Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 190

Văn bản gốc(Tây Tạng)

Trang 4 / 25 (50.000 ký tự/trang)
་པར་གདགས་པ་ནི་དེའི་རང་གིས་ངོ་ཤེས་པ་ལ་རག་ལས་པ་ཡིན་ན་དེ་ནི་དེ་མེད་ན་ཡོད་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཕྱོགས་སྔ་མ་ཡིན་ནོ། །གྲུབ་པའི་

མཐའ་སྨྲ་བས། འདི་ཡང་ཐལ་བར་འགྱུར་བ་མཚུངས་ཏེ་ཞེས་བྱ་བ་སྨོས་ཏེ། མཚུངས་པ་ཉིད་བསྟན་པའི་ཕྱིར། བྱ་བ་དང་ཚིག་དག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱིའི་དོན་དུ་སྨྲ་བ་ཡང་བྱ་བ་དང་ཚིག་དག་གི་རྟགས་དག་གིས་གཞན་གྱི་སེམས་ཤེས་པ་ན་ཅི་གཞན་གྱི་སེམས་དེའི་རང་གི་ངོ་བོ་
ཡུལ་དུ་བྱེད་དམ་འོན་ཏེ་མ་ཡིན། གལ་ཏེ་ཡུལ་དུ་བྱེད་ན་ནི་དེའི་ཚེ་གཞན་གྱི་སེམས་ཀྱི་རྣམ་པར་ཤེས་པ་ལ་ཡང་ཤེས་པར་འགྱུར་རོ། །འོན་ཏེ་ཡུལ་དུ་མི་བྱེད་ན་ནི་དེའི་ཚེ་ཤེས་པའམ། རྟོགས་པ་པོ་དེས་ཇི་ལྟར་ཤེས་པ་ཡིན། ཕྱིའི་དོན་དུ་སྨྲ་བའི་གཞུང་ལུགས་ཀྱི་དོགས་པ་བསུ་བར་གལ་ཏེ་རྟགས་ཀྱིས་ནི་སྤྱི་
རྟོགས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་རྟགས་ནི་སྤྱིས་ཁྱབ་ཀྱི་ཁྱད་པར་དག་གིས་ནི་མ་ཡིན་པ་དེའི་ཕྱིར་སྤྱི་ཁོ་ན་ཤེས་ཀྱི་ཁྱད་པར་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་སྔ་མའི་དོགས་པ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས་སྤྱི་དེ་ཅི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱི་དེ་ཅི་གཞན་
གྱི་སེམས་ཉིད་ཡིན་ནམ་ཐ་དད་པ་ཞིག་གམ་འོན་ཏེ་བརྗོད་པར་བྱ་བ་མ་ཡིན་པ་ཞིག་ཡིན་ཞེས་བྱ་བ་བརྟག་པ་གསུམ་མོ། །བརྟག་པ་གཉིས་བསལ་བར་བྱ་བའི་ཕྱིར་གཞན་ཉིད་དང་བརྗོད་དུ་མི་རུང་བ་ཉིད་དག་ཅིག་ཡིན་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གཞན་ཉིད་ཡིན་པའི་ཕྱོགས་ལྟར་ན་ནི་སྤྱི་དེ་ཁོ་ན་
གཟུང་གི་གཞན་གྱི་སེམས་ནི་མ་ཡིན་ནོ། །དེའི་ཕྱིར་ཇི་ལྟར་ཤེས་པ་དེས་ཕ་རོལ་གྱི་སེམས་དེ་ཤེས་པར་འགྱུར་རོ། །བརྗོད་དུ་མེད་པའི་ཕྱོགས་ལ་ཚུལ་འདི་ཉིད་ཡིན་ནོ། །ཐ་དད་པ་མ་ཡིན་པའི་ཕྱོགས་བསལ་བར་བྱ་བའི་ཕྱིར། སྤྱི་གཞན་གྱི་སེམས་ཉིད་ཀྱང་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ།
སྤྱི་ནི་གཞན་གྱི་སེམས་ཀྱི་ངོ་བོ་ཉིད་ཀྱང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ཡོད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱི་སེམས་ལས་གཞན་མ་ཡིན་པའི་སྤྱི་འཛིན་པར་ཁས་ལེན་ན། གཞན་གྱི་སེམས་ཀྱི་རྣམ་པ་ཡང་ཤེས་པར་ཐལ་བར་འགྱུར་རོ་ཞེས་སྔར་བཤད་ཟིན་ཏོ། །དེ་ལ་འདི་
སྙམ་དུ་དེ་ལྟ་ཡིན་དུ་ཟད་མོད་ཉེས་པ་ཅི་ཡོད་ཅེ་ན། དེའི་ཕྱིར་འདི་ནི་རྗེས་སུ་དཔག་པའི་ཚུལ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཉིད་རྣམ་པར་དགྲོལ་བའི་ཕྱིར། རྗེས་སུ་དཔག་པ་ནི་དོན་གྱི་རང་གི་ངོ་བོར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྗེས་སུ་དཔག་པ་ནི་རང་གི་

མཚན་ཉིད་འཛིན་པར་བྱེད་པ་ཡིན་པར་མི་འདོད་དོ། །མངོན་སུམ་ནི་ཆོས་མི་མཐུན་པའི་དཔེའོ། །ཇི་སྟེ་རང་གི་མཚན་ཉིད་འཛིན་པར་བྱེད་པ་ཡིན་པར་མི་འདོད་ཅེ་ན། སྣང་བ་ཁྱད་པར་མེད་པ་ལ་སོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་རྗེས་
སུ་དཔག་པ་ཡང་མངོན་སུམ་དང་འདྲ་བར་གསལ་བར་སྣང་བར་འགྱུར་རོ། །སོགས་པ་སྨོས་པས་ནི་མངོན་སུམ་ལས་སྐྱེ་བའི་ཆོས་ཅན་དང་། འདས་པ་ལ་སོགས་པའི་ཡུལ་འཛིན་པར་མི་བྱེད་པ་ཡང་ཐལ་བར་འགྱུར་རོ། །དེ་ལ་འདི་སྙམ་དུ་སྣང་བ་ཁྱད་པར་མེད་པ་ལ་སོགས་པར་
ཁས་ལེན་པ་ཁོ་ནའོ་སྙམ་དུ་སེམས་ན། དེའི་ཕྱིར་ཡང་ན་འདིའི་ཚད་མ་ཡིན་གྲང་ཞེས་བྱ་བ་སྨོས་ཏེ། སྣང་བ་ཁྱད་པར་མེད་པ་ལ་སོགས་པ་ཁས་ལེན་ན། རྗེས་སུ་དཔག་པ་དོན་གྱི་རང་གི་ངོ་བོ་འཛིན་པའི་ཕྱིར་ཚད་མ་ཉིད་དུ་འགྱུར་གྲང་ན་འདི་ནི་རིགས་པ་མ་ཡིན་ནོ། །གལ་ཏེ་ཚད་མ་ཉིད་རང་གི་མཚན་
ཉིད་འཛིན་པའི་རྒྱུ་ཅན་དུ་མི་འདོད་ན། འོ་ན་འདི་ཇི་ལྟར་ཚད་མ་ཉིད་ཡིན་ཞེ་ན། དེའི་ཕྱིར། དེའི་རང་གི་ངོ་བོ་མི་འཛིན་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྗེས་སུ་དཔག་པ་ཡུལ་གྱི་རང་གི་ངོ་བོ་མི་འཛིན་མོད་ཀྱི་འོན་ཀྱང་མངོན་པར་འདོད་པའི་དོན་ལ་སླུ་བར་མི་བྱེད་པས་ན་ཚད་མ་ཡིན་
པར་འདོད་དོ། །གླེགས་བམ་ཁ་ཅིག་ལས་ནི་འདི་སྐད་དུ། དེའི་ཕྱིར། འདི་ནི་ཚད་མ་ཉིད་མ་ཡིན་ནོ་ཞེས་འབྱུང་སྟེ། དེར་ནི་འདི་ལྟར་གང་གི་ཚེ་སྣང་བ་ལ་སོགས་པ་ཐ་དད་པ་དེའི་ཚེ་དེ་ནི་ཚད་མ་ཉིད་མ་ཡིན་ནོ་ཞེས་བྱ་བར་སྦྱར་བར་བྱ་སྟེ། རྗེས་སུ་དཔག་པས་རང་གི་ངོ་བོ་འཛིན་པ་དེའི་ཕྱིར་
ཚད་མ་ཉིད་ཡིན་པར་མི་འདོད་དོ། །ཅིའི་ཕྱིར་ཞེ་ན། དེའི་རང་གི་ངོ་བོ་མི་འཛིན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ངོ་བོ་མི་འཛིན་ཡང་མངོན་པར་འདོད་པའི་དོན་ལ་མི་སླུ་བ་ཡོད་པ་དེའི་ཕྱིར་འདི་ཚད་མ་ཡིན་གྱི། རང་གི་མཚན་ཉིད་འཛིན་པའི་ཕྱིར་ནི་མ་ཡིན་ནོ། །དེ་ལ་འདི་སྙམ་དུ།
རྗེས་སུ་དཔག་པ་གཞན་དང་གཞན་དག་རང་གི་མཚན་ཉིད་མི་འཛིན་ཡང་གཞན་གྱི་སེམས་རྗེས་སུ་དཔག་པས་དེས་འཛིན་པ་གོ་ཇི་སྟེ་བཟློག་ཅེ་ན། དེའི་ཕྱིར། དུ་བ་ལ་སོགས་པའི་རྟགས་ལས་སྐྱེས་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུ་བ་ལ་སོགས་པའི་རྟགས་ལས་སྐྱེས་པའི་རྗེས་

