གྱུར་ན། ཅི་ལྟར་དེའི་དངོས་པོ་

རྣམ་པར་གནས་པ་ཡིན་ཞེས་པའོ། །དངོས་པོ་ཇི་ལྟ་བའི་བརྡ་ནི་མེད་དེ། དེ་འདོད་པའི་རྗེས་སུ་བྱེད་པའི་ཕྱིར་དང་། འདོད་པ་ཡང་དངོས་པོ་ལ་རྟེན་མ་ངེས་པ་ཉིད་ཀྱི་ཕྱིར་རོ། །གཞན་ཡང་གལ་ཏེ་མཐོང་བཞིན་པ་ལས་གཞན་པའི་ལྐོག་གྱུར་ལ་འདི་དང་དེ་འདྲའོ་
ཞེས་འདྲ་བ་ཉིད་ཀྱི་བློ་ནི་ཚད་མ་གཞན་དུ་རྟོག་ན། མཐོང་བཞིན་པ་ལས་གཞན་པའི་ལྐོག་གྱུར་ལ་འདི་དང་དེ་མི་འདྲ་བའོ་ཞེས་མི་འདྲ་བ་ཉིད་ཀྱི་བློ་ཡང་ཚད་མ་གཞན་བདུན་པར་ཅིའི་ཕྱིར་བརྟག་པར་བྱ་བ་ཉིད་མ་ཡིན་ཞིང་། དངོས་པོ་མེད་པའི་ཚད་མ་ལས་ཕྱི་རོལ་དུ་མ་གྱུར་པ་ཉིད་ཀྱི་
ཕྱིར་ཞེ་ན། མ་ཡིན་ཏེ་འདི་ནི་དངོས་པོའི་ཡུལ་ཅན་ཉིད་ཀྱི་ཕྱིར་རོ། །དེ་ལྟར་འགྱུར་མོད། ཕན་ཚུན་མེད་པའི་ངོ་བོ་ཉིད་ཀྱིས་ན་མི་འདྲ་བའི་བློའི་ཡུལ་གང་ཡིན་པ་དེ་ནི་དངོས་པོ་མེད་པའི་ཡུལ་ཁོ་ན་སྟེ། དེ་ལས་ཀྱང་དངོས་པོ་མེད་པའི་ཡུལ་ཅན་ཉིད་དུ་འཐད་དོ་ཞེ་ན། གལ་ཏེ་དེ་ལྟ་ན་
འདྲ་བའི་བློའི་ཡུལ་ལ་ཡང་ཚུལ་འདི་ཡོད་དོ་ཞེས་པས་འདྲ་བའི་བློ་ཡང་དངོས་པོ་མེད་པའི་ཚད་མ་ལས་ཕྱི་རོལ་དུ་མ་གྱུར་པར་ཐལ་བར་འགྱུར་རོ། །ཅི་སྟེ་འདྲ་བ་ཉིད་ཀྱི་ཁྱད་པར་ལ་མི་ལྟོས་པ་ཁྱད་པར་མེད་པ་ཁོ་ནར་མཐོང་བཞིན་པ་ལ་ལྟོས་པ་སྔོན་མཐོང་བ་ཤེས་པ་མཐོང་བཞིན་པ་ནི་
ཉེ་བར་འཇལ་བའོ་ཞེས་རྟོགས་ན་དེ་ལ་ཡང་ནག་པ་ཡོངས་སུ་བཅད་དེ། དུས་ཕྱིས་དེའི་བུ་ཡང་རྟོགས་ནས། འདི་ལྟར་དེ་ནི་འདིའོ་ཕའོ་ཞེས་ཞེན་པར་བྱེད་པ་དེ་ལའང་སྔར་བཟུང་བའི་ནག་པ་ལ་ཕྱིས་མཐོང་བཞིན་པའི་བུ་ལ་ལྟོས་པའི་ཕ་ཉིད་དུ་རྟོགས་པ་སྲིད་པ་ཁོ་ནའོ། །དེ་བཞིན་
དུ་སྐས་ཀྱི་ཕྲེང་བ་ལ་འཛེག་པ་ན། སྤང་ལེབ་དང་པོ་འདས་ཤིང་། སྤང་ལེབ་གཉིས་པ་ཐོབ་པ་ན། འདས་ཟིན་པའི་སྤང་ལེབ་ལ། འདི་ལས་དེ་སྔ་མའོ་ཞེས་མཐོང་བཞིན་པའི་སྤང་ལེབ་ལ་ལྟོས་པས་རྣམ་པར་ཤེས་པར་འགྱུར་རོ་ཞེས་པས་དེ་ཡང་ཉེ་བར་འཇལ་བ་ཉིད་དུ་འགྱུར་ན།
དེ་འདོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་འདི་ཚད་མ་ཉིད་དུ་མི་རིགས་སོ། །དེ་བཞིན་དུ་ཞེས་པ་ལ་སོགས་པ་གཞན་རྣམས་ཀྱང་སྟེ། གང་ཚད་མ་གཞན་ཉིད་དུ་བཏགས་པའི་ཚད་མ་དེ་རྣམས་ཀྱང་རྗེས་སུ་དཔག་པའི་རྣམ་པར་རྟོག་པ་ལས་མི་གཞན་པ་ཉིད་ཀྱི་ཕྱིར་ཚད་མ་གཞན་

ཉིད་ཡིན་པར་འདོད་པ་སྤང་བར་བྱ་བ་རྣམས་ཡིན་ནོ། །དེ་ལ་ཞེ་དྲག་པ་ནི་ཞེ་དྲག་ཅིང་བརྗོད་ནས་ངེས་པར་བསྟན་པ་འཇུག་པར་བྱེད་པ་བརྒྱུད་པར་འོས་པའི་ཚིག་སྟེ་དཔེར་ན་ནགས་འདི་ན་གནོད་སྦྱིན་གནས་སོ་ཞེས་པ་ལྟ་བུའོ། །འདི་ཡང་བརྗོད་པར་འདོད་པ་ན་སྒྲ་ལས་བྱུང་བ་ཉིད་
ལས་ཐ་མི་དད་དེ། ཕྱི་རོལ་གྱི་དོན་ལ་ནི་འདིའི་ཚད་མ་ཉིད་ཁོ་ན་མེད་དོ། །སྲིད་པ་ཞེས་བྱ་བ་གང་དུ་གང་སྲིད་པ་དེ་གཟུང་བ་ལས་སྲིད་པ་ཅན་དུ་ཡོད་པ་ཉིད་འཛིན་པ་སྟེ། དཔེར་ན་ཁལ་འཛིན་པ་ལས་བྲེ་གང་ཡོད་པ་ཉིད་དུ་གཟུང་བ་ལྟ་བུའོ། །འདི་ཡང་ཚོགས་པ་རྣམ་པར་གཞག་པ་ཡི། །
རྒྱུ་ནི་ཚོགས་པ་ཅན་ཡིན་ནོ་ཞེས་པས། ཁལ་འབྲས་བུའི་རྟགས་ཁོ་ན་ལས་འཛིན་པའོ། །དེའི་ཕྱིར་རྗེས་སུ་དཔག་པ་ཁོ་ནའི་ནང་དུ་འདུས་པའོ། །དོན་གྱིས་གོ་བ་ལ་སོགས་པ་རྣམས་ནི་སྔར་ཁོ་ནར་བསྒྲུབ་པར་བྱས་སོ་ཞེས་པའོ། །མངོན་སུམ་དང་རྗེས་སུ་དཔག་པ་སྟེ། ཚད་མ་དག་
གཉིས་ཁོ་ནའོ་ཞེས་པ་འདི་ནི་གནས་པའོ། །ལེའུ་ལྔ་པའོ།། །།ཚད་མ་གཉིས་སུ་གནས་སོ་ཞེས་པ་ཚད་མ་དག་གོ། །གཉིས་དག་ཁོ་ནའོ་ཞེས་གང་དམ་བཅས་པ་དེ་སྒྲ་ལས་བྱུང་བ་ལ་སོགས་པ་རྣམས་ཚད་མ་གཞན་ཉིད་བཀག་པས་རྣམ་པས་གནས་སོ་ཞེས་དམ་བཅའ་
བརྟན་པར་བྱེད་པ་ཉིད་སྟོན་ཏོ། །དེ་ལ་ཚད་མ་བརྗོད་པའི་དགོས་པ་ནི་སྔར་ཁོ་ནར་བརྗོད་ཟིན་ཏོ། །ཚད་མ་ལྟར་སྣང་བ་རྣམས་ཀྱི་ནི་བརྗོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཆེད་དུ་ཕྱོགས་སྔ་མ་ཉེ་བར་དགོད་པ་གསུངས་པ། ཅི་སྟེ་ཅིའི་དོན་ཞེས་པ་ལ་སོགས་པའོ། །ཚད་མ་ནི་དངོས་པོའི་དེ་ཁོ་ན་ཉིད་
རྟོགས་པའི་ཐབས་ཏེ། དེའི་ཕྱིར་དེ་ཉེ་བར་སྟོན་པ་ནི་དོན་དང་ལྡན་ནོ། །དེ་སྐད་དུ་ཡང་བཤད་པ། གང་གི་ཕྱིར་གཞལ་བྱ་རྟོགས་པ་ནི་ཚད་མ་ལ་རག་ལས་ལ་ཞེས་སོ། །ཚད་མ་ལྟར་སྣང་བ་ཉེ་བར་བསྟན་པ་ལ་ནི་དགོས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་བྱ་བ་མ་ཡིན་ནོ་ཞེས་པའོ། །
གང་ལ་དགོས་པ་མེད་པ་དེ་བྱ་བ་མ་ཡིན་ཏེ། ཇི་ལྟར་དགོས་པ་མེད་པ་གཞན་འགའ་ཞིག་བཞིན། ཚད་མ་ལྟར་སྣང་བ་ཉེ་བར་བསྟན་པ་ཡང་དགོས་པ་མེད་པའོ་ཞེས་པ་ཁྱབ་པར་བྱེད་པ་མེད་པའོ། །སོགས་པའི་སྒྲས་ནི་ཕྱོགས་དང་། གཏན་ཚིགས་དང་། དཔེའི་

སྐྱོན་རྣམས་གཟུང་ངོ་། །ཚད་མ་ལྟར་སྣང་སྨྲ་རྣམས་ཀྱི་ཞེས་པ་ལ་སོགས་པས་མ་གྲུབ་པ་ཉིད་དུ་གསལ་བར་བྱེད་དེ། ཇི་ལྟར་ཡན་ལག་རིག་པར་སྨྲ་བ་རྣམས་ཀྱི་ཕྱོགས་གྲུབ་པར་གྱུར་པ་དེ་ལྟར། ཚད་མ་ལྟར་སྣང་སྨྲ་རྣམས་ཀྱི། །མ་གྱུར་ཅིག་སྟེ་འགྱུར་བ་
མིན་ནོ་ཞེས་པའི་དོན་ཏོ། །མཉམ་ནས་མ་ཚང་ལ་སོགས་བརྗོད། །དེའི་ཕྱོགས་འགྲུབ་པ་ངེས་པར་ཟློག་པའི་དོན་དུའོ་ཞེས་པ་ལྷག་མའོ། །དེ་ཉིད་ཀྱི་ཕྱིར་འབྲེལ་པར་གསུངས་པ། ཕྱོགས་འགྲུབ་པ་ངེས་པར་བཟློག་པའི་ཆེད་དུ་མ་ཚང་བ་ཉིད་ལ་སོགས་པ་སྒྲུབ་བྱེད་ཀྱི་སྐྱོན་རྣམས་བཤད་དོ་
ཞེས་པའོ། །ངག་ཙམ་ལ་མཁས་པ་དངོས་པོའི་དེ་ཁོ་ན་ཉིད་མི་ཤེས་པ་དེ་རྣམས་སྒྲུབ་བྱེད་ལྟར་སྣང་བ་ཙམ་གྱིས་ཀྱང་བསྒྲུབ་བྱ་འགྲུབ་པར་འགྱུར་རོ་ཞེས་པའི་ཕྱོགས་གང་ཡིན་པ་དེ་འགྲུབ་པ་བཟློག་པའི་ཆེད་དུ་སྒྲུབ་པར་བྱེད་པའི་སྐྱོན་རྣམས་བཤད་དོ་ཞེས་པའི་ཐ་ཚིག་གོ། །དེ་ལྟར་ན་ཚད་མ་
ལྟར་སྣང་བ་སྟོན་པའི་དགོས་པ་ནི་ལྡོག་པར་རྟོགས་པ་སེལ་བའོ་ཞེས་བརྗོད་པར་འགྱུར་རོ། །དེ་ཕྱིར་དེ་སྟོན་པ་ཉིད་ནི་ཞེས་པ་གང་གི་ཕྱིར་མ་ཚང་བ་ཉིད་ལ་སོགས་པ་རྣམས་ཀྱིས་བསྒྲུབ་བྱ་གྲུབ་པར་མི་འགྱུར་བ་དེའི་ཕྱིར། མ་ཚང་བ་ཉིད་ལ་སོགས་པ་དེ་རྣམས་སྟོན་པ་ནི་རིགས་པའི་ལན་
དུ་བརྗོད་པ་ཡིན་ནོ། །དེར་སྣང་བ་ནི་རྗོད་བྱེད་པ་ཉིད་ལ་སོགས་པ་ལྟར་སྣང་བ་རྗོད་པར་བྱེད་པ་ནི། ལྟག་ཆོད་དུ་སྟེ་ཞེས་པ་དེ་ལྟར་སྣང་བ་རྗོད་པར་བྱེད་པ་ནི། ལྟག་ཆོད་རྣམས་ཀྱི་ནང་དུ་འདུའོ་ཞེས་སྟོན་ཏོ། །ལེན་ལྟར་སྣང་སུན་འབྱིན་པ་ལྟར་སྣང་བའོ་ཞེས་པའི་དོན་ཏོ། །ཅིའི་ཕྱིར་དེ་
སྟོན་པ་རིགས་པའི་ལན་ཡིན་ཞེ་ན་གསུངས་པ། གང་གི་ཕྱིར་འདི་རྣམས་ཀྱི་ཞེས་པ་ལ་སོགས་པའོ། །ཅིའི་ཕྱིར་མ་ཚང་བ་ཉིད་ལ་སོགས་པ་ལྟར་སྣང་བ་སྟོན་པ། ལན་གྱི་སྐྱོན་ཡིན་ཞེ་ན་གསུངས་པ་འདིས་མ་ཡིན་ཞེས་པ་ལ་སོགས་པའོ། །ཕྲད་མ་ཕྲད་ལ་མི་འདོད་བརྗོད། །
ཞེས་པ་ཕྲད་པ་དང་ལྷན་ཅིག་པའི་མ་ཕྲད་པ་ནི་ཕྲད་མ་ཕྲད་དོ། །དེ་ཡོད་པ་ལ་གཏན་ཚིགས་ཀྱི་མི་འདོད་བརྗོད། དུས་གསུམ་པ་ལ་ཡང་མི་འདོད་བརྗོད། །ཅིའི་ཕྱིར་ཞེ་ན་གཏན་ཚིགས་ཀྱི་ཞེས་འཇུག་གོ། །དེ་ལ་ཕྲད་དང་མ་ཕྲད་ལ། །གཏན་ཚིགས་མི་འདོད་བརྗོད་པ་ཞེས་པ་འདི་

