Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 190
Văn bản gốc(Tây Tạng)
Trang 22 / 25 (50.000 ký tự/trang)
ཡང་བསྐལ་བས་མི་དམིགས་ པའི་ཆོས་སུ་གཞག །དེ་ལ་དམིགས་པ་དང་མི་དམིགས་པ་ཡང་། ས་ཕྱོགས་ཀྱི་བྱེ་བྲག་ལ་སོགས་པར་བུམ་པ་ལ་སོགས་པ་དམིགས་པ་འཇུག་པ་དང་ལྡོག་པ་ཡང་སྔ་མ་བཞིན་ནོ། །དེ་དག་ནི་མངོན་སུམ་དང་རྗེས་སུ་དཔག་པའི་དབྱེ་བས་ཅི་རིགས་སུ་གཟུང་ངོ་། །རྗེས་སུ་དཔག་པའི་མ་ བསྐལ་བ་ནི་རང་བཞིན་ཕྲ་བ་ལས་བཟློག་པ་ཙམ་མོ། །དོན་རྣམ་པར་གཞག་པའི་ཡང་རྫས་དང་ཡོན་ཏན་གྱི་དབྱེ་བས་གཉིས་སུ་སྦྱར་ཏེ། དེ་ལ་རྫས་ཞེས་བྱ་བ་ནི་དོན་དང་ཤེས་པ་དང་འབྲེལ་པའི་དོན་རྣམ་པ་གཉིས་གཞན་ལ་མ་ལྟོས་པས་བསྒྲུབ་ནུས་པ་རྒྱུ་རྐྱེན་ཚོགས་པ་ལས་བྱུང་བའི་བུམ་པ་ལ་ སོགས་པ་འདུས་བྱས་ཀྱི་དངོས་ཉིད་ཡིན་ལ། དེ་ལ་བརྟེན་པའི་ཆོས་དང་ཆོས་ཅན་ནི་རྫས་ཀྱི་ཆོས་དང་ཆོས་ཅན་ནོ། །ཡོན་ཏན་ནི་འདུས་བྱས་དེ་དག་གི་མཚན་ཉིད་མི་རྟག་པ་ལ་སོགས་པའི་ཁྱད་པར་གོས་པར་བྱས་པ་རྣམས་ཏེ། དེ་གཞིར་གཞག་པའི་ཆོས་དང་ཆོས་ཅན་རྣམས་ནི་གཉིས་པའོ། ། འོ་ན་གཟུགས་དང་སྒྲ་ལ་སོགས་པ་གང་གིས་བསྡུས་ཤེ་ན། འདིར་ཡོན་ཏན་གྱིས་བསྡུས་པ་སྟེ། བུམ་པ་ལ་སོགས་པ་ལ་བརྟེན་པའི་ཁྱད་པར་ཡིན་པའི་ཕྱིར་རོ། །དེ་ཡང་རྫས་ཀྱི་ཆོས་སུ་སྦྱར་བའི་ཚེ་ནི་ཆོས་ཉིད་ཀྱི་ཆོས་དང་ཆོས་ཅན་དུ་འཇོག་སྟེ། རང་གི་ངོ་བོས་གྲུབ་པ་དེ་དག་ཅི་རིགས་ སུ་གཟུང་ངོ་། །འདིར་ཡང་རྩོད་པ་སྨྲ་བ་གཞན་སྒྲ་དང་དྲི་ལ་སོགས་པ་རླུང་དང་ཙནྡན་ལ་སོགས་པ་ལས་ཡུལ་རྣམ་པར་ཆད་པ་ན་གནས་པའི་ཕྱིར་རྫས་ཉིད་དུ་གཟུང་ངོ་ཞེས་འདོད་དོ། །དེ་ཡང་རིགས་པ་མ་ཡིན་ཏེ། སྒྲ་ཡང་དུང་ལ་སོགས་པ་ལ་ཡུལ་གཞན་པ་མི་གནས་པར་མངོན་སུམ་གྱིས་ གྲུབ་པ་ཡིན་ལ། དྲི་ཡང་རླུང་ལ་ཙནྡན་ལ་སོགས་པས་བསྒོས་པ་ཉིད་ཀྱི་ཡུལ་གཞན་ན་དམིགས་པ་སྟེ། དངོས་པོ་ལ་མ་ལྟོས་པར་རང་གྲུབ་པ་ནི་མེད་དོ། །དེ་བས་བུམ་པའི་དཀར་བ་དང་། ཟླུམ་པ་ལ་སོགས་པ་འཇམ་པ་དང་རྩུབ་པའི་བར་དུ་རྫས་དེའི་ཡོན་ཏན་དུ་གཟུང་བར་བྱ་སྟེ། རྫས་སུ་ནི་མ་ ཡིན་ནོ། །ཁ་ཅིག་ཏུ་དབང་པོ་ཐ་དད་ཀྱི་ཡུལ་ཡིན་པའི་ཕྱིར་དངོས་པོ་ཐ་དད་པའོ་ཞེས་ཟེར་ན། དེ་ཡང་རིགས་པ་མ་ཡིན་ཏེ། དབྱིབས་ལ་སོགས་པས་མ་ངེས་པ་དང་ཙནྡན་དང་དུང་ལ་སོགས་པར་མ་བཟུང་བར་གུད་དུ་བཟུང་བར་མི་ནུས་པ་དང་། ཁ་ཅིག་ཏུ་ཡོན་ཏན་སོ་སོར་ངེས་པ་ལ་ དམིགས་པ་ཡང་དབང་པོ་རྣམས་ཀྱི་ནུས་པ་སོ་སོར་ངེས་པའི་ཕྱིར་རོ། །ཁ་ཅིག་ན་རེ་དེ་དག་གི་ཁྱད་པར་ཤེས་པས་འདོད་པའི་ཚེ་ན་རྣམ་པར་གཞག་པའི་ཆོས་ཅན་ནོ་ཞེས་ཀྱང་ཟེར་རོ། །དེ་ལ་རྫས་ཀྱི་ཆོས་དང་ཆོས་ཅན་གྱི་དོན་དུ་འཇུག་པ་དང་ལྡོག་པ་དེ་ཡང་ཡོད་པར་བསྒྲུབ་པ་དང་མེད་ པར་དགག་པ་དང་། ཡིན་པར་སྒྲུབ་པ་དང་མ་ཡིན་པར་དགག་པའོ། །ཡོད་པར་སྒྲུབ་པ་ནི་ཁྱད་པར་གཞན་དང་ལྡན་པ་བསྒྲུབ་པ་སྟེ། དངོས་པོ་ཁྱད་པར་གཞན་དང་ལྡན་པ་དང་། རང་གི་ཆོས་ཀྱི་ཁྱད་པར་གཞན་དང་ལྡན་པའོ། །དེ་ལ་དངོས་པོ་གཞན་དང་ལྡན་པ་ནི་བུམ་པ་ན་འབྲུ་ཡོད། ནོར་ཡོད། འོ་མ་ཡོད། མར་ཡོད་དོ་ཞེས་བྱ་བ་ལ་སོགས་པ་ཡིན་ལ། དེ་དག་གི་མེད་པར་དགག་པ་ཡང་དེ་ཉིད་དོ། །རང་གི་ཁྱད་པར་ལྡན་པ་ནི་བུམ་པ་ལ་ཡང་ལུང་ཡོད། རི་མོ་ཡོད། དྲི་མ་ཡོད་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་དག་མེད་པར་དགག་པའི་ཡང་དེ་སྙེད་དོ། ། བསྒྲུབ་པར་བྱ་བ་དེ་དག་དང་དགག་པར་བྱ་བ་དེ་དག་ནི་འབྲེལ་པའི་ཟླ་སྟེ། དེ་དག་ལ་ལྟོས་ནས་གྲུབ་པ་དེ་དག་ཀྱང་རྐྱང་པ་ཡང་ཡིན་ལ། སྲིད་པའི་དགག་པ་དང་། སྒྲུབ་པ་ཡང་ཡིན་ནོ། །གཞན་མི་སྲིད་པའི་སྒྲོ་འདོགས་པ་དགག་པ་བུམ་པ་ལ་ཤེས་པ་ལ་སོགས་པ་ཡོད་པར་སྒྲོ་འདོགས་ པ་མི་སྲིད་པའི་སྒྲོ་འདོགས་པ་དགག་པ་འདི་ཡང་ཡོངས་སུ་གྲུབ་པ་ཡིན་པས་འདི་སྦྱར་ལ། གྲུབ་པ་ནི་ཀུན་བརྟགས་པ་ཁོ་ན་ཡིན་པས་མི་གཟུང་ངོ་། །ཡིན་པར་སྒྲུབ་པ་ཡང་སྲིད་པ་དང་མི་སྲིད་པ་གཉིས་སོ། །དེ་ལ་སྲིད་པ་ཡང་འགལ་ཟླ་ལ་ལྟོས་པར་སྦྱར་བ་དང་། འབྲེལ་ཟླ་ལ་ལྟོས་པས་རྐྱང་པ་དབྱེ་བས་གཉིས་སོ། །དེ་ལ་འགལ་ ཟླ་ལ་ལྟོས་པ་ནི་བུམ་པའི་བཟང་པོ་དང་ངན་པ་དང་ཆེན་པོ་དང་ཆུང་ངུ་ལ་སོགས་པས་ཆོས་འགལ་ཟླའི་དངོས་པོ་རེ་རེ་ལ་ལྟོས་ན་རེ་རེ་གྲུབ་ལ། གཉིས་ལ་ལྟོས་ན་འགལ་བའི་ཆོས་གཉིས་འགྲུབ་པའི་ཕུང་པོ་གསུམ་པ་ཡང་འགྲུབ་སྟེ་དེས་ན་སྦྱར་བ་ཞེས་བྱའོ། །དེ་བཞིན་དུ་བཟང་པོ་མ་ཡིན་པ་དང་ངན་པ་མ་ཡིན་པ་ལ་ སོགས་པ་མ་ཡིན་པར་དགག་པ་ཕུང་པོ་གསུམ་པའི་བར་དུ་འགྲུབ་པར་སྦྱར་བར་བྱའོ། །ཡིན་པར་བསྒྲུབ་པ་དང་མ་ཡིན་པར་དགག་པའི་འབྲེལ་ཟླ་ལ་ལྟོས་པ་རྐྱང་པ་ནི་བྱ་བའི་ཆོས་ཏེ། དེ་ཡང་རྒྱུ་དང་འབྲས་བུ་ལ་ཡོད་པ་དང་། བྱས་པ་པོ་དང་ལས་ལ་ཡོད་པའི་དབྱེ་བས་རྣམ་པ་བཞིར་ འགྱུར་ཏེ། དེ་ལ་རྒྱུ་དང་བྱེད་པ་པོ་ལ་ལྟོས་པའི་བྱ་བ་ནི་འབྲས་བུ་དང་ལས་ལ་ལྟོས་ནས་དབྱེའོ། །འབྲས་བུ་དང་ལས་ལ་ཡོད་ལ་ལྟོས་པའི་བྱ་བའི་ཆོས་ནི་རྒྱུ་དང་བྱེད་པ་པོ་ལྟོས་པར་གྲུབ་ཅིང་དབྱེ་བའོ། །དེ་རྒྱུ་ལ་ཡོད་པའི་བྱ་བའི་ཆོས་ནི་བུམ་པ་དང་དཔལ་དང་འབྱོར་པས་སྐྱེད་པར་བྱེད་ཅེས་བྱ་བ་ལ་ སོགས་པ་ལྟ་བུའོ། །བྱེད་པ་པོ་ལ་ཡོད་པའི་བྱ་བའི་ཆོས་ནི་བུམ་པས་ཆུ་འཆུ། འོ་མ་འཆུ། འབྲུ་འཛིན། ནོར་འཛིན་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །འབྲས་བུ་ལ་ཡོད་པའི་བྱ་བའི་ཆོས་ནི་བུམ་པ་ས་ལས་གྱུར་པ་ཉིད་དང་། ཟངས་ལས་གྱུར་པ་ཉིད་དང་། མེས་བཙོས་པ་ལ་སོགས་ པ་ལྟ་བུའོ། །ལས་ལ་ཡོད་པའི་བྱ་བ་ནི་བུམ་པ་འདི་སྤྱད་པར་བྱ། བཅང་བར་བྱ། སྦ་བར་བྱ། ཚོགས་པར་བྱ། སྤྱུག་པར་བྱ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །བྱ་བའི་ཆོས་དང་ཆོས་ཅན་དེ་ལ་ཡང་གང་གི་ཚེ་རྒྱུ་དང་བྱེད་པ་པོའི་གཙོ་བོའི་ཆོས་ཅན་དུ་སྦྱར་བའི་ཚེ་ནི་འབྲས་བུ་དང་ལས་ལས་ ཆོས་བྱེ་བྲག་ཏུ་བྱེད་པའི་ཆོས་ཅན་ཞེས་བྱ་ལ། གང་ཚེ་འབྲས་བུ་དང་། ལས་གཙོ་བོའི་ཆོས་ཅན་དུ་སྦྱར་བའི་ཚེ་ནི་ཅིག་ཤོས་གཉིས་པོ་བྱེ་བྲག་ཏུ་བྱེད་པའི་ཆོས་ཅན་དུ་སྦྱར་རོ། །དེ་དག་མ་ཡིན་པར་དགག་པ་ཡང་དགག་བྱ་ལ་ལྟོས་པ་དེ་ཉིད་དུ་སྦྱར་རོ། །གཞན་མི་སྲིད་པའི་བུམ་པ་ལ་སྣམ་བུ་རེ་ལྡེ་ཀ་ བ་ལ་སོགས་པའི་ངོ་བོར་སྒྲོ་འདོགས་པ་ནི་ཀུན་བརྟགས་པ་ཡིན་ལ། དེ་དག་དགག་པ་ནི་ཡོངས་སུ་གྲུབ་པའི་ཆོས་ཉིད་དུ་གཟུང་ངོ་། །གསུམ་པ་གནས་སྐབས་ཀྱིས་ནི་གནས་སྐབས་ཉིད་ཡིན་པའི་ཕྱིར་ཆོས་ཉིད་ཀྱི་གྲུབ་པ་ཡང་མ་ཡིན་ལ། དོན་གཞན་ལ་ལྟོས་པས་ཀྱང་མ་ཡིན་པ། བུམ་པའི་ ཉལ་བ་དང་། ལངས་པ་དང་། ཁ་བུབ་དང་། གན་རྐྱལ་ལ་སོགས་པའི་ཆོས་རེ་རེ་ཞིག་ཏུ་གཟུང་ངོ་། །ཆོས་ཀྱི་གྲངས་རབ་ཏུ་དབྱེ་བ་ཇི་སྙེད་པ་ཆོས་ཅན་གྱི་གྲངས་ཀྱང་དེ་སྙེད་དུ་འགྱུར་ཏེ། ཆོས་ཅན་གཅིག་ཅེས་བྱ་བ་ནི་ཁྱད་པར་གཞན་མི་སྤོང་བའི་སྒྲ་གཅིག་གིས་བརྗོད་པ་ཡིན་པ་དང་། དངོས་ པོ་ཆ་ཤས་མེད་པ་གཅིག་ལ་ཆོས་ཅན་དུ་ཞེན་པའི་བསམ་པས་སྦྱར་བའི་ངོར་བྱས་པ་ཙམ་དུ་ཟད་དོ། །བྱེ་བྲག་རྣམ་པར་གཞག་པ་ནི་ཆོས་དང་ཆོས་ཅན་གྱི་དང་། ཆོས་ནང་གི་དབྱེ་བ་གཉིས་སུ་དབྱེའོ། །ཆོས་དང་ཆོས་ཅན་གྱི་བྱེ་བྲག་ལ་ཆོས་ཉིད་དེ་ཉིད་པའི་ཆོས་དང་ཆོས་ཅན་གྱི་ཤན་ནི། སྒྲ་ གཅིག་གིས་བསྟན་པས་ཁྱད་པར་གཞན་སྤོང་བ་དང་། མི་སྤོང་བའི་སྒྲའི་ཤན་འབའ་ཞིག་ཏུ་ཟད་དེ། དེ་ལས་དོན་གཞན་མི་སྲིད་པས་དོན་གྱི་ཁྱད་པར་གཞན་སྤོང་བ་དང་མི་སྤོང་བའི་ཤན་ནི་ཀུན་བརྟགས་ཁོ་ནར་ཟད་དོ། །ལྷག་མ་ཆོས་ཉིད་ཀྱི་མཚན་ཉིད་པ་དང་གནས་སྐབས་པའི་ཆོས་ ཉིད་དང་། ཆོས་ཅན་གྱི་བྱེ་བྲག་ནི་སྒྲ་ཐ་དད་ཀྱིས་བྱས་པའི་ཁྱད་པར་གཞན་སྤོང་བ་དང་མི་སྤོང་བའི་སྒྲའི་ཤན་དང་། དོན་གཞན་སྲིད་པ་ཉིད་ཀྱིས་ན་དོན་གྱི་ཁྱད་པར་གཞན་སྤོང་བ་དང་མི་སྤོང་བའི་ཤན་དང་། ཁྱབ་ཆེ་ཆུང་གིས་བྱས་པའི་ལྡོག་པའི་ཐ་དད་ཀྱི་ཤན་དང་གསུམ་སྟེ། དེ་ལས་ ཆོས་དང་ཆོས་ཅན་གྱི་ཁྱད་པར་གྱི་གཞི་ཡིན་པའི་ཕྱིར། ཁྱད་པར་གཞན་སྤོང་བ་དང་མི་སྤོང་བའི་ཆོས་དང་། ཆོས་ཅན་བྱེ་བྲག་ཏུ་བྱེད་པའི་གཙོ་བོ་ཡིན་ནོ། །རྣམ་པར་གཞག་པའི་ཆོས་རྣམས་དང་ཆོས་ཅན་གྱི་བྱེ་བྲག་ནི་སྔར་སྨོས་པ་གསུམ་པ་གསུམ་གྱི་སྟེང་དུ་ཆོས་རྣམས་ནི་དོན་གཞན་ལ་ལྟོས་ པ་ཡིན་ལ། ཆོས་ཅན་ནི་མ་ལྟོས་པ་སྟེ། དེར་ཡང་བྱེ་བྲག་ཏུ་བྱེད་པའི་གཙོ་བོ་ནི་སྔར་བཤད་པ་ཡིན་ནོ། །དངོས་པོ་དངོས་ཀྱི་དབང་དུ་བྱས་ན་ཆོས་ཉིད་ཀྱི་ཆོས་དང་ཆོས་ཅན་ནི་གཅིག་ཁོ་ནར་ཡོངས་སུ་གྲུབ་པ་ཡིན་པས་ཤིན་ཏུ་གཅིག་པ་ཉིད་ཡིན་ཏེ། ཐ་དད་པའི་བློས་བསླད་པ་ཡིན་ནོ། །སྐབས་ འདིར་བློས་ཐ་དད་དུ་འཛིན་པའི་རྟེན་ནི་ཡང་དག་པར་ཆོས་ཅན་གྱི་སྒྲ་ནི་གཅིག་ཉིད་ཡིན་ལ། ཆོས་ཀྱི་སྒྲ་ནི་དུ་མ་ཡིན་ཏེ། དེས་ན་གཅིག་དང་དུ་མའི་སྒྲ་ཐ་དད་ཀྱིས་བྱས་པ་ཡིན་ནོ། །རྣམ་པར་གཞག་པའི་ཆོས་དང་ཆོས་ཅན་ནི་དོན་གཞན་ལ་མི་ལྟོས་པར་དངོས་པོ་དངོས་ཀྱིས་ཡོངས་སུ་གྲུབ་པ་མེད་ པས་དངོས་པོ་དངོས་ཀྱི་དབང་དུ་བྱས་ན་ཀུན་བརྟགས་པ་ཁོ་ན་སྟེ། གཞན་ལ་ལྟོས་པའི་ཕྱིར་བློས་གཞག་པ་ཁོ་ནས་ཟད་དོ། །གནས་སྐབས་ཀྱི་ཆོས་ཀྱང་གནས་སྐབས་ཉིད་ཀྱིས་ཡོངས་སུ་གྲུབ་པ་ཡིན་པས་གནས་སྐབས་ཙམ་དུ་གཞག་གོ། །ཆོས་ནང་གི་བྱེ་བྲག་ལ་ཆོས་ཉིད་ཀྱི་ཆོས་རྣམས་ ནི་འོ་མའི་ཡོན་ཏན་དཀར་བ་དང་། མངར་བ་དང་། འཇམ་པ་རྣམས་དུང་དང་། ཀ་ཙ་ལིན་ད་དང་། སྦྲང་རྩི་ལ་སོགས་པའི་སྤྱོད་ཡུལ་ཐ་དད་ཀྱི་དངོས་པོ་རྣམས་ལ་འཇུག་པ་དང་། ལྡོག་པ་མཐོང་ནས་འོ་མ་ལ་ཡང་ཡོན་ཏན་དེ་དག་ཐ་དད་དུ་བློས་བཟུང་བ་ཡིན་ཏེ། དེ་ལྟ་བུའི་ངོ་བོ་ གཅིག་པ་ཞེས་བྱ་ལ། དངོས་པོ་དངོས་ཀྱི་དབང་དུ་བྱས་ན་འོ་མ་གསལ་བའི་རང་བཞིན་ཐ་ན་ཡུལ་དང་དུས་ལ་སོགས་པ་ཙམ་གྱིས་ཀྱང་གསལ་བ་གཞན་གྱི་རྗེས་སུ་འབྲང་བ་དེ་ལ་ཡོན་ཏན་དེ་དག་ཤིན་ཏུ་གཅིག་པ་ཡིན་ནོ། །རྣམ་པར་གཞག་པའི་ཆོས་རྣམས་ནི་འབྲེལ་ཟླ་དང་། འགལ་ཟླ་ལ་ ལྟོས་པའི་ཐ་དད་ཀྱིས་ཐ་དད་པར་བྱས་ལ་གྲངས་ཀྱང་དེའི་གྲངས་བྱས་པ་ཡིན་ནོ། །མི་སྲིད་པའི་སྒྲོ་བཏགས་པ་རྣམས་ཀྱང་དགག་པ་ལྟོས་པ་ཐ་དད་ཀྱིས་བྱས་པ་ཡིན་ནོ། །གཞན་དག་ནི་ཆོས་ཉིད་ཀྱི་ཆོས་མི་བཏགས་པ་ལ་སོགས་པ་དང་། དམིགས་པ་དང་མི་དམིགས་པ་དང་བུམ་པ་ན་འབྲུ་ ཡོད་པར་ལྡན་པར་བསྒྲུབ་པ་དང་། འབྲུ་མེད་པར་ལྡན་པར་དགག་པ་ལ་སོགས་པ་ཆོས་ཐམས་ཅད་མི་རྟག་པ་ཡིན་པ་དང་། དམིགས་པ་མ་ཡིན་པ་དང་། ལྡན་པ་མ་ཡིན་པ་དང་བྲལ་བ་མ་ཡིན་པ་ལ་སོགས་པ་ལ་ལྟོས་པས་བྱེ་བྲག་རྣམ་པར་གཞག་གོ་ཞེས་ཟེར་ན། དེ་ཡང་མི་རུང་སྟེ། མཚན་ཉིད་འགལ་བ་བཟློག་བྱ་དེ་དག་རྣམ་པར་གཅད་པ་རྣམ་པར་གཞག་པ་ནི་བློའི་སལ་བས་མཚན་ཉིད་དེ་དག་མཚོན་པར་རྣམ་པར་གཞག་པ་ཡིན་གྱི། མཚན་ཉིད་འགལ་བ་རྣམ་པར་གཅད་པ་དེ་དག་ཆོས་འགལ་བ་དེ་དག་འགྲུབ་པར་བྱེད་པ་ནི་མ་ཡིན་པའི་ཕྱིར་རོ། །དེ་དག་ཀྱང་གྲུབ་པར་བྱེད་ པ་ནི་སྔར་བཤད་པ་རྣམས་ཁོ་ནར་བཟུང་ངོ་། །དངོས་པོ་དངོས་ཀྱི་དབང་དུ་བྱས་ནས་ཆོས་དེ་དག་ལས་ཆོས་ཉིད་ཀྱི་ཆོས་རྣམས་ནི་ཤིན་ཏུ་གཅིག་པ་ཡིན་ལ། རྣམ་པར་གཞག་པའི་ཆོས་རྣམས་ནི་རི་བོང་གི་རྭ་ལྟ་བུར་མེད་པ་ཉིད་ཡིན་པ་ནི་ཆོས་དང་ཆོས་ཅན་གྱི་སྐབས་སུ་བཤད་པ་ཡིན་ནོ། །གནས་ སྐབས་པ་ཉིད་ཀྱང་གནས་སྐབས་པ་ཉིད་དུ་བལྟ་བར་བྱའོ། །ངེས་ཚིག་གཞན་ལ་བརྟེན་པས་ན་ཆོས་དེ་དག་དང་ལྡན་པས་ན་ཆོས་ཅན་ཏེ། བུམ་པ་ལ་སོགས་པའི་རྫས་མ་གཏོགས་པར་མི་རྟག་པ་ལ་སོགས་པའི་ཡོན་ཏན་གུད་དུ་གཟུང་བར་མི་ནུས་པས་ན་གཞན་ལ་བརྟེན་པ་ཞེས་བྱའོ། །ཆོས་དང་ཆོས་ ཅན་གཏན་ལ་དབབ་པ་སློབ་དཔོན་ཛེ་ཏཱ་རིས་མཛད་པ་རྫོགས་སོ།། །།༄༅༅། །རྒྱ་གར་སྐད་དུ། བཱ་ལ་ཨ་བ་ཏཱ་ར་ཏརྐ་ནཱ་མ། བོད་སྐད་དུ། བྱིས་པ་འཇུག་པའི་རྟོག་གེ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་གི་གསུང་རབ་འོད་ཟེར་གཏི་མུག་ གིས། །མུན་པའི་རབ་རིབ་རྣམ་པར་སེལ་མཛད་གསལ། །ས་གསུམ་གནས་ན་སྒྲོན་མ་གཅིག་པུ་ཡི། །བཅོམ་ལྡན་འདས་དེ་ཡུན་རིང་རྒྱལ་གྱུར་ཅིག །རྟོག་གེའི་རྒྱ་མཚོར་བྱིས་པ་རྣམས། །ཚེགས་མེད་པ་ཡིས་འཇུག་བྱའི་ཕྱིར། །ཐབས་ནི་བདག་གི་བརྩེ་བ་ཡིས། །ཇི་ལྟར་ནུས་པ་དབྱེ་ བར་བྱ། །ཕན་པ་དང་མི་ཕན་པ་ཐོབ་པ་དང་སྤོང་བའི་རྒྱུ་ཚད་མ་ཞེས་བྱ་བ་དེ་ཉུང་ངུ་རིམ་པས་གཏན་ལ་དབབ་པར་བྱའོ། །ཚད་མ་ནི་སླུ་བ་མེད་པ་ཅན་གྱི་ཤེས་པ་མ་བཟུང་ཡང་འཛིན་པ་ཡང་ངོ་། །སླུ་བར་བྱེད་པ་ནི་ཡིད་མི་བརྟེན་པས་སླུ་བ་སྟེ། ཉེ་བར་མཐོང་བའི་དོན་ཐོབ་པར་བྱེད་པ་མ་ཡིན་ནོ། །མི་ སླུ་བ་ནི་སླུ་བ་མེད་པ་སྟེ། ཉེ་བར་མཐོང་བའི་དོན་ཐོབ་པར་བྱེད་པའོ། །དེ་གང་ལ་ཡོད་པ་དེ་ནི་སླུ་བ་མེད་པ་ཅན་ནོ། །མ་བཟུང་བ་ནི་སྔོན་གྱི་ཤེས་པ་གཞན་གྱིས་ངེས་པར་མ་རྟོགས་པ་སྟེ། དེ་འཛིན་པ་ནི་མ་བཟུང་བ་འཛིན་པའོ། །དེས་ནི་གང་ཉེ་བར་མཐོང་བའི་དོན་ཐོབ་པར་བྱེད་པ་སྔོན་མེད་པའི་ སྤྱོད་ཡུལ་ཅན་གྱི་ཤེས་པ་དེ་ནི་ཚད་མའོ་ཞེས་བསྟན་ཏོ། །གལ་ཏེ་ཐོབ་པར་བྱེད་པའི་ཤེས་པ་ཚད་མ་ཡིན་ན། ཤེས་པ་གང་གིས་འཇུག་པར་མི་འགྱུར་བའམ་ཞུགས་ན་ཡང་ཇི་ལྟར་དོན་ཐོབ་པར་མི་འགྱུར་བ་དེ་ཐོབ་པར་བྱེད་པ་མ་ཡིན་པའི་ཕྱིར་ཚད་མ་མ་ཡིན་པར་འགྱུར་རོ་ཞེ་ན། ཉེས་པ་འདི་ནི་ མེད་དེ་ཐོབ་པ་ཉིད་མེད་ན་ཡང་ཐོབ་པར་བྱེད་པར་རུང་བ་ནི་ཐོབ་པར་བྱེད་པ་ཞེས་བརྗོད་དེ། དཔེར་ན་གོ་ཆ་མ་གྱོན་ན་ཡང་རྒྱལ་རིགས་གཞན་དུ་གོ་ཆ་གྱོན་དུ་རུང་བ་ནི་གོ་ཆ་གྱོན་པ་ཞེས་བརྗོད་པ་བཞིན་ནོ། །དེ་ལྟར་ན་ཚད་མ་ཉིད་དེ་ཡང་འགལ་བ་མེད་དོ། །གང་ལ་ཐོབ་པར་བྱེད་པ་རུང་བ་ཉིད་ཀྱང་མེད་པ་དེ་ ནི་ཐོབ་པར་བྱེད་པ་ཉིད་ཀྱང་མེད་པ་དེའི་ཕྱིར་ཚད་མ་མ་ཡིན་པ་ཉིད་དོ། །སླུ་བ་མེད་པ་ཅན་སྨོས་པས་ནི་སླུ་བར་བྱེད་པའི་སྨིག་རྒྱུ་ལ་ཆུར་འཛིན་པ་ལ་སོགས་པ་བསལ་ལོ། །ཤེས་པ་སྨོས་པས་ནི་ཤེས་པ་མ་ཡིན་པའི་དབང་པོ་ལ་སོགས་པ་བསལ་ལོ། །མ་བཟུང་བ་འཛིན་པ་སྨོས་པས་ནི་བཟུང་བར་ འཛིན་པའི་དྲན་པ་བསལ་ལོ། །དེ་ནི་རྣམ་པ་གཉིས་ཏེ། མངོན་སུམ་དང་རྗེས་སུ་དཔག་པའོ། །རྟེན་པར་གྱུར་པ་ནི་རྟེན་པའོ། །དབང་པོ་ནི་མིག་ལ་སོགས་པའི་དབང་པོ་ལྔ་པོ་སྟེ། དེ་ལ་བརྟེན་པའི་ཤེས་པ་ནི་མངོན་སུམ་མོ། །དབང་པོ་ལ་བརྟེན་པ་ནི་མངོན་སུམ་གྱི་སྒྲའི་བཤད་ པའི་རྒྱུ་མཚན་ཙམ་མོ། །འཇུག་པའི་རྒྱུ་མཚན་ནི་སྒྲའི་དོན་གྱི་ནུས་པས་དོན་མངོན་དུ་བྱེད་པ་ཉིད་ལ་བྱའོ། །དེས་ནི་རྣམ་པ་གང་ཅི་ཡང་རུང་སྟེ། དོན་དམ་བདག་ཉིད་ཀྱང་རུང་མངོན་དུ་བྱེད་པའི་དོན་ཏེ་མངོན་སུམ་གྱི་སྒྲའི་བརྗོད་བྱར་གྲགས་སོ། །འདིས་དཔོག་པར་བྱེད་པས་ན་དཔག་པ་སྟེ། རྟགས་བཟུང་འབྲེལ་པ་དྲན་པའི་རྗེས་སུ་དཔོག་པས་ན་རྗེས་སུ་དཔག་པའོ། །འདི་ཡང་དོན་གྱི་ཁྱད་པར་གྱི་ནུས་པའི་དབང་གིས་འཐོབ་བོ། །དེས་ནི་གང་ཆོས་ཅན་གྱི་ཁྱད་པར་ལ་གནས་པའི་རྟགས་མཐོང་བ་དང་ལྡན་པ་རྟགས་དང་རྟགས་ཅན་གྱི་འབྲེལ་པ་ཡང་དྲན་པ་དང་ལྡན་པའི་ལྐོག་ཏུ་གྱུར་ པའི་དངོས་པོ་ལ་དམིགས་པའི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་བ་དེ་ཉིད་རྗེས་སུ་དཔག་པའི་སྒྲས་བརྗོད་དོ། །དེ་ལྟར་མངོན་སུམ་དང་རྗེས་སུ་དཔག་པའི་དབྱེ་བས་ཚད་མ་ནི་རྣམ་པ་གཉིས་ཉིད་དོ། །རྣམ་པ་གཉིས་ཏེ་ཞེས་སྨོས་པ་ནི་ཚད་མ་གཅིག་དང་། གསུམ་དང་། བཞི་དང་། ལྔ་དང་། དྲུག་གོ་སྙམ་དུ་ལོག་པར་རྟོགས་པ་རྣམས་བསལ་བ་ཡིན་ནོ། །དེ་ལྟར་ཙར་བ་ཀ་པ་རྣམས་ནི་ཚད་མའི་མངོན་སུམ་ཁོ་ནའོ་སྙམ་མོ། །སེར་སྐྱ་པ་རྣམས་ནི་རྗེས་སུ་དཔག་པ་དང་། སྒྲ་ལས་བྱུང་བ་ཡང་ངོ་སྙམ་མོ། །རིགས་པ་ཅན་རྣམས་ནི་ཉེ་བར་འཇལ་བ་ཡང་ངོ་སྙམ་མོ། །ཉི་མ་པ་རྣམས་ནི་ དོན་གྱིས་གོ་བ་ཡང་ངོ་སྙམ་མོ། །གཞོན་ནུ་མ་རྣམས་ནི་དངོས་པོ་ཡང་ངོ་སྙམ་མོ། །གྲངས་ཀྱི་གཞི་སྨོས་པས་ནི་རྣམ་པ་གཞན་གྱི་གཉིས་ཉིད་གསལ་ལོ། །དེ་ལྟར་ཡང་བརྡ་སྤྲོད་པ་རྣམས་ཚད་མ་ནི་གཉིས་ཏེ། མངོན་སུམ་དང་སྒྲ་ལས་བྱུང་བ་ཡང་ངོ་ཞེའོ། །དེ་ལ་མངོན་སུམ་ནི་རྟོག་པ་དང་བྲལ་ ཞིང་མ་འཁྲུལ་བའོ། །ཤེས་པ་གང་རྟོག་པ་སྟེ་རྟོག་པ་རང་ཉིད་དང་བྲལ་བ་སྟེ། སྤངས་པ་དང་མ་འཁྲུལ་བ་ཡང་ངོ་། །དེ་ཉིད་མངོན་སུམ་སྟེ། དོན་མངོན་སུམ་དུ་བྱེད་པ་ཅན་གྱི་ཤེས་པ་ནི་མངོན་སུམ་མོ། །རྟོག་པ་དང་འཁྲུལ་བ་དག་ལ་དོན་གྱི་ངོ་བོ་མངོན་སུམ་དུ་བྱེད་པ་ཉིད་ཡོད་པ་མ་ཡིན་ནོ། །དེ་ལྟར་ ཡང་སྒྲ་དང་འདྲེར་རུང་བ་དོན་གྱི་རྣམ་པར་རྟོག་པ་ནི་རྟོག་པ་སྟེ་སྒྲ་དང་འདྲེ་བ་ཡོད་དམ་མེད་ཀྱང་རུང་བ་ལ། དེར་རུང་བ་ལ་དོན་གྱི་རྣམ་པར་རྟོག་པ་གང་ཡིན་པ་དེའོ། །རུང་བ་སྨོས་པས་ནི་སྒྲ་དོན་གྱི་རྟོག་པ་མ་ཚང་བའི་བྱིས་པ་རྣམས་དང་དུད་འགྲོ་རྣམས་ཀྱི་ཡང་རྟོགས་པ་ཡོངས་སུ་བཟུང་བ་ཡིན་ནོ། ། དེ་དག་གི་དེ་ནམ་ཡང་སྒྲས་སྦྱར་བའི་དོན་གྱི་མི་འཛིན་ཏེ། སྒྲ་དང་འདྲེར་རུང་བ་ནི་འཛིན་པ་ཉིད་དོ། །དེའི་སྣང་བ་དོན་གྱི་རྣམ་པ་ནི་འདོད་པ་ཙམ་ལ་རག་ལུས་པ་བརྡའི་བྱེ་བྲག་གིས་རྗེས་སུ་བྱེད་པའི་སྒྲ་བརྗོད་པར་ནུས་པ་ཉིད་ཀྱི་ཕྱིར་དེ་རྣམས་ལ་རྟོག་པ་མེད་པ་ཉིད་དོ་སྙམ་དུ་བསམ་པར་མི་བྱའོ། །དེས་ དགོས་པ་དག་ལ་འདོད་པ་དང་མི་འདོད་པ་ལེན་པ་དང་སྤོང་བ་དག་མཐོང་བའི་ཕྱིར་རོ། །དེ་ལྟར་ཡང་དུད་འགྲོ་དང་བྱིས་པ་ཆུང་ངུ་རྣམས་ཀྱང་འདོད་པ་ལེན་པ་དང་མི་འདོད་པ་སྤོང་བར་བྱེད་པ་མཐོང་སྟེ། འདི་ལྟ་བུའི་དོན་གྱི་རྟོགས་པ་འདི་དོན་གྱི་ངོ་བོ་མངོན་དུ་བྱེད་པ་ཉིད་ནི་མ་ཡིན་ནོ། །དོན་གྱི་ངོ་བོ་ནི་ སྒྲས་བརྗོད་པར་མི་ནུས་ཏེ། སྒྲ་ལས་བྱུང་བའི་བློ་ལ་དོན་མངོན་སུམ་བཞིན་དུ་སྣང་བ་ནི་མེད་པའི་ཕྱིར་རོ། །དེ་ཡང་། མེ་དང་འབྲེལ་པས་བསྲེག་པ་ན། །རྣམ་པ་གཞན་དུ་ཚིག་པར་སེམས། །སྲེག་པའི་སྒྲ་ཡིས་སྲེག་པའི་དོན། །རྣམ་པ་གཞན་དུ་སྣང་བར་འགྱུར། །ཞེས་གསུངས་སོ། ། བརྗོད་པར་ནུས་པ་ཉིད་ཀྱི་དོན་ནི་རྟོག་པ་དང་འདྲེ་བ་ལས་གཟུང་བར་བྱའོ། །མངོན་དུ་བྱ་བ་ནི་བརྗོད་པར་བྱ་བ་མ་ཡིན་པའི་ངོ་བོའི་དངོས་པོ་མངོན་དུ་བྱར་རུང་བ་སྒྲ་དང་འདྲེ་བ་མ་ཡིན་པ་ཉིད་དོ། །དེ་ལྟ་ན་རྟོག་པ་ལ་དངོས་པོ་མངོན་དུ་བྱར་མེད་པར་གྲུབ་པོ། །འཁྲུལ་པའི་ཤེས་པ་ཡང་རབ་རིབ་དང་། མྱུར་ དུ་བསྐོར་བ་དང་། གྲུར་ཞུགས་པ་དང་། འཁྲུལ་བ་ལ་སོགས་པ་བསྐྱེད་པའི་ནུས་པའོ། །དོན་བྱ་བ་བྱེད་པའི་ངོ་བོ་ལ་ཕྱིན་ཅི་ལོག་པ་ཉིད་དེ་འཁྲུལ་པའི་སྣང་བའོ། །དེ་ཇི་ལྟར་རྣམ་པ་གཞན་དུ་རྣམ་པར་གཞག་པ་དོན་མངོན་དུ་བྱེད་པར་འགྱུར། རང་གི་ངོ་བོ་སྣང་བ་ནི་མངོན་དུ་བྱེད་པའི་སྒྲའི་བརྗོད་པར་ བྱ་བ་ཉིད་ཀྱི་ཕྱིར་རོ། །དེས་ན་འཁྲུལ་པ་ལ་ཡང་མེད་པ་སྟེ། དངོས་པོ་མངོན་དུ་བྱེད་པ་ཞེས་བྱ་བ་གྲུབ་པོ། །འདི་ལས་རྣམ་པར་ཤེས་པ་དོན་མངོན་དུ་བྱེད་པ་ངེས་པས་རྟོག་པ་དང་འཁྲུལ་པ་དག་ལས་བཟློག་པར་གྱུར་པ་ནི། རྟོག་པ་དང་བྲལ་ཞིང་མ་འཁྲུལ་པ་ཡང་ངེས་པར་གཞག་གོ། །འདིས་ ནི་འདི་དག་བསལ་བ་ཡིན་ཏེ། གང་ལས། སྒྲ་རྗེས་འགྲོ་མ་གཏོགས་ཤེས་པ། །གང་དེ་འཇིག་རྟེན་ན་ཡོད་མིན། །ཤེས་པ་ཐམས་ཅད་སྒྲ་དང་ནི། །རྗེས་སུ་འདྲེས་པ་ལྟ་བུར་སྣང་། །རྟོག་པའི་ངག་གི་ངོ་བོས་ལས། །འདས་ན་རྟོགས་པའི་གསལ་བ་ཡང་། །གསལ་ མི་འགྱུར་བར་དེ་ཤེས་པའོ། །ཞེས་ཟེར་རོ། །ཤེས་པ་ཐམས་ཅད་སྒྲའི་རྗེས་སུ་སོང་བའི་ངོ་བོ་ཉིད་དུ་གནས་ན་ཡང་འགའ་ཡང་དོན་གྱི་ངོ་བོ་མངོན་དུ་བྱེད་པ་དང་འབྲེལ་པའི་ཕྱིར་རོ། །རྟོག་པ་དང་འབྲེལ་པའི་མངོན་སུམ་ཉམས་སུ་མྱོང་བས་གྲུབ་ལ་ཡང་ཇི་ལྟར་བསྙོན་དུ་རུང་། དེ་ལྟར་ཡང་རྟར་ རྣམ་པར་རྟོག་པའི་དུས་ན་ཡང་བ་ལང་མཐོང་བ་ཉམས་སུ་མྱོང་བ་དེ་ཉིད་དེ། རྣམ་པར་རྟོག་པ་མེད་པ་དེ་ཉིད་ཀྱང་མངོན་སུམ་མོ། །རྟར་རྣམ་པར་རྟོག་པ་འདི་ཉིད་བ་ལང་མཐོང་བའི་བདག་ཉིད་དོ་སྙམ་དུ་བརྟག་པར་མི་ནུས་ཏེ། རང་གི་མིང་གིས་དྲངས་པའི་བ་ལང་ནི་དེའི་ཚེ་མི་འཛིན་པའི་ཕྱིར་ རོ། །འདི་ཉིད་ཀྱིས་རྟར་རྣམ་པར་རྟོག་པ་དང་དུས་མཉམ་པར་བ་ལང་དུ་རྣམ་པར་རྟོག་པ་བསལ་བ་ཉིད་དོ། །རྟོག་པ་དང་བྲལ་བ་སྨོས་པས་ནི་འདི་བུམ་པའོ་སྙམ་པ་ལ་སོགས་པའི་རྣམ་པ་མངོན་སུམ་ལས་ཕྱིར་ཕྱོགས་པའི་ངོ་བོའི་རྟོག་པ་བསལ་ལོ། །མ་འཁྲུལ་པ་སྨོས་པས་ནི་དུང་ལ་སེར་ པོར་སྣང་བ་ལ་སོགས་པ་བསལ་ལོ། །དེ་ནི་རྣམ་པ་བཞི་སྟེ། དབང་པོའི་ཤེས་པ་དང་། ཡིད་ཀྱི་ངོ་བོ་དང་། རང་རིག་པ་དང་། རྣལ་འབྱོར་པའི་ཤེས་པའོ། །མིག་ལ་སོགས་པའི་དབང་པོ་ལྔ་རྣམས་ལ་བརྟེན་པའི་ཤེས་པ་ནི་དབང་པོའི་ཤེས་པའོ། །རང་གི་ཡུལ་གྱི་སྐད་ཅིག་གིས་ བསྐྱེད་པར་བྱ་བའི་སྐད་ཅིག་དང་། ལྷན་ཅིག་པ་དབང་པོའི་ཤེས་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་གྱིས་བསྐྱེད་པའི་ཡིད་ཙམ་ལ་བརྟེན་པ་ཉིད་ཀྱི་ཕྱིར་ཡིད་ཀྱི་ངོ་བོའོ། །དེ་འདྲ་བའི་དབང་པོའི་ཤེས་པ་ནི་དམུས་ལོང་ལ་སོགས་པ་ལ་མེད་པས་དེ་རྣམས་ཀྱི་གཟུགས་ལ་སོགས་པའི་ཡུལ་གྱི་ ཡིད་ཀྱི་ངོ་བོའི་སྐྱེ་བ་མེད་པའི་ཕྱིར་ཡིད་ཀྱི་ངོ་བོའི་མངོན་སུམ་ཁས་བླངས་པ་ལ་དམུས་ལོང་ལ་སོགས་པ་མེད་པར་ཐལ་བ་མེད་དོ། །དབང་པོའི་ཤེས་པའི་ཡུལ་གྱི་བསྐྱེད་པར་བྱ་བའི་སྐད་ཅིག་མ་འཛིན་པའི་ཕྱིར་གཟུང་བ་འཛིན་པ་ཉིད་དུ་ཐལ་བ་ཡང་མེད་དོ། །ཡིད་ཀྱི་ངོ་བོའི་མངོན་སུམ་འདི་ ཡང་མིག་ལ་སོགས་པའི་བྱ་བ་རྫོགས་པ་ན་ཚད་མར་འདོད་དོ། །མངོན་སུམ་གང་ཡིན་པ་དེ་འདི་ལ་བྱ་བ་བྱེད་པ་བཞིན་དུ་ཡང་དབང་པོ་ལས་སྐྱེས་པ་མ་ཡིན་ན་གཞན་དབང་པོ་ལས་སྐྱེས་པ་གང་ཡིན་མིག་བཙུམས་པས་གཟུགས་མཐོང་བ་མེད་པའི་ཕྱིར་ཉམས་སུ་མྱོང་བ་དང་འགལ་བ་ཉིད་དོ་ཞེས་འདི་ བརྩད་པར་མི་བྱ་སྟེ། མིག་བཙུམས་པའི་སྐད་ཅིག་མ་དང་པོ་ཙམ་གྱི་ངོ་བོ་ཉིད་ཀྱིས་ངེས་པ་གཟུང་དཀའ་བ་ཁོ་ནའི་ཕྱིར་རོ། །སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་ངོ་བོ་གང་གིས་རང་རིག་པར་གྱུར་པ་དེ་ནི་རང་རིག་པའོ། །དེ་རྣམས་ཀྱི་ངོ་བོ་དེ་འདྲ་བར་གནས་སོ། །གང་གིས་འདི་ རྣམས་ལ་གསལ་བ་གཞན་ལ་མ་ལྟོས་པར་གསལ་བ་ཡིན་ཏེ། སྒྲོན་མེ་བཞིན་ནོ། །རེ་ཞིག་འདི་རྣམས་ཀྱི་གསལ་བ་སེམས་པ་དང་བཅས་པ་རྣམས་ཀྱིས་མི་འཛིན་པ་རྣམས་ནི་མ་ཡིན་ཏེ། བ་ལང་རྗིའི་ཆུང་མ་ཡང་རང་གི་བློ་གྲུབ་པ་ལ་རྗེས་སུ་དཔག་པ་ཚོལ་བར་མི་བྱེད་པའི་ཕྱིར་རོ། །རིགས་ པའི་འབྲས་བུ་ཤིན་ཏུ་ཐོབ་པའི་དཔྱོད་པ་པ་འདི་བུད་མེད་དང་དམངས་ཐ་མལ་པའི་ཡང་དཔྱོད་པའི་གཏིང་དཔོག་པར་གྱུར་ཏོ། །འདི་རྣམས་ནི་གཞན་གྱི་གསལ་བར་བྱ་བ་མ་ཡིན་ཏེ། དེ་ཡང་གཞན་དུས་མཉམ་པའི་དངོས་པོ་ལ་ནི་རེ་ཞིག་གསལ་བར་བྱེད་པ་ཕན་འདོགས་པ་མེད་པའི་ཕྱིར་རིགས་ པ་མེད་པ་མ་ཡིན་ནོ། །དུས་ཐ་དད་པའི་དངོས་པོ་ཡང་གསལ་བར་བྱ་བ་མེད་པའི་ཕྱིར་འཐད་པ་མ་ཡིན་ནོ། །དེའི་ཕྱིར་སེམས་དང་སེམས་ལས་བྱུང་བ་འདི་རྣམས་ཀྱི་གསལ་བ་ནི་གསལ་བྱེད་གཞན་དང་བྲལ་བའི་ཕྱིར་རང་ཉིད་ཀྱིས་གསལ་བར་འོས་པ་ཡིན་ཏེ། གལ་ཏེ་དེ་ལྟ་མ་ཡིན་ན་གསལ་ བར་འོས་པ་མ་ཡིན་པ་ཉིད་དོ། །སེམས་དང་སེམས་ལས་བྱུང་བ་རྣམས་ལ་བྱ་བ་དང་བྱེད་པ་པོའི་དངོས་པོ་རང་རིག་པ་ནི་མེད་དོ། །འོན་ཀྱང་བེམས་པོའི་དངོས་པོ་དང་མཚན་ཉིད་མི་མཐུན་པར་སྐྱེ་བ་ཉིད་རང་རིག་པ་ཞེས་བྱ་བས་རང་ལས་བྱ་བ་འགལ་བས་རང་རིག་པ་རྐུ་བར་བྱེད་ནུས་པ་ནི་མ་ཡིན་ནོ། ། གང་ཡང་བེམས་པོའི་ངོ་བོ་ལས། །ལོག་པ་ཉེ་བར་སྐྱེ་བར་འགྱུར། །གང་འདིའི་བེམས་མིན་ངོ་བོ་ཉིད། །འདི་ཁོ་ན་རང་རིག་པའོ། །ཞེས་གསུངས་སོ། །ཇི་ལྟར་འདི་རང་ལ་བྱ་བ་འགལ་བས་རྣམ་པར་ཤེས་པའི་རང་གསལ་བ་མི་བཟོད་བཞིན་དུ་སྒྲོན་མེའི་རང་གསལ་བ་བཟོད་པར་གྱུར་སྙམ་དུ་མ་ ཤེས་སོ། །ཡང་ན་སྒྲོན་མེའི་ཡང་རང་གསལ་བ་མི་བཟོད་ལ་རག་ག། །དེ་ལྟ་ན་འདི་ནི་འཇིག་རྟེན་པ་ཡང་མ་ཡིན་ལ། རྟོག་པ་དང་ལྡན་པ་ཡང་མ་ཡིན་པས་ལྷ་རྣམས་དགའ་བར་བྱེད་པ་བཏང་སྙོམས་སུ་བྱ་བའོ། །རྣལ་འབྱོར་ནི་ཏིང་ངེ་འཛིན་དང་ཤེས་རབ་དག་སྟེ། དེ་གང་ རྣམས་ལ་ཡོད་པ་དེ་དག་ནི་རྣལ་འབྱོར་པ་རྣམས་སོ། །དེ་དག་གི་ཤེས་པ་གང་ཚད་མས་གྲུབ་པའི་དོན་བསྒོམ་པ་རབ་ཀྱི་མཐར་ཕྱིན་པ་ལས་བྱུང་བ་དེ་རྣལ་འབྱོར་པའི་ཤེས་པའོ། །ཡང་དག་པའི་དོན་གྱི་སྤྱོད་ཡུལ་ལམ་དེ་ལས་གཞན་པ་ཡང་རུང་བསྒོམ་པ་རབ་ཀྱི་མཐར་ཕྱིན་པ་ལ་གནས་པ་གསལ་བའི་ མཆོག་བཟུང་བར་སྣང་བའི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ། །དེ་ལྟར་ཡང་འདོད་པ་ལ་སོགས་པས་མྱོས་པས་སེམས་ཀྱི་འཇུག་པ་དག་ཉེ་བར་གཡེངས་པའི་འདོད་ཆགས་ཅན་ལ་སོགས་པ་བསྒོམ་པ་ན་བསྒོམ་པ་ཡོངས་སུ་རྫོགས་པ་ལ་གསལ་བར་མདུན་ན་གནས་པ་ལྟ་བུར་དེ་སྣང་བར་འགྱུར་བ་ ཡིན་ནོ། །དེ་ལ་གང་ཚད་མས་གྲུབ་པའི་དོན་བསྒོམ་པ་རབ་ཀྱི་མཐར་ཕྱིན་པ་ལ་སྐྱེས་པ་དེ་ལག་མཐིལ་གྱི་སྐྱུ་རུ་ར་བཞིན་དུ་བསྒོམ་པར་བྱ་བའི་དོན་གསལ་བ་མཆོག་གི་རྣམ་པ་འཛིན་པའི་ཤེས་པ་དེ་ནི་རྣལ་འབྱོར་པ་རྣམས་ཀྱིས་ཤེས་པའོ། །གང་གསུངས་པ། བསྒོམས་པའི་སྟོབས་ཀྱིས་གསལ་བ་ རུ། །སྣང་འགྱུར་འཇིག་ལ་སོགས་པ་བཞིན། །སླུ་བ་མེད་ཅན་ཤེས་པ་གང་། །དེ་ནི་མངོན་སུམ་རྟོག་མེད་པའོ། །ཞེས་སོ། །རྣམ་པ་བཞི་སྟེ་སྨོས་པས་ནི་དབང་པོ་ཉིད་ཀྱིས་མཐོང་གི་དེ་ལ་བརྟེན་པའི་ཤེས་པས་ནི་མ་ཡིན་ནོ་སྙམ་པ་དང་། ཡིད་ཀྱི་ངོ་བོའི་མངོན་སུམ་བཤད་ཟིན་པའི་ངོ་བོ་ཡིན་ པའི་རྣམ་པ་གཞན་ཞིག་ཡོད་དོ་སྙམ་པ་དང་། རང་རིག་པ་ཡང་མི་སྲིད་པ་ཉིད་དོ་སྙམ་པ་དང་། རྣལ་འབྱོར་པའི་ཤེས་པ་ཡང་མི་སྲིད་པ་ཉིད་དོ་སྙམ་པའི་ལོག་པར་རྟོགས་པའི་ཁྱད་པར་རྣམས་བསལ་བ་བྱས་པ་ཡིན་ནོ། །དེའི་ཡུལ་ནི་རང་གི་མཚན་ཉིད་དེ། རང་ནི་བདག་ཉིད་ཀྱིས་ཏེ་གཞན་ དང་ཐུན་མོང་མ་ཡིན་པ་ངེས་པ་དོན་བྱེད་པར་རུང་བའི་ངོ་བོས་མཚོན་པས་ན་རང་གི་མཚན་ཉིད་དོ། །འདས་མ་ཐག་པར་བརྗོད་པ་དེ་ནི་མངོན་སུམ་གྱི་ཡུལ་ལོ། །འདིས་ནི་སྤྱི་དང་བྱེ་བྲག་མངོན་སུམ་གྱི་ཡུལ་ཉིད་དུ་སྒྲོ་འདོགས་པའི་ངག་ཕྱིར་ཟློག་གོ། །མངོན་སུམ་གྱི་ཤེས་པ་འདི་ཉིད་ཚད་མའི་འབྲས་བུ་སྟེ། མངོན་སུམ་ནི་ཚད་མ་ཉིད་ཀྱི་ཕྱིར་རྒྱུའོ། །རྒྱུའི་བྱ་བ་ཉིད་ནི་འབྲས་བུ་སྟེ། དེ་ཡང་རྟོགས་པའི་མཚན་ཉིད་ཚད་མ་ལས་ཐ་དད་པ་མ་ཡིན་པའོ། །ཐ་དད་ན་གལ་ཏེ་ཚད་མ་དང་རྟོགས་པ་དུས་མཉམ་པར་འབྱུང་བ་ཡིན་ནོ་དེའི་ཚེ་འདི་དག་ལ་བ་ལང་གི་རྭ་གཡས་གཡོན་བཞིན་དུ་བསྐྱེད་པར་བྱ་བ་དང་སྐྱེད་པར་ བྱེད་པ་ཇི་ལྟར་ཡོད་པར་འགྱུར། དུས་མི་མཉམ་པར་འབྱུང་བ་ཡིན་ན་ཡང་རྟོགས་པར་བྱ་བ་ཉིད་དུ་མི་རིགས་སོ། །དུས་ཐ་དད་པ་ཉིད་ལ་བྱ་བ་དང་བྱེད་པའི་དངོས་པོ་དེས་རྒོལ་བ་མི་འདོད་པའི་ཕྱིར་རོ། །གཞན་ཡང་དུས་ཐ་དད་ན་རྟོགས་པ་ཤེས་པ་གཞན་ཞིག་པས་དེའི་ཚེ་དེའི་ཡང་རྟོགས་པ་དེ་ ཤེས་པ་གཞན་ཞིག་ཏུ་འགྱུར་ཏེ། སྔོན་པོ་ལ་སོགས་པའི་དོན་རྟོགས་པ་ལ་སྐྱེས་བུའི་ཚེ་མ་ལུས་པ་དོགས་པར་འགྱུར་ཏེ། འདི་རྟོགས་པར་ནི་མི་འགྱུར་རོ། །དེ་ལྟར་ཡང་ཐོག་མའི་ཤེས་པ་འབྱུང་བའི་དུས་སུ་རེ་ཞིག་དོན་འདི་མ་རྟོགས་ཏེ། རྟོགས་པར་བྱེད་པ་མ་སྐྱེས་པའི་ཕྱིར་རོ། །ཤེས་ པ་གཉིས་པ་སྐྱེས་པ་ན་ཡང་རྟོགས་པ་མེད་དེ་ཚད་མ་མེད་པའི་ཕྱིར་རོ། །དེའི་ཡང་ཚད་མ་ཉིད་ལ་ཤེས་པ་གཞན་སྐྱེས་པ་ཡང་སྔར་དང་ཁྱད་པར་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་པ་གསུམ་པ་ལ་སོགས་པ་སྐྱེས་པའི་དུས་སུ་ཡང་དེ་འདྲ་བས་ན་མ་རྟོགས་པར་འགྱུར་ཏེ། དེའི་ཕྱིར་ཚད་མ་སྐྱེས་པ་ ཙམ་གྱིས་རྟོགས་པར་ཐ་སྙད་བྱེད་པའི་ཕྱིར་དེ་ཉིད་ཀྱིས་རྟོགས་པའི་ངོ་བོ་ཉིད་དུ་རིགས་ཏེ། རྟོགས་པ་ཡང་འབྲས་བུའོ། །དེ་ཉིད་མངོན་སུམ་གྱིས་ཤེས་པའི་ཚད་མའི་འབྲས་བུའོ། །དོན་གྱི་ངོ་བོ་ཉིད་ལ་འདིའི་ཚད་མའོ། །དེའི་དབང་གིས་དོན་རྟོགས་པ་གྲུབ་པའི་ཕྱིར་རོ། །འདི་ལ་ནི་ཡུལ་གང་ ལས་རྣམ་པར་ཤེས་པ་སྐྱེ་བར་འགྱུར་བ་དེའི་ངོ་བོ་དེར་འགྱུར་རོ། །དེ་ནི་རང་གི་ངོ་བོ་མ་ཡིན་པ་ཉིད་ལ་དེ་དང་ལྷན་ཅིག་རྟོགས་པར་བྱེད་པ་སྦྱོར་བར་མི་རིགས་པའི་ཕྱིར་རོ། །དེ་ལྟར་ཡང་རྣམ་པར་ཤེས་པ་གལ་ཏེ་རྟོགས་པ་ཙམ་དུ་སྐྱེ་བར་འགྱུར་ན། དེའི་ཚེ་འདི་སྔོན་པོར་རིག་ལ་འདི་སེར་པོ་མ་ཡིན་ནོ་སྙམ་ དུ་ཡུལ་སོ་སོར་ངེས་པ་ཇི་ལྟར་རྣམ་པར་འཇོག་པར་འགྱུར། སྔོན་པོ་ལ་ཇི་ལྟ་བ་བཞིན་དུ་སེར་པོ་ལ་ཡང་དེ་འདྲ་བ་ཉིད་ཀྱི་ཕྱིར་རྣམ་པ་མེད་པར་སྨྲ་བ་རྣམས་ཀྱི་རྣམ་པར་གཞག་པ་འདྲེས་པ་མ་ཡིན་པ་ཇི་ལྟར་གྲུབ་པར་འགྱུར། དོན་གྱི་ངོ་བོ་དང་འདྲ་བ་ཉིད་ཡོད་ན་ནི་རྣམ་པར་ཤེས་པ་འགའ་ཞིག་གི་རྣམ་པར་ རྗེས་སུ་བྱེད་པར་འགྱུར་ཏེ། དེ་ཉིད་ཀྱི་རིག་པ་དེ་གཞན་གྱིས་མ་ཡིན་ནོ། །དེ་ཡང་འདིའི་ངོ་བོ་དང་འདྲ་བ་ཉིད་དུ་རྟོགས་པ་རྣམ་པར་འཇོག་པ་ལ་སྒྲུབ་བྱེད་དམ་པ་ཉིད་ཀྱི་རྒྱུ་ཉིད་ཀྱི་ཕྱིར་ཚད་མའོ། །དེ་སྐད་དུ་ཡང་། དོན་གྱི་ངོ་བོའི་འདྲ་སྤངས་ནས། །འདི་ནི་དོན་དང་འབྱོར་མི་འགྱུར། ། དེ་ཕྱིར་གཞལ་བྱའི་བདག་པོ་ཡི། །ཚད་མ་གཞལ་བྱ་འདྲ་བདག་ཉིད། །ཅེས་གསུངས་སོ། །འདིས་ནི་འདི་སྐད་དུ་ཤེས་པ་སྔ་མ་སྔ་མ་ནི་ཚད་མ་ལ་ཤེས་པ་ཕྱི་མ་ཕྱི་མ་ནི་ཚད་མའི་འབྲས་བུའོ་སྙམ་དུ་ཚད་མ་དང་འབྲས་བུའི་དབྱེ་བ་ལ་འཁྲུལ་པ་བསལ་བ་ཡིན་ནོ། །བྱིས་པ་འཇུག་པའི་རྟོག་གེ་ ལས་མངོན་སུམ་གྱི་ལེའུ་སྟེ་དང་པོའོ།། །།རྗེས་སུ་དཔག་པ་ནི་རྣམ་པ་གཉིས་ཏེ། རང་གི་དོན་དང་གཞན་གྱི་དོན་ཏོ། །རང་གི་ཕྱིར་འདི་རང་གི་དོན་ཏེ། རང་གིས་རང་གོ་བར་འགྱུར་བའོ། །གཞན་གྱི་ཕྱིར་འདི་གཞན་གྱི་དོན་ཏེ་གང་གིས་གཞན་གོ་བར་འཇུག་པའོ། །དེ་ལ་རང་གི་དོན་ནི་ ཚུལ་གསུམ་པའི་རྟགས་ལས་གང་རྗེས་སུ་དཔག་པར་བྱ་བ་ལས་ཤེས་པར་བྱའོ། །ཚུལ་གསུམ་པའི་སྦྱོར་བ་ཅན་གྱི་རྟགས་ལ་གང་རྗེས་སུ་དཔག་པར་བྱ་བའི་དམིགས་པ་ཤེས་པ་སྐྱེ་བར་འགྱུར་བ་དེ་ནི་རང་གི་དོན་གྱི་རྗེས་སུ་དཔག་པའོ། །གང་གི་རྒྱུད་ལ་རྣམ་པར་ཤེས་པ་སྐྱེ་བར་འགྱུར་བ་དེ་ཉིད་དེས་དོན་ རྟོགས་པའི་ཕྱིར་དེའི་དོན་ཉིད་དེ་ཡིན་ནོ། །ཚུལ་གསུམ་པའི་རྟགས་སྨོས་པས་ནི། ཚུལ་གཅིག་དང་། གཉིས་དང་། བཞི་དང་། ལྔ་དང་། དྲུག་ལས་སྐྱེས་པའི་ཤེས་པའི་རྗེས་སུ་དཔག་པ་ཉིད་ཕྱིར་བཟློག་གོ། །རྗེས་སུ་དཔག་པར་བྱ་བ་སྨོས་པས་ནི་ལྐོག་ཏུ་གྱུར་པ་མ་ཡིན་པའི་ཡུལ་གསལ་ ལོ། །ཚུལ་གསུམ་པའི་རྟགས་རྣམས་གང་དག་ཅེ་ན། རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དུ་ངེས་པ་སྟེ། རྗེས་སུ་དཔག་པར་བྱ་བ་ནི་འདིར་ཤེས་པར་འདོད་པའི་བྱེ་བྲག་གི་ཆོས་ཅན་ནོ། །དེ་ལ་ཡོད་པ་ཉིད་དེ་དེ་ནི་རེ་ཞིག་ཚུལ་གཅིག་གོ། །ཡོད་པའི་ཚིག་སྨོས་པས་མ་གྲུབ་པ་སེལ་ལོ། །ངེས་ པས་སྨོས་པ་ནི་ཐེ་ཚོམ་ཟ་བ་མ་གྲུབ་པ་སེལ་ལོ། །མཐུན་པའི་ཕྱོགས་ཉིད་ལ་ཡང་ཡོད་པར་ངེས་པ་ཞེས་གཞུག་གོ། །མཚུངས་པའི་ཕྱོགས་ནི་འདིའི་མཐུན་པའི་ཕྱོགས་སོ། །དེ་ཉིད་ལ་ཡང་ཡོད་པར་ངེས་པ་ནི་ཚུལ་གཉིས་པའོ། །ཡོད་པ་སྨོས་པས་ནི་འགལ་བ་རྣམ་པར་གཅོད་དོ། །ངེས་པ་སྨོས་ པས་ནི་ཐེ་ཚོམ་ཟ་བ་གཅོད་དོ། །ཉིད་སྨོས་པས་ཐུན་མོང་གཅོད་དོ། །ཡང་སྨོས་པས་ནི་ཕྱོགས་ཀྱི་ཐུན་མོང་བ་གཅོད་དོ། །མི་མཐུན་པའི་ཕྱོགས་ལ་ཡང་མེད་པ་ཉིད་དུ་ངེས་པ་ཞེས་གཞུག་གོ། །མཐུན་པའི་ཕྱོགས་མ་ཡིན་པ་ནི་མི་མཐུན་པའི་ཕྱོགས་ཏེ། དེ་ལས་གཞན་པ་དང་། དེ་དང་འགལ་བ་དང་། དེ་མེད་པ་ཡང་ངོ་། ། དེ་ལ་མེད་པ་ཉིད་དུ་ངེས་པ་སྟེ་ཚུལ་གསུམ་པའོ། །མེད་པའི་སྒྲས་ནི་ཐུན་མོང་སེལ་ལོ། །ཉིད་སྨོས་པས་ནི་མི་མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཞུགས་པ་སེལ་ཏོ། །ངེས་པ་སྨོས་པས་ནི་མི་མཐུན་པའི་ཕྱོགས་ལས་བཟློག་པ་ལ་ཐེ་ཚོམ་ཟ་བ་སེལ་ཏོ། །འོ་ན་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཞེས་སྨྲས་བས་ ཆོག་མོད་མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པ་ཞེས་བྱ་བའི་ཡང་དོན་གོ་བ་ཉིད་དེ། དེ་ཅི་འདིས་ཐ་དད་དུ་བྱས། བདེན་ཏེ། སྦྱོར་བ་བསྟན་པའི་དོན་དུ་ཚུལ་ཐ་དད་པར་གཟུང་ངོ་། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ཁྱབ་པ་ངེས་པ་ཅན་ཚུལ་གཅིག་ལ་ཡང་ལྡན་པར་དོན་གྱིས་གོ་བས་ཚུལ་གཉིས་ པ་རྟོགས་པའི་ཕྱིར་གཅིག་ཉིད་ཀྱི་ཐ་སྙད་ཀྱི་སྦྱོར་བ་བྱེད་པ་ཡིན་ནོ། །ཚུལ་གསུམ་པའི་རྟགས་ཀྱང་གསུམ་ཉིད་དེ། ཚུལ་གསུམ་པ་ཅན་གྱི་རྟགས་གང་ཡིན་པ་ཡང་གསུམ་སྟེ། མི་དམིགས་པ་དང་རང་བཞིན་དང་འབྲས་བུའོ། །དེ་ལ་དགག་པར་བྱ་བའི་དམིགས་པའི་མཚན་ཉིད་ཐོབ་པའི་མི་ དམིགས་པ་ནི་མེད་པའི་ཐ་སྙད་སྒྲུབ་པའོ། །དམིགས་པའི་མཚན་ཉིད་ཐོབ་པ་ནི་དམིགས་པའི་རྐྱེན་གྱི་ཁྱད་པར་ཐམས་ཅད་དང་རང་གི་ངོ་བོའི་ཁྱད་པར་ཀྱང་ངོ་། །རང་གི་ངོ་བོ་གང་དམིགས་པའི་རྐྱེན་གཞན་དག་ཡོད་ན་ཡོད་པར་མངོན་སུམ་ཉིད་དུ་འགྱུར་བའོ། །དམིགས་པའི་མཚན་ཉིད་ཐོབ་པ་ ནི་དེ་དང་སྦྱོར་བའི་ཕྱིར་དོན་མེད་བཞིན་དུ་ཡང་གལ་ཏེ་འདིར་འབྱུང་བ་མཐོང་བ་ཉིད་དུ་འགྱུར་རོ་སྙམ་པ་སྲིད་པའི་ཡུལ་ནི་དམིགས་པའི་མཚན་ཉིད་ཐོབ་པ་ཞེས་བརྗོད་དོ། །དེ་མི་དམིགས་པས་མེད་པའི་ཐ་སྙད་བསྒྲུབ་པར་འགྱུར་ཏེ། ཡོད་པའི་དངོས་པོ་མཐོང་དུ་རུང་བ་ལ་དེ་མི་སྲིད་པའི་ཕྱིར་རོ། །ཡུལ་ དང་དུས་དང་རང་གི་ངོ་བོས་བསྐལ་པ་རྣམས་དང་། རྐྱེན་གྱི་ཁྱད་པར་མ་ཚང་བའི་དོན་རྣམས་མི་དམིགས་པ་ལ་ནི་མེད་པའི་ཐ་སྙད་མི་སྦྱོར་བའི་ཕྱིར་ཁྱད་པར་བླངས་པ་ཡིན་ནོ། །བཀག་པ་ཙམ་འདིར་མི་དམིགས་པ་མ་ཡིན་ཏེ། དེའི་རང་གི་ངོ་བོ་མ་གྲུབ་པའི་ཕྱིར་དང་། བསྒྲུབ་པའི་ཡང་ཡན་ལག་ཉིད་ མ་ཡིན་པའི་ཕྱིར་རོ། །འོན་ཀྱང་དངོས་པོའི་ཁྱད་པར་གྱི་དམིགས་པ་ཉིད་མི་དམིགས་པའོ། །དེ་ཡང་གང་སུ་ཡང་རུང་བ་ནི་མ་ཡིན་ཏེ། འོན་ཀྱང་ཤེས་པ་གཅིག་དང་སྦྱོར་བ་ཉིད་ཀྱིའོ། །དེ་ཉིད་ཀྱི་ལོག་པའི་སྦྱོར་བ་དགག་པའི་ཡན་ལག་ཉིད་ཀྱི་ཕྱིར་རོ། །གཟུགས་དམིགས་ པར་རོ། །དགག་པར་བྱ་བ་ལ་སྒྲུབ་པར་བྱེད་པ་ནི་མི་དབང་ངོ་། །དམིགས་པ་ནི་འདི་ཡང་དམིགས་པར་བྱ་བ་བཞིན་དང་། དམིགས་པར་བྱེད་བཞིན་པའི་ཆོས་ཉིད་ཀྱིས་རྣམ་པ་གཉིས་ཏེ། ཤེས་པ་ཙམ་གྱི་རང་གི་ངོ་བོས་ནི་མ་ཡིན་ནོ། །གཉིས་ཀའི་ཡང་བསྒྲུབ་བྱ་བསྒྲུབ་པར་ནུས་པའི་ཕྱིར་རོ། ། འདིས་ནི་མེད་པ་བསྒྲུབ་པ་མ་ཡིན་ཏེ། དེའི་དགག་བྱ་སྟོང་པའི་ས་ཕྱོགས་ལ་སོགས་པ་འཛིན་པའི་མངོན་སུམ་ཁོ་ནས་གྲུབ་པ་ཉིད་ཀྱི་ཕྱིར་རོ། །གང་དེའི་བདག་ཉིད་དུ་གྱུར་པ་འབའ་ཞིག་པ་དེ་ཉིད་གཞན་གྱིས་དབེན་པའོ། །དེ་ཡང་དེ་འཛིན་པ་ཁོ་ནས་གཟུང་བ་ཉིད་ཀྱི་ཕྱིར་དེ་ཚད་མ་གཞན་གྱིས་ བསྒྲུབ་པར་བྱ་བ་མ་ཡིན་ནོ། །དེའི་ཕྱིར་མི་དམིགས་པ་འདིས་རྨོངས་པ་ལ་བརྟན་པ་ལ་མེད་པའི་ཐ་སྙད་བསྒྲུབ་པ་ཡིན་ནོ། །འབྲས་བུ་མི་དམིགས་པ་ལ་སོགས་པ་ནི་ལྐོག་ཏུ་གྱུར་པའི་ཡུལ་ལ་འཇུག་ཅིང་མེད་པ་དང་། མེད་པའི་ཐ་སྙད་ཀྱང་བསྒྲུབ་པ་ཉིད་ཡིན་ནོ། །འདི་ནི་ད་ལྟར་བྱུང་བའི་ དུས་ཀྱི་གོ་བར་བྱེད་པ་དང་འདས་པའི་དུས་ཀྱང་སྟེ་དྲན་པའི་འདུ་བྱེད་མཉམས་པ་ནའོ། །དེའི་ཕྱིར་འདི་ན་སྣམ་བུ་མེད་དེ། དམིགས་པའི་མཚན་ཉིད་ཐོབ་པའི་དམིགས་བྱ་མེད་པ་ཉིད་ཀྱི་ཕྱིར་རོ། །འདི་ན་བུམ་པ་མེད་པར་འགྱུར་ཏེ། དམིགས་པའི་མཚན་ཉིད་ཐོབ་པ་མ་དམིགས་པ་ཉིད་ཀྱི་ཕྱིར་ རོ་ཞེས་པས་ངེས་པར་ནུས་སོ། །འདིར་བུམ་པ་འབྱུང་བར་མི་འགྱུར་ཏེ། དམིགས་པར་མི་འགྱུར་བ་ཉིད་ཀྱི་ཕྱིར་ཞེས་པས་མ་འོངས་པའི་དུས་ཀྱི་མི་དམིགས་པ་ནི་ཐེ་ཚོམ་ཟ་བའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །འདིས་ནི་དམིགས་པ་ལོག་པ་ཙམ་གྱིས་ཅི་ཡང་མ་ཡིན་པ་དང་། དངོས་པོ་གཞན་གྱི་རྣམ་ པར་ཤེས་པ་ཙམ་གྱི་ཡང་མི་དམིགས་པ་ཉིད་དང་། མེད་པ་བསྒྲུབ་པ་ཉིད་ལ་ཡང་མཐོང་དུ་རུང་བ་མི་དམིགས་པ་སེལ་བར་བྱེད་དོ། །དེ་མི་དམིགས་པ་འདི་སྦྱོར་བའི་དབྱེ་བས་རྣམ་པ་མང་པོར་འགྱུར་ཏེ། དེ་ལ་རང་བཞིན་མི་དམིགས་པ་ནི་དཔེར་ན་འདི་ན་དུ་བ་མེད་དེ། དམིགས་པའི་མཚན་ཉིད་ ཐོབ་པའི་མི་དམིགས་པའི་ཕྱིར་ཞེས་བྱ་བ་ལྟ་བུ་སྟེ། དགག་བྱ་ནི་དུ་བའོ། །དེའི་རང་བཞིན་གང་ཡིན་པ་དེ་འདི་ན་མི་དམིགས་པའོ། །འབྲས་བུ་མི་དམིགས་པ་ནི་དཔེར་ན་འདི་ན་དུ་བའི་རྒྱུ་ནུས་པ་ཐོགས་པ་མེད་པ་དག་མེད་དོ། །དུ་བ་མེད་པའི་ཕྱིར་ཞེས་བྱ་བ་ལྟ་བུ་སྟེ། དགག་བྱ་དུ་བའི་རྒྱུ་ རྣམས་ཀྱི་འབྲས་བུ་ནི་དུ་བ་སྟེ་འདི་ན་དེ་མི་དམིགས་པའོ། །རྒྱུ་མི་དམིགས་པ་ནི་དཔེར་ན་འདི་ན་དུ་བ་མེད་དེ། མེ་མེད་པའི་ཕྱིར་ཞེས་བྱ་བ་ལྟ་བུ་སྟེ། དགག་བྱ་དུ་བའི་རྒྱུ་མེའོ། །དེ་འདི་ན་མི་དམིགས་པའོ། །ཁྱབ་པར་བྱེད་པ་མི་དམིགས་པ་ནི་དཔེར་ན་ཤིང་ཨ་ཀ་རུ་མེད་དེ། ཤིང་མེད་པའི་ཕྱིར་ ཞེས་བྱ་བ་ལྟ་བུ་སྟེ། དགག་བྱ་ཨ་ཀ་རུའི་ཁྱབ་པར་བྱེད་པ་ནི་ཤིང་ངོ་། །འདི་ན་དེ་མི་དམིགས་པའོ། །རང་བཞིན་འགལ་བ་དམིགས་པ་ནི་དཔེར་ན་འདི་ན་གྲང་རེག་མེད་དེ། མེ་ཡོད་པའི་ཕྱིར་ཞེས་བྱ་བ་ལྟ་བུ་སྟེ། དགག་བྱ་གྲང་རེག་གི་རང་བཞིན་གང་ཡིན་པ་དེ་ནི་མེ་དང་འགལ་བའོ། །འདི་ ན་དེ་མི་དམིགས་པའོ། །འབྲས་བུ་འགལ་བ་དམིགས་པ་ནི་དཔེར་ན་འདི་ན་གྲང་རེག་གི་རྒྱུ་ནུས་པ་ཐོགས་པ་མེད་པ་དག་མེད་དེ། མེ་ཡོད་པའི་ཕྱིར་ཞེས་བྱ་བ་ལྟ་བུ་སྟེ། དགག་བྱ་གྲང་རེག་གི་རྒྱུ་རྣམས་ཀྱི་འབྲས་བུ་ནི་གྲང་རེག་གོ། །དེ་དང་འགལ་བ་ནི་མེའོ། །འདི་ན་དེ་མི་དམིགས་པའོ། །རྒྱུ་ འགལ་བ་དམིགས་པ་ནི་དཔེར་ན་འདིའི་སྤུ་ཟིང་ཞེས་བྱེད་པ་ལ་སོགས་པའི་ཁྱད་པར་མེད་དེ། མེ་དང་ཉེ་བའི་ཁྱད་པར་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ལྟ་བུ་སྟེ། དགག་བྱ་སྤུ་ཟིང་ཞེས་བྱེད་པ་ལ་སོགས་པའི་ཁྱད་པར་དག་གི་རྒྱུ་ནི་གྲང་རེག་གོ། །དེ་དང་འགལ་བ་ནི་མེའི་ཁྱད་པར་རོ། །འདི་ན་དེ་དམིགས་ པའོ། །ཁྱབ་བྱེད་འགལ་བ་དམིགས་པ་ནི་དཔེར་ན་འདི་ན་བ་མོའི་རེག་པ་མེད་དེ། མེ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུ་སྟེ། དགག་བྱ་བ་མོའི་རེག་པའི་ཁྱབ་བྱེད་ནི་གྲང་བའོ། །དེ་དང་འགལ་བ་ནི་མེའོ། །འདི་ན་དེ་དམིགས་པའོ། །རང་བཞིན་འགལ་བའི་འབྲས་བུ་དམིགས་པ་ནི། དཔེར་ན་ འདི་ན་གྲང་རེག་མེད་དེ། དུ་བ་ཡོད་པའི་ཕྱིར་ཞེས་བྱ་བ་ལྟ་བུ་སྟེ། དགག་བྱ་གྲང་རེག་དང་འགལ་བ་ནི་མེའོ། །དེའི་འབྲས་བུ་ནི་དུ་བའོ། །འདི་ན་དེ་དམིགས་པའོ། །འབྲས་བུ་འགལ་བའི་འབྲས་བུ་དམིགས་པ་ནི། དཔེར་ན་འདི་ན་གྲང་རེག་གི་རྒྱུ་ནུས་པ་ཐོགས་མེད་དག་མེད་དེ། དུ་བ་ཡོད་པའི་ ཕྱིར་རོ་ཞེས་བྱ་བ་ལྟ་བུ་སྟེ། དགག་བྱ་གྲང་རེག་གི་རྒྱུ་རྣམས་ཀྱི་འབྲས་བུ་ནི་གྲང་རེག་གོ། །དེ་དང་འགལ་བ་ནི་མེའོ། །དེའི་འབྲས་བུ་ནི་དུ་བའོ། །འདི་ན་དེ་དམིགས་པའོ། །རྒྱུ་འགལ་བའི་འབྲས་བུ་དམིགས་པ་ནི། དཔེར་ན་ས་ཕྱོགས་འདི་སྤུ་ཟིང་ཞེས་བྱ་བ་ལ་སོགས་པའི་བྱེ་ བྲག་དང་ལྡན་པའི་སྐྱེས་བུ་ཡོད་པ་ཅན་མ་ཡིན་ཏེ། དུ་བ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུ་སྟེ། དགག་བྱ་སྤུ་ཟིང་ཞེས་བྱ་བ་ལ་སོགས་པའི་བྱེ་བྲག་དང་ལྡན་པའི་སྐྱེས་བུ་ཡོད་པ་ཅན་གྱི་ས་ཕྱོགས་ནི་གྲང་རེག་གོ། །དེ་དང་འགལ་བ་ནི་མེའོ། །དེའི་འབྲས་བུ་ནི་དུ་བའོ། །དེ་འདི་ན་དམིགས་པའོ། ། ཁྱབ་བྱེད་འགལ་བའི་འབྲས་བུ་དམིགས་པ་ནི། དཔེར་ན་འདི་ན་བ་མོའི་རེག་པ་མེད་དེ། དུ་བ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུ་སྟེ། དགག་བྱ་བ་མོའི་རེག་པའི་ཁྱབ་བྱེད་ནི་གྲང་རེག་གོ། །དེ་དང་འགལ་བ་ནི་མེའོ། །དེའི་འབྲས་བུ་ནི་དུ་བའོ། །འདི་ན་དེ་དམིགས་པའོ། །རང་བཞིན་འགལ་ བས་ཁྱབ་པ་དམིགས་པ་ནི། དཔེར་ན་འདི་ན་མེ་མེད་དེ། བ་མོའི་རེག་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུ་སྟེ། དགག་བྱ་མེའི་རང་བཞིན་གང་ཡིན་པ་དེ་དང་འགལ་བ་ནི་གྲང་རེག་གོ། །དེས་ཁྱབ་པ་ནི་བ་མོའི་རེག་པའོ། །འདི་ན་དེ་དམིགས་པའོ། །འབྲས་བུ་འགལ་བས་ཁྱབ་པ་དམིགས་པ་ ནི། དཔེར་ན་འདི་ན་མེའི་རྒྱུ་ནུས་པ་ཐོགས་མེད་དག་མེད་དེ། བ་མོའི་རེག་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུ་སྟེ། དགག་བྱ་མེད་པའི་རྒྱུ་རྣམས་ཀྱི་འབྲས་བུ་ནི་མེའོ། །དེ་དང་འགལ་བ་ནི་གྲང་རེག་གོ། །དེས་ཁྱབ་པ་ནི་བ་མོའི་རེག་པའོ། །འདི་ན་དེ་དམིགས་པའོ། །རྒྱུ་འགལ་བས་ཁྱབ་པ་ དམིགས་པ་ནི། དཔེར་ན་འདི་ན་དུ་བ་མེད་དེ། བ་མོའི་རེག་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུ་སྟེ། དགག་བྱ་དུ་བའི་རྒྱུ་གང་ཡིན་པ་མེའོ། །དེ་དང་འགལ་བ་ནི་གྲོང་རེག་གོ། །དེས་ཁྱབ་པ་ནི་བ་མོའི་རེག་པའོ། །དེ་འདི་ན་དམིགས་པའོ། །ཁྱབ་བྱེད་འགལ་བས་ཁྱབ་པ་དམིགས་པ་ནི། དཔེར་ན་འདི་རྟག་པ་མ་ཡིན་ཏེ། ནམ་ཞིག་ན་བྱ་བ་བྱེད་པ་ཉིད་ཀྱི་ཕྱིར་རོ། དགག་བྱ་བརྟག་པའི་ཁྱད་པར་དུ་འཕགས་པར་འགྱུར་བ་མེད་པ་ཉིད་ནི་ཁྱབ་པར་བྱེད་པའོ། །དེ་དང་འགལ་བ་ནི་ཁྱད་པར་དུ་འཕགས་པ་དང་བཅས་པ་ཉིད་དོ། །དེས་ཁྱབ་པ་ནི་ནམ་ཞིག་ན་བྱ་བ་ཉིད་དོ། །འདི་ལ་དེ་ དམིགས་པའོ། །འབྲས་བུ་མི་དམིགས་པ་ལ་སོགས་པ་མ་དམིགས་པའི་སྦྱོར་བ་འདི་དག་ཐམས་ཅད་ཀྱང་རང་བཞིན་མི་དམིགས་པ་ཉིད་དུ་འདུ་བར་འགྱུར་རོ། །བརྒྱུད་པས་དོན་གྱིས་ཁྱད་པར་བསྒྲུབ་པ་དང་དགག་པ་དག་གིས་སྦྱོར་བའི་དབྱེ་བ་ལ་ཡང་དེའི་རབ་ཏུ་དབྱེ་བའི་ངོ་བོ་དེ་རྣམས་འགལ་བར་མི་ འགྱུར་རོ། །རང་བཞིན་ནི་རང་ཡོད་པ་ཙམ་གྱི་ངོ་བོ་བསྒྲུབ་པར་བྱ་བའི་ཆོས་ལ་གཏན་ཚིགས་སོ། །གང་གཏན་ཚིགས་ཀྱི་ཡོད་པ་ཙམ་ལ་ལྟོས་ནས་ཡོད་པ་མ་ཡིན་ཏེ། གཏན་ཚིགས་ཡོད་པ་ལས་མ་གཏོགས་པ་ཅི་ལ་ཡང་ལྟོས་པ་མ་ཡིན་ནོ། །དེའི་བསྒྲུབ་པར་བྱ་བའི་ཆོས་ལ་གང་གཏན་ཚིགས་ ཡིན་པ་དེ་དེའི་རང་བཞིན་ཏོ། །དཔེར་ན་སྒྲ་ནི་འཇིག་པའི་ངང་ཚུལ་ཅན་ཏེ། བྱས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །འཇིག་པའི་ངང་ཚུལ་ཅན་ཉིད་ནི། བྱས་པ་ཉིད་ཙམ་ཡིན་པ་ལས་དོན་གཞན་ལ་ལྟོས་པ་མ་ཡིན་ནོ། །བྱས་པ་སྐྱེས་པའི་རྗེས་ཐོགས་སུ་རྒྱུ་གཞན་གྱིས་འཇིག་པའི་ངང་ཚུལ་ཅན་ བསྐྱེད་པ་མ་ཡིན་ཏེ། འཇིག་པ་དང་བྲལ་བར་འགྱུར་བའི་ཕྱིར་རོ། །འབྲས་བུ་ནི་རྒྱུ་ཡོད་པ་རྟོགས་པར་བྱེད་པའོ། །གང་ཞིག་ཡོད་ན་གང་ཡོད་པར་འགྱུར་བ་དང་གང་ཞིག་མེད་ན་གང་མེད་པར་འགྱུར་བ་དེ་ནི་དེའི་འབྲས་བུ་སྟེ། དེ་རང་ཉིད་ཀྱི་རྒྱུ་ཡོད་པར་གོ་བར་བྱེད་པ་ཡིན་ནོ། །དཔེར་ན་འདི་ན་ མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །མེ་ཡོད་པ་དང་མེ་མེད་པའི་རྗེས་སུ་བྱེད་པ་དེའི་འབྲས་བུ་ནི་དུ་བར་རབ་ཏུ་གྲུབ་པོ། །དེ་ལྟར་རྟགས་གསུམ་པོ་དེ་རྣམས་ནི་བསྒྲུབ་པར་བྱ་བ་ལ་ལྟོས་པས་རྟགས་སུ་རྣམ་པར་གཞག་གོ། །བསྒྲུབ་པར་བྱ་བ་ཡང་གཉིས་ཏེ། དངོས་པོ་དང་ དགག་པའང་ཡིན་ཏེ། རྣམ་པ་གཞན་མི་སྲིད་པའི་ཕྱིར་རོ། །དངོས་པོ་ཡང་དོན་ཐ་དད་པ་མ་ཡིན་པའི་དབྱེ་བས་རྣམ་པ་གཉིས་སོ། །དེ་ལ་དོན་ཐ་དད་པ་གོ་བར་བྱ་བ་ལ་འབྲས་བུ་གོ་བར་བྱེད་པའོ། །དོན་ཐ་དད་པ་མ་ཡིན་པ་ལ་རང་བཞིན་ནོ། །དེའི་ཕྱིར་དངོས་པོ་སྒྲུབ་པར་བྱེད་པའི་གཏན་ཚིགས་ གཉིས་ཉིད་དོ། །རང་བཞིན་གྱི་འབྲེལ་པ་ཡོད་པ་ལ་ནི་དོན་གྱིས་དོན་རྟོགས་པ་འདི་ཡིན་ནོ། །དེ་དང་འབྲེལ་པ་མེད་པའི་རང་བཞིན་ནི་དེ་མེད་ན་མི་འབྱུང་བར་ངེས་པ་མེད་པའི་ཕྱིར་རོ། །གོ་བར་བྱ་བ་དང་གོ་བར་བྱེད་པའི་ངོ་བོའི་ཡང་མེད་ན་མི་འབྱུང་བར་ངེས་པར་རྒྱུ་ཉིད་ཀྱི་ཕྱིར་རོ། །ཡང་གསུངས་ པ། ཚོགས་པ་ལ་སོགས་གང་རྣམས་ལ། དེ་འདྲའི་འབྲེལ་པ་ཡོད་མིན་པས། །དེ་རྣམས་གཏན་ཚིགས་མིན་ཞེས་སྨྲ། །མེད་ནའང་འབྱུང་བ་སྲིད་ཕྱིར་རོ། །ཞེས་སོ། །འབྲེལ་པ་དེ་ཡང་བསྒྲུབ་པར་བྱ་བའི་དོན་ལ་རྟགས་ཀྱི་དངོས་པོ་ལས་བསྒྲུབ་པར་བྱ་བའི་དོན་གྱི་རང་བཞིན་ གྱི་ཕྱིར་དང་། བསྒྲུབ་པར་བྱ་བའི་དོན་ལས་འབྱུང་བའི་ཡང་ཕྱིར་རོ། །དེའི་རང་བཞིན་མ་ཡིན་པ་དང་། དེ་ལས་བྱུང་བ་མ་ཡིན་པའི་ཡང་དེ་ལས་འབྲེལ་པ་མེད་པ་ཉིད་ཀྱི་ཕྱིར་རོ། །དེའི་བདག་ཉིད་དང་དེ་ལས་བྱུང་བ་དག་ཀྱང་རང་བཞིན་དང་འབྲས་བུ་དག་ཉིད་ཀྱི་ཕྱིར་དེ་དག་ཉིད་ཀྱིས་དངོས་པོ་གྲུབ་ པོ། དགག་པ་བསྒྲུབ་པ། ཇི་སྐད་བཤད་པ་ཉིད་ཀྱིས་མི་དམིགས་པ་ལས་ཏེ། རིག་བྱ་མ་ཡིན་པ་མི་དམིགས་པས་ནི་མེད་པར་བསྒྲུབ་པར་མི་འཐད་པའི་ཕྱིར་རོ། །དམིགས་པར་བྱེད་པ་ནི་དམིགས་པར་བྱ་བའི་སྒྲུབ་པར་བྱེད་པ་ཉིད་ཡོད་ན་དངོས་པོ་ཉིད་བསྒྲུབ་པ་ཡིན་ནོ། །རིག་བྱ་མ་ཡིན་ པ་མི་དམིགས་པ་ནི་དངོས་པོ་ཡོད་དམ་མེད་ཀྱང་རུང་བ་ལས་ཡིན་ན་ཇི་ལྟར་འདིའི་དངོས་པོ་མེད་པ་བསྒྲུབ་པར་འགྱུར། གང་དུ་གཅིག་བཀག་པས་ཅིག་ཤོས་ཀྱི་མེད་པ་བསྒྲུབ་པར་འགྱུར་བ་དེའི་ཡང་རིག་བྱ་མི་དམིགས་པ་ཉིད་གོ་བྱེད་ཡིན་ཏེ། དགག་བྱའི་མི་དམིགས་པའི་མཚན་ཉིད་ཐོབ་པ་ཉིད་ ཀྱི་ཕྱིར་རོ། །དོན་གྱི་ཁྱད་པར་གྱི་འགལ་བ་མེད་པ་དམིགས་པ་ནི་དོན་གྱི་ཁྱད་པར་མེད་པར་གོ་བར་བྱེད་པ་མ་ཡིན་ཏེ། དེ་དག་གི་ལྷན་ཅིག་པའི་ངོ་བོ་སྲིད་པའི་ཕྱིར་རོ། །འགལ་བ་དམིགས་པ་ནི་རིག་བྱ་མི་དམིགས་པ་ཉིད་ལ་བརྒྱུད་དེ་ནང་དུ་འདུ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དགག་པ་གྲུབ་པོ། ། འདིས་ནི་རྟགས་ཀྱི་ཁྱད་པར་གཞན་ཡོངས་སུ་བརྟགས་པ་སྨྲས་པའི་ཕྱིར་བཟློག་པ་ཡིན་ནོ། །དེའི་ཡུལ་ནི་སྤྱིའི་མཚན་ཉིད་དོ། །འདིས་མཚོན་པར་འགྱུར་བས་ན་མཚན་ཉིད་དོ། །སྤྱི་ནི་ཐུན་མོང་བ་བྱེ་བྲག་མ་ཕྱེ་བ་སྟེ་འདིའི་ངོ་བོ་ནི་མཚན་ཉིད་དེ་སྤྱིའི་མཚན་ཉིད་དེའི་མཚན་ཉིད་དོ། །བྱེ་བྲག་ངེས་པ་མ་བཟུང་བའི་ རང་གི་མཚན་ཉིད་ཁོ་ནའོ། །དེ་ཚུལ་གསུམ་པའི་རྟགས་ལས་སྐྱེས་པའི་རྗེས་སུ་དཔག་པ་དེའི་ཡུལ་ལོ། །རྗེས་སུ་དཔག་པ་ལ་སྣང་བ་ལ་དོན་བྱ་བ་བྱེད་པ་ཉིད་དུ་ཞེན་པར་འགྱུར་ཏེ། རང་གི་མཚན་ཉིད་ཁོ་ན་དོན་བྱ་བ་བྱེད་པ་ཡིན་གྱི་ཅི་རིགས་ནི་སྲེག་པ་དང་འཚེད་པ་ལ་སོགས་པ་ལ་ཉེ་བར་སྦྱོར་བ་མ་ཡིན་ ཏེ། རང་གི་མཚན་ཉིད་ཁོ་ན་དེ་ལ་ཉེ་བར་སྦྱོར་བར་མཐོང་བའི་ཕྱིར་རོ། །གཞན་ནི་ངེས་པར་མི་འགྱུར་རོ། །གཞན་ཡང་ངེས་པའི་བདག་ཉིད་ཀྱི་རྗེས་སུ་དཔག་པས་གཟུང་ཡུལ་དུ་བྱེད་པའི་ཕྱིར་རང་གི་མཚན་ཉིད་ལས་གཞན་འདིའི་ཡུལ་མ་ཡིན་ནོ། །ཡང་གསུངས་པ། དེ་ཡི་ངོ་བོ་མིན་པ་ལས། ། ལོག་པའི་དངོས་ཙམ་བསྒྲུབ་ཕྱིར་དང་། །དབྱེ་བ་རབ་ཏུ་མི་གནས་ཕྱིར། །སྤྱི་ནི་རྟགས་ཀྱི་ཡུལ་དུ་བརྗོད། །ཅེས་སོ། །འོ་ན་རྗེས་སུ་དཔག་པ་དོན་མེད་པ་འཛིན་པ་དེ་ཇི་ལྟར་རང་གི་མཚན་ཉིད་ཡུལ་དུ་འགྱུར། བདེན་ཏེ། འོན་ཀྱང་ཤེས་པའི་ཡུལ་ནི་རྣམ་པ་གཉིས་ཏེ། གཟུང་བ་དང་ཐོབ་ པར་བྱ་བའོ། །གང་སྣང་བའི་ཤེས་པ་སྐྱེ་བར་འགྱུར་བ་དེ་ནི་གཟུང་བའོ། །གང་དུ་ཞེན་པར་འགྱུར་བ་དེ་ནི་ཐོབ་པར་བྱའོ། །དེ་ལ་རྗེས་སུ་དཔག་པའི་གཟུང་ཡུལ་ནི་དོན་མེད་པའོ། །རང་གི་མཚན་ཉིད་ཀྱི་བདག་ཉིད་ནི་ཐོབ་པར་བྱ་བའོ། །མངོན་སུམ་གྱི་སྐད་ཅིག་མ་གཅིག་ནི་གཟུང་བའོ། །རྒྱུན་ནི་ ཐོབ་པར་བྱ་བའི་ཡུལ་ལོ། །དེ་ནི་ནམ་ཡང་རྣམ་པར་རྟོག་པ་མེད་པ་ཉིད་ཀྱི་རྒྱུན་ལ་ཞེན་པར་མི་འགྱུར་རོ་ཞེ་ན། དེ་ལྟ་ན་ཡང་ཞེན་པར་འགྱུར་བའི་རྣམ་པར་རྟོག་པ་ཡིད་ཆེས་པ་བསྐྱེད་པ་ཡིན་ནོ། །ངེས་པ་མི་སྐྱེད་པའི་མངོན་སུམ་ནི་འཇུག་པར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་ཚད་མ་ཞེས་མི་བྱའོ། ། ངེས་པ་ནི་འདི་སྙམ་པ་ཉིད་ཀྱིས་བདེ་བ་དང་སྡུག་བསྔལ་བསྒྲུབ་པ་དག་ལ་ཐོབ་པ་དང་སྤོང་བའི་ཕྱིར་འཇུག་པར་འགྱུར་རོ། །རྗེས་སུ་དཔག་པའི་ཡང་འདིར་ཐོབ་པར་བྱ་བ་ཉིད་ཀྱི་ཡུལ་སེམས་ཀྱི་གཞན་གྱི་མ་ཡིན་ཏེ། དེའི་ཐོབ་པར་བྱ་བའི་ཡུལ་སེམས་པ་ལ་དབང་པོ་མི་བྱེད་པའི་ཕྱིར་རོ། །ཐོབ་པར་ བྱེད་པ་པོ་ཚད་མ་ཡིན་ན་ཐོབ་པར་ནུས་པ་ཉིད་ཡུལ་ཡིན་པར་འོས་པ་ཡིན་ཏེ། གཟུང་ཡུལ་ནི་ཐོབ་པར་ནུས་པའི་ཕྱིར་ཚད་མ་འདིའི་ཡུལ་ཅན་ཉིད་དུ་འགྱུར། དེའི་ཕྱིར་དོན་མེད་པ་འཛིན་པའི་རྗེས་སུ་དཔག་པའི་ཡུལ་ཡང་རང་གི་མཚན་ཉིད་དོ། །འདིས་ནི་འདིའི་སྤྱོད་ཡུལ་གཞན་ལ་སྤྱོད་པའི་ ཕྱིར་བསལ་བ་ཡིན་ནོ། །འདི་ལ་ཡང་ཚད་མའི་འབྲས་བུ་རྣམ་པར་གཞག་པ་ནི་མངོན་སུམ་དང་མཚུངས་ཏེ། ཇི་ལྟར་མངོན་སུམ་གྱི་ཚད་མ་དང་འབྲས་བུ་དག་གི་རྣམ་པར་གཞག་པ་བྱས་པས་དེ་བཞིན་དུ་རྗེས་སུ་དཔག་པའི་ཡང་བལྟ་བར་བྱའོ། །འདི་ལ་ཡང་སྔར་དང་མཚུངས་པར་དོན་དང་འདྲ་ བའི་ངོ་བོ་ནི་ཚད་མ་དོན་རྟོགས་པ་ནི་འབྲས་བུའོ། །དེ་ལ་མངོན་སུམ་ནི་དོན་དང་འདྲ་བའི་ངོ་བོ་ཞེས་བྱ་བ་སྟེ། དེ་ཉིད་དང་དོན་དང་འདྲ་བའི་ངོ་བོར་རྟོགས་པ་དོན་དང་བཅས་ན། རྗེས་སུ་དཔག་པ་ནི་མི་གསལ་བ་ཐུན་མོང་བའི་སྣང་བ་ཡིན་ལ་དོན་ཡང་དེ་ལས་བཟློག་པའི་ངོ་བོ་བས་ ཇི་ལྟར་དོན་དང་འདྲ་བའི་ངོ་བོར་རུང་། བདེན་ཏེ། འཆད་པ་པོ་རྣམས་དཔྱོད་པར་འགྱུར་བ་དེ་བཞིན་དུ་ནི་ཐ་སྙད་བྱེད་པ་པོ་རྣམས་མ་ཡིན་ཏེ། དེ་རྣམས་ཀྱང་རྗེས་སུ་དཔག་པའི་སྣང་བ་ཉིད་ཀྱི་ཕྱི་རོལ་མ་ཡིན་པ་ལ་ཕྱི་རོལ་དུ་ཞེན་ནས་དེའི་དོན་བྱ་བར་འདོད་པ་རྣམས་འཇུག་པར་འགྱུར་ཏེ། ཞུགས་ནས་ ཀྱང་ཇི་ལྟར་ཞེན་པ་བཞིན་དུ་དངོས་པོ་ཐོབ་པས་ཡོངས་སུ་མགུ་བར་འགྱུར་རོ། །བདག་ཅག་གིས་སྔོན་ཡོངས་སུ་བཟུང་བ་ནི་གཞན་ལ་ཐོབ་པ་ནི་གཞན་ནོ་སྙམ་དུ་རྟོགས་པ་ཡོད་པ་མ་ཡིན་ཏེ། མེ་མ་ཡིན་པ་ལ་སོགས་པ་ལས་བཟློག་པ་ཉིད་ཀྱི་ངོ་བོ་སྔོན་དང་ཕྱིས་ཀྱི་ཡིད་ཆེས་པའི་ཡུལ་ཉིད་ཀྱི་ཕྱིར་ རོ། །དེའི་ཕྱིར་འདི་ལ་ཡང་ཐ་སྙད་དུ་བྱེད་པའི་སྐྱེ་བོའི་རྟོག་པ་ལ་ལྟོས་པས་དོན་དང་འདྲ་བའི་ངོ་བོ་རྣམ་པར་འཇོག་པར་རིགས་པ་ཉིད་དོ། །བྱིས་པ་འཇུག་པའི་རྟོག་གེ་ལས་རང་དོན་གྱི་རྗེས་སུ་དཔག་པའི་ལེའུ་སྟེ་གཉིས་པའོ།། །།གཞན་གྱི་དོན་རྗེས་སུ་དཔག་པ་ནི་ཚུལ་གསུམ་པའི་ རྟགས་བརྗོད་པའོ། །སྔར་བརྗོད་པའི་ཚུལ་གསུམ་པའི་རྟགས་ཀྱི་རྟོགས་པ་པོའི་ཚིག་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པའོ། །དེས་ཀྱང་རྗེས་སུ་དཔག་པར་བྱ་བ་ཉིད་རང་གི་རྟོགས་པ་བརྗོད་པས་གཞན་ལ་གོར་འཇུག་པའོ། །ཚིག་དེ་ཡང་གོར་གཞུག་པར་བྱའི་རྒྱུད་ལ་གནས་པའི་རྗེས་སུ་ དཔག་པའི་རྒྱུད་ཉིད་ཀྱི་ཕྱིར་རྗེས་སུ་དཔག་པ་ཞེས་བརྗོད་དོ། །འཇིག་རྟེན་ན་རྒྱུ་ལ་འབྲས་བུ་འདོགས་པ་ཡིན་ཏེ། དཔེར་ན་མར་ལ་ཚེ་ཞེས་བྱ་བ་བཞིན་ནོ། །འོ་ན་ཚད་མ་གཏན་ལ་འབེབས་པའི་སྐབས་སུ་དེའི་བདག་ཉིད་ཅན་གྱི་རྗེས་སུ་དཔག་པ་གཏན་ལ་དབབ་པར་བྱ་བའི་རྗེས་སུ་དཔག་པར་ བཏགས་ཀྱང་ཚིག་ནི་ཤེས་པ་མེད་པའི་ངོ་བོ་ཚད་མ་ཡིན་པར་མི་རིགས་སོ་ཞེ་ན། དེའི་ཕྱིར་འདིའི་གཏན་ལ་དབབ་པར་བྱ་བ་ཉིད་རིགས་པ་དང་ལྡན་པ་མ་ཡིན་ཏེ། དེ་མི་གནས་སོ། །ཇི་ལྟར་འདི་རྗེས་སུ་དཔག་པ་རྒྱུ་ཉིད་ཀྱི་ཕྱིར་རྗེས་སུ་དཔག་པ་ཉིད་ཡིན་པ་དེ་བཞིན་དུ་ཚད་མའི་རྒྱུ་ཉིད་ཀྱི་ཕྱིར་ཚད་ མ་མ་ཡིན་པ་ཡང་འགལ་བ་མེད་དོ། །དེ་ནི་རྣམ་པ་གཉིས་ཏེ། སྦྱོར་བའི་དབྱེ་བས་ཆོས་མཐུན་པ་ཉིད་ཅན་དང་། ཆོས་མི་མཐུན་པ་ཉིད་ཅན་ནོ། །འདིའི་ཆོས་མཚུངས་པ་ནི་ཆོས་མཐུན་པའོ། །དེའི་ངོ་བོ་ནི་ཆོས་མཐུན་པ་ཉིད་དོ། །དཔེའི་ཆོས་ཅན་དང་ལྷན་ཅིག་བསྒྲུབ་པར་བྱ་བའི་ཆོས་ཅན་ གྱི་གཏན་ཚིགས་ཀྱིས་འདྲ་བ་ཉིད་དུ་བྱས་པའོ། །འདིའི་མི་མཚུངས་པ་ནི་ཆོས་མི་མཐུན་པའོ། །དེའི་ངོ་བོ་ནི་ཆོས་མི་མཐུན་པ་ཉིད་དོ། །དཔེའི་ཆོས་ཅན་ལྷན་ཅིག་བསྒྲུབ་པར་བྱ་བའི་ཆོས་ཅན་གྱི་གཏན་ཚིགས་ཀྱིས་མི་འདྲ་བ་ཉིད་དུ་བྱས་པའོ། །དེ་ལ་ངག་དག་གི་ཆོས་མཐུན་པ་ཉིད་དུ་ བརྗོད་པར་བྱ་བ་ཉིད་ཡིན་པ་དེ་ནི་ཆོས་མཐུན་པ་ཉིད་ཅན་ནོ། །གང་གི་ཆོས་མི་མཐུན་པ་ཉིད་ཡིན་པ་དེ་ནི་མི་མཐུན་པ་ཉིད་ཅན་ནོ། །འོ་ན་ཡང་ཆོས་མཐུན་པ་ཉིད་ཅན་གྱི་ངག་གི་རྗེས་སུ་འགྲོ་བ་དང་ཕྱོགས་ཀྱི་ཆོས་དག་བརྗོད་ཀྱི་ལྡོག་པ་ནི་མ་ཡིན་ནོ། །ཆོས་མི་མཐུན་པ་ཉིད་ཀྱིས་ཀྱང་ལྡོག་པ་དང་ཕྱོགས་ ཀྱི་ཆོས་བརྗོད་ཀྱི་རྗེས་སུ་འགྲོ་བའི་མ་ཡིན་ནོ། །དེའི་ཕྱིར་འདི་ལས་ཀྱང་གཅིག་ཀྱང་ཚུལ་གསུམ་པའི་རྟགས་བརྗོད་པ་མ་ཡིན་ན་གང་གཞན་གྱི་དོན་གྱི་རྗེས་སུ་དཔག་པར་འགྱུར། ཉེས་པ་འདི་ནི་མི་གནས་ཏེ་ཆོས་མཐུན་པ་ཉིད་ཀྱིས་ཀྱང་སྦྱོར་བ་ཤུགས་ཀྱིས་ཆོས་མི་མཐུན་པ་ཉིད་རྟོགས་ཏེ། དེ་མེད་ན་ཡང་བསྒྲུབ་བྱ་དང་ལྷན་ཅིག་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །བསྒྲུབ་བྱ་ངེས་པའི་མཚན་ཉིད་ཀྱི་རྗེས་སུ་འགྲོ་བའི་ངག་ལས་ངེས་པར་རྟོགས་སོ། །དེ་ལྟར་ཡང་བསྒྲུབ་བྱ་ངེས་པར་གྱུར་པ་སྒྲུབ་པ་ངེས་པ་ཡིན་ནོ། །གལ་ཏེ་གང་སུ་ཡང་བསྒྲུབ་བྱ་མེད་པ་ཉིད་ན་དེ་ཐམས་ཅད་སྒྲུབ་པ་མེད་ པ་ཡང་ཡིན་ནོ། །ཆོས་ཅན་གཅིག་ལ་ཡང་བསྒྲུབ་པར་བྱ་བ་མེད་ལ་སྒྲུབ་པ་ཡོད་པ་ལ་དེའི་དེ་ལ་ངེས་པ་མི་འཐད་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་མེད་པ་ལ་ཡང་སྒྲུབ་པར་མེད་པ་རྟོགས་ཏེ། ལྡོག་པ་རྟོགས་པའོ། །དེའི་ཕྱིར་བསྒྲུབ་བྱ་ངེས་པར་གྱུར་པ་བསྒྲུབ་པའི་རྗོད་པར་བྱེད་པའི་སྟོབས་ཀྱིས་རྗེས་སུ་འགྲོ་ བའི་ངག་ལ་ལྡོག་པ་རྟོགས་པ་ཡིན་ནོ། །དེ་བཞིན་དུ་ཆོས་མཐུན་པ་ཉིད་ཀྱིས་ཀྱང་རྗེས་སུ་འགྲོ་བ་རྟོགས་པ་ཡིན་ཏེ། དེ་མེད་ན་བསྒྲུབ་པར་བྱ་བ་ལྡོག་པ་ལ་གཏན་ཚིགས་ཀྱི་ལྡོག་པ་མ་གྲུབ་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་ལོག་པ་ལ་ངེས་པས་ལོག་པའི་ཆོས་དང་ལྡན་པ་ཉིད་ཀྱིས་ལྡོག་པ་ནི་ལྡོག་པའི་ ངག་ལས་ངེས་པ་ཡིན་ནོ། །དེ་ལྟར་ཡང་བསྒྲུབ་བྱ་ལོག་པ་ལ་ངེས་པས་ལོག་པའི་ཆོས་དང་ལྡན་པའི་བསྒྲུབ་པ་ཡིན་ནོ། །གལ་ཏེ་གང་ཅི་ཡང་རུང་བ་ལ་སྒྲུབ་པ་ཡོད་པ་ཉིད་དེ། ཐམས་ཅད་ན་བསྒྲུབ་པར་བྱ་བ་ཡང་ཡོད་པ་ཉིད་དོ། །ཆོས་ཅན་གཅིག་པ་ལ་ཡང་སྒྲུབ་པ་ཡོད་ལ་བསྒྲུབ་པར་ བྱ་བ་མེད་ན་དེ་ལོག་པ་ལ་ལོག་པར་ངེས་པ་མེད་པའི་ཕྱིར་རོ། །སྒྲུབ་པ་ཡོད་པ་ལ་ཡང་བསྒྲུབ་པར་བྱ་བ་ཡོད་པར་རྟོགས་པ་ནི་རྗེས་སུ་འགྲོ་བ་རྟོགས་པའོ། །དེའི་ཕྱིར་སྒྲུབ་པ་མེད་པ་ལ་ངེས་པར་བསྒྲུབ་པར་བྱ་བ་མེད་པའི་རྗོད་པར་བྱེད་པའི་སྟོབས་ཀྱིས་ལྡོག་པའི་ངག་ལ་རྗེས་སུ་འགྲོ་བ་རྟོགས་པ་ཡིན་ནོ། །དེའི་ ཕྱིར་རྗེས་སུ་འགྲོ་བའི་སྒོ་ཅན་ནམ་ལྡོག་པའི་སྒོ་ཅན་གྱིས་ཀྱང་རུང་ངག་གཅིག་སྦྱར་བས་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་གིས་རྟགས་ཀྱི་ཡོད་པ་དང་མེད་པ་བརྗོད་པ་བྱས་པ་ཡིན་པས་གཅིག་ལ་གཉིས་ཀ་མི་གཟུང་ངོ་། །འདི་ཙམ་གྱིས་ཚུལ་གསུམ་པའི་རྟགས་བརྗོད་པ་ཉིད་དེ་འགལ་བ་མེད་ དེ། དེ་ལ་མི་དམིགས་པའི་ཆོས་མཐུན་པ་ཅན་གྱི་སྦྱོར་བ་ནི་གང་དང་གང་དམིགས་པའི་མཚན་ཉིད་ཐོབ་པ་ཡོད་པ་མི་དམིགས་པ་དེ་དང་དེ་ན་མེད་པའི་ཐ་སྙད་ཀྱི་ཡུལ་ལ་ཡིན་ཏེ། དཔེར་ན་རྟའི་མགོ་བོ་ལ་རྭ་བཞིན་ནོ། །ས་ཕྱོགས་ཁ་ཅིག་ན་དམིགས་པའི་མཚན་ཉིད་ཐོབ་པའི་བུམ་པའི་མི་དམིགས་པས་ ཞེས་བྱ་བ་ལྟ་བུའོ། །འདི་ལ་དཔེའི་ཆོས་ཅན་གྱི་རྟའི་མགོ་བོ་དང་། བསྒྲུབ་པར་བྱ་བའི་ཆོས་ཅན་ས་ཕྱོགས་ཀྱི་ཁྱད་པར་གྱི་དགག་བྱ་དམིགས་པའི་མཚན་ཉིད་ཐོབ་པ་མི་དམིགས་པར་གྲགས་པའི་གཏན་ཚིགས་ཀྱི་མཐུན་པ་ཉིད་དུ་བྱས་པར་བརྗོད་པར་བྱའོ། །རང་བཞིན་གྱི་གཏན་ཚིགས་ཀྱི་ཆོས་མཐུན་ པ་ཉིད་ཅན་གྱི་སྦྱོར་བ་རྣམ་པ་མང་སྟེ། འདི་ལྟར་དག་པའི་ཕྱོགས་ཉེ་བར་བཟུང་བའམ། བྱེ་བྲག་དང་བཅས་པ་ཡང་རུང་བྱེ་བྲག་དང་བཅས་པ་ཡང་བྱེ་བྲག་ཐ་དད་པའམ་བྱེ་བྲག་ཐ་དད་པ་མེད་པ་ཡང་རུང་སྟེ། བྱེ་བྲག་ཐ་དད་པ་ཡང་བྱེ་བྲག་ཁོངས་སུ་འདུས་པའམ། བྱེ་བྲག་དང་ལྡན་པའམ། བྱེ་བྲག་རྟོགས་ པར་བྱ་བ་ཡང་རུང་བའོ། །དེ་ལ་གང་ཡོད་པ་དེ་ཐམས་ཅད་མི་རྟག་སྟེ། དཔེར་ན་བུམ་པ་བཞིན་སྒྲ་ཡང་ཡོད་པས་ཞེས་བྱ་བ་ནི་དགག་པའི་རང་བཞིན་གྱི་སྦྱོར་བ་སྟེ། ཡོད་པ་ཙམ་གྱི་ཁྱད་པར་ལ་མ་ལྟོས་པ་ཉིད་ཀྱི་ཕྱིར་རོ། །གང་སྐྱེ་བ་དང་ལྡན་པ་དེ་ནི་མི་རྟག་སྟེ། དཔེར་ན་བུམ་པ་བཞིན་བདེ་བ་ཡང་སྐྱེ་ བ་དང་ལྡན་པས་ཞེས་བྱ་བ་ནི་བྱེ་བྲག་ཐ་དད་པ་མེད་པའི་སྦྱོར་བའོ། །སྐྱེ་བས་བྱེ་བྲག་ཏུ་གྱུར་པ་ནི་སྐྱེ་བ་དང་ལྡན་པ་ཞེས་བརྗོད་དེ། དེ་ཡང་རང་གི་བདག་ཉིད་དུ་གྱུར་པ་ཉིད་དོ། །རྟོགས་པ་འབའ་ཞིག་གིས་ཐ་དད་པ་དང་ལྡན་པ་ལྟ་བུར་བསྟན་པའོ། །གང་བྱས་པ་དེ་མི་རྟག་སྟེ། དཔེར་ན་ཆུ་བུར་བཞིན་ སེམས་པ་ཡང་བྱས་པས་ཞེས་བྱ་བ་ནི་བྱེ་བྲག་ཁོངས་སུ་འདུས་པའི་སྦྱོར་བའོ། །གང་རང་གི་ངོ་བོ་དམིགས་པ་ལ་རྒྱུའི་བྱ་བ་ལ་ལྟོས་པར་གྱུར་པ་དེ་ནི་བྱས་པ་ཞེས་བྱ་བར་བརྗོད་དོ། །དེའི་ཕྱིར་འདི་བྱས་པར་གྲགས་སོ། །རང་བཞིན་བརྗོད་པས་ཡང་གཞན་གྱི་བདག་ཉིད་བྱེ་བྲག་ཏུ་འདྲེན་པ་ཡིན་ནོ། ། གང་རྐྱེན་གྱི་དབྱེ་བས་ཕྱེ་བ་ཅན་དེ་ནི་བྱས་པ་ཡིན་ཏེ། དཔེར་ན་དུ་བ་བཞིན་སྒྲ་ཡང་རྐྱེན་གྱི་དབྱེ་བས་ཕྱེ་བ་ཅན་གྱི་ཕྱིར་ཞེས་བྱ་བ་ལྟ་བུ་སྟེ། བྱེ་བྲག་རབ་ཏུ་ལྡན་པའི་སྦྱོར་བའོ། །རྐྱེན་གྱི་དབྱེ་བས་སྒྲའི་ཐ་དད་པ་བྱེ་བྲག་ཏུ་བརྗོད་པ་རབ་ཏུ་ལྡན་པ་ཉིད་ཀྱི་ཕྱིར་རོ། །གང་བྱས་པ་དེ་ཐམས་ཅད་མི་རྟག་སྟེ། དཔེར་ན་གློག་བཞིན། རྡུལ་ཕྲ་རབ་ཀྱང་བྱས་པས་ཞེས་བྱ་བ་ནི་བྱེ་བྲག་རྟོགས་པར་བྱ་བའི་སྦྱོར་བའོ། །གལ་ཏེ་འདིར་རྒྱུ་རྣམས་ཀྱིས་ཞེས་བྱེ་བྲག་བཟུང་བ་མེད་ན་ཡང་དེ་བཞིན་དུ་གོ་བར་བྱ་བ་ཉིད་དོ། །ཁོངས་སུ་འདུས་པ་ནི་མ་ཡིན་ཏེ། རབ་ཏུ་སྦྱོར་བར་སྦྱར་བར་བྱ་བ་ཉིད་ཀྱི་ཕྱིར་རོ། །འདི་རྣམས་ ལ་ཡང་དཔེའི་ཆོས་ཅན་བུམ་པ་ལ་སོགས་པ་རྣམས་དང་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་སྒྲ་ལ་སོགས་པ་རྣམས་ཀྱིས་ཡང་ཡོད་པ་ལ་སོགས་པའི་གཏན་ཚིགས་ཀྱིས་མཐུན་པ་ཉིད་དུ་བརྗོད་པར་བྱའོ། །འདི་དག་ཐམས་ཅད་ཀྱང་སྒྲུབ་པའི་ཆོས་རྣམས་རང་ཉིད་ཇི་ལྟ་བའི་ཚད་མ་རྣམས་ཀྱིས་ངེས་པ་ བསྒྲུབས་པའི་ཆོས་ཙམ་རྗེས་སུ་འབྲེལ་པ་ཉིད། བསྒྲུབ་པར་བྱ་བའི་ཆོས་གོ་བར་བྱ་བ་ལ་སྦྱར་བར་བྱ་སྟེ། །དོན་དམ་པར་དེ་རྣམས་ཉིད་ཀྱི་དེ་རང་བཞིན་ཉིད་ཀྱི་ཕྱིར་རོ། །དེ་སྐྱེས་པ་ན་མ་སྐྱེས་པ་དེའི་རང་བཞིན་ཉིད་མ་ཡིན་པའི་ཕྱིར་དང་། འགལ་བའི་ཆོས་གནས་པའི་དབྱེ་བའི་ མཚན་ཉིད་ཀྱི་ཕྱིར་དང་། རང་བཞིན་གྱི་གཏན་ཚིགས་ཀྱི་སྐབས་ཉིད་ཀྱི་ཕྱིར་དང་། སྔར་བྱུང་བ་དང་ཕྱིས་འབྱུང་བ་མེད་ན་མི་འབྱུང་བ་ཉིད་ཀྱི་ཕྱིར་དང་། གོ་བར་བྱ་བ་དང་གོ་བར་བྱེད་པ་ཉིད་ཀྱི་རྒྱུ་མེད་ན་མི་འབྱུང་བར་ངེས་པ་ཉིད་ཀྱི་ཕྱིར་རོ། །འབྲས་བུའི་གཏན་ཚིགས་ཀྱི་ཆོས་མཐུན་པ་ཉིད་ཙམ་གྱི་ སྦྱོར་བ་ནི་གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་དེ། དཔེར་ན་ཚང་བང་བཞིན་འདི་ན་ཡང་དུ་བ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུ་སྟེ། འདི་དཔེའི་ཆོས་ཅན་ཚང་བང་དང་བསྒྲུབ་པར་བྱ་བའི་ཆོས་ཅན་ཕྱོགས་ཀྱི་བྱེ་བྲག་གི་དུ་བ་ཞེས་བྱ་བའི་གཏན་ཚིགས་ཀྱིས་མཐུན་པ་ཉིད་དུ་བྱས་པར་བརྗོད་པར་ བྱའོ། །འདི་ལ་ཡང་མངོན་སུམ་དང་མི་དམིགས་པ་དག་གི་འབྲས་བུ་དང་རྒྱུའི་ངོ་བོ་གྲུབ་པ་ཉིད་ལ་འབྲས་བུའི་གཏན་ཚིགས་སུ་བརྗོད་པར་བྱའོ། །མི་དམིགས་པའི་ཆོས་མི་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ནི་གང་མི་དམིགས་པའི་མཚན་ཉིད་ཐོབ་པ་དེ་ནི་དམིགས་པ་ཉིད་དེ་དཔེར་ན་སྔོན་པོ་ལ་སོགས་ པའི་བྱེ་བྲག་བཞིན་ནོ། །དེ་ལྟ་བུར་འདི་ན་དམིགས་པའི་མཚན་ཉིད་ཐོབ་པ་བུམ་པ་མི་དམིགས་པའོ་ཞེས་བྱ་བ་ལྟ་བུ་སྟེ། འདི་ལ་ཡང་དཔེའི་ཆོས་ཅན་སྔོན་པོ་ལ་སོགས་པའི་བྱེ་བྲག་དང་བསྒྲུབ་པར་བྱ་བའི་ཆོས་ཅན་ས་ཕྱོགས་ཀྱི་དམིགས་པའི་མཚན་ཉིད་ཐོབ་པ་དགག་བྱ་མི་དམིགས་པ་ཞེས་བྱ་བའི་ གཏན་ཚིགས་ཀྱིས་མི་མཐུན་པ་ཉིད་ཅན་དུ་བྱས་པར་བརྗོད་པར་བྱའོ། །རང་བཞིན་གྱི་གཏན་ཚིགས་ཀྱི་ཆོས་མི་མཐུན་པ་ཉིད་ཙམ་གྱི་སྦྱོར་བ་རྣམས་ནི་མི་རྟག་པ་ཉིད་མེད་པ་ལ་གང་ན་ཡང་བྱས་པ་ཉིད་མེད་དེ་བོང་བུའི་རྭ་ལ་ཇི་ལྟ་བ་བཞིན་ནོ། །སེམས་པ་དང་བཅས་པ་ཡང་བྱས་པས་སོ། །བྱས་པ་ ཉིད་མེད་པ་ལ་གང་ན་ཡང་རྐྱེན་གྱི་དབྱེ་བས་ཕྱེ་བ་ཅན་ཉིད་མེད་དེ། མོ་གཤམ་གྱི་བུ་ལ་ཇི་ལྟ་བ་བཞིན་ནོ། །སྒྲ་ཡང་རྐྱེན་གྱི་དབྱེ་བས་ཕྱེ་བས་སོ། །མི་རྟག་པ་ཉིད་མེད་པ་ཉིད་ལ་གང་ན་ཡང་བྱས་པ་ཉིད་མེད་དེ་རུས་སྦལ་གྱི་སྤུ་ལ་ཇི་ལྟ་བ་བཞིན་ནོ། །རྡུལ་ཕྲ་རབ་ཀྱང་བྱས་པས་སོ། །འདི་དག་ལ་ཡང་ དེའི་ཆོས་ཅན་ནམ་མཁའི་པདྨ་ལ་སོགས་པ་རྣམས་དང་བསྒྲུབ་པར་བྱ་བ་སྒྲ་ལ་སོགས་པ་རྣམས་ཀྱི་ཡོད་པ་ཉིད་ལ་སོགས་པ་རྣམས་ཀྱི་གཏན་ཚིགས་ཀྱི་ཆོས་མི་མཐུན་པ་ཉིད་དུ་བརྗོད་པར་བྱའོ། །འབྲས་བུའི་གཏན་ཚིགས་ཀྱི་ཆོས་མི་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ནི་མེ་མེད་པ་ན་དུ་བ་ཡོད་པ་མ་ ཡིན་པ་ཉིད་དེ། རྒྱ་མཚོ་ཆེན་པོ་ན་ཇི་ལྟ་བ་བཞིན་ནོ། །འདི་ན་ཡང་དུ་བ་ཡོད་པས་སོ། །འདི་ལ་ཡང་དཔེའི་ཆོས་ཅན་མཚོ་ཆེན་པོ་དང་བསྒྲུབ་པར་བྱ་བའི་ཆོས་ཅན་ཕྱོགས་ཀྱི་ཁྱད་པར་གྱི་དུ་བ་ཞེས་བྱ་བའི་གཏན་ཚིགས་ཀྱིས་མི་མཐུན་པ་ཉིད་དུ་བྱས་པར་བརྗོད་པར་བྱའོ། །གཞན་གྱི་དོན་རྗེས་སུ་དཔག་ པ་ནི་ཚུལ་གསུམ་པའི་རྟགས་བརྗོད་པའོ་ཞེས་བྱ་བའི་དོན་གྱི་ཕྱོགས་ལ་སོགས་པའི་ངག་སྨོས་པའི་རྗེས་སུ་དཔག་པ་མ་ཡིན་ནོ་ཞེས་སྨྲས་པར་འགྱུར་རོ། །དེ་ལྟར་ཡང་ཕྱོགས་ཀྱི་ངག་ནི་རྗེས་སུ་དཔག་པའི་རྒྱུ་ཉིད་ཀྱི་རྗེས་སུ་དཔག་པ་ཞེས་བརྗོད་ན་དེ་ནི་དངོས་སམ་བརྒྱུད་པས་ཡིན་གྲང་། དེ་ལ་རེ་ཞིག་ དངོས་ཀྱི་ནི་མ་ཡིན་ཏེ། དོན་ལས་མི་སྐྱེ་བའི་ཕྱིར་རོ། །འདི་ཉིད་ལས་བརྩམས་ཏེ་འབྲེལ་པ་ལས་དོན་གྱིས་དོན་རྟོགས་པར་འགྱུར་རོ། །རྗོད་པར་བྱེད་པ་ལས་ནི་མ་ཡིན་ཏེ། ཕྱིན་ཅི་ལོག་སྲིད་པའི་ཕྱིར་རོ་ཞེས་སོ། །བརྒྱུད་པས་ཀྱང་མ་ཡིན་ཏེ། བསྒྲུབ་པར་བྱ་བ་ཉིད་བརྗོད་པའི་ཕྱིར་རོ། །དེ་གསུངས་ པ། ཕྱོགས་དང་གཏན་ཚིགས་བརྗོད་པ་ཡི། །མཐུ་ལས་དོན་རྟོགས་ནུས་པ་སྟེ། །དོན་ལས་མ་ཡིན་དེས་དེ་དག །རང་ལས་བསྒྲུབ་པར་གནས་པ་མེད། །ཅེས་སོ། །བསྒྲུབ་པར་བྱ་བའི་ཚིག་ལ་ལྟོས་ཏེ་སྨྲས་པ་ནི་བརྒྱུད་པས་ཀྱང་མི་ནུས་སོ། །ཉེ་བར་མ་བསྟན་པའི་ཡུལ་ལ་གཏན་ཚིགས་འཇུག་ པ་ནི་མི་སྲིད་པའི་ཕྱིར་འདི་ཡོད་པ་ཉིད་བརྗོད་པས་དགོས་པའོ་སྙམ་དུ་སེམས་ན་དེ་ནི་རང་གི་དོན་གྱི་རྗེས་སུ་དཔག་པ་ཉམས་སོ། །དེ་ཡང་རང་གི་རྟོགས་པར་བྱ་བའི་གཏན་ཚིགས་ཀྱི་ཡུལ་ཉེ་བར་བསྟན་པ་ལ་ལྟོས་པ་མེད་པ་ཡིན་ཏེ། དེ་མེད་ན་ཡང་རྟོགས་པ་བསྒྲུབ་པ་ཉིད་མི་འགལ་བའི་ཕྱིར་རོ། །བརྗོད་པར་བྱ་ན་ ཡང་དེ་དང་བྲལ་བ་ལ་འབྲེལ་པ་ཉིད་ཀྱང་མེད་པར་འགྱུར་ཏེ། ཅིའི་ཕྱིར་རྟོགས་པ་བསྒྲུབ་པ་ཉིད་དུ་བྱས་པའི་ཕྱིར། ཞེས་བྱ་བ་ལྟ་བུ་གཏན་ཚིགས་འབའ་ཞིག་བརྗོད་པའི་བསྒྲུབ་པའི་ངག་ལས་ཇི་ལྟ་ན་ཡང་རྟོགས་པ་མ་ཡིན་ནོ་ཞེ་ན། ཅི་འདི་ཕ་རོལ་གྱི་རྟོགས་པ་མངོན་པར་མི་ཤེས་པར་རབ་ཏུ་སྨྲ། ཁོ་བོ་ ཅག་གི་སྒྲུབ་པའི་ངག་ལ་ལྔའི་མཐའི་གཏན་ཚིགས་ནི་མེད་པའི་ཕྱིར་དང་། ཁོ་བོ་ཅག་གི་འདོད་པས་ཁྱབ་པ་དང་ཕྱོགས་ཆོས་ཀྱི་ཆོས་ཁོ་ན་ཙམ་སྨོས་པས་གྲུབ་པ་ངག་ཉིད་ཀྱི་ཕྱིར་རོ། །མེད་པའི་ཡང་མེད་པ་ཉིད་བརྗོད་པ་མེད་པ་གཞན་དུ་འགྱུར་བ་ཉིད་ཀྱི་ཕྱིར། ཡུལ་བཤད་པ་མེད་པ་ལ་སྐབས་ཀྱིས་ སྟོང་པའི་གྲུབ་པ་བརྗོད་པར་འགྱུར་རོ་ཞེ་ན། དེ་ལྟ་ན་རེ་ཞིག་འདིའི་ཡུལ་བཤད་པ་དེ་དང་བྲལ་བས་སྐབས་ཀྱིས་སྟོང་པར་ཇི་ལྟར་མི་འགྱུར། ཡུལ་བཤད་པ་གཞན་ཞིག་རྗེས་སུ་དྲན་པ་ན་ཡང་ཇི་ལྟར་ཐུག་པ་མེད་པར་མི་འགྱུར། དེ་ལ་སྐབས་གཞན་ལ་ལྟོས་པ་མེད་པའོ་སྙམ་དུ་སེམས་ན་དེ་ཅི་བསྙོན་པ་ལྟ་ བུར་གང་གི་ཡང་སྐབས་དང་བྲལ་བ་ཉིད་ཀྱིས་སྒྲ་མི་རྟག་ཅེས་སྨྲ་བར་འགྱུར། སྨྲ་ན་ཡང་ཅི་འདིའི་སེམས་པ་དང་བཅས་པའི་ཚིག་ཉིད་དུ་གསུངས་ཡང་སྐབས་བཏང་ནས་ཕྱོགས་བཤད་པ་བྱས་ན་སྒྲུབ་པ་བཤད་པ་ཡང་མཐོང་ལ་དེ་བཞིན་དུ་བྱོས་ཤིག །དེའི་ཕྱིར་དེ་ལྟ་ན་ཕྱོགས་ཀྱི་ ཚིག་ནི་རྗེས་སུ་དཔག་པ་མ་ཡིན་ནོ་ཞེས་བྱ་བར་གནས་སོ། །གཏན་ཚིགས་ཀྱི་ངག་ཀྱང་མ་ཡིན་ཏེ། ཕྱོགས་ཀྱི་ངག་མེད་པ་ལ་ལྔ་བའི་མཐའ་ཅན་གྱི་གཏན་ཚིགས་སྦྱོར་བ་དང་བྲལ་བའི་ཕྱིར་རོ། །ངེས་པར་རྟོགས་པ་ཡང་ངེས་པར་གྱུར་པའི་དོན་གྱི་ངག་སྟེ་ངེས་པའི་ཡན་ལག་མ་ཡིན་པས་སྔར་དང་ མཚུངས་སོ། །ཉེ་བར་སྦྱོར་བ་ཡང་དོན་འདི་ཡིན་ཏེ། ཕྱོགས་ཀྱི་ངག་ཉིད་ཀྱིས་བཤད་པའི་ཕྱིར་དེ་སྔོན་དུ་འགྲོ་བའི་སྦྱོར་བ་ལ་དེའི་ཉེ་བར་སྦྱོར་བ་ནི་གང་ཡང་མེད་དོ། །རྗེས་སུ་དཔག་པ་ལ་ཉེ་བར་མི་མཁོ་བ་ཡང་ཅིའི་ཕྱིར་རྗེས་སུ་དཔག་པ་ཉིད་ཡིན། ཁྱབ་པ་སྔོན་དུ་སོང་བའི་སྦྱོར་བ་ལ་ཡང་ ཕྱོགས་ཀྱི་ཆོས་ཀྱི་ངག་ཉིད་ལས་དེའི་དོན་གྲུབ་ན་གཞན་ཉེ་བར་སྦྱོར་བ་ལས་ཅི་བྱེད། འོ་ན་ཕྱོགས་ཀྱི་ངག་ལ་སོགས་པ་མེད་ན་བསྒྲུབ་པའི་ངག་མ་ཚང་བར་འགྱུར་རོ། །མ་ཚང་བ་ཉིད་ཀྱང་སྐྱོན་ཁོ་ནའོ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། ཕྱོགས་ཀྱི་ངག་ལ་སོགས་པ་ཡོད་ན་ཡང་མ་ཚང་བ་ཉིད་ཀྱི་ཕྱིར་ སྐྱོན་མི་ལྡོག་པའི་ཕྱིར་ཏེ་ཚད་བཟུང་བ་ཅན་གྱི་ངག་དེ་ལས་གཞན་པ་མ་ཚང་བ་ཉིད་རྟག་ཏུ་རྗེས་སུ་འབྲེལ་པ་ཉིད་ཀྱི་ཕྱིར་རོ། །ཉེ་བར་མི་མཁོ་བ་མ་ཚང་བ་ཉིད་སྐྱོན་མེད་པ་ཁོ་ནའོ་སྙམ་ན་ད་ནི་ཇི་ལྟར་ཕྱོགས་ཀྱི་ངག་ལ་སོགས་པ་མ་ཚང་བ་ཉིད་སྐྱོན་ཡིན། དེ་རྣམས་ཀྱང་བསྒྲུབ་བྱ་བསྒྲུབ་པ་ལ་མཆོག་ཏུ་ ངེས་པར་བརྟགས་ཀྱང་ཁོ་བོ་ཅག་གིས་ཇི་ལྟར་ཡང་ཉེ་བར་མཁོ་བ་མ་མཐོང་ངོ་། །དེ་མེད་ན་ཡང་འབྲེལ་པ་དང་ཕྱོགས་ཀྱི་ཆོས་ཙམ་གྱི་ངག་ལས་དེ་ཉེ་བར་རྟོགས་པ་ཉམས་སུ་མྱོང་བས་གྲུབ་པ་ཉིད་ཀྱི་ཕྱིར་རོ། །གང་གསུངས་པ། མེད་ནའང་འདི་ལས་བྱས་པའི་སྒྲ། །འདི་འདྲར་ཐམས་ཅད་མི་རྟག་ ཅེས། །སྨྲས་པ་ཡང་དོན་གྱིས་ཏེ། །འཇིག་པའི་བློ་ནི་འབྱུང་བར་འགྱུར། །ཞེས་སོ། །དེ་ལྟ་ན་མ་ཚང་བ་ཉིད་ཅེས་བྱ་བ་བསྒྲུབ་པའི་རྒྱན་མ་ཡིན་ནོ་ཞེ་ན། དེ་ལྟ་མ་ཡིན་ཏེ། འབྲེལ་པ་ལ་སོགས་པ་མ་ཚང་བ་ཉིད་དེ་ལྟར་ཡིན་པའི་ཕྱིར་རོ། །གསུངས་པ་གསུམ་ལས་ཚུལ་འགའ་ཞིག་ཁོ་ན་མ་ སྨྲས་ན་མ་ཚང་བ་ཉིད་ཁོ་ནས་སྨྲས་སོ་ཞེས་སོ། །དེའི་ཕྱིར་གཉིས་ཁོ་ན་བསྒྲུབ་པའི་ངག་གི་ཡན་ལག་སྟེ་རེ་ཞིག་འདི་ཙམ་ཁོ་ནས་འདི་རྫོགས་པ་ཡིན་ནོ། །བྱིས་པ་འཇུག་པའི་རྟོག་གེ་ལས་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་ལེའུ་སྟེ་གསུམ་པའོ།། །།བྱིས་པ་འཇུག་པའི་རྟོག་གེ་ཞེས་ བྱ་བ་སློབ་དཔོན་ཆེན་པོ་དགྲ་ལས་རྒྱལ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ནཱ་ག་རཀྵི་ཏ་དང་། བོད་ཀྱི་སུམ་པ་ལོ་ཙཱ་བ་དཔལ་མཆོག་དང་པོའི་རྡོ་རྗེས་བསྒྱུར་བའོ།། །།༄༅༅། །རྒྱ་གར་སྐད་དུ། ཏརྐ་བྷཱ་ཥཱ། བོད་སྐད་དུ། རྟོག་གེའི་ སྐད། སངས་རྒྱས་ལ་ཕྱག་འཚལ་ལོ། །བླ་མ་འཇིག་རྟེན་དབང་བཏུད་ནས། །བྱིས་པ་ཡིད་གཞུངས་ཆུང་བ་རྣམས། །ཆོས་ཀྱི་གྲགས་པའི་ལུགས་མཉན་ཕྱིར། །རྟོག་གེའི་སྐད་ནི་རབ་གསལ་བྱ། །འདིར་རྟོག་པ་སྔོན་དུ་གཏོང་བ་དོན་དུ་གཉེར་བའི་སྐྱེ་བོ་རྣམས། སྐྱེས་བུའི་དོན་ ཐམས་ཅད་འགྲུབ་པའི་རྒྱུ་མཚན་ཚད་མའི་རྗེས་སུ་འབྲང་བས་དང་པོར་ཚད་མ་གཏན་ལ་དབབ་པར་བྱའོ། །ཚད་མ་ནི་ཡང་དག་པའི་ཤེས་པ་སྔར་མ་རྟོགས་པའི་སྤྱོད་ཡུལ་ཅན་ནོ། །འདིས་དོན་འཇལ་བས་ན་ཚད་མ་ཡིན་ལ་དེ་ཉིད་ཡང་དག་པའི་ཤེས་པ་སྟེ་ཐེ་ཚོམ་དང་ཕྱིན་ཅི་ལོག་གི་སྐྱོན་དང་བྲལ་ བ་ཉིད་ཀྱི་ཕྱིར་རོ། །སླུ་བ་མེད་པའི་ཤེས་པ་ནི་འཇིག་རྟེན་ན་ཡང་དག་པའི་ཤེས་པར་བརྗོད་ལ། ཐེ་ཚོམ་དང་ཕྱིན་ཅི་ལོག་གི་ཤེས་པ་དག་ལ་མི་སླུ་བ་ཉིད་ཡོད་པ་ཡང་མ་ཡིན་ཏེ་ཤིང་སྐམ་མམ་མི་ཡིན་སྙམ་པའི་ཤེས་པ་དང་། སྨིག་རྒྱུ་ལ་ཆུའི་རྣམ་པར་ཤེས་པ་བཞིན་ནོ། །དེའི་སྤྱོད་ཡུལ་ སྔར་མེད་པ་ཡིན་པས་སྔར་མ་རྟོགས་པའི་སྤྱོད་ཡུལ་ཅན་ནོ། །སྤྱོད་ཡུལ་ནི་ཡུལ་དེ་བུམ་པ་ལ་སོགས་པ་ཡིན་ལ། དེ་ལས་སྐྱེས་པ་དེའི་དོན་ཐོབ་པར་རུང་བའི་ཤེས་པ་ནི་ཚད་མའོ། །འོ་ན་གལ་ཏེ་ཤེས་པ་བྱེད་པ་པོ་དང་སྐྱེས་བུ་སྦྱར་བར་བྱ་བ་དང་དོན་ལས་སུ་གྱུར་པ་གང་གི་ཚེ་ཡང་ཐོབ་ པར་མི་བྱེད་ན། དེ་ཐོབ་པར་བྱེད་པ་པོ་མ་ཡིན་པ་ཉིད་ཀྱི་ཕྱིར་ཇི་ལྟར་ཚད་མ་ཡིན་ཞེ་ན། བརྗོད་པར་བྱ་སྟེ་ཤེས་པས་སྐྱེས་བུ་མགྲིན་པ་ནས་བཀུག་པའི་ཚུལ་དུ་སྟོབས་ཀྱིས་དོན་ལ་རབ་ཏུ་གཞུག་པར་བྱ་བ་མ་ཡིན་གྱི། འོན་ཀྱང་འདི་ལྟ་བུར་གྱུར་པ་འདི་དངོས་པོའི་རང་བཞིན་ཏེ། རྣམ་པ་གཞན་དུ་ ནི་མ་ཡིན་ནོ་ཞེས་པའི་རྣམ་པ་འདིས་ངེས་པ་བསྐྱེད་པར་བྱ་བ་མ་ཡིན་ཞིང་དེ་གལ་ཏེ་དེས་བྱས་ན་དེ་ཙམ་ཉིད་དེའི་ཚད་མ་ཡིན་པས་འགལ་བ་མེད་ལ་སྐྱེས་བུ་ནི་དེ་ལ་དགོས་པའི་དབང་ལས་འཇུག་པ་ཉིད་དེ་དགོས་པ་མེད་ན་མི་འཇུག་པ་ཉིད་དོ། །དོན་ཡང་རྣལ་འབྱོར་པ་དང་ ཤ་ཟ་ལ་སོགས་པ་ཉིད་ཀྱིས་བསྒྲིབས་པ་ཉིད་དེ། ཤེས་པ་ལ་ནི་རིང་བ་ཅི་ཞིག་ཡོད། འོ་ན་མི་སླུ་བ་ཉིད་ཀྱིས་ཤེས་པ་ཚད་མ་ཡིན་ལ་མི་སླུ་བ་ཉིད་ཀྱང་མཐོང་བའི་དོན་ཐོབ་པར་བྱེད་པ་ལས་ཡིན་ན། གང་མཐོང་བ་དེ་ཐོབ་པར་བྱེད་པ་ཡང་མ་ཡིན་ཏེ། སྐད་ཅིག་མ་ཉིད་ཀྱི་ཕྱིར་རོ། །གང་ གཟུགས་མཐོང་ལ་རེག་བྱ་ཐོབ་པར་བྱེད་ན་ནི་དེའི་ཕྱིར་གཞན་མཐོང་ཞིང་གཞན་ཐོབ་པར་བྱེད་པས་རྟོགས་པ་མ་ཡིན་པ་འཐོབ་པར་བྱེད་པའི་ཕྱིར་ཇི་ལྟར་ཚད་མ་ཉིད་དུ་འགྱུར་ཞེ་ན། མ་ཡིན་ཏེ། དངོས་པོར་ན་གཞན་ཐོབ་ཏུ་ཟིན་མོད། འོན་ཀྱང་མཐོང་བ་ཁོ་ན་བདག་གིས་ཐོབ་པོ་སྙམ་དུ་གཅིག་ ཉིད་དུ་ལྷག་པར་ཞེན་པ་ལས་རྟོགས་པ་ཐོབ་པར་བརྗོད་དོ། །གང་སྨིག་རྒྱུ་ལ་སོགས་པ་ལ་ཆུ་ལ་སོགས་པའི་རྣམ་པར་ཤེས་པ་དེ་ནི་དོན་ཐོབ་པར་རུང་བ་མ་ཡིན་པ་ཉིད་ཀྱི་ཕྱིར། ཚད་མ་མ་ཡིན་པ་ཁོ་ནའོ། །འོ་ན་འདི་ནི་ཐོབ་པར་བྱེད་པར་རུང་བའོ། །འདི་ནི་མ་ཡིན་ནོ་ཞེས་དོན་བྱ་བ་ནི་ཐོབ་ པ་མེད་པར་ངེས་པར་མི་ནུས་ལ་ཤེས་པ་སྐྱེ་བ་ཙམ་གྱིས་ན་འཁྲུལ་པ་དང་། མ་འཁྲུལ་པ་དག་གིས་བྱེ་བྲག་མི་རྟོགས་པས་དེའི་ཕྱིར། དེ་ཇི་ལྟར་ཡང་དག་པའི་ཤེས་པ་ཞེས་བྱ་ཞེ་ན། སྐྱོན་འདི་ནི་མེད་དེ་ཤེས་པ་ཙམ་སྐྱེ་བ་ལས་འདི་དག་གི་ཁྱད་པར་རྟོགས་པར་མི་ནུས་མོད། འོན་ཀྱང་ཤེས་ པའི་ཁྱད་པར་སྐྱེས་པ་ལས་ཏེ། ཇི་ལྟར་གཅིག་གི་ཁྱད་པར་ཅན་ཡིན་པ་དེ་ལྟར་བརྗོད་དོ། །དེ་ལྟར་ཡང་བློ་ཞན་པས་ནི་སྐྱེས་པའི་དབང་ལས་ཤེས་པ་མི་སླུ་བ་ཉིད་དུ་རྟོགས་པར་མི་ནུས་མོད། འོན་ཀྱང་སྲེག་པ་དང་འཚེད་པ་དང་། འབོགས་པ་དང་། ཁྲུས་དང་བརྟུན་པ་དང་། བསྐུ་བ་ལ་ སོགས་པའི་དོན་བྱེད་པ་རིང་པོ་ནས་ཉམས་སུ་མྱོང་བའི་སྐྱེས་བུ་མཐོང་བས་སམ། དུ་བ་ཕྱུར་བ་ལ་སོགས་པ་མཐོང་བས་ངེས་པར་འཛིན་པར་བྱེད་དོ། །བློ་མི་ཞན་པས་ནི་ཤིན་ཏུ་གསལ་བའི་མངོན་སུམ་ཁོ་ནས་རྟོགས་པར་བྱེད་དོ། །འོ་ན་གལ་ཏེ་དོན་བྱ་བ་ཐོབ་པས་ན་མི་སླུ་བའི་མཚན་ཉིད་ཅན་ཚད་ མ་ཉིད་ཡིན་པ་དེའི་ཚེ་རྣ་བའི་རྣམ་པར་ཤེས་པ་རྟོགས་པའི་དོན་ཐོབ་པར་བྱེད་པ་མ་ཡིན་པའི་ཕྱིར་ཇི་ལྟར་ཚད་མ་ཉིད་ཡིན་ཞེ་ན། མ་ཡིན་ཏེ་དོན་གྱི་རང་གི་ངོ་བོ་རྟོགས་པ་ནི་ཚད་མ་ཉིད་ཡིན་ལ་དེ་ཡང་ཕྱི་རོལ་གྱི་དོན་གྱི་བྱ་བ་ཐོབ་པ་མེད་པར་ཡང་འགའ་ཞིག་ཏུ་ཡང་སྲིད་པའི་ཕྱིར་རོ། །གང་གསུངས་པ། ཚད་མ་སླུ་མེད་ཅན་ཤེས་པ། །དོན་གྱི་བྱ་བ་གནས་པ་ནི། །མི་སླུ་ཞེས་སོ། །སྒྲ་ནི་མཉན་པ་ཙམ་ཉིད་ཀྱིས་དོན་དཔྱད་ཟིན་པ་ཉིད་ཀྱི་ཕྱིར་མཉན་པ་ཁོ་ན་དེར་དོན་གྱི་བྱ་བ་གནས་པ་སྟེ། དཔེར་ན་ཉི་མ་དང་ཟླ་བ་དང་སྤྲིན་དང་རི་མོ་ལ་སོགས་པ་རྣམས་མཐོང་བ་ཁོ་ན་དོན་གྱི་བྱ་བ་གནས་པ་ཡིན་པ་བཞིན་ ནོ། །དེ་གསུངས་པ། ཤེས་བྱའི་རང་གི་ངོ་བོ་རིག་པ་ཁོ་ན་དེ་ལ་དོན་གྱི་བྱ་བ་གནས་པར་འདོད་དོ་ཞེས་སོ། །དང་པོ་ནི་རྟོག་པ་དང་ལྡན་པ་དོན་བྱ་བ་དོན་དུ་གཉེར་བ་ཉིད་ཀྱིས་ཆུ་དང་མེ་ལ་སོགས་པ་ལ་དོན་གྱི་བྱ་བ་ལ་ཐེ་ཚོམ་ཟ་བ་ཁོ་ནས་འཇུག་སྟེ། གལ་ཏེ་དེ་ལ་འདི་ལྟ་བུའི་ཐེ་ཚོམ་མེད་དུ་ཆུག་ ཀྱང་། འོན་ཀྱང་སྒྲུབ་པར་བྱེད་པ་དང་གནོད་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་རོ། །གང་གསུངས་པ། ཐེ་ཚོམ་འགྱུར་བ་གང་གིས་ཟློག་པར་བྱེད། །ཅེས་སོ། །དེའི་ཕྱིར་འདི་ནི་གནས་པ་ཉིད་དེ། དོན་གྱི་བྱ་བའི་ཐ་སྙད་རྟོགས་པ་བར་ཆད་མེད་པས་ཤིན་ཏུ་གསལ་བའི་མངོན་སུམ་ སྐྱེས་པ་ཁོ་ན་ལས་དོན་ལ་རབ་ཏུ་འཇུག་ལ། བློ་ཞན་པས་ནི་དེ་དང་མཐུན་པའི་རྗེས་སུ་དཔག་པ་ལས་སོ་ཞེས་སོ། །དེ་ཉིད་ཀྱི་ཕྱིར་མངོན་སུམ་ནི་རང་ཉིད་ཁོ་ན་ལས་ཚད་མ་ཉིད་དོ། །ཁ་ཅིག་ནི་གཞན་ལས་སོ། །རྣལ་འབྱོར་པའི་ཤེས་པ་དང་རང་རིག་པའི་ཤེས་པ་ནི་རང་ཉིད་ཁོ་ན་ལས་ཚད་ མ་ཉིད་དོ། །རྗེས་སུ་དཔག་པ་ནི་ངེས་པའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་ར