སུ་དཔག་པ་ནི། མེ་ལ་སོགས་པའི་རང་གི་ངོ་བོ་འཛིན་པར་བྱེད་པ་ཡིན་པར་མི་འདོད་དོ། །ཅིའི་ཕྱིར་ཞེ་ན་མཐོང་བ་དང་ཁྱད་པར་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། རྗེས་སུ་དཔག་པ་ཡུལ་གྱི་རང་གི་མཚན་ཉིད་འཛིན་ན་མངོན་སུམ་དང་འདྲ་བར་ཐལ་བར་འགྱུར་ལ།
རྗེས་སུ་དཔག་པ་འདས་པ་དང་། མ་འོངས་པའི་ཡུལ་ཅན་དང་། དངོས་པོའི་ངོ་བོ་ཉིད་མེད་པའི་ཡུལ་ཅན་དུ་ཡང་མི་འགྱུར་རོ། །མངོན་སུམ་ལ་སྣང་བ་བཞིན་དུ་རྗེས་སུ་དཔག་པའི་རྣམ་པར་རྟོག་པ་ལ་སྣང་བས་དོན་བྱ་བ་བྱེད་པར་ཡང་འགྱུར་རོ། །དེ་ལ་འདི་སྙམ་དུ། གཞན་གྱི་
སེམས་རྗེས་སུ་དཔག་པ་ལ་མི་སླུ་བ་དེ་ཉིད་མེད་དོ་སྙམ་དུ་སེམས་ན་དེའི་ཕྱིར་གཞན་གྱི་སེམས་ཀྱི་རྗེས་སུ་དཔག་པ་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མི་སླུ་བ་ཉིད་ཀྱི་འཐད་པ་ཐབས་ཀྱིས་བསྟན་པའི་ཕྱིར་འཇུག་པར་བྱེད་པས། དེའི་སྒོ་ནས་སྲོག་ཆགས་གཞན་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། འཇུག་པའི་བྱེད་པས་གཞན་གྱི་སེམས་རྗེས་སུ་དཔག་པ་དེའི་སྒོ་ནས་སྲོག་ཆགས་གཞན་ཡོད་པར་རྟོགས་ནས། གལ་ཏེ་ཡང་དང་ཡང་དུ་ཐ་སྙད་ལ་འཇུག་པ་འདི་ལྟ་སྟེ་མངོན་པར་འདོད་པ་དང་། རྩོལ་བ་དང་གཞན་དང་གཞན་དུ་འགྲོ་བ་ལ་སོགས་པ་བྱེད་ན་སྲོག་
ཆགས་གཞན་གྱི་དབང་གིས་འབྱུང་བའི་དོན་ཀུན་དུ་སྨྲ་བ་ལ་སོགས་པ་འཐོབ་པོ། །ཡང་ན་ཡང་དང་ཡང་དུ་ཐ་སྙད་ལ་འཇུག་པ་འདི་ལྟ་སྟེ་མངོན་པར་འདོད་པ་དང་། རྩོལ་བ་དང་། ཡུལ་གཞན་དུ་འགྲོ་བ་ལ་སོགས་པ་བྱེད་པ་ན་སྲོག་ཆགས་གཞན་གྱི་དབང་གིས་འབྱུང་བའི་དོན་ཀུན་དུ་སྨྲ་
བ་ལས་སོ། །ཡང་ན་ཡང་དང་ཡང་དུ་ཐ་སྙད་ལ་འཇུག་པར་བྱེད་པ་ནི་ཀུན་དུ་སྨྲ་བའི་རྗེས་ལ་ཁྱིམ་དུ་འཇུག་པ་དང་། དེའི་རྗེས་ལ་སྟན་འདིང་བ་དང་དེའི་རྗེས་ལ་ཡང་ཟས་དང་སྐོམ་སྦྱིན་པ་དང་། དེའི་རྗེས་ལ་ཡང་མལ་ཆ་དང་སྟན་ཤོམ་པ་དང་། རྐང་པ་བཀྲུ་བའི་ཆུ་སྦྱིན་པ་དང་།
རྐང་པ་མཉེ་བ་ལ་སོགས་པའོ། །ཡང་ཅིའི་ཕྱིར་ཐ་སྙད་ཕྱི་མ་བསྒྲུབ་པའི་ཕྱིར་ཚད་མ་ཉིད་ཡིན་པར་འདོད་ཅེ་ན། དེའི་ཕྱིར། འཇིག་རྟེན་ནི་འབྲས་བུ་དེ་ཙམ་ལ་སེམས་ཤིང་སྲོག་ཆགས་གཞན་རྗེས་སུ་དཔག་པ་ལ་འཇུག་པའི་ཡང་ཕྱིར་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་འདི་ལ་

དེ་ཙམ་ཡོད་པས་འདི་ནི་དེ་ཙམ་ཡིན་ཏེ། དེ་ཞེས་བྱ་བའི་སྒྲས་ནི་དོན་བྱེད་པ་ལ་བྱའོ། །ཙམ་ཞེས་བྱ་བའི་སྒྲ་ནི་ཚད་ལ་བྱའོ། །འཇིག་རྟེན་གང་ལ་འབྲས་བུ་དེ་ཙམ་ལ་སེམས་པ་ཡོད་པ་ནི་འབྲས་བུ་དེ་ཙམ་ལ་སེམས་པ་ཡིན་ཏེ་འཇུག་པའོ། །འདི་སྐད་དུ་འཇིག་རྟེན་གྱི་སྲོག་
ཆགས་གཞན་ཡོད་པར་རྗེས་སུ་དཔག་པ་གང་ཡིན་པ་དེ་ནི་སྲོག་ཆགས་གཞན་གྱི་དབང་གིས་འབྱུང་བའི་དོན་བྱ་བ་འཐོབ་པ་ལ་སེམས་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ཡང་ཞེས་བྱ་བའི་སྒྲ་ནི་འཇིག་རྟེན་གྱི་འཇུག་པའི་འབྲས་བུ་དེ་ཙམ་དུ་ཟད་དོ་ཞེས་ངེས་པར་བྱ་བའི་དོན་ཡིན་ནོ། །འདི་ཅིའི་ཕྱིར་ཞེ་ན། སྐྱེས་
བུའི་དོན་ཕྱི་མའི་ཁྱད་པར་དུ་སྣང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་ཕྱི་མའི་ཁྱད་པར་ནི་སྲེག་པ་དང་འཚེད་པ་ལ་སོགས་པའོ། །ཤེས་པ་གང་ལ་དེ་ལྟ་བུ་སྣང་བའི་ངང་ཚུལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །དེ་མྱོང་བ་ནི་དོན་ཕྱི་མའི་ཁྱད་པར་དུ་སྣང་བའི་ཤེས་པ་མྱོང་བའོ། །དེ་སྐྱེས་པ་ཉིད་ནི་སྐྱེས་
པ་ཙམ་མོ། །འདིར་རེ་བ་དང་བྲལ་བས་ན། འདི་ནི་རེ་བ་མེད་པའོ། །དེའི་ངོ་བོ་ཉིད་ནི་དེ་ཉིད་དེ། རེ་བ་མེད་པ་ཉིད་དེའི་ཕྱིར་རོ། །འདི་སྐད་དུ་གང་གི་ཚེ་སྐྱེས་བུས་མི་དམིགས་པའི་རྗེས་ལ་སྲེག་པ་ལ་སོགས་པར་སྣང་བའི་ཤེས་པ་མྱོང་བ་སྐྱེས་པ་དེ་ཁོ་ནའི་ཚེ་འདི་རེ་བ་མེད་པར་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །
སྐྱེས་བུ་ནི་དེ་ཙམ་གྱིས་རེ་བ་མེད་པ་ཉིད་ཡིན་དུ་ཆུག་ན། དེ་ཙམ་གྱིས་ཤེས་པ་སྔ་མ་གོ་ཇི་ལྟར་ཚད་མ་ཉིད་ཡིན་ཞེ་ན། ཤེས་པ་སྔ་མ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་ཤེས་པ་སྔ་མས་ཇི་སྐད་བཤད་པའི་ཚུལ་གྱིས་ཐ་སྙད་ཡོངས་སུ་རྫོགས་པས་དོན་བྱེད་པར་གྱུར་པ་དེའི་ཕྱིར་ཚད་མར་
རྣམ་པར་གཞག་གོ། །འདིར་ཕ་རོལ་པོས་འཁྲུལ་བར་བསྟན་པའི་ཕྱིར། རྨི་ལམ་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྨི་ལམ་ན་ཡང་དོན་ཕྱི་མ་བྱེད་པར་སྣང་བའི་ཤེས་པ་ཤེས་པ་སྔ་མའི་རྒྱུ་མཚན་ཅན་སྐྱེད་མོད་ཀྱི། དེ་ཙམ་གྱིས་ནི་ཤེས་པ་སྔ་མ་ཚད་མ་ཡིན་པར་རིགས་པ་མ་ཡིན་ནོ། །ཅིའི་
ཕྱིར་རིགས་པ་མ་ཡིན་ཞེ་ན། དེའི་ཚེ་ཤེས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་པ། རྨི་ལམ་ན་ཤེས་པ་ཐམས་ཅད་འཁྲུལ་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་སྔ་མ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས་འདིར་རྣམ་པར་རིག་བྱེད་ཀྱི་ཤེས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱ་བ་དང་ཚིག་གི་རྣམ་པ་ཅན་གྱི་ཤེས་པ་ནི་གཡོ་