ནི་ཕྲད་མ་ཕྲད་མཚུངས་པའི་མཚན་ཉིད་དོ། །ལྷག་མ་ནི་རྟགས་མིན་མཚུངས་པའི་འོ། །ཕྲད་མ་ཕྲད་རྟགས་མིན་ཞེས་བྱ། །ཞེས་པ་མཚན་བྱ་ངེས་པར་སྟོན་པའོ། །དཔེ་བརྗོད་དང་བཅས་པའི་གཏན་ཚིགས་ལ་ཞེས་པ་སྦྱོར་བ་ཡོངས་སུ་རྫོགས་པ་ཉིད་དུ་གསལ་བར་བྱེད་དོ། །བསྒྲུབ་བྱ་
དང་ཁྱད་པར་མེད་པར་འགྱུར་རོ་ཞེས་པ་གཏན་ཚིགས་ཀྱང་བསྒྲུབ་པར་བྱ་བར་འཐོབ་པོ་ཞེས་པའོ། །ཅི་ལྟ་བུ་བཞིན་དུ་ཞེ་ན་གསུངས་པ། ཆུ་བོ་དང་རྒྱ་མཚོའི་ཆུ་ཕྲད་པ་ལ་ཁྱད་པར་མེད་པ་བཞིན་ཞེས་པ། ཕྲད་པ་དག་ཀྱང་ཡིན་ལ་དེ་ཆུ་བོ་དང་རྒྱ་མཚོའི་ཆུ་དག་ཀྱང་ཞེས་པ་ལས་འཛིན་པ་སྟེ།
དེ་དག་ཇི་ལྟར་ཁྱད་པར་མེད་པ་དེ་བཞིན་ནོ། །མ་གྲུབ་པ་དང་ཕྲད་པ་མེད་པའི་ཕྱིར་ཞེས་པ། སྔ་མ་ནི་ཕྲད་པ་ཁས་བླངས་ནས་ཁྱད་པར་མེད་པ་བརྗོད་པས་གཏན་ཚིགས་ལྟར་སྣང་བར་བརྗོད་ལ། ད་ལྟ་ནི་ཕྲད་པ་མེད་པ་ཁོ་ནའོ་ཞེས་སྟོན་ཏོ། །བསྒྲུབ་པར་བྱ་བ་ཡོང་ཡོངས་སུ་མ་གྲུབ་ན།
དེ་ཅི་ལྟར་གཏན་ཚིགས་གྲུབ་པ་དང་ཕྲད་པར་འགྱུར། ཅི་སྟེ་ཕྲད་པ་འགྲུབ་པའི་དོན་དུ་བསྒྲུབ་བྱ་ཡོངས་སུ་གྲུབ་པར་འདོད་ན། དེ་ལྟར་གྱུར་ན་འདི་ཅི་ཞིག་གི་གཏན་ཚིགས་ཡིན། གཏན་ཚིགས་ནི་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པའི་ཆེད་དུ་འདོད་པ་ཡིན་ན་གལ་ཏེ་དེ་གྲུབ་ན་འདི་ཅི་ཞིག་གི་
གཏན་ཚིགས་ཡིན་ཞེས་པ་གཏན་ཚིགས་མེད་པར་ཐལ་བར་འགྱུར་རོ། །ཅི་སྟེ་མ་ཕྲད་པས་ཞེས་པ་གཏན་ཚིགས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ཞེས་སྦྲེལ་ལོ། །མ་ཕྲད་པ་རྣམས་ཁྱད་པར་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་ཇི་ལྟར་མིག་གིས་གཟུང་བར་བྱ་བ་ཉིད་ལ་སོགས་པ་བསྒྲུབ་བྱ་ལ་མ་
ཕྲད་པ་རྣམས་གཏན་ཚིགས་མ་ཡིན་པ་དེ་ལྟར་འདི་ཡང་གཏན་ཚིགས་མ་ཡིན་ནོ་ཞེས་པའོ། །དེ་ལྟ་ན་ཡང་གཏན་ཚིགས་མེད་པ་ཁོ་ནའོ། །བསྒྲུབ་བྱ་མེད་པ་ལ་ཅི་ཞིག་གི་གཏན་ཚིགས་ཡིན་ཞེས་པ་ཅིའི་ཡང་མ་ཡིན་པ་ཁོ་ནའོ་ཞེས་པའི་དོན་ཏོ། །བསྒྲུབ་བྱ་ལ་ལྟོས་ནས་ནི་འདི་གཏན་
ཚིགས་ཉིད་ཡིན་པ་ལ། བསྒྲུབ་བྱ་མེད་ན་དེ་མི་རིགས་པས་སོ། །ཅི་སྟེ་བསྒྲུབ་པར་བྱ་བ་ལས་གཏན་ཚིགས་ཕྱེས་ཁོ་ན་ཡིན་ན་དེ་ལྟར་ན་བསྒྲུབ་པར་བྱ་བ་གྲུབ་ན། འདི་ཅི་ཞིག་གི་གཏན་ཚིགས་ཡིན། གཏན་ཚིགས་དང་གཏན་ཚིགས་དང་ལྡན་པའི་དངོས་པོ་མི་འགྲུབ་བོ་ཞེས་པའོ། །

གཏན་ཚིགས་མ་ཚང་བ་ཉིད་ཀྱི་གཟུགས་བརྙན་དག་སྟེ་ཞེས་པ་གཏན་ཚིགས་མ་ཚང་བ་ཉིད་དུ་རྩོད་པ་ལྟར་སྣང་བ་དག་གོ་ཞེས་པའི་དོན་ཏོ། །རྗོད་པར་བྱེད་པ་ལ་བརྗོད་པར་བྱ་བ་ཉེ་བར་བཏགས་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་གཏན་ཚིགས་མ་ཚང་བ་ཉིད་ཀྱི་རྩོད་པ་དག་ཁོ་
ནར་མི་འགྱུར་ཞེ་ན་གསུངས་པ། མི་རིགས་པས་གཏན་ཚིགས་ཐམས་ཅད་ལ་སྐུར་པ་འདེབས་པའི་ཕྱིར་རོ་ཞེས་པ་འདིར་གཏན་ཚིགས་སྤྱི་བཟུང་ནས་མི་རིགས་པ་ཉིད་དུ་རྩོད་ཀྱི། ཁྱད་པར་རྩོལ་བ་ལས་བྱུང་བ་ཁོ་ན་ལ་ནི་མ་ཡིན་ནོ། །དེའི་ཕྱིར་གཏན་ཚིགས་ཐམས་ཅད་ལ་སྐུར་པ་བཏབ་
པ་བྱས་པར་འགྱུར་རོ། །འདི་ལ་རིགས་པ་ཅི་ཡིན་ཞེས་པ་ལ་སོགས་པའོ། །གང་ཚུལ་གསུམ་པ་ཉིད་དེ་ནི་དོན་གྱིས་རྟོགས་པར་བྱེད་པ་ཉིད་ཀྱང་མངོན་པར་བརྗོད་པ་ནི་རྟགས་ཀྱི་མཚན་ཉིད་དོ། །དེ་དང་ལྡན་པ་ཡང་གཏན་ཚིགས་མ་ཡིན་པར་འགྱུར་བར་བྱས་ཞེས་པ་འདི་ལ་རིགས་པ་ཅི་ཡང་མེད་དོ་
ཞེས་པའི་དོན་ཏོ། །འདི་ཡང་བསྒྲུབ་པར་བྱ་བ་རྣམ་པ་གཉིས་ཏེ། བསྐྱེད་པར་བྱ་བའམ་ཤེས་པར་བྱ་བར་འགྱུར་རོ། །དེ་ལ་བསྐྱེད་པར་བྱ་བ་ནི་བློ་སྟེ། ཤེས་པར་བྱ་བ་ནི་མི་རྟག་པ་ཉིད་དོ། །གཏན་ཚིགས་ཀྱང་རྗོད་པར་བྱེད་པའམ་དོན་ཏོ། །དེ་ལ་བསྐྱེད་པར་བྱ་བའི་བསྒྲུབ་བྱའི་དབང་དུ་
བྱས་ནས་གལ་ཏེ་བརྗོད་ན། ཅི་ལྟར་མ་ཕྲད་པ་དང་ཆོས་མཐུན་པ་ཉིད་ལས་གཏན་ཚིགས་མ་ཡིན་པར་འགྱུར། མ་ཕྲད་པ་ནི་གཏན་ཚིགས་མ་ཡིན་པ་ཁོ་ན་ལ་འཇུག་པ་མ་ཡིན་པས་ཏེ། འོ་ན་ཅི་ཞེ་ན་གཏན་ཚིགས་ལ་ཡང་ངོ་། །དེ་ལྟར་ནི་གཟུགས་ལ་སོགས་པ་རྣམས་བློ་དང་ཕྲད་པ་ཡང་
མ་ཡིན་ཞིང་། དེ་སྟེ་ཡང་དེའི་སྐྱེད་པར་བྱེད་པ་རྣམས་ཡིན་པས་སོ། །མ་ཕྲད་པའི་ཕྱོགས་ལ་བརྟེན་པ་ལས་ཀྱང་། ཕྲད་པར་བྱ་བ་སྒྲུབ་པར་མི་བྱེད་དོ་ཞེས་བཤད་པར་འགྱུར་རོ། །དེ་བཞིན་དུ་བསྒྲུབ་བྱ་ལས་སྔར་ཞེས་པ། སྔར་རྒྱུ་དང་ཕྱི་ནས་བསྒྲུབ་པར་བྱ་བ་བློར་འདོད་ན། དེ་ལ་བསྒྲུབ་པར་
བྱ་བ་མེད་ན་འདི་ཅི་ཞིག་གི་གཏན་ཚིགས་ཡིན་ཞེས་གང་བརྗོད་པ་དེ་མི་རིགས་ཏེ། དེ་ལྟར་ནི་བསྒྲུབ་པར་བྱ་བ་མེད་པ་ཁོ་ན་ལ་གཏན་ཚིགས་ཀྱི་དོན་ཏེ། མི་རྟག་པ་ཉིད་ལ་སོགས་པར་ངེས་པ་སྐྱེས་ཟིན་པ་ན་གཏན་ཚིགས་ཀྱིས་དགོས་པ་ཅི་ཡང་མེད་དོ། །མ་སྐྱེས་པ་ན་གཏན་ཚིགས་

ཞེས་པའི་ཐ་སྙད་དུ་མི་འགྱུར་བ་འདི་ཙམ་ཞིག་ཏུ་ནི་མི་འགྱུར་ཏེ། བུ་མ་སྐྱེས་པ་ན་ཕའི་ཐ་སྙད་བཞིན་ནོ། །འདི་ཙམ་གྱིས་སྒྲུབ་བྱེད་མིན་པ་ཉིད་དུ་རིགས་པ་ཡང་མ་ཡིན་ཏེ། འབྲས་བུ་སྐྱེད་པར་བྱེད་པ་ནི་ཐ་སྙད་ལ་འབྲེལ་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན་ནུས་པ་ལ་སྟེ། དེ་ཡང་ཡོད་དོ་ཞེས་
པས་འདི་ནི་གཏན་ཚིགས་མ་ཡིན་པ་མ་ཡིན་ནོ་ཐམས་ཅད་ལ་སྐུར་པ་འདེབས་པའི་སྐྱོན་འབའ་ཞིག་ཏུ་མ་ཟད་ཀྱི། རང་ཉིད་འཇོམས་པ་ཉིད་ཀྱི་སྐྱོན་ཡང་སྟེ། རང་ཉིད་འཇོམས་པ་འདིའི་ངང་ཚུལ་ལོ་ཞེས་པ་བདག་ཉིད་འཇོམས་པའོ། །ཡང་ན་རང་ཉིད་འཇོམས་པ་ནི་བདག་ཉིད་
འཇོམས་པ་སྟེ། དེ་འདི་ལ་ཡང་ཡོད་པས་ན་རང་ཉིད་འཇོམས་པ་ཅན་ནོ། །དེའི་དངོས་པོ་ནི་རང་ཉིད་འཇོམས་པ་ཅན་ཉིད་དོ། །དེ་ཁོ་ན་སྐྱོན་ནོ། །ཅིའི་ཕྱིར་འདི་ཡང་སྐྱོན་ཡིན་ཞེ་ན་གསུངས་པ། དགག་པ་མཚུངས་པ་ཉིད་ཀྱི་ཕྱིར། །ཞེས་པ། གལ་ཏེ་སུན་འབྱིན་འདི་སུན་དབྱུང་བྱ་དང་ཕྲད་ནས་སུན་འབྱིན་ན་སུན་དབྱུང་
བྱ་དང་ཁྱད་པར་མེད་པར་འཐོབ་བོ་ཞེས་པ་ལ་སོགས་པ་ཐམས་ཅད་བརྗོད་པར་བྱའོ། །དེ་བཞིན་དུ་སུན་འབྱིན་པ་འདི་སུན་དབྱུང་བྱ་ལས་སྔར་ཡིན་ན་སུན་དབྱུང་བྱ་མེད་ན་འདི་ཅི་ཞིག་གི་སུན་འབྱིན་པ་ཡིན་ཞེས་པ་ལ་སོགས་པ་ཐམས་ཅད་འདི་ལ་ཡང་བརྗོད་པར་བྱའོ། །དེ་ལྟར་ཞེས་པ་དེ་མ་ཐག་ཏུ་བརྗོད་པའི་རྣམ་
པས་སོ། །བློ་བསྒྲུབ་པར་བྱ་བ་མ་ཡིན་ན་ཞེས་པ་མི་རྟག་པ་ཉིད་ཀྱིས་ཁྱད་པར་དུ་བྱས་པའི་སྒྲ་ལ་དམིགས་པའི་བློ་བསྒྲུབ་པར་བྱ་བ་ཉིད་དུ་གང་གི་ཚེ་ལྟོས་པར་བྱ་བ་དེའི་ཚེ་ཚིག་གི་བདག་ཉིད་ཀྱི་གཏན་ཚིགས་བཀག་པའི་ཕྱིར་དང་གཞན་ཡང་མི་སྟོན་པའི་ཕྱིར་གཏན་ཚིགས་མ་ཚང་བར་སྣང་བ་ཉིད་དོ། །
དོན་རྟགས་ཡིན་ན་མ་གྲུབ་སྣང་བ་དག་གོ་ཞེས་པ་གང་གི་ཚེ་དོན་གཏན་ཚིགས་ཡིན་ཞིང་། བློ་ཁོ་ན་བསྒྲུབ་བྱ་ཡིན་པ་དེའི་ཚེ་ཚིག་མ་བཀག་སྟེ། གཏན་ཚིགས་ཀྱི་གནས་སུ་སྦྱོར་བའི་ཕྱིར་རོ། །དོན་གཏན་ཚིགས་ཡིན་ན་མ་གྲུབ་པ་ལྟར་སྣང་བ་ཉིད་དེ། གང་དམ་བཅའ་བའི་དོན་གྱི་ཆོས་འདི་ནི་
མ་གྲུབ་པར་མི་འགྱུར་རོ། །བློ་ནི་དམ་བཅའ་བའི་དོན་ཡང་མ་ཡིན་གྱི། འོ་ན་ཅི་ཞེ་ན་མི་རྟག་པ་ཉིད་ཀྱི་ཁྱད་པར་དུ་བྱས་པའི་སྒྲ་ཡིན་ཞིང་། དེའི་ཡང་ཆོས་སུ་འདི་འགྱུར་བ་ཁོ་ནའོ་ཞེས་པས་མ་གྲུབ་པ་ཉིད་མ་ཡིན་ནོ། །ཅི་སྟེ་ཡང་བསྒྲུབ་པར་བྱ་བ་ལས་སྔར་ཕྲད་པ་མེད་པའི་ཕྱིར་དང་། གཏན་ཚིགས་

ཀྱི་ཐ་སྙད་མེད་པའི་ཕྱིར་མ་གྲུབ་པ་ཉིད་ཁོ་ནར་འགྱུར་རོ་ཞེ་ན་དེའི་ཕྱིར་གསུངས་པ། ཆོས་རྣམས་ཐམས་ཅད་ཀྱི། །ཞེས་པ་ལ་སོགས་པའོ། །གཏན་ཚིགས་གཉིས་ཀྱིས་ཀྱང་ཞེས་པ། ཚིག་གི་བདག་ཉིད་དང་དོན་གྱི་བདག་ཉིད་ཀྱིས་སོ། །མི་རྟག་པ་ཉིད་ལ་
སོགས་པ་ཤེས་པར་བྱ་བའི་དོན་བསྒྲུབ་པར་བྱ་བ་ལའོ། །འདིར་ཡང་མ་ཚང་བ་ཉིད་དང་མ་གྲུབ་པ་ཉིད་ལྟར་སྣང་བ་དག་སྟེ། རིམ་པ་ཇི་ལྟ་བར་ཚིག་རབ་ཏུ་སྦྱོར་བའི་ཕྱིར་དང་དོན་གྲུབ་པ་ཉིད་ཀྱི་ཕྱིར་རོ། །དེ་དག་རྒྱུ་དང་འབྲས་བུའི་དངོས་པོ་མ་ཡིན་པའི་ཕྱིར་ཞེས་པ་བསྒྲུབ་པར་བྱ་བ་དང་སྒྲུབ་
པར་བྱེད་པ་དག་ནི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་མ་ཡིན་གྱི། འོ་ན་ཅི་ཞེ་ན་ཤེས་པར་བྱ་བ་དང་ཤེས་པར་བྱེད་པའི་དངོས་པོ་ཡིན་ཞིང་། དེ་ཡང་མ་ཕྲད་པ་དག་ལ་ཡང་མཐོང་བ་སྟེ། དཔེར་ན་ཆུ་དང་སྤྲིན་བཞིན་དུ་ཐ་དད་པ་དང་ཐ་མི་དད་པའི་དུས་ཅན་དག་ལ་ཡང་སྟེ། རྗེས་
སུ་དཔག་པ་ནི་དུས་གསུམ་པ་ཉིད་ཀྱི་ཕྱིར་རོ་ཞེས་པས་འདི་མི་རིགས་སོ། །རྟག་པ་ཞེས་བྱ་ཞེས་པ་རྟག་པ་མཚུངས་པའོ། །མི་རྟག་པ་ཉིད། རྗེས་སུ་འགྲོ་ཕྱིར་རྟག་ཉིད་ཐལ། །ཞེས་མི་རྟག་པ་ཉིད་རྗེས་སུ་འགྲོ་བ་གཏན་ཚིགས་ལས་རྟག་པ་ཉིད་དུ་ཀུན་དུ་འབྲེལ་པར་བྱེད་པ་ཞེས་པའི་དོན་
ཏོ། །དེ་རྟག་ཏུ་མི་རྟག་པ་ཉིད་དང་ལྡན་པ་ཐོབ་སྟེ། གནས་སྐབས་འགའ་ཞིག་ཏུ་ཡང་མི་རྟག་པ་མ་ཡིན་པར་འགྱུར་བ་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཅིའི་ཕྱིར་ཞེ་ན་སྨྲས་པ། མི་འཕོ་བའི་རང་བཞིན་ཉིད་ཀྱི་ཕྱིར་རོ་ཞེས་པ་ལ་སོགས་པའོ། །ཆོས་རྣམས་ནི་རང་བཞིན་ལས་འཕོ་བ་མ་ཡིན་ཏེ།
དཔེར་ན་མེ་ནི་སྲེག་པར་བྱེད་པ་ཉིད་ལས་བཞིན་ནོ། །དེའི་ཕྱིར་ཡང་རྟག་པ་ཁོ་ནའོ་ཞེས་པ་སྒྲ་མི་རྟག་པ་ལ་དུས་ཐམས་ཅད་དུ་མི་རྟག་པ་ཉིད་དང་ལྡན་པ་མི་སྲིད་དོ་ཞེས་པས་སྒྲ་རྟག་པ་ཉིད་དུ་དམ་བཅའ་བར་འགྱུར་ཏེ། དེ་ལས་ཀྱང་རང་ཚིག་འགལ་བའོ་དམ་བཅའི་སྐྱོན་ལྟར་སྣང་བ་ཞེས་པ་རང་ཚིག་
འགལ་བ་ལྟར་སྣང་བ་ཞེས་པ་རང་ཚིག་འགལ་བ་ལྟར་སྣང་བའོ། །ཅིའི་ཕྱིར་ཞེ་ན་གསུངས་པ། མི་རྟག་པ་ཉིད་སྒྲོ་བཏགས་པའི་ཕྱིར་རོ་ཞེས་པ། གང་གི་ཕྱིར་ཕ་རོལ་པོས་ཐ་དད་པར་མི་རྟག་པ་ཉིད་སྒྲོ་འདོགས་པར་བྱེད་དོ། །འོ་ན་གང་ལ་དངོས་པོའི་རྐྱེན་འདི་ཡིན་པ་མི་རྟག་པ་ཉིད་ཡོད་

པ་མ་ཡིན་ནམ། དེས་ན་མི་རྟག་པ་ཉིད་སྒྲོ་འདོགས་པའི་ཕྱིར་རོ་ཞེས་ཅིས་བརྗོད་པར་བྱེད་ཅེ་ན་གསུངས་པ། མི་རྟག་པ་ཉིད་ཅེས་པ་ལ་སོགས་པའོ། །གལ་ཏེ་མེད་ན་ཅི་ལྟར་མི་རྟག་པ་ཡིན་ཞེ་ན་གསུངས་པ། དེ་ཁོ་ན་ཞེས་པའོ། །གལ་ཏེ་མི་རྟག་པ་ཉིད་དོན་གཞན་མེད་ན་དངོས་པོའི་རྐྱེན་འདིས་
བརྗོད་པར་བྱ་བ་ཅི་ཡིན་ཞེ་ན་གསུངས་པ། དེ་ཡང་ཞེས་པ་ལ་སོགས་པ་སྟེ། ཇི་ལྟར་དངོས་པོ་དེ་ཁོ་ན་རང་བཞིན་གྲུབ་པ་ན་ཕ་རོལ་གྱི་བྱ་བ་ལ་ལྟོས་པ་ནི་འབྲས་བུ་ཞེས་བརྗོད་ཅིང་། དེའི་གནས་སྐབས་དེ་ཡང་དངོས་པོའི་རྐྱེན་གྱིས་བརྗོད་པ་དེ་བཞིན་དུ་སྒྲའི་འང་ཇི་སྐད་བཤད་པའི་གནས་སྐབས་ནི་
དངོས་པོའི་རྐྱེན་གྱིས་བརྗོད་པར་བྱའོ་ཞེས་པའོ། །བརྗོད་པ་ལས་སྔར་ཞེས་པ་ལ་སོགས་པ་བརྗོད་པ་ལས་སྔོན་དུ་རྟགས་མེད་པས། གང་གི་ཕྱིར། བསྒྲུབ་བྱ་མེད་པར་ཐལ་བྱེད་པ། དེ་ནི་མ་བརྗོད་མཚུངས་པའོ། །ཞེས་བྱ་བའི་ལྟག་ཆོད་ཀྱི་ལན་ནོ། །རྗོད་པར་བྱེད་པ་ལས་སྔར་ཞེས་པ། ཇི་
སྲིད་དུ་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་ཞེས་པའི་ཚིག་མི་བརྗོད་པ་དེ་སྲིད་དུ་གཏན་ཚིགས་མེད་དོ། །དེ་ལས་ཀྱང་སྒྲ་མི་རྟག་པ་མ་ཡིན་པར་ཐལ་ལོ་ཞེས་པའོ། །སྒྲོ་བཏགས་ནས། སྨྲ་བ་པོའི་ངག་གིས་ཞེས་པ་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་རོ་ཞེས་པ་སྨྲ་བ་པོའི་ཚིག་འདིས་སྒྲ་ལ་མི་རྟག་
པ་ཉིད་རྗེས་སུ་དཔག་པར་སྒྲོ་བཏགས་ནས། བརྗོད་པ་ལས་སྔར་དེ་མེད་པར་ཐལ་བར་འགྱུར་བར་བྱེད་དེ། མ་གྲུབ་ལྟར་སྣང་། ཅིའི་ཕྱིར་ཞེ་ན་གསུངས་པ་དོན་གྱིས་ནི་ཞེས་པ་ལ་སོགས་པའོ། །སྔ་མ་ཞེས་པ་རང་གི་དོན་གྱི་རྗེས་སུ་དཔག་པའི་དུས་སུའོ། །དེ་མེད་པ་ལས་ཞེས་པ། དོན་མེད་པ་
ལས་སོ། །ཡང་ན་ཉུང་ལྟར་སྣང་། བརྗོད་པ་ལས་སྔར་སྒྲུབ་བྱེད་ངོར། །ཞེས་པ་གལ་ཏེ་གཏན་ཚིགས་བརྗོད་པ་ལས་སྔར་སྒྲུབ་པར་བྱེད་པར་སྒྲོ་བཏགས་ནས་གཏན་ཚིགས་ཀྱི་ཚིག་མེད་པར་རྩོད་པར་བྱེད་ན། དེ་ལྟ་ན་གཏན་ཚིགས་མ་ཚང་བ་ལྟར་སྣང་བའོ། །ཅིའི་ཕྱིར་ཞེ་ན་གསུངས་པ། སྒྲུབ་
པར་བྱེད་པའི་དུས་སུ་ཞེས་པ་ལ་སོགས་པའོ། །གང་གི་ཕྱིར་སྒྲུབ་པར་བྱེད་པའི་དུས་ཁོ་ནར་གཏན་ཚིགས་མི་བརྗོད་པ་ནི་གཏན་ཚིགས་མ་ཚང་བའི་སྒྲུབ་པར་བྱེད་པར་འགྱུར་བ་དེའི་ཕྱིར་སྒྲུབ་པར་བྱེད་པའི་དུས་ལས་གཞན་གྱི་ཚེ་གཏན་ཚིགས་མེད་པའི་ཕྱིར་ན་སྒྲུབ་པར་བྱེད་པ་མ་ཚང་བ་མ་ཡིན་པར་

རིགས་སོ། །དེ་ལྟར་འགྱུར་མོད་ཀྱི་གཏན་ཚིགས་ཀྱི་ཚིག་ལས་སྔར་ཁོ་ནར་འདི་སྒྲུབ་པར་བྱེད་དོ་ཞེ་ན་དེའི་ཕྱིར་གསུངས་པ། འདི་ཡང་མ་ཡིན་ཞེས་པ་ལ་སོགས་པའོ། །མཐའ་དག་གི་དོན་ཅན་ཞེས་མཐའ་དག་པ་སྟེ། ཚུལ་གསུམ་པའི་གཏན་ཚིགས་གང་གི་དོན་ཡིན་
པ་དེ་མཐའ་དག་གི་དོན་ཅན་ཏེ། ཚུལ་གསུམ་བརྗོད་པའི་ཚིག་གོ། །དེ་མེད་པར་རྩོད་པས་ཁྱད་པར་མེད་པར་དཔེར་བརྗོད་སྟོན་པ་གཉིས་ཀྱང་མེད་པར་རྩོད་པར་འགྱུར་རོ་ཞེས་པས་དཔེ་བརྗོད་པ་མ་ཚང་བ་ཉིད་ལྟར་སྣང་བ་ཉིད་དུ་ཡང་རིག་པར་བྱའོ། །སྐྱེ་བ་ལས་རྟགས་མེད་ཕྱིར་ཞེས་པ་སྐྱེ་བ་ལས་སྔར་
སྒྲ་ལས་རྩོལ་མ་ཐག་ཏུ་བྱུང་བ་ཉིད་མེད་དོ་ཞེས་པས་འདི་གཏན་ཚིགས་མ་ཡིན་པ་ཉིད་དུ་རྩོད་པར་བྱེད་དེ། ལན་འདི་ནི་མ་གྲུབ་པ་ལ་བརྟེན་པ་དང་བཟློག་པར་བརྟེན་པར་འགྱུར་ཏེ། གང་ལས་རྩོལ་མ་ཐག་ཏུ་བྱུང་བ་ཉིད་མ་གྲུབ་པ་དང་། རྩོལ་མ་ཐག་ཏུ་མ་བྱུང་བ་ཉིད་ནི་དེ་ལས་ལྡོག་པ་བརྟེན་ཏེ་རྩོད་
པར་བྱེད་ཅེས་པའི་དོན་ཏོ། དེ་ལས་ཀྱང་རྩོལ་མ་ཐག་ཏུ་བྱུང་བ་ཉིད་མེད་པར་ཐལ་བར་བྱེད་ཅིང་། དེ་ལས་བཟློག་པ་རྩོལ་མ་ཐག་ཏུ་མ་བྱུང་བ་ཉིད་གྲུབ་པ་ཉིད་ཀྱི་ཕྱིར་མི་རྟག་པ་ལས་བཟློག་པ་རྟག་པ་ཉིད་ཡོད་པར་རོ། །འདི་ཁོ་ན་རྣམ་པར་འབྱེད་པ་གསུངས་པ། སྐྱེ་བ་ལས་སྔར་སྒྲ་རྩོལ་མ་ཐག་ཏུ་
བྱུང་བ་མ་ཡིན་ཞེས་པ་ལ་སོགས་པའོ། །འདི་ནི་རྣམ་པ་གཉིས་སུ་ཞེས་པ་འདི་ནི་འདོད་ཞེས་པ་འདི་དང་སྦྲེལ་ལོ། །རྣམ་པ་གཉིས་ཉིད་དེ་མ་གྲུབ་པ་ལྟར་སྣང་བ་ཉིད་ཀྱི་ཕྱིར་དང་མ་ངེས་པ་ལྟར་སྣང་བ་ཉིད་ཀྱི་ཕྱིར་རོ། །ཡང་ཅིའི་ཕྱིར་རྣམ་པ་གཉིས་ཡིན་ཞེ་ན། གསུངས་པ་གཉིས་སུ་སྒྲོ་བཏགས་
པ་ལས་ཞེས་པའོ། །སྐྱེ་བ་ལས་སྔར་སྒྲུབ་བྱེད་དུ་སྒྲོ་བཏགས་པའི་ཕྱིར་ཏེ། རྩོལ་མ་ཐག་བྱུང་བ་ཉིད་དུ་སྒྲོ་གདགས་པ་ལས་སོ། །དེ་ལ་སྒྲོ་འདོགས་པ་སྔ་མ་ལས་མ་གྲུབ་པ་ལྟར་སྣང་བར་འདོད་ཅིང་ཅིག་ཤོས་ལས་མ་ངེས་པ་ལྟར་སྣང་བ་སྟེ། དོན་གྱིས་གོ་བས་རྟག་པ་ཉིད་དུ་སྒྲོ་
གདགས་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་མ་གྲུབ་པ་ལྟར་སྣང་བ་ཉིད་ཡིན་ཞེ་ན་གསུངས་པ། སྐྱེས་པ་ནི་ཞེས་པ་ལ་སོགས་པའོ། །དེ་ལ་འདིར་འགྱུར་མོད། སྐྱེས་པ་ཡང་བརྩལ་མ་ཐག་ཏུ་བྱུང་བ་ཉིད་མེད་དོ་ཞེ་ན། དེའི་ཕྱིར་གསུངས་པ། དེ་ནི་དེའི་ཚེ་ཡོད་པ་ཡང་ང་ཞེས་པ་སྒྲ་སྐྱེས་པ་