བའི་དབང་མེད་པར་མི་འབྱུང་བས་དེའི་ཕྱིར་དེ་དག་གིས་དེ་དག་རྗེས་སུ་དཔོག་པར་བྱེད་དོ། །ཁྱད་པར་ནི་དེ་བས་ཀྱང་བསླད་པའི་གནས་སྐབས་ན་ནི་དབང་ཆོད་པའི་ཕྱིར་བརྒྱུད་དེ་འབྱུང་ལ། གཉིད་མ་ལོག་པའི་གནས་སྐབས་ན་ནི་དབང་ཆོད་པར་འབྱུང་ངོ་ཞེས་བྱ་བ་ནི་འདི་ཡིན་ཏེ། འདི་ཐམས་ཅད་ནི་སྔར་
བཤད་ཟིན་ཏོ། །དེ་ལྟར་རྣམ་པར་རིག་བྱེད་ཀྱི་ཤེས་པ་རྣམས་གནས་སྐབས་གཉི་གར་ཡང་གཡོ་བ་ལ་རག་ལུས་པ་ཅན་ཡིན་པར་བསྒྲུབས་ནས་རྨི་ལམ་གྱི་གནས་སྐབས་ན་རྣམ་པར་རིག་བྱེད་ཀྱི་ཤེས་པ་ལས་དུས་ཕྱིས་འབྱུང་བའི་ཤེས་པ་རྣམས་ཇི་ལྟར་ན་གཡོ་བ་ལ་རག་ལུས་པ་ཅན་ཉིད་ཡིན་པ་དེ་
བཞིན་དུ་བསྟན་པའི་ཕྱིར་དེ་ལ་ཇི་ལྟར་རྣམ་པར་རིག་བྱེད་ཀྱི་ཤེས་པ་སྔ་མ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྨི་ལམ་གྱི་སྐབས་ན་ཇི་ལྟར་རྣམ་པར་རིག་བྱེད་ཀྱི་ཤེས་པ་སྔ་མ་རྣམས་གཡོ་བའི་དབང་གིས་བརྒྱུད་དེ་འབྱུང་བ་ལྟར་གནས་སྐབས་ཕྱིས་འབྱུང་བ་རྣམས་ཀྱང་དེ་དང་འདྲའོ། །དེ་ལ་
བརྒྱུད་པ་ནི་འདི་ལྟ་བུ་ཡིན་ཏེ། གཉིད་མ་ལོག་པའི་གནས་སྐབས་ན་ནི་རེ་ཞིག་དང་པོར་གཞན་གྱིས་གཡོ་བའི་དབང་ལས་རིག་བྱེད་ཀྱི་ཤེས་པ་དག་གོ། །དེ་དག་ལས་སྲོག་ཆགས་གཞན་ཡོད་པར་རྗེས་སུ་དཔག་གོ། །སྲོག་ཆགས་གཞན་ཡོད་པར་རྗེས་སུ་དཔག་ནས་འཇུག་པའི་ཤེས་པ་
དག་གོ། །དེ་དག་གི་རྗེས་སུ་མངོན་དུ་སྨྲ་བ་དང་ཕྱག་བྱ་བའི་ཤེས་པ་དག་གོ། །དེ་དག་གི་ཡང་རྗེས་ལ་ཀུན་དུ་སྨྲ་བ་དང་། སྟན་འདིང་བ་ལ་སོགས་པའི་ཤེས་པ་དང་། དེ་བཞིན་དུ་ལུང་འབོགས་པ་དང་། འདོན་པ་དང་། ཁ་དོན་བྱེད་པ་ལ་སོགས་པའི་ཤེས་པ་རྣམས་སོ། །དེ་
ནས་དུས་རེ་ཞིག་མནའ་བའི་ཤེས་པ་དག་གོ། །དེ་ནས་གཉིད་ལྡོག་གོ། །གཉིད་ལྡོག་པ་དང་སྔོན་གོམས་པའི་དབང་གིས་རྣམ་པར་རིག་བྱེད་ཀྱི་ཤེས་པ་དག་སྐྱེའོ། །དེ་ནས་ཡང་སྲོག་ཆགས་གཞན་ཡོད་པའི་རྗེས་སུ་དཔག་པ་འབྱུང་ངོ་། །དེ་ནས་ཡང་འཇུག་པ་དང་། ཀུན་དུ་སྨྲ་བ་
ལ་སོགས་པའི་ཤེས་པ་དག་སྐྱེ་བ་ཡིན་ནོ། །འཇུག་པ་ལ་སོགས་པའི་ཤེས་པ་རྣམས་བརྒྱུད་དེ་སྐྱེ་བ་སྐྱེ་བ་དེ་ཉིད་བསྟན་པའི་ཕྱིར། རྣམ་པར་རིག་བྱེད་ཀྱི་ཤེས་པའི་རྟེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉིད་མ་ལོག་པའི་གནས་སྐབས་ན། རྣམ་པར་རིག་བྱེད་ཀྱི་ཤེས་པའི་རྟེན་གཞན་

གྱི་རྒྱུད་ལ་ཡོད་པའི་གཡོ་བ་གང་ཡིན་པ་སྟེ། དེའི་གནས་སྐབས་ཕྱི་མ་ནི་འཆད་པར་བྱེད་པའི་རྗེས་སུ་དཔག་པའི་འོག་རོལ་དུ་འབྱུང་བར་ཀུན་དུ་སྨྲ་བ་ལ་སོགས་པ་ཐ་སྙད་ཀྱི་རྣམ་པ་ཅན་གྱི་ཤེས་པ་བསྐྱེད་པར་ནུས་པ་གང་ཡིན་པའོ། །དེ་དག་ན་ཡོད་པའི་སེམས་
གང་ཡིན་པའི་རྣམ་པར་རིག་བྱེད་ཀྱི་ཤེས་པའི་རྟེན་གཡོ་བའི་གནས་སྐབས་ཕྱི་མ་པའི་སེམས་ཀྱི་རྒྱུད་དེ་ལས་ཇི་སྐད་བཤད་པའི་རྣམ་པས་རྨི་ལམ་གྱི་གནས་སྐབས་ན་འཇུག་པ་ལ་སོགས་པའི་ཤེས་པ་རྣམས་བརྒྱུད་དེ་སྐྱེའོ། །དེ་ལ་འདི་སྙམ་དུ་བརྒྱུད་དེ་སྐྱེས་བ་ལ་ནི་རག་སྟེ། འཁྲུལ་པ་ནི་
སོ་ན་འདུག་པ་ཁོ་ནའོ་སྙམ་དུ་སེམས་ན་དེའི་ཕྱིར། དེ་ཡང་རྗེས་སུ་དཔག་པ་ཅི་འདྲ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྨི་ལམ་གྱི་གནས་སྐབས་ན་ཡང་གཞན་གྱི་སེམས་ཀྱི་རྗེས་སུ་དཔག་པ་དུས་ཇི་སྲིད་ཅི་འདྲ་བ་དེ་ལྟ་བུའི་མི་སླུ་བ་ཀུན་དུ་སྨྲ་བ་ལ་སོགས་པའི་ངོ་བོ་ཡང་དུས་དེ་སྲིད་ཙམ་དུ་
ཡོད་པ་ཁོ་ན་ལ། ཕན་ཚུན་འབྲེལ་པའི་ཐ་སྙད་ཀྱང་དུས་དེ་སྲིད་ཙམ་ཡོད་པ་ཉིད་པས་འཁྲུལ་པའི་ཉེས་པ་འགའ་ཡང་མེད་དོ། །གཞན་དག་ནི་འདི་ཉིད་ལ་གཞན་དུ་རྣམ་པར་འཆད་པར་བྱེད་དེ། རྨི་ལམ་གྱི་གནས་སྐབས་དེ་ན་ཡང་ཤེས་པ་སྔ་མའི་རྗེས་སུ་དཔག་པ་བརྒྱུད་དེ་སྐྱེ་བའི་ཆོས་
ཉིད་ཅི་འདྲ་བར་འབྲས་བུའི་རྟགས་ནི་རྒྱུ་ལ་འཁྲུལ་པ་མེད་པའི་ཕྱིར་གཉིད་མ་སད་པའི་སེམས་ལ་ཡང་མི་སླུ་བ་དོན་བྱེད་པར་སྣང་བར་སྐྱེ་བའི་མཚན་ཉིད་ཅན་དེ་ལྟ་བུ་ཡོད་པ་ཁོ་ན་ཡིན་ལ། ཐ་སྙད་ཀྱང་དུས་ཀྱིས་ཆོད་པའི་རྣམ་པ་ཅན་རྗེས་སུ་དཔག་པས་མི་སླུ་བའི་མཚན་ཉིད་ཡོད་པ་
ཁོ་ན་ཡིན་པས་ཅིས་ཀྱང་མི་བཟུང་ངོ་ཞེས་ཟེར་རོ། །ཕྱིའི་དོན་དུ་སྨྲ་བ་དེ་ལྟར་བཅོམ་ཡང་སྲན་མི་འདོར་ཞིང་། ཡང་གཞན་གྱི་སེམས་སུ་དཔག་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གཞན་གྱི་སེམས་རྗེས་སུ་དཔག་པས་དེའི་རང་གི་ངོ་བོ་མི་འཛིན་ཡང་མི་སླུ་བའི་ཕྱིར་ཚད་མ་
ཉིད་ཡིན་ན་ཡིན་པ་ལ་ནི་རག་ན། གང་དག་གིས་གཞན་གྱི་སེམས་མངོན་སུམ་དུ་ཤེས་པ་དེ་རྣམས་ཀྱི་གོ་ཇི་ལྟར། གལ་ཏེ་རེ་ཞིག་གཞན་གྱི་སེམས་ཀྱི་རང་གི་ངོ་བོ་མི་འཛིན་ཡང་མི་ཤེས་ན་ནི་དེའི་ཚེ་མངོན་སུམ་འདིའི་གཟུང་བ་གཞན་དོན་ཡིན་པར་འགྱུར་རོ། །འོན་ཏེ་མི་ཤེས་ན་ནི་དེའི་ཚེ་རྣལ་