ནའོ། །རྩོལ་མ་ཐག་ཏུ་མ་བྱུང་བ་ཉིད་ཀྱི་ཕྱིར་ནི་ཞེས་པ་ལ་སོགས་པ་སྟེ། བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་མི་རྟག་ཅེས་སྨྲས་པས། དོན་གྱིས་འདི་སྐད་བརྗོད་པར་འགྱུར་ཏེ། རྩོལ་མ་ཐག་ཏུ་མ་བྱུང་བ་ཉིད་ཀྱི་ཕྱིར་རྟག་པའོ་ཞེས་པར་རོ། །དེའི་ཀློག་ལ་སོགས་པས་མ་ངེས་སོ་ཞེས་པ་འདི་ལྟར་མ་
ངེས་པ་ལྟར་སྣང་བའོ། །འབྲས་ཉིད་གཞན་ཉིད་ཆ་ཡིས་ནི། །ཞེས་པ་ལ་སོགས་པ་སྟེ། འབྲས་ཉིད་དེ་བྱས་པ་ཉིད་དོ། །དེའི་གཞན་གྱི་ཆ་སྟེ་དབྱེ་བའི་ཆའོ། །དེ་ལྷུར་ལེན་པའི་གཏན་ཚིགས་ཀྱིས་བསྒྲུབ་བྱ་མི་འགྲུབ་པར་ཚིག་གང་གིས་སྟོན་པ། དེ་ནི་འབྲས་མཚུངས། གལ་ཏེ་བུམ་པ་ནི་གཞན་
གྱིས་བྱས་པ་ཉིད་ཀྱིས་ཞེས་པ། འཇི་བ་དབྱུ་གུ་འཁོར་ལོ་དང་སྐུད་པ་ལ་སོགས་པའི་རྒྱུས་སོ། །འདིར་སྒྲ་ལས་ཅིར་ཞེས་པ། གང་ལས་དེ་དང་འདྲ་བར་མི་རྟག་པར་འགྱུར་བ་དེའི་བྱས་པ་ཉིད་སྒྲ་ལ་ཡོད་པ་ནི་མ་ཡིན་པས་སོ། །དེའི་ཚེ་མ་གྲུབ་པ་ལྟར་སྣང་བའོ་ཞེས་པ་བུམ་པའི་བྱས་པ་ཉིད་སྒྲ་ལས་
མ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །བུམ་པ་ལ་སོགས་པའི་མི་རྟག་པ་རྣམས་ལ་མེད་ཅེས་པ། བུམ་པ་ལ་སོགས་པའི་མི་རྟག་པ་རྣམས་ཁོ་ན་ལ་ཞེས་ངེས་པར་གཟུང་བར་བལྟ་བར་བྱ་སྟེ། ཕྱི་མ་ལ་རྟག་པ་རྣམས་ལ་ཡང་མེད་ཅེས་བརྗོད་པའི་ཕྱིར་རོ། །འགལ་བས་ལྟར་སྣང་བའོ་ཞེས་པ། སྒྲའི་གང་བྱས་
པ་ཉིད་དེ་མི་མཐུན་ཕྱོགས་ཁོ་ན་ལ་ཡོད་པའི་ཕྱིར་རོ། །ཅི་སྟེ་འདི་ཁོ་ན་ཞེས་པ་སྒྲའི་བྱས་པ་ཉིད་དོ། །དཔེའི་སྐྱོན་ལྟར་སྣང་བའམ་སྟེ། ཅིའི་ཕྱིར་ཞེ་ན། ཆོས་མཐུན་པ་ཉིད་དུ་ཉེ་བར་བླངས་པ་ཉིད་ཀྱི་ཕྱིར་ཏེ། ཆོས་མཐུན་པ་ཉིད་དུ་ཉེ་བར་བླངས་པའི་བུམ་པ་ལ་བྱས་པ་ཉིད་མེད་དེ། དེའི་ཕྱིར་དཔེ་སྒྲུབ་
བྱེད་དང་བྲལ་བའི་སྐྱོན་ལྟར་སྣང་བའོ། །ཡང་ཅིའི་ཕྱིར་ཁྱད་པར་གཟུང་ནས་རྗེས་སུ་དཔག་པ་མི་བྱེད་ཅེ་ན་གསུངས་པ། དེ་ནི་ཞེས་པ་ལ་སོགས་པའོ། །ཁྱད་པར་ནི་དོན་དང་དོན་ལ་སོ་སོར་ངེས་པ་སྟེ། དེའི་ཕྱིར་གལ་ཏེ་འདི་རྗེས་སུ་དཔག་པ་ལ་ཉེ་བར་ལེན་ན་དེ་ནི་སྤྱིའོ། །རྗེས་སུ་དཔག་པ་
མེད་པ་ཁོ་ནར་འགྱུར་ཏེ། གཏན་ཚིགས་ཐམས་ཅད་མེད་པར་འཐོབ་པའི་ཕྱིར་རོ། །རྗེས་སུ་དཔག་པ་ཡང་ཡོད་དེ། དེའི་ཕྱིར་ཁྱད་པར་ཡོངས་སུ་གཟུང་བར་མི་བྱའོ། །དཔེ་དང་མི་མཐུན་ཕྱོགས་དག་གིས་ཞེས་པ་ལ་སོགས་པ་སྟེ། དཔེ་དང་དཔེའི་མི་མཐུན་ཕྱོགས་ནི་དཔེ་དང་དཔེའི་

མི་མཐུན་ཕྱོགས་དག་སྟེ། ཡན་ལག་གི་ངོ་བོ་རྣམས་ལ་ཡང་གཅིག་ལྷག་མཐོང་བས་ཏེ། ཡང་དང་ཙཀ་དག་གོ་ཞེས་པ་ཇི་ལྟ་བ་བཞིན་ནོ། །དེ་དག་གི་ཆོས་མཐུན་ཉིད་ཀྱིས་བསྒྲུབ་པར་བྱ་བར་འདོད་པའི་དོན་ལས་བཟློག་པའི་དོན་ཚིག་གང་གིས་སྒྲུབ་སྟེ། སྟོན་
པ་དེ་ཆོས་མཐུན་མཚུངས་པའོ། །སྒྲུབ་བྱེད་ཀྱི་སྒྲ་ནི་དངོས་པོ་ལ་སོགས་པ་སྒྲུབ་པར་བྱེད་པ་ཡང་མཐོང་ངོ་ཞེས་པ་དེའི་ཕྱིར་དེ་རྣམ་པར་གཅོད་པའི་ཆེད་དུ་གསུངས་པ། བྱེད་པའི་བྱེད་པ་ཅན་དུ་བྱས་ནས་སོ་ཞེས་པའོ། །དཔེར་ན་ཞེས་པ་ལ་སོགས་པ་དཔེར་བརྗོད་རབ་ཏུ་སྟོན་པའོ། །སྒྲ་མི་རྟག་
སྟེ་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་ནམ་མཁའ་ཆོས་མི་མཐུན་པ་ཉིད་ཀྱི་སྦྱོར་བར་བྱས་པ་ན་ལྟག་ཆོད་སྨྲ་བ་པོས་སྨྲས་པ། གལ་ཏེ་དཔེར་གྱུར་པའི་མི་མཐུན་ཕྱོགས་དང་ཆོས་མཐུན་པ་ཉིད་ལས་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་སྒྲ་མི་རྟག་པ་ཡིན་ན་དཔེར་བྱས་པའི་ནམ་མཁའ་དང་ཆོས་མཐུན་
པ་ཉིད་ལས་ལུས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་རྟག་པར་འགྱུར་རོ་ཞེས་པའོ། །དེ་བཞིན་དུ་བུམ་པ་ཆོས་མཐུན་པ་ཉིད་དུ་བྱས་པའི་སྦྱོར་བ་ལ་ལྟག་ཆོད་སྨྲ་བ་པོས་སྨྲས་པ། གལ་ཏེ་དཔེར་བྱས་པའི་བུམ་པ་དང་ཆོས་མཐུན་པ་ཉིད་ཀྱི་ཕྱིར་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ལས་སྒྲ་མི་རྟག་པ་ཡིན་ན་དཔེར་བྱས་
པའི་མི་མཐུན་ཕྱོགས་ནམ་མཁའ་དང་ཆོས་མཐུན་པ་ཉིད་ཀྱི་ཕྱིར། ལུས་ཅན་མ་ཡིན་པ་ཉིད་ལས་རྟག་པའོ་ཞེས་པ་འདི་ཆོས་མཐུན་པ་ཉིད་མཚུངས་པའོ། །སྔ་མ་ལྟ་བུའི་དཔེ་གཉིས་ལ་བུམ་པ་དང་ཆོས་མི་མཐུན་པར་སྦྱར་བར་བྱའོ་ཞེས་པ་ཇི་ལྟར་ཆོས་མཐུན་པ་མཚུངས་པ་ཉིད་ཀྱི་དཔེ་
གཉིས་ལ། ནམ་མཁའ་དང་ཆོས་མཐུན་པ་ཉིད་དུ་སྦྱར་བ་དེ་ལྟར་འདི་ཡང་བུམ་པ་དང་ཆོས་མི་མཐུན་པ་ཉིད་ཀྱིས་སྦྱར་བར་བྱའོ། །འདི་ལྟ་སྟེ། སྒྲ་མི་རྟག་སྟེ་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར། བུམ་པ་ཆོས་མཐུན་པ་ཉིད་དུ་བྱས་པ་ལ། ཕ་རོལ་པོས་སྨྲས་པ། གལ་ཏེ་དཔེར་བྱས་
པའི་བུམ་པ་དང་ཆོས་མཐུན་པ་ཉིད་ཀྱི་ཕྱིར་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ལས་སྒྲ་མི་རྟག་པ་ཡིན་ན། དཔེར་གྱུར་པའི་བུམ་པ་དང་ཆོས་མི་མཐུན་པ་ལས་ལུས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་རྟག་པའོ་ཞེས་པ་དང་། དེ་བཞིན་དུ་མི་རྟག་སྟེ་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་ནམ་མཁའ་ཆོས་མི་མཐུན་པ་

ཉིད་དུ་བྱས་པ་ལ། དཔེར་བྱས་པའི་མི་མཐུན་ཕྱོགས་བུམ་པ་དང་ཆོས་མི་མཐུན་པ་ཉིད་ལས་ལུས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་རྟག་པར་འགྱུར་རོ་ཞེས་པའོ། །ཡང་ཅིའི་ཕྱིར་ཐུན་མོང་བའི་མ་ངེས་པ་ལྟར་སྣང་བ་ཡིན་ཞེ་ན་གསུངས་པ། སྔ་མའི་ཕྱོགས་ལ་ནི་མ་ཡིན་ཞེས་པ་ལ་སོགས་པའོ། །
གང་གི་ཕྱིར་ཇི་ལྟར་ཕྱི་མའི་ཕྱོགས་ལ་ལུས་ཅན་མ་ཡིན་པ་ཉིད་ཆོས་མཐུན་པ་ཉིད་དམ་ཆོས་མི་མཐུན་པ་ཉིད་མ་ངེས་པ་ཡིན་པ་དེ་ལྟར་སྔ་མའི་ཕྱོགས་ལ་རྩོལ་མ་ཐག་ཏུ་བྱུང་བ་ཉིད་མ་ཡིན་ཏེ། དེའི་ཕྱིར་མཚུངས་པ་ཉིད་མེད་པའི་ཕྱིར་འདི་ནི་ཐུན་མོང་གི་མ་ངེས་པ་ལྟར་སྣང་བའོ། །འགལ་བ་འཁྲུལ་པ་མེད་པ་
འདྲ། །ཞེས་པ་འགལ་བ་མི་འཁྲུལ་བ་ལྟར་སྣང་བའོ་ཞེས་པའི་དོན་ཏེ། འགལ་བ་མི་འཁྲུལ་པ་དང་མཚུངས་པར་འཇུག་གོ་ཞེས་བྱས་ནས་སོ། །འགལ་བ་མི་འཁྲུལ་བ་ནི་མ་ཡིན་ཏེ། ལུས་ཅན་མ་ཡིན་པ་ཉིད་ནི་མ་ངེས་པ་མིན་པ་ཉིད་ཀྱི་ཕྱིར་ཏེ། རྩོལ་མ་ཐག་ཏུ་བྱུང་བ་ཉིད་ནི་མ་ཡིན་ནོ། །
རྗེས་སུ་འགྲོ་མེད་ཕྱིར་ཞེས་ཁྱབ་པ་མེད་པའི་ཕྱིར་ཞེས་པའི་དོན་ཏོ། །ཡང་ཅིའི་ཕྱིར་རྗེས་འགྲོ་མེད་པ་ཡིན་ཞེ་ན་གསུངས་པ། མ་ངེས་པར་སྣང་བ་གཉིས་པོ་དག་ཀྱང་ཞེས་པ་ལ་སོགས་པ་སྟེ། དཔེའི་ཚིག་གིས་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་མཚན་ཉིད་ཅན་གྱི་ཁྱབ་པ་བསྟན་པར་བྱ་སྟེ།
གཞན་དུ་ན་གཏན་ཚིགས་ལ་ཕན་འདོགས་པར་མི་འགྱུར་རོ། །ཆོས་མཐུན་པ་མཚུངས་པའམ་ཆོས་མི་མཐུན་པ་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་བསྟན་པ་ཡང་མ་ཡིན་ནོ། །ཇི་ལྟར་ཕྱི་མའི་ཕྱོགས་ལ་ཡིན་པ་དེ་ལྟར་སྔ་མའི་ཕྱོགས་ལ་ཡང་སྟེ། དེས་ན་ཇི་ལྟར་ངེད་ཀྱི་དཔེ་སྐྱོན་ཅན་
ཡིན་པ་དེ་ལྟར་ཁྱོད་ཀྱི་ཡང་ངོ་ཞེས་རྩོད་པར་བྱེད་པ་ནི་དཔེ་ལྟར་སྣང་བར་རྩོད་པར་ཡང་སྦྱར་བར་བྱའོ། །རྗེས་འགྲོ་ཕྱིན་ཅི་ལོག་ཕྱིར་ཡང་། །དཔེ་ལྟར་སྣང་བ་བརྗོད་པ་ཡང་། །ཞེས་དཀྱུས་མ་དང་སྦྲེལ་ལོ། །ཡང་ཅི་ལྟར་ན་རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་ཉིད་སྲིད་པར་བྱ་ཞེ་ན་གསུངས་པ། བསྒྲུབ་བྱ་ལ་
དཔེ་འདྲེས་པའི་ཕྱིར་ཞེས་པ་འདྲེས་པར་བྱེད་པ་ནི་འདྲེས་པ་སྟེ། བསྒྲུབ་པར་བྱ་བ་ཆོས་མཐུན་པ་ཉིད་ཀྱི་དཔེ་དང་གཅིག་ཏུ་བྱེད་པའོ། །བུམ་པ་ཇི་ལྟ་བ་དེ་ལྟར་སྒྲའོ་ཞེས་པ་དང་། ཆོས་མི་མཐུན་པ་ཉིད་ཀྱིས་ཀྱང་ནམ་མཁའ་ཇི་ལྟ་བ་དེ་ལྟར་སྒྲ་མ་ཡིན་ནོ་ཞེས། ནམ་མཁའ་དང་ཆོས་

མཐུན་པ་ཉིད་བཀག་པས་བུམ་པ་དང་ཆོས་མཐུན་པ་ཉིད་ཁོ་ནར་གཞུང་འཛུགས་སོ། །ཕལ་ཆེར་གྱིས་ཞེས་པ་ལ་སོགས་པས་བསྲེ་བའི་རང་གི་ངོ་བོ་སྟོན་ཏེ། ཉེ་བར་སྦྱོར་བ་ནི་བསྲེ་བའོ་ཞེས་པའི་དོན་ཏོ། །གལ་ཏེ་དེ་ལྟར་ཉེ་བར་སྦྱོར་བར་བྱེད་ན། དེ་ལས་ཅི་ཞེ་ན་གསུངས་པ།
དེ་ལ་འདིར་ཞེས་པ་ལ་སོགས་པའོ། །དེ་ལྟར་འགྱུར་མོད་ཀྱི། རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་པ་ཉིད་ན་ནི་བུམ་པ་ཇི་ལྟ་བ་དེ་བཞིན་དུ་སྒྲ་སྟེ། ནམ་མཁའ་ཇི་ལྟ་བ་དེ་བཞིན་སྒྲ་མ་ཡིན་ནོ་ཞེས་པ་དེ་ལྟར་ཉེ་བར་སྦྱོར་བ་བྱ་བར་མི་ནུས་པ་ཁོ་ནའོ། །དེའི་ཕྱིར་ཉེ་བར་སྦྱོར་བ་བྱ་བར་འདོད་པས་ཕྱིན་ཅི་ལོག་ཏུ་
རྗེས་སུ་འགྲོ་བ་བྱ་བ་མ་ཡིན་ནོ། །དེས་ན་དེ་ག་ལ་སྲིད་ཅེ་ན་གསུངས་པ། དེ་ལྟར་ན་ཡང་ནི་ཞེས་པ་ལ་སོགས་པའོ། །གང་གི་ཕྱིར་དེ་ལྟར་བྱས་པ་ན་ཡང་། དེ་བཞིན་དུ་ཞེས་ཉེ་བར་བསྡུ་བའམ། དེ་བཞིན་དུ་མ་ཡིན་ཞེས་སྦྱོར་བ་ཁོ་ན་སྟེ། ཅི་ལྟར་ཞེ་ན། ནམ་མཁའ་ལུས་ཅན་མ་ཡིན་
པ་རྟག་པ་དེ་བཞིན་དུ་སྒྲ་སྟེ། དེ་ལྟར་བུམ་པ་ལུས་ཅན་མི་རྟག་པར་མཐོང་བ་དེ་བཞིན་དུ་སྒྲ་མ་ཡིན་ནོ་ཞེས་པའོ། །དེ་ལྟར་ན་རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་ཏུ་བྱས་པ་ན་ཡང་དེ་བཞིན་ཞེས་ཉེ་བར་བསྡུ་བའང་རིགས་པ་ཁོ་ནའོ། །གང་ལས་དེ་ལྟར་སྣང་བ་ཉིད་དུ་འགྱུར་བ་ཅི་ལྟར་ན་སྐྱོན་འདི་སྔ་མའི་ཕྱོགས་
ལ་བསྒྲུབ་པར་ནུས་ཤེ་ན། མཚུངས་པ་ཉིད་ཀྱི་ཕྱིར་ཇི་ལྟར་ཡང་ཞེས་པ་ལ་སོགས་པ་སྟེ། སྔ་མ་དང་ཕྱི་མའི་ཕྱོགས་དག་མཚུངས་པ་ཉིད་ཀྱི་ཕྱིར། ཇི་ལྟར་ཕྱི་མའི་ཕྱོགས་ལ་རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་མཚུངས་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ན་རྗེས་འགྲོ་ཕྱིན་ཅི་ལོག་ཉིད་དུ་རྩོད་
པ་ནི་དཔེ་ལྟར་སྣང་བར་རྩོད་པར་ཡང་འཐད་དོ། །འདི་ཁོ་ན་གསལ་བར་བྱེད་པ་གསུངས་པ། གང་གི་ཕྱིར་དཔེ་སྟོན་པ་ཙམ་ནི་ཞེས་པ་ལ་སོགས་པའོ། །འཇིག་རྟེན་པ་རྣམས་ཀྱིས་ནི་ཇི་སྲིད་ཙམ་དུ་དཔེར་བསྟན་པ་བུམ་པ་ལ་སོགས་པ་དེ་སྲིད་ཙམ་དཔེ་ཉིད་དུ་འདོད་དེ། དེའི་ཕྱིར་དེ་
སྲིད་ཙམ་དཔེ་ཉིད་ཡིན་ན་སྔ་མ་དང་ཕྱི་མའི་ཕྱོགས་དག་རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་ཏུ་མཚུངས་སོ། །ཅིའི་ཕྱིར་ཞེ་ན། དེ་ལྟར་ནི་ཞེས་པ་ལ་སོགས་པའོ། །གང་གི་ཕྱིར་ཕྱོགས་སྔ་མ་ལ་ཇི་ལྟར་བུམ་པ་ཆོས་གཉིས་དང་སྟེ། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་མཚན་ཉིད་ཅན་དང་

ལྡན་པ་དེ་བཞིན་དུ་ཕྱི་མའི་ཕྱོགས་ལ་ཡང་ནམ་མཁའ་ལུས་ཅན་མ་ཡིན་པ་ཉིད་དང་རྟག་པ་ཉིད་ཀྱི་མཚན་ཉིད་ཀྱི་ཆོས་གཉིས་དང་ངོ་། །ལྷན་ཅིག་གྱུར་པ་ཡང་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པ་དག་དཔེས་བསྟན་པར་བྱའོ། །དེ་ཡང་རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་ལ་ཡང་དཔེར་བྱས་པ་བུམ་པ་
ལ་སོགས་པ་ལ་རབ་ཏུ་སྟོན་པར་ནུས་པ་ཁོ་ན་སྟེ། དེའི་ཕྱིར་དཔེ་ལྟར་སྣང་བར་རྩོད་པར་འཐད་དོ་ཞེས་པ་དགོངས་པའོ། །འོ་ན་ཇི་ལྟར་ལྟག་ཆོད་སྨྲ་བ་པོས་སྦྱོར་བས་གཏན་ཚིགས་ཀྱི་མེད་ན་མི་འབྱུང་བ་ཉིད་ཉེ་བར་མི་སྟོན་པ་དེ་ལྟར་ཕྱོགས་སྔ་མ་སྨྲ་བ་པོས་ཀྱང་ངོ་། །དེའི་ཕྱིར་འཇིག་རྟེན་པའི་
སྦྱོར་བའི་ངོར་སུན་འབྱིན་པ་ཁོ་ནར་འདི་དག་རིགས་ཏེ། ཡོངས་སུ་གནས་པར་མཚུངས་པའི་ཕྱིར་རོ། །དེས་ན་ཅིའི་ཕྱིར་སུན་འབྱིན་པ་ལྟར་སྣང་བ་ཉིད་ཡིན་ཞེ་ན། དེའི་ཕྱིར་གསུངས་པ། འདི་ཡང་ཞེས་པ་ལ་སོགས་པའོ། །འདི་སྐད་སྟོན་པར་བྱེད་དེ། ཇི་སྐད་སྨྲས་པ་འདི་བདེན་མོད། དེ་ལྟ་ན་ཡང་
ངེས་པ་ཉིད་ཀྱི་གཏན་ཚིགས་ལ་མ་ངེས་པ་ཉིད་ཀྱིས་དོད་ཟླར་གནས་པ་མི་རིགས་སོ་ཞེས་པ་འདི་ཙམ་ཁོ་ནས་གཉིས་པོ་འདི་ལན་ལྟར་སྣང་བ་ཉིད་དུ་བཤད་དོ་ཞེས་པའོ། །དེ་བདག་ཉིད་དེ་ངེས་པ་པའི་རང་བཞིན་ཉིད་དོ། །དེ་ལས་ཐ་དད་པ་ནི་བཟློག་པ་ཉིད་ཀྱིས་ཏེ་མ་ངེས་པ་ཉིད་ཀྱིས་ཞེས་པའི་དོན་ཏོ། །
རྒྱུ་དེས་གཉིས་ཀ་འཁྲུལ་བར་སྣང་བ་ཡིན་པར་བརྗོད་དོ། །སྦྱོར་བ་སྔ་མ་གཏན་ཚིགས་ནི། །ངེས་པ་པ་ཉིད་བྱས་པ་མེད། །ཅེས་པ་ངེས་པ་པ་ཉིད་དུ་བསྟན་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །འཇིག་རྟེན་པའི་སྦྱོར་བའི་རྗེས་སུ་འཇུག་པས་ནི་ཞེས་པ་གང་ལས་འཇིག་རྟེན་པའི་སྦྱོར་བ་ཁོ་ན་ལ་དེ་དག་གི་
སྐབས་ཡིན་པར་འཇིག་རྟེན་པའི་སྦྱོར་བའི་ངོར་བྱས་པས་སོ། །ངེད་ཀྱི་སྦྱོར་བ་ལ་ནི་མ་ཡིན་ཏེ། །དེ་ལ་ངེས་པ་པ་ཉིད་དུ་བསྟན་པ་ཉིད་ཀྱི་ཕྱིར་རོ། །ཅི་ལ་བསམས་ནས་འདི་མ་ངེས་པ་ལྟར་སྣང་བར་བརྗོད་ཅེ་ན་གསུངས་པ། རྩོལ་མ་ཐག་ཏུ་བྱུང་བའི་གཏན་ཚིགས་ཀྱི་ཞེས་པ་ལ་སོགས་པའོ། །གཏན་ཚིགས་
སྤྱིས་ཤེ་ན་གསུངས་པ། ཕྱིན་ཅི་ལོག་གིས་ཞེས་པའོ། །ཕྱིན་ཅི་ལོག་པ་ཉིད་ཀྱང་། ངེས་པའི་མ་ངེས་པ་ཉིད་དོ། །འདིས་ནི་དེའི་བདག་ལས་ཐ་དད་པས་ཞེས་པ་འདིའི་དོན་ཉེ་བར་བསྟན་ཏོ། །ཇི་ལྟར་ཁོ་བོ་ཅག་གི་སྦྱོར་བ་དེ་ལྟར་སྦྱོར་བ་བྱ་བ་ན་ནི་ཞེས་པའི་དོན་ཏོ། །ཆོས་མཐུན་པ་ཉིད་མཚུངས་པ་ལ་སོགས་