འབྱོར་པ་དེ་དག་ཇི་ལྟར་མངོན་སུམ་དུ་ཤེས་པ་ཡིན་པར་འདོད་དོ། །གཏན་ཚིགས་སུ་བསྡུ་བར་ཇི་ལྟར་ན་མངོན་སུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མངོན་སུམ་ནི་དོན་གྱིས་རང་གི་ངོ་བོ་འཛིན་པར་བྱེད་པ་ཡིན་པར་འདོད་དོ། །གལ་ཏེ་དོན་གྱིས་རང་གི་ངོ་བོ་མི་འཛིན་ན་ནི་མངོན་སུམ་དེ་ཅི་འདྲ་བ་ཞིག་ཡིན།
དོན་གྱིས་རང་གི་ངོ་བོ་མི་འཛིན་ན་ཚད་མ་ཉིད་ཡིན་པ་གསལ་བའི་ཕྱིར། འོན་ཏེ་མི་འཛིན་ན་ཇི་ལྟར་ཚད་མ་ཡིན་ཞེས་བྱ་བ་སྨོས་ཏེ། འདིའི་ཚད་མ་ཉིད་ནི་རང་གི་ངོ་བོ་འཛིན་པའི་རྒྱུ་ཅན་ཡིན་ནོ་སྙམ་པ་ནི་ཕྱོགས་སྔ་མའི་དོགས་པ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས། གནས་མ་གྱུར་པའི་ཕྱིར་རྣལ་འབྱོར་པ་
གཟུང་བ་དང་། འཛིན་པའི་རྣམ་པར་རྟོག་པ་མ་སྤངས་པ་རྣམས་ཀྱིས་གཞན་གྱི་སེམས་ཤེས་པའི་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣལ་འབྱོར་པ་གང་དག་ལ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་མ་སྤངས་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེ་དག་གིས་གཞན་གྱི་སེམས་ཤེས་པ་
གང་ཡིན་པ་དེ་ནི་ཐ་སྙད་ལ་མི་སླུ་བ་ཉིད་ཀྱིས་དཔེར་ན་བདག་ཅག་ལ་སོགས་པ་དང་འབྲེལ་པའི་གཟུགས་ལ་སོགས་པ་མཐོང་བ་བཞིན་དུ་ཚད་མ་ཉིད་ཡིན་གྱི། རང་གི་ངོ་བོ་འཛིན་པའི་ཕྱིར་ནི་མ་ཡིན་ནོ། །གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་མ་སྤངས་པའི་རྒྱུ་གནས་མ་གྱུར་པའི་ཕྱིར་ཞེས་བྱ་བ་
སྨོས་ཏེ། འདི་ལྟར་དེ་དག་གིས་ཀུན་གཞི་རྣམ་པར་ཤེས་པའི་མཚན་ཉིད་མ་གྱུར་ཏོ། །དེ་གྱུར་པ་ནི་གཟུང་བ་དང་འཛིན་པར་རྣམ་པར་རྟོག་པའི་བག་ཆགས་སྤངས་པ་ཡིན་ནོ། །གལ་ཏེ་གཞན་གྱི་སེམས་ཤེས་པ་རང་གི་ངོ་བོ་འཛིན་པ་མ་ཡིན་ནོ། །འོ་ན་དེ་ཇི་ལྟར་རྣམ་པ་གསལ་བ་ཅན་ཡིན་ཞེ་ན།
རྣལ་འབྱོར་གྱི་དབང་གིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྒོམས་པའི་སྟོབས་ཀྱིས་ནི་རྣལ་འབྱོར་པ་རྣམས་ལ་གཞན་གྱི་སེམས་ཤེས་པ་གཞན་གྱི་སེམས་ཀྱི་རྣམ་པའི་བྱེ་བྲག་གསལ་བར་རྗེས་སུ་བྱེད་པ་འབྱུང་བར་འགྱུར་ཏེ། དཔེར་ན་ལས་ཀྱི་སྟོབས་དང་། ལྷ་ལ་སོགས་པའི་བྱིན་གྱི་རླབས་
ཀྱི་སྟོབས་ཀྱིས་རྨི་ལམ་བདེན་པ་མཐོང་བ་རྣམས་ལ་ཤེས་པ་དོན་གྱིས་རྣམ་པ་གསལ་བ་ཅན་འབྱུང་བ་དེ་ལྟ་བུའོ། །དེ་ལ་འདི་སྙམ་དུ་འོ་ན་ནི་བསྒོམས་པའི་སྟོབས་ཁོ་ནས་རྣལ་འབྱོར་པ་རྣམས་ཀྱིས་གཞན་གྱི་སེམས་ཤེས་པ་དེས། སེམས་ཀྱི་རང་གི་ངོ་བོ་ཅི་སྟེ་མི་འཛིན་སྙམ་དུ་སེམས་ན།

དེའི་ཕྱིར་དེ་དག་ལ་ཡང་གཞན་གྱི་སེམས་ཤེས་པའི་ཡུལ་ཅན་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བསྒོམས་པའི་སྟོབས་ལས་སྐྱེ་ཡང་གཞན་གྱི་སེམས་ཀྱི་རང་གི་ངོ་བོ་ཡུལ་དུ་བྱེད་པར་ནུས་པ་ནི་མ་ཡིན་ཏེ། རྣལ་འབྱོར་པ་དེ་ལྟ་བུ་རྣམས་ཀྱིས་གཟུང་བ་དང་འཛིན་
པའི་རྣམ་པར་རྟོག་པ་མ་སྤངས་པའི་ཕྱིར་རོ། །གལ་ཏེ་རྣལ་འབྱོར་པ་རྣམས་ཀྱིས་གཞན་གྱི་སེམས་ཀྱི་རང་གི་ངོ་བོ་མི་ཤེས་ན། ཇི་ལྟར་གཞན་གྱི་སེམས་ཤེས་པ་ཞེས་བྱ་བར་ངེས་པར་འཛིན་པར་འགྱུར་ཞེ་ན། དེའི་ཕྱིར། དེ་དག་ཀྱང་རང་གི་སེམས་སྣང་བ་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། རྣལ་འབྱོར་པ་རྣམས་ཀྱང་རང་གི་སེམས་དང་སྣང་བ་གཞན་གྱི་སེམས་དང་རྣམ་པ་མཚུངས་པ་ཁོ་ན་ལས་གཞན་གྱི་སེམས་ཤེས་པ་ཞེས་བྱ་བར་ངེས་པར་བཟུང་ནས་ཐ་སྙད་འདོགས་སོ། །གལ་ཏེ་རང་གི་ངོ་བོ་འཛིན་པ་མ་ཡིན་པ་འོ་ན་ཇི་ལྟར་ན་མངོན་སུམ་ཡིན། ཇི་ལྟར་ན་ཚད་མ་ཉིད་ཡིན་
ཞེ་ན། དེའི་ཕྱིར་མངོན་སུམ་དེ་ནི་དེའི་རྣམ་པའི་རྗེས་སུ་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་གཞན་གྱི་སེམས་ཀྱི་རྣམ་པ་གསལ་བར་རྗེས་སུ་བྱེད་པ་དེའི་ཕྱིར་མངོན་སུམ་ཡིན་པར་འདོད་ལ། གང་གི་ཕྱིར་མི་སླུ་བ་དེའི་ཕྱིར་ཚད་མ་ཡིན་པར་འདོད་དོ། །འོ་ན་དེ་བཞིན་
གཤེགས་པ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་སྤངས་པ་རྣམས་ཀྱིས་གཞན་གྱི་སེམས་མཁྱེན་པ་གང་ཡིན་པ་དེ། ཅི་གཞན་གྱི་སེམས་ཀྱི་རང་གི་ངོ་བོ་ཡུལ་དུ་མཛད་དམ། འོན་ཏེ་མི་མཛད་གལ་ཏེ་མཛད་ན་ནི་དེའི་དོན་ཡང་དོན་གཞན་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །འོན་ཏེ་
མི་མཛད་ན་ནི་དེའི་ཚེ་བཅོམ་ལྡན་འདས་ཀྱིས་མཁྱེན་པ་ཡང་དོན་ཇི་ལྟ་བ་བཞིན་མ་ཡིན་པར་འགྱུར་རོ་ཞེ་ན། དེའི་ཕྱིར། བཅོམ་ལྡན་འདས་རྣམས་ཀྱི་དོན་དུ་དོན་ཐམས་ཅད་ཐུགས་སུ་ཆུད་པ་ནི་བསམ་གྱིས་མི་ཁྱབ་སྟེ་ཞེས་བྱ་བ་སྨོས་ཏེ། རྣལ་འབྱོར་པ་རྣམས་ཀྱི་གཙོ་བོ་དེ་བཞིན་གཤེགས་
པ་རྣམས་ཀྱི་སངས་རྒྱས་ཀྱི་ཡུལ་ནི་བསམ་གྱིས་མི་ཁྱབ་སྟེ། དེ་དག་གིས་ནི་གཞན་གྱི་སེམས་མཁྱེན་པ་བསམ་གྱིས་མི་ཁྱབ་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཁྱད་པར་མེད་པར་དོན་ཐམས་ཅད་རྣམ་པ་ཐམས་ཅད་དུ་མཁྱེན་པ་ཡང་བསམ་གྱིས་མི་ཁྱབ་པོ། །ཅིའི་ཕྱིར་ཞེ་ན། གནས་