པ་རྣམས་ཞེས་པའི་སོགས་པའི་སྒྲས་ཆོས་མི་མཐུན་པ་ཉིད་དང་རྣམ་པར་རྟོག་པ་དང་ཁྱད་པར་མཚུངས་པ་ལ་སོགས་པ་རྣམས་གཟུང་བར་བྱའོ། །མ་འབྲེལ་པ་རྣམས་ཁོ་ནའོ་ཞེས་པ་དེ་སྐྱེད་པར་བྱེད་པ་མི་སྲིད་པའི་ཕྱིར་རོ། །ཆོས་མཐུན་ཉིད་ལའང་ཁྱད་པར་བརྗོད། །ཅེས་པ་མཚན་ཉིད་དོ། །
ཆོས་མཐུན་པ་ཉིད་ལ་ཁྱད་པར་བརྗོད་པ་ཡང་ལྟག་ཆོད་དེ། ཕྲད་དང་མ་ཕྲད་མཚུངས་པ་ལ་སོགས་པ་རྣམས་སུ་མ་ཟད་ཅེས་པ་ཡང་གི་སྒྲའི་དོན་ཏོ། །རྣམ་རྟོག་མཚུངས་ཡིན་ཞེས་པ་མཚོན་བྱའོ། །སྔ་མ་བཞིན་ལ་བུམ་པ་ཆོས་མཐུན་པ་ཉིད་ཀྱིས་མི་རྟག་པ་ཉིད་དུ་བྱས་པ་ལ་ཞེས་པ་དམ་བཅས་པ་ནའོ། །འདི་ལྟ་སྟེ་སྒྲ་མི་
རྟག་སྟེ་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་ཕྱིར་བུམ་པ་བཞིན་ཞེས་པ་ལ་ལྟག་ཆོད་སྨྲ་བ་པོས་སྨྲས་པ། འདི་ལ་ཆོས་མཐུན་པ་ཉིད་ཡོད་ན། བུམ་པ་ཁོ་ན་ཚོས་པར་བྱ་བ་དང་མིག་གིས་གཟུང་བར་བྱ་བས་ཏེ། དེས་ན་བུམ་པ་ཁོ་ན་མིག་གིས་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་དང་ཚོས་པར་བྱ་བ་ཉིད་ཀྱི་ཕྱིར་ཡང་མི་
རྟག་པར་འགྱུར་གྱི། སྒྲ་ནི་མ་ཡིན་ཏེ། སྒྲ་ཁོ་ན་མིག་གིས་གཟུང་བྱ་མ་ཡིན་པ་དང་ཚོས་པར་བྱ་བ་མ་ཡིན་པ་དང་མཉན་པར་བྱ་བ་ཡིན་གྱི་བུམ་པ་ནི་མ་ཡིན་ཏེ། དེས་ན་སྒྲ་ཁོ་ན་མིག་གིས་གཟུང་བར་བྱ་བ་མ་ཡིན་པ་ཉིད་ལ་སོགས་པ་ཉིད་ཀྱི་ཕྱིར་རྟག་པར་འགྱུར་གྱི་བུམ་པ་ནི་མ་ཡིན་ནོ་ཞེས་པ། གང་བསྒྲུབ་
པར་བྱ་བ་མི་རྟག་པ་སྟེ། དེ་ལས་བཟློག་པ་རྟག་པ་ཉིད་དུ་རྟོགས་པ་ནི་རྣམ་རྟོག་མཚུངས་པའོ། །དཔེ་བརྗོད་ལས་གཞན་པ་ཡང་ཞེས་པ། དཔེ་བརྗོད་ནི་བུམ་པ་སྟེ། དེ་ལས་གཞན་ཁམ་ཕོར་ལ་སོགས་པ་ལ་ཡང་དང་ཆུ་ལ་སོགས་པ་ལ་ཡང་བྱས་པ་ཉིད་དུ་མཚུངས་པ་ལ་ཇི་ལྟར་ཚོས་པར་བྱ་བ་དང་
ཚོས་པར་བྱ་བ་མ་ཡིན་པ་ཉིད་ཀྱི་བྱེ་བྲག་མཐོང་བ་དེ་ལྟར་སྒྲ་དང་བུམ་པ་དག་ལ་ཡང་བྱས་པ་ཉིད་དང་ཆོས་མཐུན་པ་ཉིད་ཡོད་ན་ཡང་རྟག་པ་དང་། མི་རྟག་པ་ཉིད་ཀྱི་ཁྱད་པར་དུ་འགྱུར་རོ། །འཁྲུལ་པ་ཅན་གྱི་ཁྱད་པར་གྱིས། །ཞེས་པ་ཚོས་པ་མ་ཡིན་པ་ཉིད་ཀྱིས་སོ། །དེ་ནི་བུམ་པ་ལས་སྒྲའི་ཁྱད་པར་དུ་
འགྱུར་ཞིང་འཁྲུལ་པ་ཅན་ཡང་སྟེ། མི་རྟག་པ་ལས་གཞན་ལ་ཡང་ཡོད་པའི་ཕྱིར་རོ། །སྤྱི་མིན་གྱིས་ཀྱང་ཞེས་པ་ཐུན་མོང་མ་ཡིན་པ་མཉན་པར་བྱ་བ་ཉིད་ལ་སོགས་པས་སོ། །རྟག་པར་ཐལ་ཕྱིར་དེ་སྣང་ཉིད། །ཅེས་པ་གཉིས་ཀ་ལ་སྦྲེལ་བར་བྱའོ། །འདི་སྐད་བཤད་པར་འགྱུར་ཏེ། ཚོས་པར་བྱ་བ་མ་

ཡིན་པ་ཉིད་ལ་སོགས་པའི་ཁྱད་པར་གྱིས་སམ། མཉན་པར་བྱ་བ་ཉིད་ལ་སོགས་པ་ཐུན་མོང་མ་ཡིན་པའི་ཆོས་ཀྱིས་མི་རྟག་པ་ཉིད་དུ་ཐལ་བར་བྱེད་པའི་ཕྱིར་དེ་ལྟར་སྣང་བ་ཉིད་དོ་ཞེས་པའོ། །རང་གི་ཕྱོགས་ལ་མ་གྲུབ་པ་བཞིན་དུ་ཞེས་པ་ལ་སོགས་པ་ནི་སྔ་མའི་ཕྱོགས་ལ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མ་
ངེས་པའི་ཆོས་ཉིད་དུ་སྒྲོ་བཏགས་ནས་སོ་སོར་གནས་ཏེ། ཇི་ལྟར་ངེད་ཀྱི་འཁྲུལ་པ་ཅན་གྱི་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་ཆོས་དག་གིས་རྟག་པ་ཉིད་འགྲུབ་པ་མེད་པ་དེ་ལྟར་ཁྱོད་ཀྱི་ཡང་ཞེས་པའོ། །དེ་ལྟར་རང་གི་ཕྱོགས་མ་གྲུབ་པ་བཞིན་དུ་ཕ་རོལ་ལ་མ་གྲུབ་པར་སྟོན་པའི་ཕྱིར། སུན་འབྱིན་པར་མི་འགྱུར་
རམ། སྒྲུབ་པར་བྱེད་པར་ཡིན། རང་གི་ཕྱོགས་ཀྱི་ཞེས་བརྟག་པར་བྱའོ། །སྒྲུབ་བྱེད་ཡིན་ན་འགལ་བ་དང་མ་ངེས་པ་ལྟར་སྣང་བའོ་ཞེས་པ། གལ་ཏེ་ཚོས་པར་བྱ་བ་མ་ཡིན་པ་ཉིད་ལ་སོགས་པ་རང་གི་ཕྱོགས་འགྲུབ་པའི་དོན་ཁོ་ནར་རབ་ཏུ་སྦྱོར་ན། དེ་ལས་འགལ་བ་མི་འཁྲུལ་བ་ཅན་ལྟར་སྣང་
བ་ཉིད་དེ། སྟོབས་མཚུངས་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །གཞན་དུ་ན་ཡང་ཞེས་པ་ལ་སོགས་པ། ཇི་ལྟར་རྫས་མ་ཡིན་པ་དང་ལས་མ་ཡིན་པའི་སྒྲ་བཞིན་ནོ། །མིག་གིས་གཟུང་བྱ་མ་ཡིན་པ་ཉིད་ཡོད་ན། མངོན་སུམ་ཉིད་ལས་ཞེས་པ། མིག་གིས་གཟུང་བྱ་མ་ཡིན་པ་ཉིད་དང་ལྷན་ཅིག་པ་
ཁོ་ནའི་མངོན་སུམ་ཉིད་ནི་གཏན་ཚིགས་ཉིད་དོ། །དེ་ལྟར་ཚོས་པར་བྱ་བ་ཉིད་ལ་སོགས་པ་ལྷན་ཅིག་པ་ཁོ་ནའི་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ནི་གཏན་ཚིགས་ཉིད་ཡིན་གྱི། འབའ་ཞིག་པ་ནི་མ་ཡིན་ཏེ། མངོན་སུམ་ཉིད་བཞིན་དུ་འཁྲུལ་པ་ཅན་ཉིད་ཀྱི་ཕྱིར་ཞེས་པ་དེ་ལྟར་གལ་ཏེ་ཚོས་པར་བྱ་བ་
ཉིད་ལ་སོགས་པ་དང་བཅས་པ་གཏན་ཚིགས་ཉིད་སྨྲ་ན། དེའི་ཚེ་རྣམ་པ་འདིས་ཀྱང་མ་ངེས་པ་ལྟར་སྣང་བའོ། །ཅིའི་ཕྱིར་ཞེ་ན་གསུངས་པ། འབའ་ཞིག་པ་ནི་ཞེས་པ་ལ་སོགས་པ་སྟེ། མངོན་སུམ་ཉིད་དང་མིག་གིས་གཟུང་བྱ་མ་ཡིན་པ་ཉིད་དག་གི་འབའ་ཞིག་པ་དག་གཏན་ཚིགས་ཉིད་མ་ཡིན་
གྱི་ལྷན་ཅིག་པ་ཉིད་དག་ཁོ་ན་གཏན་ཚིགས་སོ། །རྩོལ་མ་ཐག་ཏུ་བྱུང་བ་ཉིད་ནི་འབའ་ཞིག་པ་ཡང་གཏན་ཚིགས་ཉིད་དོ་ཞེས་པ་ཚོགས་པའི་དོན་ཏོ། །གཅིག་ཉིད་དུ། ཐལ་ཕྱིར་ཁྱད་པར་མེད་པར་བྱེད། །ཅེས་པ་མཚན་ཉིད་དོ། །བསྒྲུབ་པར་བྱ་བ་དང་དཔེའི་ཆོས་ཅན་དག །མི་རྟག་

པ་ཉིད་ལ་སོགས་པར་ཆོས་མཐུན་པ་ཉིད་ཀྱིས་གཅིག་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར། གཏན་ཚིགས་ཆོས་གཞན་རྣམས་ཀྱིས་ཀྱང་གང་གཅིག་ཉིད་དུ་བྱེད་པ་དེ་ནི་ཁྱད་པར་མེད་པ་བྱེད་པའོ། །མདོ་འདིར་འདི་དང་ལྷན་ཅིག་འདིའི་ཁྱད་པར་མེད་པའོ་ཞེས་མ་བརྗོད་ཅེས་པ་དེའི་
ཕྱིར། ཅི་ཞིག་ནི་ཅི་ཞིག་དང་ལྷན་ཅིག་ཁྱད་པར་མེད་པའོ་ཞེས་མི་ཤེས་ཞེས་པ་དེའི་ཕྱིར། དེ་ཡོངས་སུ་ཤེས་པའི་ཆེད་དུ་གསུངས་པ། ཆོས་མཐུན་པ་ཉིད་ཀྱི་དཔེར་བྱས་པའི་སྐབས་ཉིད་ཀྱི་ཕྱིར་ཞེས་པ་ལ་སོགས་པའོ། །རྣམ་པར་རྟོག་པ་མཚུངས་པ་ལ་ནི། ཆོས་མཐུན་ཉིད་ལའང་ཁྱད་པར་
བརྗོད། །ཅེས་པའི་ཚིག་ལས་ཆོས་མཐུན་པ་ཉིད་ཀྱི་དཔེའི་སྐབས་སོ། །གང་ཕྱིར་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ནི་སྒྲའི་ཆོས་མཐུན་པ་ཉིད་ཀྱི་དཔེ་བུམ་པ་ལ་སོགས་པ་དང་ཆོས་མཐུན་པ་ཉིད་དེ། གཞན་དང་ནི་མ་ཡིན་ནོ། །དེ་ལྟ་ན་ཡང་ཅི་ཞིག་དང་ལྷན་ཅིག་ཅི་ཞིག་གཅིག་ཉིད་དུ་ཐལ་བར་འགྱུར་
བ་མི་ཤེས་སོ་ཞེ་ན། དེའི་ཕྱིར་གསུངས་པ། དོད་ཟླར་སྦྱོར་བའི་མཉན་པ་མེད་པའི་ཕྱིར་ཞེས་པ་ལ་སོགས་པའོ། །བསྒྲུབ་པར་བྱ་བ་ལས་གཞན་ནི་འདིར་རེ་ཞིག་དོད་ཟླར་སྦྱོར་བ་ཉིད་དུ་རྟོགས་པར་བྱར་ནུས་པ་མ་ཡིན་ཏེ། དེ་མ་ཐོས་པ་ཉིད་ཀྱི་ཕྱིར་རོ། །བསྒྲུབ་པར་བྱ་བ་ཉིད་ཀྱང་སྐབས་ཡིན་པ་
ཉིད་ཀྱི་ཕྱིར་ཉེ་བ་ཉིད་དེ། དེའི་ཕྱིར་དེའི་ཞེས་རྟོགས་པར་བྱའོ། །ཁྱད་པར་མེད་པར་ཐལ་བར་འགྱུར་ཞེས་པ་དུ་མའི་དོན་ཅན་ཉིད་ཀྱི་ཕྱིར་བྱེད་པ་ནི་འདིར་ཐལ་བར་འགྱུར་བའི་དོན་དུ་རྣམ་པར་ཤེས་པར་བྱའོ་ཞེས་སྟོན་ཏོ། །དེ་ལྟར་བསྒྲུབ་པར་བྱ་བའི་ཆོས་ཅན་ནི། ཆོས་མཐུན་པ་ཉིད་ཀྱི་དཔེ་
དང་གཅིག་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཁྱད་པར་མེད་པར་ཐལ་བར་འགྱུར་བར་བྱེད་པ་ནི་ཁྱད་པར་མེད་པ་མཚུངས་པའོ་ཞེས་བཤད་པར་འགྱུར་རོ། །ཅི་ཞིག་གི་ཅི་ཞིག་དང་ལྷན་ཅིག་ཁྱད་པར་མེད་ཅེས་པ། ཅི་བུམ་པ་ཁོ་ན་དང་སྒྲ་ཁྱད་པར་མེད་དམ། འོན་ཏེ་སྣམ་བུ་ལ་སོགས་པ་
གཞན་དང་ཡང་ཡིན། ཡང་ན་ཅི་བུམ་པའི་ཆོས་གཅིག་དང་སྒྲ་ཁྱད་པར་མེད་པའམ། འོན་ཏེ་བུམ་པའི་ཆོས་རྣམས་ཐམས་ཅད་དང་ཡིན་ཞེས་པ་འདིའི་ཕྱིར་གསུངས་པ། ཁྱད་པར་དུ་མ་བྱས་པ་ཉིད་ཀྱི་ཕྱིར་ཐམས་ཅད་ཀྱི་ཐམས་ཅད་དང་ངོ་ཞེས་པ། འདིར་ཁྱད་པར་ཉེ་བར་བླངས་པ་ཅུང་ཟད་ཀྱང་མེད་