སྐབས་དེ་ནི་རྣམ་པ་ཐམས་ཅད་དུ་ཤེས་པ་དང་བརྗོད་པའི་ཡུལ་ལས་འདས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པའི་མཁྱེན་པ་ལས་གཞན་པའི་ཤེས་པས་ངེས་པར་གཟུང་བར་མི་ནུས་པའི་ཕྱིར་ཤེས་པའི་ཡུལ་ལས་འདས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རང་གི་ངོ་བོ་ཇི་ལྟ་བ་བཞིན་དུ་མ་
རྟོགས་པས་བརྗོད་པའི་ཡུལ་ལས་འདས་པ་ཡིན་ནོ། །ཡང་དེ་བཞིན་གཤེགས་པ་རྣམས་ཀྱིས་དོན་ཐམས་ཅད་མཁྱེན་པ་ནི་རྣམ་པ་གཉིས་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དེ་བཞིན་ཉིད་མཁྱེན་པ་དང་། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་དངོས་པོ་ཐམས་ཅད་དུ་མཁྱེན་
པའོ། །དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་ཡང་དག་པར་བྲལ་བ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དེ་བཞིན་ཉིད་རིག་པས་དོན་ཐམས་ཅད་མཁྱེན་པ་དོན་དམ་པར་ཐམས་ཅད་མཁྱེན་པ་ནི་ཡིན་ཏེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །
སོ་སོར་རྟོག་པའི་ཡེ་ཤེས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་ལས་ཐོབ་པ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་ལྡན་པས་དངོས་པོ་ཕྲ་བ་དང་། བསྒྲིབས་པ་དང་། བསྐལ་པ་ཐམས་ཅད་རྣམ་པ་ཐམས་ཅད་དུ་མཁྱེན་པ་ནི་འཇིག་རྟེན་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཡིན་
ཏེ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་ལས་ཐོབ་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སོ་སོར་རྟོག་པའི་ཡེ་ཤེས་ལ་དོན་ཐམས་ཅད་མཁྱེན་པའི་ཚུལ་མི་འགལ་ལོ། །དེ་ལ་གཟུང་བ་དང་འཛིན་པར་རྣམ་པར་རྟོག་པ་ཡོད་པར་ཁས་བླངས་པས་ཕྱིན་ཅི་ལོག་
པ་ཡང་མ་ཡིན་ཏེ། དེ་ཕྱིན་ཅི་མ་ལོག་པ་ཉིད་དུ་གཟིགས་པའི་ཕྱིར་རོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོ་ཙམ་གྱི་ཡུལ་ཅན་ཡིན་པའི་ཕྱིར་རོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལ་དམིགས་པ་ཡིན་ནོ། །བྱ་བ་སྒྲུབ་པའི་ཡེ་ཤེས་ནི་རང་དང་སྤྱིའི་མཚན་ཉིད་ཀྱི་
ཡུལ་ཅན་ཡིན་ནོ། །དེ་ལྟར་ན་དེ་བཞིན་གཤེགས་པ་ནི་ཡེ་ཤེས་བཞིའི་རང་བཞིན་ཡིན་ལ། དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ནི་འཇིག་རྟེན་ལས་འདས་པ་ཡིན་ནོ། །དེའི་རྗེས་ལས་ཐོབ་པ་གཞན་དག་ནི་འཇིག་རྟེན་པ་ཡིན་ནོ། །དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་དོན་ཐམས་ཅད་

མཁྱེན་པ་ནི་ཡེ་ཤེས་བཞི་པོ་འདི་དག་ལ་ཅི་རིགས་པར་སྦྱར་བར་བྱའོ། །བདག་གིས་རྒྱུད་གཞན་གྲུབ་པ་ནི། །ཡི་གེ་རྣམ་ཕྱེ་ནས་བཤད་པའི། །དགེ་བ་རྙེད་པ་གང་ཡིན་དེས། །འགྲོ་བས་གྲུབ་པ་ཐོབ་གྱུར་ཅིག། རྒྱུད་གཞན་ཡང་དག་གྲུབ་པ་ཡི། །འགྲེལ་བཤད་
ཚིག་ཙམ་རྣམ་འགྲེལ་པ། །སངས་རྒྱས་ཉིད་ནི་འདོད་པ་ཡི། །དུལ་བའི་ལྷས་ནི་བྱས་པ་ཡིན། །རྒྱུད་གཞན་གྲུབ་པའི་འགྲེལ་བཤད་སློབ་དཔོན་དུལ་བའི་ལྷས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་
གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། བཱ་ད་ནྱ་ཡ་བྲྀཏྟི་བི་པཉྫི་ཏཱརྠ་ནཱ་མ། བོད་སྐད་དུ། རྩོད་པའི་རིགས་པའི་འགྲེལ་པ་དོན་རྣམ་པར་འབྱེད་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྣ་ཚོགས་ཡོན་ཏན་དམ་པ་
རིན་ཆེན་ཕུང་པོའི་འོད་ཀྱིས་རྟག་ཏུ་མུན་པ་བཅོམ་གྱུར་ཅིང་། །གང་ཞིག་རྣམ་པ་སྣ་ཚོགས་སེམས་ཅན་འདོད་པའི་འབྲས་བུ་ཐོབ་པའི་དོན་དུ་བརྩོན་གྱུར་པ། །མ་ལུས་འགྲོ་བ་ཕན་པ་སྐྱེད་པར་དགྱེས་པ་འཇམ་དཔལ་དེ་ལ་གུས་པར་ཕྱག་འཚལ་ནས། །རྩོད་པའི་རིགས་པ་རྣམ་པར་འབྱེད་པ་དྲི་མ་
དང་བྲལ་མདོར་བསྡུས་པ་འདི་བརྩམ་པར་བྱ། །གང་དགོས་པ་དང་བྲལ་བ་དེ་རྟོག་པ་སྔོན་དུ་བྱེད་པ་རྣམས་ཀྱིས་བརྩམ་པར་བྱ་བ་མ་ཡིན་ཏེ། དཔེར་ན་བྱ་རོག་གི་སོ་རྣམ་པར་ངེས་བྱེད་ལ་སོགས་པ་བཞིན། རབ་ཏུ་བྱེད་པ་འདི་ཡང་དགོས་པ་མེད་པའོ་ཞེས་དོགས་པར་བྱེད་པའི་དོགས་པ་དེ་
ཡོངས་སུ་སྤང་བར་བཞེད་པས་དགོས་པ་བསྟན་པའི་ཆེད་དུ་རིགས་པ་སྨྲ་བ་རྣམས་ཀྱང་ཞེས་པ་ལ་སོགས་པའི་ངག་ཉེ་བར་བཀོད་དོ། །ཡང་ཇི་ལྟར་ངག་འདིས་དགོས་པ་ཉེ་བར་བསྟན་ཞེ་ན། འདི་ནི་རེ་ཞིག་གཞག་གོ། །དོན་རྣམ་པར་བཤད་པར་བྱ་སྟེ། རིགས་པ་ནི་ཚུལ་གསུམ་པའི་
རྟགས་ཀྱི་མཚན་ཉིད་རིགས་པ་སྟེ། འདོད་པའི་དོན་གྲུབ་པ་འདིས་འདྲེན་ཅིང་ཐོབ་པར་བྱའོ་ཞེས་བྱས་སོ། །དེ་ཉིད་ཀྱི་ཕྱིར་རྟགས་རྣམ་པ་གསུམ་ཁོ་ན་ཞེས་བྱ་བ་ལ་སོགས་པ་ཚུལ་གསུམ་པ་ཁོ་ནའི་རྟགས་བར་མ་ཆད་པར་འཆད་པར་འགྱུར་རོ། །དེ་རྗོད་པར་བྱེད་པའི་ཚིག་གོ་ཞེས་གཞན་

རྣམས་སོ། །དེ་སྨྲ་བའི་ངང་ཚུལ་འདི་ཡིན་པ་དེ་ལ་དེ་སྐད་དུ་བཤད་དོ། །དེ་ཡང་ཚར་གཅོད་པར་བྱེད་དེ་ཕམ་པར་བྱེད་དོ་ཞེས་པའི་དོན་ཏོ། །ཚར་གཅོད་པ་ནི་རིགས་པ་སྨྲ་བའི་ཕམ་པའི་སྐབས་ཉིད་ཁོ་ན་ཡིན་པའི་ཕྱིར་རོ། །རིགས་པ་སྨྲ་བ་ནི་ཚར་གཅད་པའི་འོས་མ་ཡིན་པས། ཚར་
གཅོད་པར་བྱེད་པ་འདི་སྲིད་པར་འོས་པ་མ་ཡིན་མོད། གཞན་མཁས་པ་ལ་ཕྲག་དོག་པའི་བློ་ཅན་གྱིས་དེ་ཡང་ཕམ་པར་འགྱུར་བ་མི་སྲིད་དོ་ཞེས་བྱ་བའོ། །ཀྱང་གི་སྒྲ་ནི་བསྡུ་བའི་དོན་ནམ་ཁྱད་པར་བསྡུ་བའི་དོན་ཏོ། །གང་རྣམས་ལ་ཚར་གཅོད་པ་ཡིན་ཞེ་ན། རྩོད་པ་དག་ལ་ཞེས་བྱ་བ་
སྨོས་སོ། །སྒྲུབ་པ་དང་སུན་འབྱིན་པ་ཡང་དག་པར་བརྗོད་པ་རྣམས་ལ་རྣམ་པར་དཔྱོད་པ་ཞེས་བྱ་བའི་དོན་ཏོ། །ལ་ལ་ལས་རྒོལ་བ་དག་ལ་ཞེས་འདོན་ཏོ། །དེ་ལ་འགལ་བ་བརྗོད་པའི་རྒོལ་བ་དེ་རྣམས་ལ་ཡིན་ནོ་ཞེས་བཤད་པར་བྱའོ། །ཇི་ལྟར་འགལ་བ་ཡིན་ཞེ་ན། སྒྲུབ་པ་དང་
སུན་འབྱིན་པ་ཡང་དག་པར་བརྗོད་པ་རྣམས་ལ་དཔྱད་ནས་དེ་དང་འགལ་བའི་དོན་བསྒྲུབ་པ་ལ་འཇུག་པའི་ཕྱིར་རོ། །རིགས་པ་སྨྲ་བ་རྣམས་ལ་ཡང་ཡང་དག་པ་མ་ཡིན་པ་མ་གྲུབ་པ་ལ་སོགས་པ་གཏན་ཚིགས་ཀྱི་སྐྱོན་གྱིས་ཇི་ལྟར་སུན་འབྱིན་པ་ཡིན་ཞེ་ན་ཡང་དག་པ་མ་ཡིན་པའི་རྣམ་
པར་གཞག་པ་ཞེས་བྱ་བ་སྨོས་ཏེ། འདིར་ཡང་དག་པ་མ་ཡིན་པ་ནི་དམ་པ་མ་ཡིན་པའི་རྣམ་པར་གཞག་པ་འམ་མི་བདེན་པའི་རྣམ་པར་གཞག་པ་སྟེ། ཡང་དག་པ་ལ་སྨོད་པའི་ཕྱིར་རོ། །དེ་ཡང་འབྲས་བུའི་ལྟག་ཆོད་ཡང་དག་པ་མ་ཡིན་པ་ཚར་གཅོད་པའི་མཚན་ཉིད་དོ། །དེའི་རྣམ་
པར་གཞག་པ་ནི་སྦྱོར་བ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ངོ་ཚ་མེད་པ་དེ་སྐད་དུ་ཅི་སྟེ་བརྗོད་ཅེ་ན། གཡོ་སྒྱུ་ཅན་ཞེས་བྱ་བ་སྨོས་ཏེ་སྒྲིན་པོ་སྒྱུ་ཅན་ཏེ། གཞན་གྱི་ཕུན་སུམ་ཚོགས་པ་ལ་ཕྲག་དོག་པ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་དེ་ལྟར་ཚར་གཅོད་པ་དེའི་ཕྱིར་དེ་སུན་དབྱུང་བའི་དོན་
དུ་ཡིན་ནོ། །སྒྱུ་ཅན་རྣམས་སམ་ཡང་དག་པ་མ་ཡིན་པའི་རྣམ་པར་གཞག་པ་དེ་རྣམས་སམ། དེ་ཚར་གཅོད་པ་འམ། ཡང་ན་གསུམ་ཆར་སུན་འབྱིན་པ་ནི་དེ་དགག་པའི་ཕྱིར་རོ། །རྒྱུ་མཚན་དེས་རབ་ཏུ་བྱེད་པ་འདི་བརྩམས་སོ། །ཡང་ན་དེའི་དོན་དུ་ཞེས་བྱ་བར་སྦྱར་རོ། །དེ་སུན་