དེ་དེའི་ཕྱིར་དངོས་པོ་ཐམས་ཅད་ཀྱི་ཆོས་རྣམས་ཐམས་ཅད་དང་། ཕན་ཚུན་ཁྱད་པར་མེད་པར་རིག་པར་བྱའོ། །གལ་ཏེ་བུམ་པ་དང་ཆོས་མཐུན་པ་ཉིད་མཐོང་བ་ལས་གཞན་ཡང་ཁྱད་པར་མེད་པར་བྱ་ན་ཞེས་པ་འདིས་དེའི་ལུགས་ལ་ཧ་ཅང་ཐལ་བ་སྟོན་པར་བྱེད་དེ། གང་གི་དབང་གིས་ཁྱད་པར་མེད་པར་
ཐལ་བར་འགྱུར་བའོ། །བུམ་པའི་ཆོས་ཐམས་ཅད་ཅེས་པ་ལ་སོགས་པས་དེ་ཁྱད་པར་མེད་པར་ཐལ་བར་འགྱུར་བའོ། །ཐམས་ཅད་ཀྱི་ཕན་ཚུན་ཆོས་མཐུན་པ་ཉིད་ལས་ཞེས་པ་གཞལ་བྱ་ཉིད་ལ་སོགས་པ་ལས་འགྲོ་བ་ཐམས་ཅད་གཅིག་ཉིད་དུ་ཐལ་བར་འགྱུར་ཏེ། ཁྱད་པར་མེད་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་པ་
འདི་ཁྱད་པར་མེད་པར་མཚུངས་པའོ། །ཤིན་ཏུ་ཐ་དད་པ་མ་ཡིན་པ་ཞེས་པ་ནི་རྣམ་རྟོག་མཚུངས་པ་ལ་ནི་དངོས་སུ་ཁྱད་པར་སྟོན་ཅིང་། འདིར་ནི་ཁྱད་པར་མེད་པར་ཐལ་བར་འགྱུར་བའི་སྒོ་ནས་སོ་ཞེས་པ་སྦྱོར་བ་ཙམ་ཐ་དད་ཀྱི་དོན་ནི་མ་ཡིན་ནོ། །དེའི་ཕྱིར་ཤིན་ཏུ་ཐ་དད་པ་མ་ཡིན་པ་སྟེ། དེའི་ཕྱིར་དེ་བཞིན་དུ་མ་ངེས་པ་ལྟར་སྣང་བའོ། །
ཤིན་ཏུ་ཡོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་པ། བརྩལ་མ་ཐག་ཏུ་བྱུང་བ་ཉིད་དང་མི་རྟག་པ་ཉིད་ཀྱང་གཉིས་ཀ་ཤིན་ཏུ་ཡོད་པ་མ་ཡིན་པ་ཁོ་ནའོ། །དེ་ལྟར་ནི་བརྩལ་མ་ཐག་ཏུ་སྐྱེ་བ་ཉིད་ནི་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་དེ། དེ་ཡང་ཤིན་ཏུ་ཡོད་པ་མ་ཡིན་པ་ཁོ་ན་སྟེ། རྩོལ་བ་ལས་སྔར་མེད་པའི་ཕྱིར་རོ། །མི་རྟག་
པ་ཉིད་ཀྱང་གཏན་ནས་ཡོད་པ་མ་ཡིན་པ་ཁོ་ནའོ། །དེའི་ཕྱིར་བསྒྲུབ་བྱ་དང་སྒྲུབ་བྱེད་དག་ཐ་དད་མེད་པའི་ཕྱིར་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་སོ་ཞེས་པས་མ་གྲུབ་པ་ཉིད་དོ། །འདི་ཡང་མ་གྲུབ་པ་ལྟར་སྣང་བ་སྟེ། ཅིའི་ཕྱིར་ཞེ་ན་གསུངས་པ། སྐྱེ་བ་ལས་སྔར་མེད་པ་ཞེས་པ་ལ་སོགས་
པའོ། །སྐྱེ་བ་ལས་སྔར་མེད་པ་གང་གི་ཡིན་པ་དེ་སྐྱེ་བ་ལས་སྔར་མེད་པའོ། །ཡང་དེ་ཅི་ཞེ་ན་སྐབས་ཉིད་ཀྱི་ཕྱིར་བརྩལ་མ་ཐག་ཏུ་བྱུང་བ་སྟེ། དེ་ནི་རྩོལ་བ་ལས་སྔར་སྐྱེ་བ་མེད་པའོ་ཞེས་པ་འདི་ནི་རབ་ཏུ་གྲགས་པའོ། །དེ་བསྒྲུབ་བྱའི་རང་བཞིན་ཉིད་དུ་སྒྲོ་བཏགས་ནས་བསྒྲུབ་བྱ་དང་སྒྲུབ་བྱེད་
དག་ཁྱད་པར་མེད་པར་ཐལ་བར་བྱེད་པའི་ཕྱིར་འདི་ནི་མ་གྲུབ་པར་ལྟར་སྣང་བའོ། །སྐྱེ་བ་ལས་སྔར་མེད་པ་ཡང་བསྒྲུབ་པར་བྱ་བ་ཉིད་དུ་སྒྲོ་བཏགས་པས་བསྒྲུབ་བྱའི་ཆོས་ལས་ཐ་དད་པར་སྟོན་ཏོ། །བསྒྲུབ་བྱའི་ཆོས་ནི་མི་རྟག་པ་ཉིད་དེ། སྔ་མའི་གནས་སྐབས་ལས་ཁྱད་པར་དུ་བྱུང་བའོ། །

རྩོལ་མ་ཐག་ཏུ་བྱུང་བ་ཉིད་ནི་བརྩལ་མ་ཐག་ཏུ་སྐྱེ་བའམ་མངོན་པར་གསལ་བ་ཤེས་པའི་མཚན་ཉིད་ཅན་གྱི་ཆོས་གཞན་ཁོ་ནའོ། །འདིར་ནི་དེ་གྲུབ་ཟིན་པ་ཉིད་ཀྱི་ཕྱིར་བསྒྲུབ་པར་བྱ་བ་ཡང་མ་ཡིན་གྱི། འོ་ན་ཅི་ཞེ་ན་གྲུབ་པ་དེས་མི་རྟག་པ་ཉིད་དུ་སྟེ། ཞི་གནས་མེད་པའི་རྣམ་གྲངས་
ཅན་གནས་སྐབས་ཀྱི་ཁྱད་པར་གྱི་བདག་ཉིད་དོ། །གང་གསུངས་པ། གྲུབ་པ་ཡིས་ཞེས་པ་ལ་སོགས་པའོ། །མི་རྟག་པ་བཞིན་དུ་ཆོས་གཞན་སྒྲུབ་པར་བྱེད་པ་ཡང་ཞེས་པ། བརྩལ་མ་ཐག་ཏུ་བྱུང་བ་ཉིད་ནི་ཇི་ལྟར་མི་རྟག་པ་ལ་མཐོང་བའི་ཕྱིར་མི་རྟག་པ་ཉིད་སྒྲུབ་པར་བྱེད་པ་དེ་ལྟར་ཚོས་པར་
བྱ་བ་ཉིད་ལ་སོགས་པ་བསྒྲུབ་བྱའི་ཁྱད་པར་དང་འགལ་བ་ཆོས་གཞན་ཡང་སྟེ། དེ་དང་ལྡན་པ་བུམ་པ་ལ་སོགས་པ་ལ་མཐོང་བའི་ཕྱིར་རོ། །དེ་ལས་ཀྱང་བསྒྲུབ་པར་བྱ་བ་དང་ཅིག་ཤོས་ཀྱི་ཆོས་དག་གི་སྒྲུབ་པར་བྱེད་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་ཁྱད་པར་མེད་པའོ། །འདི་ཡང་ཞེས་པ་ལ་
སོགས་པ་བསྒྲུབ་པར་བྱ་བའི་ཆོས་ལ་གནོད་པར་བྱེད་པ་ནི་བསྒྲུབ་པར་བྱ་བ་ལ་གནོད་པར་བྱེད་པ་སྟེ་འགལ་བའི་ཆོས་སོ། །དེའི་སྒྲུབ་པར་བྱེད་པ་ནི་བསྒྲུབ་བྱ་ལ་གནོད་པར་བྱེད་པ་སྒྲུབ་པར་བྱེད་པ་སྟེ། དེའི་དངོས་པོ་ནི་བསྒྲུབ་བྱ་ལ་གནོད་པར་བྱེད་པ་སྒྲུབ་པར་བྱེད་པ་ཉིད་དོ། །འདིར་ནི་དེར་རྩོད་པ་ལ་བསྒྲུབ་བྱ་
ལ་གནོད་པར་བྱེད་པ་སྒྲུབ་པར་བྱེད་པ་ཉིད་ཀྱི་སྒྲ་བལྟ་བར་བྱ་སྟེ། འགལ་བའི་གཏན་ཚིགས་སུ་རྩོད་པར་བྱེད་པ་ཉིད་ཀྱིས་ན་འགལ་བ་ལྟར་སྣང་བའོ་ཞེས་པའི་དོན་ཏོ། །ཅིའི་ཕྱིར་ཞེ་ན་གསུངས་པ། ཚོས་པར་བྱ་བ་ལ་སོགས་པ་རྣམས་ལ་ངེས་པ་ལས་ཞེས་པ། ཇི་ལྟར་རྟག་པ་ཉིད་བསྒྲུབ་པར་བྱ་བ་ལ་
བརྩལ་མ་ཐག་ཏུ་བྱུང་བ་ཉིད་ནི་ངེས་པ་ཉིད་དེ་དེ་ལྟར་ཚོས་པ་ལ་སོགས་པ་རྣམས་ལའོ། །དེའི་ཕྱིར་འདི་ནི་འགལ་བ་ལྟར་སྣང་བའོ། །བཤད་པ་ཡང་ཞེས་དེ་མ་ཐག་ཏུ་བཤད་པའི་དོན་ཚིགས་སུ་བཅད་པས་སྡུད་དོ། །བསྒྲུབ་བྱ་གནོད་བྱེད་ཆོས་ལ་ཡང་། །མཚུངས་པ་ཉིད་ཀྱིས་ཁྱད་མེད་བྱེད། །རྩོད་པ་ལའོ་ཞེས་
པ་ལྷག་མའོ། །བསྒྲུབ་པར་བྱ་བ་ལ་གནོད་པར་བྱེད་པའི་ཆོས་ལ་མཚུངས་པ་ཉིད་ཀྱིས་གཏན་ཚིགས་ཀྱིས་ཁྱད་པར་མེད་པར་བྱེད་དེ་ཐལ་བར་འགྱུར་བར་བྱེད། གཏན་ཚིགས་ལ་རྩོད་པ་གང་ཡིན་པ། ཇི་ལྟར་གཏན་ཚིགས་འདི་འདོད་པའི་ཆོས་ལ་སྒྲུབ་པར་བྱེད་པ་ཉིད་ཡིན་པ་དེ་ལྟར་

བསྒྲུབ་པར་བྱ་བ་ལ་གནོད་པར་བྱེད་པ་ལ་ཡང་ངོ་ཞེས་པ་འདི་ལྟ་བུའི་རྣམ་པ་ཅན་དེ་ནི་གཏན་ཚིགས་སྐྱོན་ལ་འགལ་བར་སྣང་བའི་ཁྱད་པར་མེད་པ་མཚུངས་པའི་ལྟག་ཆོད་དུ་འགྱུར་རོ། །བསྒྲུབ་པར་བྱ་བ་དང་གཏན་ཚིགས་ཁྱད་པར་མེད་པ་འབའ་ཞིག་ལས་ཡིན་པར་མ་ཟད་ཀྱི་འོ་ན་ཅི་ཞེ་ན་རྣམ་པ་འདིས་
ཀྱང་ངོ་ཞེས་གསལ་བར་བྱ་བའི་ཆེད་དུ་ཡང་གི་སྒྲའོ། །སྐྱོན་མེད་ན་ནི་གཏན་ཚིགས་ལ་རྩོད་པ། དེ་སུན་འབྱིན་པར་འགྱུར་རོ་ཞེས་པ་འདི་ཚིགས་སུ་བཅད་པའི་དོན་ཏོ། །ཡང་ཅི་ཆོས་མཐུན་པ་ཉིད་དང་། ཆོས་མི་མཐུན་པ་ཉིད་དང་། རྣམ་པར་རྟོག་པ་དང་ཁྱད་པར་མེད་པ་མཚུངས་པ་འདི་རྣམས་ཐམས་ཅད་དུ་
ལན་ལྟར་སྣང་བ་རྣམས་ཁོ་ནར་འགྱུར་རམ་འོན་ཏེ་འབའ་ཞིག་ཏུ་ལན་རྣམས་སུ་ཡང་ཡིན་ཞེ་ན། དེའི་ཕྱིར་གསུངས་པ། ལན་རྣམས་འགྱུར་ཞེས་པ་ལ་སོགས་པའོ། །མཐའ་གཅིག་ཏུ་ངེས་པ་དང་ལྡན་པའི་སྔ་མའི་ཕྱོགས་ལའོ། །གལ་ཏེ་འདི་རྣམས་མཐའ་གཅིག་པ་རྣམས་ཀྱིས་སོ་སོར་གནས་
པར་གྱུར་ན། དེའི་ཚེ་འདི་རྣམས་སུན་འབྱིན་པ་ཁོ་ན་རྣམས་སུ་འགྱུར་རོ། །སོ་སོར་གནས་པ་མཚུངས་པའི་ཕྱིར་ན། དེ་ལྟར་སྣང་བ་རྣམས་སུ་མ་ཡིན་ནོ། །རྣམ་པ་གཞན་གྱིས་ཀྱང་ལན་རྣམས་སུ་འགྱུར་བར་སྟོན་པ་གསུངས་པ། ཕྱོགས་སྔ་མ་ལ་ཡང་མ་ངེས་པ་ཉིད་དང་ལྡན་ན་ཞེས་པ་ལ་
སོགས་པ་སྟེ། མ་ངེས་པ་དང་ལྡན་པའི་ཕྱོགས་སྔ་མ་ལ། གལ་ཏེ་དེ་སྐད་བརྗོད་པའི་འཁྲུལ་པ་ཆོས་མཐུན་པ་ཉིད་མཚུངས་པ་ལ་སོགས་པ་དང་དོད་ཟླར་གནས་པར་གྱུར་ན། དེ་ལྟ་ན་ཡང་དེ་སུན་འབྱིན་པ་རྣམས་སུ་འགྱུར་རོ། །འདི་ཉིད་སྟེན་ཏེ། དེའི་ཕྱིར་སུན་འབྱིན་པའི་སྒོ་ནས་སམ་ཞེས་པ་
ལ་སོགས་པས་སོ། །དེ་ལ་ཆོས་མཐུན་པ་ཉིད་དང་ཆོས་མི་མཐུན་པ་ཉིད་མཚུངས་པ་དག་ལ་ནི་མ་ངེས་པ་དང་ལྡན་པའི་ཕྱོགས་སྔ་མ་ལ་མ་ངེས་པ་དང་ལྡན་པ་ཁོ་ནས་དོད་ཟླར་གནས་པའི་ཕྱིར། སུན་འབྱིན་པའི་སྒོ་ནས་ཐུན་མོང་གི་མ་ངེས་པར་རྩོད་པའི་ཕྱིར་དང་། མཐའ་གཅིག་པ་དང་ལྡན་
པ་ལ་མཐའ་གཅིག་པས་དོད་ཟླར་གནས་པའི་ཕྱིར་སྒྲུབ་པར་བྱེད་པའི་སྒོ་ནས་འགལ་བ་དང་མ་ངེས་པར་རྩོད་པ་ལས་སོ། །རྣམ་རྟོག་མཚུངས་པ་ལ་ནི་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་མ་ངེས་པ་དང་ཕྱོགས་སྔ་མ་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པ་དག་གིས་དོད་ཟླར་གནས་པའི་ཕྱིར།

སུན་འབྱིན་པའི་སྒོ་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མ་ངེས་པར་རྩོད་པ་ལས་དང་། མཐའ་གཅིག་པ་དང་ལྡན་པ་ལ་མཐའ་གཅིག་ཏུ་གནས་པ་མ་ཡིན་པས་དོད་ཟླར་གནས་པའི་ཕྱིར་སྒྲུབ་པར་བྱེད་པའི་སྒོ་ནས་འགལ་བ་དང་མ་ངེས་པར་རྩོད་པ་ལས་སོ། །དེ་བཞིན་དུ་ཁྱད་པར་མེད་
པ་མཚུངས་པ་དང་པོ་ལ་སྟེ། གསུམ་པ་ལ་ནི་ངེས་པ་དང་ལྡན་པ་ལ་ངེས་པ་ཉིད་ཀྱིས་དོད་ཟླར་གནས་པའི་ཕྱིར་སུན་འབྱིན་པའི་སྒོ་ནས་བསྒྲུབ་བྱ་ལ་གནོད་པར་རྩོད་པའི་ཕྱིར། འདི་རྣམས་ནི་སུན་འབྱིན་པ་ཁོ་ན་རྣམས་སུ་འགྱུར་རོ། །གལ་ཏེ་མཐོང་ལ་གནོད་མེད་ན། །ཞེས་པ་བསྒྲུབ་པར་བྱ་བ་ལ་གནོད་པར་རྩོད་པ་ལ་
དམིགས་ཀྱིས་བསལ་བ་གསུངས་སོ། །མཐོང་བ་ནི་ཚད་མས་རབ་ཏུ་གྲུབ་པའོ། །ཇི་ལྟ་བུར་མཐོང་བས་གནོད་པ་ཅི་ཞིག་ཏུ་ཡིན་ཞེ་ན་གསུངས་པ། ཇི་ལྟར་ན་ཞེས་པ་ལ་སོགས་པའོ། །དམ་བཅའ་བའི་སྐྱོན་ཁོ་ན་ལས་ཞེས་པ། གལ་ཏེ་རྣ་བའི་རྣམ་པར་ཤེས་པས་གྲུབ་པའི་སྒྲའི་རང་གི་མཚན་ཉིད་མེད་ཅེས་
དམ་འཆའ་ན། དེའི་ཚེ་མངོན་སུམ་གྱིས་རབ་ཏུ་གྲུབ་པས་གནོད་པའི་ཕྱིར་དམ་བཅའ་བ་མི་འགྲུབ་བོ། །ཅི་སྟེ་མཉན་པར་བྱ་བའི་སྒྲའི་བརྗོད་བྱ་སྒྲ་རུ་མི་འགྱུར་རོ་ཞེས་པ་དེ་ལྟ་ཡང་གྲགས་པས་གྲུབ་པས་སོ། །གང་ལ་ཞེས་པ་ལ་སོགས་པ་སྟེ། རྡུལ་གཉིས་པ་ཅན་ནི་རྡུལ་སྔོན་མ་ཅན་ཡིན་ཏེ། རགས་པ་ཉིད་
ཀྱི་ཕྱིར་བུམ་པ་བཞིན་ཞེས་བྱས་པ་ལ། ཇི་ལྟར་གཏན་ཚིགས་འདིས་རྡུལ་སྔ་མ་ཅན་ཉིད་དུ་སྒྲུབ་པར་བྱེད་ཅིང་། འདི་ལྟར་རགས་པའི་རྡུལ་སྔོན་མ་ཅན་ཉིད་དུ་ཡང་ཞེས་པ། ཤིན་ཏུ་རགས་པ་ལ་ལྟོས་པས་གང་རྡུལ་ཡིན་པ་དེ་རགས་པའི་རྡུལ་ལོ། །དེ་ལྟ་ན་ཡང་རྡུལ་ཕྲ་རབ་རྣམས་རགས་པ་ཉིད་དུ་ཡང་
འགྲུབ་སྟེ། འདིར་ཚད་མ་འགའ་ཞིག་གིས་ཀྱང་རྡུལ་ཕྲ་རབ་རྣམས་རགས་པ་ཉིད་དུ་བསྒྲུབ་པར་བྱ་བཞིན་པ་ལ་གནོད་པའང་མ་ཡིན་ནོ། །དེ་ལ་ལན་ཅི་ཡིན་ཞེ་ན་གསུངས་པ། གནོད་བྱེད་མེད་ན་འགལ་བ་ཉིད། །ཅེས་པའོ། །ཅིའི་ཕྱིར་ཞེ་ན་གསུངས་པ། བསྒྲུབ་བྱ་གནོད་བྱེད་སྒྲུབ་བྱེད་ཕྱིར། །ཅེས་པའོ། །
ཡང་ཅི་ལྟར་རགས་པ་ཉིད་ལ་རགས་པའི་རྡུལ་སྔོན་མ་ཅན་ཉིད་ཀྱིས་ཁྱབ། ཇི་སྲིད་དུ་འདིར་འབྲེལ་པ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། དེ་ལས་ཀྱང་རགས་པ་ཡང་འགྱུར་ཞིང་རགས་པ་མ་ཡིན་པའི་རྡུལ་སྔོན་མ་ཅན་ཡང་ངོ་ཞེས་པས། ཅི་ཞིག་ལས་འགལ་བ་ཉིད་ཡིན་ཞེ་ན། ཇི་ལྟར་

འགལ་བ་དེ་ལྟར་བརྗོད་པར་བྱ་སྟེ། ཡན་ལག་ཅན་གྱི་རྫས་ནི་མཚུངས་པའི་ཡུལ་ས་ཅན་ནོ་ཞེས་པའི་གཞུང་ལས། ཇི་སྲིད་དུ་ནམ་མཁའི་ཡུལ་ཕྱོགས་ཡན་ལག་གི་རྫས་ཐོབ་པ་དེ་སྲིད་ཁོ་ནར་ཡན་ལག་ཅན་གྱི་རྫས་ཀྱང་སྟེ། དེའི་ཕྱིར་རྡུལ་གཉིས་པ་ཅན་རགས་པ་ཉིད་དུ་འདོད་པ་པོས་དེ་རྩོམ་པར་བྱེད་
པའི་རྡུལ་གཉིས་པ་ཅན་ཡང་མ་ཡིན་ཏེ། དེ་དང་མཚུངས་པའི་ཡུལ་ཕྱོགས་ཅན་ཉིད་ཀྱི་ཕྱིར་རམ། ཡུལ་ཕྱོགས་ཐ་དད་པ་ཉིད་ན་རྡུལ་ཕྲན་ནི་དེའི་ཡན་ལག་ཏུ་མི་འགྱུར་རོ། །དེའི་ཕྱིར་རྡུལ་གཉིས་པ་ཅན་རགས་པ་ཉིད་དུ་ཁས་ལེན་པ་པོས་གདོན་མི་ཟ་བར་དེའི་ཡན་ལག་ཀྱང་ཁས་བླང་
བར་བྱའོ་ཞེས་པས་འགལ་བ་ཉིད་དོ། །དམིགས་པ་མཚུངས་པ་ཞེས་པ་མཚོན་བྱ་སྟེ། ལྷག་མ་མཚན་ཉིད་དོ། །གཏན་ཚིགས་གཞན་གྱིས་ཀྱང་ཞེས་པའི་ཀྱང་གི་སྒྲ་ནི་ངེས་པར་གཟུང་བའི་དོན་ཅན་ཏེ། གཏན་ཚིགས་གཞན་ཁོ་ནས་ཞེས་པའི་དོན་ཏོ། །གལ་ཏེ་གློག་ལ་སོགས་པ་ལ་གཞན་
ལས་མི་རྟག་པ་ཉིད་འགྲུབ་མོད། དེ་ལས་གང་གིས་དེ་མི་རྟག་པའི་གཏན་ཚིགས་སུ་མི་འགྱུར་བ་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ལ་ཅི་ཞིག་འོངས་ཤེ་ན་བཤད་པ། དེ་ནི་མ་ཡིན་ཞེས་པ་ལ་སོགས་པ་སྟེ། རྒྱུ་ནི་བྱེད་རྒྱུའོ། །རྒྱུའི་སྒྲས་བསྣན་པ་ལས། བྱེད་པ་ཅན་གྱི་ཆོས་ཤེས་པར་བྱེད་པའི་རྒྱུ་ལ་
སྒྲོ་བཏགས་ནས། གང་ཞིག་གང་མེད་ཀྱང་འགྱུར་བ་དེའི་དེ་རྒྱུ་མ་ཡིན་ཏེ། དཔེར་ན་ཆུ་མེའི་བཞིན། མི་རྟག་པ་ཉིད་ཀྱང་བརྩལ་མ་ཐག་ཏུ་བྱུང་བ་ཉིད་མེད་པར་འགྱུར་རོ་ཞེས། རྒྱུ་དང་རྒྱུ་དང་ལྡན་པའི་དངོས་པོའི་ཐ་སྙད་དགག་པའི་ཆེད་དུ་རྒྱུ་དང་འགལ་བ་བཤད་དོ། །འདི་ནི་མི་རྟག་པ་
ཉིད་ལ་གཏན་ཚིགས་མ་ཡིན་ཏེ། ཁྱབ་བྱེད་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་པ། གང་ཞིག་གང་གི་ཁྱབ་པར་བྱེད་པར་མི་འགྱུར་བ་དེ་ནི་དེའི་གཏན་ཚིགས་མ་ཡིན་ཏེ། དཔེར་ན་སེམས་པ་དང་བཅས་པའི་ཉལ་བ་བཞིན། རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱང་མི་རྟག་པ་ཉིད་ཀྱི་ཁྱབ་
པར་བྱེད་པ་མ་ཡིན་ནོ། །ཁྱབ་བྱེད་མི་དམིགས་པའི་གཟུགས་བརྙན་ནོ། །བསྒྲུབ་བྱར་མ་ངེས་སྒྲོ་བཏགས་ནས། །ཞེས་པ་ལ་སོགས་པ་སྟེ། བསྒྲུབ་བྱའི་གང་མ་ངེས་པ་འཁྲུལ་པ་སྟེ། དེར་རྩོལ་མ་ཐག་ཏུ་བྱུང་བ་ཉིད་ཀྱི་གཏན་ཚིགས་ལ་སྒྲོ་བཏགས་ནས། གཏན་ཚིགས་འཁྲུལ་

པ་ཉིད་དུ་རྩོད་པའི་ཕྱིར། དེའི་གཟུགས་བརྙན་ཉིད་མ་ངེས་པ་ལྟར་སྣང་བ་ཉིད་དོ་ཞེས་པའི་དོན་ཏོ། །བྱེད་པ་ཅན་གྱི་རྒྱུ་ལ་ནི་ཞེས་པ་ལ་སོགས་པས། བྱེད་པའི་ཆོས་གཞན་ཡིན་ཞིང་། ཤེས་པར་བྱེད་པའི་ཆོས་གཞན་ཏེ། དེའི་ཕྱིར་རྒྱུའི་ཐ་སྙད་ཙམ་མཚུངས་པ་
ལས་བྱེད་པའི་ཆོས་ཤེས་པར་བྱེད་པ་ལ་མི་འགྱུར་ཞེས་སྟོན་ཅིང་། གཏན་ཚིགས་སྔ་མ་དུ་བ་ལ་སོགས་པ་རྣམས་ཀྱིས་མ་ངེས་པར་གསལ་བར་བྱེད་དོ། །དེ་ལྟར་ནི་དུ་བ་ལ་སོགས་པ་མེད་ཀྱང་མེ་ལ་སོགས་པ་རྣམས་འགྱུར་མོད། དེ་སྟེ་ཡང་དེ་རྣམས་ནི་དེ་རྣམས་ཀྱི་གཏན་ཚིགས་རྣམས་སོ། །
གཉིས་པ་ལ་ཡང་གཏན་ཚིགས་མ་གྲུབ་པ་ཉིད་དུ་གསལ་བར་བྱེད་པ་གསུངས་པ། མ་ཁྱབ་པ་ཉིད་ཀྱིས་ཞེས་པ་ལ་སོགས་པའོ། །གཏན་ཚིགས་ཏེ་བརྩལ་མ་ཐག་ཏུ་བྱུང་བ་ཉིད། །མ་ཁྱབ་པ་ཉིད་ཀྱིས་གང་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་མེད་པ་སྟེ། བསྒྲུབ་བྱ་སྟེ།
ཆོས་ཅན་སྒྲ་ལ་རྣམ་པར་རྟོག་པར་བྱེད་དེ། དེའི་ཕྱིར་མ་གྲུབ་པ་ལྟར་སྣང་བའོ། །འོ་ན་བསྒྲུབ་པར་བྱ་བ་གློག་ལ་སོགས་པ་ལ་བརྩལ་མ་ཐག་ཏུ་བྱུང་བ་ཉིད་མེད་པ་ཡོད་པ་ཁོ་ན་ཡིན་ནམ། དེས་ན་རྣམ་པར་རྟོག་པར་བྱེད་ཅེས་བརྗོད་ཅེ་ན། དེའི་ཕྱིར་གསུངས་པ། སྒྲར་གནས་པས་ཐམས་ཅད་སྒྲུབ་པར་
བྱེད་པ་མ་ཡིན་ཞེ་ན། གང་གི་ཕྱིར་སྒྲའི་རྗེས་སུ་སོན་པའི་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཀྱིས་གློག་ལ་སོགས་པ་རྣམ་པ་ཐམས་ཅད་མི་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་མ་ཡིན་པས་སོ་ཞེས་པའི་དོན་ཏོ། །ཡང་ཅིའི་ཕྱིར་མ་གྲུབ་པར་སྣང་བ་ཡིན་གྱི་སུན་འབྱིན་པ་ཁོ་ན་ནི་མ་ཡིན་ཞེ་ན། དེའི་ཕྱིར་གསུངས་པ།
བསྒྲུབ་པར་བྱ་བ་ཁོ་ན་ལ་མེད་པའི་ཕྱིར་མ་གྲུབ་པར་འགྱུར་རོ་ཞེས་པའོ། །དེ་འགྱུར་མོད་ཀྱི་དེ་ལ་ཡང་མེད་དོ་ཞེ་ན། དེའི་ཕྱིར་གསུངས་པ། སྒྲ་ལ་གཏན་ཚིགས་དེ་མེད་པ་ཡང་མ་ཡིན་ནོ་ཞེས་པའོ། །ཐེ་ཚོམ་ཞེས་བྱ་ཞེས་པ་ལྟག་ཆོད་ཀྱི་མིང་ངེས་པར་སྟོན་པའོ། །དོ