དབྱུང་བ་བྱས་ནས་ཡང་དག་པའི་སྤྱོད་པ་ལ་འཇུག་པ་ཡིན་ཏེ། དེ་སྔོན་དུ་སོང་བ་ཐམས་ཅད་སྐྱེས་བུའི་དོན་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ནང་གི་རྗེས་སུ་འབྲངས་ནས་རབ་ཏུ་བྱེད་པ་འདི་ཞེས་ཡུལ་ཉེ་བར་བརྗོད་དོ། །ནང་གི་དེ་ཁོ་ན་ཉིད་དུ་ཡོངས་སུ་རྫོགས་པའི་ཕྱིར་རོ། །
དེ་ལྟ་མ་ཡིན་ན་ནང་ཡོངས་སུ་མ་རྫོགས་པས་ཡུལ་ཉེ་བར་མི་འགྱུར་ལ་སྒྲ་སྦྱར་བར་ཡང་མི་འགྱུར་རོ། །བརྩམས་སོ་ཞེས་བྱ་བ་ཇི་ལྟར་ད་ལྟར་གྱི་དུས་སུ་སྟོན་ཞེ་ན། ད་ལྟར་དང་ཉེ་བར་ཡང་ད་ལྟར་བཞིན་དུ་བཤད་པ་ཡིན་ནོ། །འབྲེལ་པ་ཡང་བརྗོད་པར་བྱ་བ་ཡིན་གྱི་དེ་ལྟ་མ་ཡིན་ན་
བྱིས་པ་དང་སྨྱོན་པའི་ཚིག་བཞིན་དུ་རྟོག་པ་སྔོན་དུ་གཏོང་བས་གཟུང་བར་མི་བྱ་བར་འགྱུར་རོ་ཞེ་ན། བདེན་ཏེ། དགོས་པའི་ནང་དུ་འདུས་པའི་ཕྱིར་ལོགས་ཤིག་ཏུ་མ་བརྗོད་དོ། །དེ་ལྟར་ན་དེ་སུན་དབྱུང་བའི་དོན་དུ་འདི་བརྩམས་སོ། །དེས་ན་དེའི་དགོས་པ་ནི་རབ་ཏུ་བྱེད་པ་འདིའི་བསྒྲུབ་པར་
བྱ་བ་ཡིན་ལ། དགོས་པ་དང་རབ་ཏུ་བྱེད་པ་དེ་ཡང་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་མཚན་ཉིད་ཡིན་པས་འབྲེལ་པ་ཤུགས་ལ་བསྟན་ཏོ། །གཞན་པའི་དེ་མ་ཐག་པ་ལ་སོགས་པའི་མཚན་ཉིད་ཀྱི་འབྲེལ་པ་གང་ཡིན་པ་དེ་ནི་བརྗོད་པར་མི་བྱ་སྟེ། བྱ་བ་ཡང་རབ་ཏུ་བྱེད་པའི་ཡན་
ལག་མ་ཡིན་པའི་ཕྱིར་རོ། །འདི་ལྟར་དེ་རྣམས་ཡོད་ཀྱང་དགོས་པ་མེད་ན་རབ་ཏུ་བྱེད་པ་མི་རྩོམ་པ་འམ། དེ་མེད་ཀྱང་དགོས་པ་ཡོད་ན་བརྩོན་པར་འགྱུར་བ་ཁོ་ན་ཡིན་ནོ། །དེའི་ཕྱིར་རབ་ཏུ་བྱེད་པའི་རྩོམ་པའི་དགོངས་པའི་རྗེས་སུ་འགྲོ་བ་དང་ལྡོག་པར་བརྗོད་པས་རྟོག་པ་དང་ལྡན་པས་
དགོས་པ་བརྗོད་པར་བྱའོ། །དེ་ལྟར་བསྟན་པས་འབྲེལ་པ་བསྟན་པ་ཁོ་ན་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །རྟོག་པ་དང་ལྡན་པ་རྣམས་རབ་ཏུ་བྱེད་པའི་ལུས་མ་བརྗོད་པར་འཇུག་པར་མི་འགྱུར་བ་དེ་བས་ན་དགོས་པ་བཞིན་དུ་འཇུག་པའི་ཡན་ལག་ཡིན་པའི་ཕྱིར་རབ་ཏུ་བྱེད་
པའི་ལུས་ཀྱང་བརྗོད་པར་བྱ་བ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ཡང་དགོས་པའི་ངག་གིས་བསྟན་ཟིན་པའི་ཕྱིར་འབྲེལ་པ་བཞིན་དུ་དེ་ཡང་ལོགས་ཤིག་ཏུ་བརྗོད་པར་མི་རིགས་སོ། །གང་གི་ཕྱིར་དེ་སུན་དབྱུང་བའི་དོན་དུ་འདི་བརྩམས་སོ་ཞེས་བྱ་བས་བཤད་ཟིན་པ་དེའི་ཕྱིར་དེ་སུན་དབྱུང་བ་

ཉིད་དུ་ལུས་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །གང་གི་ཚེ་དེ་སུན་དབྱུང་བའི་དོན་དུ་འདི་བརྩམས་སོ་ཞེས་བྱ་བས་སྔ་མའི་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །འགོག་པའི་ཚད་མ་གཞན་གཉིས་ཀྱང་འདིས་བསྟན་པ་ཡིན་ནོ། །རབ་ཏུ་བྱེད་པ་འདི་ནི་རྟོག་པ་དང་ལྡན་པའི་ནུས་པས་
བརྩམ་པར་བྱ་འམ་གཟུང་བར་བྱ་སྟེ། དེ་དགོས་པ་དང་ལྡན་པའི་ཕྱིར་དང་། འབྲེལ་པ་དང་ལྡན་པའི་ཕྱིར་བསྟན་བཅོས་གཞན་བཞིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟར་དགོས་པ་བརྗོད་པ་ཡིན་ནོ། །རབ་ཏུ་བྱེད་པ་མ་ལུས་པའི་དོན་བསྡུས་པའི་ཚིགས་
སུ་བཅད་པ་བཤད་པ། སྒྲུབ་བྱེད་ཡན་ལག་མི་བརྗོད་ཅིང་། །ཞེས་བྱ་བ་ལ་སོགས་པའོ། །སྒྲུབ་བྱེད་ཡན་ལག་མི་བརྗོད་པ་དང་། སྐྱོན་མི་བརྗོད་པ་གཉིས་པོ་ནི་རྒོལ་བ་དང་ཕྱིར་རྒོལ་བ་དག་གི་ཇི་ལྟ་བའི་རིམ་གྱིས་ཚར་གཅོད་པའི་གནས་སུ་འགྱུར་ཏེ། ཕམ་པའི་གནས་ཡིན་ནོ། །
གཞན་ཞེས་བྱ་བ་ནི་གཉིས་པོ་དེ་དག་ལས་གཞན་པ་རྐང་མིག་གིས་བརྟགས་པའི་དམ་བཅའ་བ་ཡོད་པ་སྒྲུབ་བྱེད་བརྗོད་པ་ཚར་གཅད་པའི་གནས་ཡིན་པས་མི་རིགས་ཕྱིར་ཞེས་བཤད་དོ། །མི་འདོད་པ་ནི་ཚར་གཅད་པའི་གནས་སུ་མི་འདོད་དོ་ཞེས་སྦྱར་རོ། །རེ་ཞིག་འདི་ནི་བསྡུས་
པའི་ཚིགས་སུ་བཅད་པ་ཡིན་ནོ། །འདོད་པའི་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་དབྱེ་བ་བརྩམ་པ་ཡིན་ཏེ། འདོད་པའི་དོན་ནི་སྒྲ་རྟག་པ་ལ་སོགས་པ་བསྒྲུབ་པར་བྱ་བར་འདོད་པ་དེ་སྒྲུབ་པ་སྟེ། རྟོགས་པར་བྱེད་པ་ནི་སྒྲུབ་པར་བྱེད་པའོ། །དེས་ན་སྒྲུབ་པར་བྱེད་པའི་སྒྲ་འདིས་
འདི་ཡོད་པ་བསྒྲུབ་པར་བྱ་བ་བཤད་པར་འདིར་འདོད་པ་ཡིན་གྱི་སྒྲུབ་པར་བྱེད་པ་ཞེས་བྱ་བར་བཤད་པ་རྒྱུ་ནི་མ་ཡིན་ནོ། །དེའི་ཕྱིར་སྒྲུབ་པར་བྱེད་པ་ནི་འདོད་པའི་དོན་སྒྲུབ་པའི་མཚན་ཉིད་ཀྱི་ཡན་ལག་གོ། །དེ་གང་ཡིན་ཞེ་ན། བཤད་པ་སྒྲུབ་པར་བྱེད་པ་སྟེ། སྐྱེད་པར་བྱེད་པའོ། །
ཡན་ལག་གི་སྒྲ་བརྗོད་པ་འདིས་ཡན་ལག་གི་སྒྲ་འདི་ནི་འདིར་རྒྱུའི་རྣམ་གྲངས་ཡིན་གྱི་ཆ་ཤས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་འདིར་སྒྲུབ་པར་བྱེད་པའི་ཡན་ལག་གིས་ནི་ཚུལ་གསུམ་པའི་རྟགས་བསྟན་ཏོ། །སྒྲུབ་པར་བྱེད་པའི་ཡན་ལག་བརྗོད་པ་ནི་ཚུལ་གསུམ་པའི་

རྟགས་ངེས་པ་འཆད་པ་ཡིན་ནོ། །དེའི་སྒྲུབ་བར་བྱེད་པའི་ཡན་ལག་མི་བརྗོད་ཅིང་མ་སྨྲས་པ་གང་ཡིན་པ་དེ་ནི་སྒྲུབ་པའི་ཡན་ལག་མི་བརྗོད་པའོ། །དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། སྒྲུབ་པའི་ཡན་ལག་མ་ཡིན་པ་ནི་ཕྱོགས་དང་ཉེ་བར་སྦྱར་བ་ལ་སོགས་པའི་ཚིག་སྟེ།
སྒྲུབ་པའི་ཡན་ལག་མ་བརྗོད་པས་དེ་ལྟར་མི་རྟོགས་སོ་ཞེས་འདིར་བསྟན་ཏོ། །དེ་ལྟ་ན་སྒྲུབ་པར་བྱེད་པའི་ཡན་ལག་མ་བརྗོད་པ་ནི་སྒྲུབ་པར་བྱེད་པའི་ཡན་ལག་བརྗོད་པ་མེད་པ་སྟེ། རྒོལ་བ་ཚར་གཅད་པའི་གནས་ཡིན་ནོ། །དེས་ནི་ཚིགས་སུ་བཅད་པ་དེའི་སྔ་མའི་ཆ་བཤད་པ་ཡིན་ནོ། །
སྒྲུབ་པར་བྱེད་པའི་ཡན་ལག་མ་བརྗོད་པ་ཇི་ལྟར་ཚར་གཅད་པའི་གནས་སུ་འགྱུར་ཞེ་ན། དེ་ཁས་ལེན་པ་ཞེས་བྱ་བ་སྨོས་ཏེ། འདོད་པ་དེ་བསྒྲུབ་པར་བྱ་བ་ཁས་བླངས་པ་སྟེ། འདི་བདག་གིས་བསྒྲུབ་པོ་ཞེས་དམ་བཅས་ནས་སོ། །སྤོབས་པ་མེད་པས་བྱེད་པར་འགྱུར་བས་མི་སྨྲ་བར་འདུག་
པར་གྱུར་པའི་ཕྱིར་ཏེ། སྤོབས་པ་མེད་པ་ནི་འདིར་སྔར་རྟོགས་པའི་དོན་བརྗེད་པ་དང་འཇིགས་པ་ཉིད་གཟུང་ངོ་། །འདིས་ནི་སྒྲུབ་པར་བྱེད་པའི་ཡན་ལག་ཡེ་མ་བརྗོད་པ་གསུངས་སོ། །བརྗོད་པ་ན་ཡང་གལ་ཏེ་ནུས་པ་མེད་ན་དེའི་ཚེ་བརྗོད་ཀྱང་མ་བརྗོད་པ་ཁོ་ན་སྟེ། རང་གི་བྱ་བ་མི་བྱེད་པའི་ཕྱིར་
རོ་ཞེས་དགོངས་ནས་གསུངས་པ། སྒྲུབ་བྱེད་ཀྱི་ཡན་ལག་བསྒྲུབས་པ་མེད་པའི་ཕྱིར་རོ་ཞེས་པ་སྟེ། དེ་ཁས་བླངས་ནས་ཞེས་འཇུག་གོ། །འམ་གྱི་སྒྲ་ནི་སྔ་མ་ལ་ལྟོས་པས་རྣམ་པར་བརྟག་པའི་དོན་ཏོ། །སྒྲུབ་བྱེད་ཀྱི་ཡན་ལག་བསྒྲུབས་པ་མེད་པ་ནི་ཚུལ་གསུམ་རྣམས་ལ་ངེས་པ་
མེད་པར་བསྟན་པའོ། །དེའི་ཕྱིར་མི་སྨྲ་བར་གྱུར་པ་ལས་ངད་བསྒྲུབས་པ་མེད་པ་ལས་ཀྱང་སྒྲུབ་པར་བྱེད་པའི་ཡན་ལག་མི་བརྗོད་པའོ། །དེ་ལས་ཀྱང་དམ་བཅས་པའི་དོན་མི་བྱེད་པར་ཕྱིར་རྒོལ་བ་ཚར་གཅད་པའི་གནས་སོ་ཞེས་དཀྱུས་མ་དང་སྦྲེལ་ལོ། །འགའ་ཞིག་ཏུ་རྒོལ་བ་ཞེས་
ཀློག་སྟེ། དེར་ནི་དེ་སྒྲས་མི་བརྗོད་ཅེས་པ་དཀྱུས་མ་དང་སྦྲེལ་ལོ། །ཡང་གང་གིས་དེ་ལས་བཟློག་པས་བསྒྲུབས་པ་མེད་པ་ལས་དམ་བཅས་པའི་དོན་མི་བྱེད་པའི་ཕྱིར་རྒོལ་བ་ཚར་གཅད་པའི་གནས་ཉིད་དོ་ཞེས་པ་སྒྲུབ་བྱེད་ཀྱི་ཡན་ལག་བསྒྲུབ་པར་ཇི་ལྟར་འགྱུར། གང་གི་ཚེ་ཡིན། ཅིའི་

ངོ་བོ་ལས་ཡིན་ཞེས་པ་འདིའི་ལན་གདབ་པར་བཞེད་པས། རྣམ་པ་གསུམ་ཁོ་ན་ཞེས་པ་ལ་སོགས་པས་དང་པོའི་གནས་སྐབས་མཛད་དེ། རྟགས་རྣམ་པ་གསུམ་ཁོ་ན་ཡན་ལག་སྟེ་རྒྱུའོ། །ཅིའི་ཕྱིར་ཞེ་ན། སྒྲུབ་པའི་སྟེ། འཐད་པའི་ངོ་བོ་ཅན་གྱིའོ། །ཅི་སྒྲུབ་པའི་ཞེ་ན། གསུངས་
པ། མངོན་སུམ་མ་ཡིན་པ་སྟེ་ལྐོག་ཏུ་གྱུར་པའི་སྟེ། རྗེས་སུ་དཔག་བྱར་གྱུར་པའི་དངོས་པོའིའོ་ཞེས་པ་ཇི་སྲིད་པའོ། །རྣམ་པ་གསུམ་ཁོ་ན་ཞེས་བཞི་ལ་སོགས་པ་རྣམ་པར་གཅོད་པའི་ངེས་པར་གཟུང་བར་གསུངས་སོ། །ངེས་པ་འདི་ནི་ཇི་ལྟར་ཞེ་ན། གང་གི་ཕྱིར། སྒྲུབ་པ་དང་
དགག་པའི་ངོ་བོ་ཉིད་ཀྱིས་བསྒྲུབ་པར་བྱ་བ་རྣམ་པ་གཉིས་སུ་རྣམ་པར་གཞག་ལ། སྒྲུབ་པའི་ངོ་བོ་ཡང་རང་བཞིན་གྱི་ངོ་བོ་དང་རྒྱུའི་ངོ་བོར་འགྱུར་ཏེ། དེ་ལ་གཏན་ཚིགས་འབྲེལ་པ་ལྡན་པའི་ཕྱིར་རོ། །དོན་གཞན་འབྲས་བུ་མ་ཡིན་པ་ཡོད་པར་གྱུར་པ་ན་གཞན་ཡོད་པར་འགྱུར་བ་ནི་
རིགས་པ་མ་ཡིན་ཏེ། སྣམ་བུ་ཡོད་པར་གྱུར་པ་ན་རྔ་མོ་བཞིན་ནོ། །དོན་གཞན་རྒྱུ་མ་ཡིན་པ་ལྡོག་པ་ན་འབྲས་བུ་མ་ཡིན་པ་གཞན་ལྡོག་པ་ཡང་རིགས་པ་དང་ལྡན་པ་མ་ཡིན་ཏེ། རྔ་མོ་ལྡོག་པ་ན་སྣམ་བུ་བཞིན་ནོ། །རྗེས་སུ་འགྲོ་བ་དང་ལྡོག་པ་མ་ཚང་བ་ནི་གོ་བར་བྱེད་པ་ཉིད་དུ་རིགས་པ་
ཡང་མ་ཡིན་ཏེ། སྣམ་བུ་ཡང་རྔ་མོའི་གོ་བར་བྱེད་པ་ཉིད་དུ་ཐལ་བའི་ཕྱིར་རོ། །རང་བཞིན་དུ་གྱུར་པའི་སྒྲ་ནི་རང་བཞིན་གྱི་གཏན་ཚིགས་ཀྱིས་བསྒྲུབ་པར་བྱ་བ་དང་། རྒྱུར་གྱུར་པ་ནི་འབྲས་བུའི་གཏན་ཚིགས་ལས་ཁས་བླང་བར་བྱའོ། །དགག་པ་ནི་དམིགས་པའི་རིག་བྱར་གྱུར་པའི་མི་
དམིགས་པས་ཇི་ལྟ་བར་བསྒྲུབ་པར་བྱའི་གཞན་གྱིས་མ་ཡིན་ནོ་ཞེས་དེ་བཞིན་དུ་རྒྱས་པར་ཕྱིས་བཤད་པར་བྱ་སྟེ། དེ་ནི་འདིར་མདོར་བསྡུས་པའི་དོན་ཡིན་པའི་ཕྱིར་རོ། །ཡུལ་ལ་ལྟོས་ནས་ཡུལ་ཅན་རྟགས་རྣམ་པར་གཞག་པར་བྱ་སྟེ། ཡུལ་ཅན་ཡང་དགག་པ་འམ་སྒྲུབ་པ་
ཞིག་ཏུ་འགྱུར་ན། སྒྲུབ་པ་ཡང་དོན་གཞན་པ་འམ་དོན་གཞན་མ་ཡིན་བ་སྒྲུབ་པ་ཞིག་ཡིན། དོན་གཞན་སྒྲུབ་པ་ཡང་རྒྱུ་འམ། འབྲས་བུ་འམ། གཉི་ག་མ་ཡིན་པ་ཞིག་བསྒྲུབ་པར་བྱ། འབྲས་བུ་བརྗོད་པ་ཡང་རྒྱུའི་སྤྱི་སྤྲིན་ལ་སོགས་པ་ལྡོག་པའི་དངོས་པོ་ཙམ་གྱིས་རྟགས་སུ་

བརྗོད་པ་འམ། རྒྱུའི་བྱེ་བྲག་སྤྲིན་ལ་སོགས་པ་ནུས་པ་ཐོགས་པ་མེད་པ་གང་ཡིན་པ་ཞིག་ཡིན། དགག་པ་ཡང་དགག་པར་མངོན་པར་འདོད་པའི་དངོས་པོ་མེད་པའི་མི་དམིགས་པའམ་དམིགས་པར་བསྟན་པ་ཞིག་ཡིན། མི་དམིགས་པ་དེ་ཡང་དམིགས་
པ་ལོག་པ་ཙམ་གྱིས་མཚན་ཉིད་དུ་འགྱུར་རམ། དེ་དང་རུང་བར་མཚུངས་པའི་གནས་སྐབས་ཀྱི་དོན་འབའ་ཞིག་དམིགས་པས་སྒྲུབ་པར་བྱེད་པར་བརྟག །དེ་ལ་གདོན་མི་ཟ་བར་འབྲུག་སྒྲ་ལ་སོགས་པའི་ཆོས་དང་ལྡན་པའི་སྤྲིན་གྱི་རྒྱུ་ཙམ་ལས་ཀྱང་འབྲས་བུ་ཆར་པ་ལ་
སོགས་པ་དང་ལྡན་པ་མ་ཡིན་ཏེ། བར་དུ་གཅོད་པ་སྲིད་པས་འཁྲུལ་བའི་ཕྱིར་རོ། །དེའི་ཕྱིར་རྒྱུ་ཙམ་གོ་བར་བྱེད་པ་མ་ཡིན་ནོ། །རྒྱུའི་ཁྱད་པར་ཡང་ནུས་པ་ཐོགས་པ་མེད་པས་བརྗོད་པ་ལ་རྗེས་སུ་དཔག་པར་བྱ་བ་ཤེས་པའི་སྔ་རོལ་དུ་འབྲས་བུ་འབྱུང་བས་དབང་པོའི་ཤེས་པའི་
གཟུང་བར་བྱ་བར་འགྱུར་བས་དེ་ཡང་རྟགས་མ་ཡིན་ནོ། །འབྲས་བུ་རྒྱུའི་རྟགས་སུ་ནི་རིགས་ཏེ། དེ་མེད་ན་མི་འབྱུང་བས་དེ་ལས་མི་འདའ་སྟེ། རྒྱུ་དང་ལྡན་པ་ལས་འདས་པར་འགྱུར་བའི་ཕྱིར་རོ། །གཉི་ག་མ་ཡིན་པ་ཡང་འབྲེལ་པ་མེད་པས་གོ་བར་བྱེད་པ་མ་ཡིན་ཏེ། ཧ་ཅང་
ཐལ་བར་འགྱུར་བའི་ཕྱིར་རོ། །དོན་གཞན་མ་ཡིན་པ་ནི་འཁྲུལ་པ་མེད་པའི་གོ་བར་བྱེད་པ་ཡིན་ནོ་ཞེས་བྱ་བར་རིགས་སོ། །དགག་པ་ཡང་དམིགས་པས་ནི་མི་རིགས་ཏེ། འགལ་བའི་ཕྱིར་རོ། །ཇི་ལྟར་དམིགས་པས་མེད་པ་ལ་ཉེ་བར་སྦྱོར་བར་འགྱུར། དེའི་ཤེས་པ་ལོག་པ་
ཙམ་ནི་འཁྲུལ་པར་འགྱུར་རོ། །ཤེས་པ་གཅིག་པ་ཚོགས་པ་འབའ་ཞིག་མཐོང་བས་མེད་པའི་ཐ་སྙད་དུ་བྱ་བར་རིགས་ཏེ། གལ་ཏེ་ཡོད་ན་དམིགས་པར་འགྱུར་བ་ཁོ་ནར་འགྱུར་བའི་ཕྱིར་རོ། །ཚད་མ་ཡང་གང་འཐད་པ་མེད་པའི་ཡུལ་ལ་དེའི་ཡུལ་ཅན་འཐད་པ་མ་ཡིན་ཏེ།
རྟའི་རྭ་བཞིན་ནོ། །གཞན་གྱིས་བརྟགས་པའི་རང་བཞིན་ལ་སོགས་པ་ལས་གཞན་ལྡན་པ་ལ་སོགས་པ་ཡང་འཐད་པ་མེད་པའི་ཡུལ་དུ་བཤད་པས་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །ཆོས་མི་མཐུན་པའི་དཔེ་ནི་སྔོན་པོ་ལ་སོགས་པའི་ཤེས་པ་དང་འབྲས་བུའི་

རྟགས་ལ་སོགས་པ་ཉིད་དོ། །སྒྲ་དོན་གྱི་རྒྱུ་མཚན་ཅན་དུ་འཐད་པ་ཡིན་ནོ་ཞེས་བྱ་བ་ནི་གནོད་པར་བྱེད་པའོ། །དེ་ལྟར་ཅིས་གྲུབ་ཅེ་ན། འདི་དག་གོ་བར་བྱེད་པ་མ་ཡིན་པའི་ཕྱིར་རོ། །འདི་ལྟར་ཡུལ་ཅན་ཉིད་དང་གོ་བར་བྱེད་པ་དང་། གསལ་བར་བྱེད་པ་ནི་རྣམ་གྲངས་ཡིན་ནོ། །
དེའི་ཕྱིར་བསྒྲུབ་པར་བྱ་བ་རྣམ་པ་གསུམ་ཡིན་པས་དེའི་གོ་བར་བྱེད་པའི་གཏན་ཚིགས་ཀྱང་རྣམ་པ་གསུམ་ཁོ་ན་ཡིན་ནོ་ཞེས་བྱ་བར་གནས་སོ། །རྣམ་པ་གསུམ་གང་ཡིན་ཞེ་ན། རང་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ངང་གི་སྒྲས་ནི་རང་བཞིན་དང་། འབྲས་བུ་ལ་
ལྟོས་ནས་བསྡུ་བ་ཡིན་ཏེ། འདི་དག་གིས་མངོན་པར་འདོད་པའི་གཏན་ཚིགས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །རང་བཞིན་དང་འབྲས་བུ་མི་དམིགས་པའི་དབྱེ་བ་རྣམ་པ་གསུམ་ནི་མངོན་སུམ་མ་ཡིན་པའི་སྒྲུབ་པའི་ཡན་ལག་ཡིན་གྱི། རྒྱུ་དང་འབྲས་བུ་དང་འདུ་བ་དང་འགལ་བ་ལ་
སོགས་པའི་དབྱེ་བ་བསྟན་པའི་དོན་དུ་ནི་མ་ཡིན་ནོ། །འོ་ན་དམིགས་པའི་རིག་བྱར་གྱུར་པ་ལས་མི་དམིགས་པར་བཤད་པ་གང་ཡིན་ཞེ་ན། དེ་ཉིད་མངོན་སུམ་གྱིས་གྲུབ་པ་ཡིན་ཏེ། འཆད་པར་འགྱུར་བའི་རིགས་པས་ཡན་ལག་ཡིན་པའི་ཕྱིར་རོ། །མི་དམིགས་པ་ཙམ་མ་
ཡིན་ན་དེ་ཇི་ལྟར་ཐུན་མོང་དུ་བཤད་ཅེ་ན། དེ་ལྟར་སྤྱིའི་སྒྲ་ཡིན་ཡང་འདི་སྒྲུབ་པར་བྱེད་པའི་སྒྲུབ་པའི་ཡན་ལག་ཏུ་དམིགས་པའི་རིག་བྱར་གྱུར་པའི་མི་དམིགས་པ་ཁོ་ན་ལ་འཇུག་གོ། །འདི་ལྟར་སྤྱིའི་སྒྲ་ཡང་སྒྲ་གཞན་དང་ཉེ་བའི་སྐབས་ཀྱིས་སྤྱིའི་ཡང་བྱེ་བྲག་ལ་རྣམ་པར་གནས་
པ་ཡིན་ནོ། །གང་བྱེ་བྲག་གི་སྒྲ་དང་ཉེ་བ་ཁོ་ནས་བྱེ་བྲག་ཏུ་གནས་པ་ནི་མ་ཡིན་གྱི། འོན་ཀྱང་སྐབས་དང་ཤུགས་ལ་སོགས་པས་ཀྱང་ཡིན་ནོ་ཞེས་བཤད་དོ། །ཇི་ལྟར་མི་དམིགས་པ་ཙམ་གྱིས་བསྒྲུབས་པ་ཡང་སྒྲུབ་པའི་ཡན་ལག་ཏུ་སྲིད་པ་མ་ཡིན་ནོ་ཞེས་ཕྱིས་བཤད་པར་བྱའོ། །
མངོན་སུམ་མ་ཡིན་པའི་གཏན་ཚིགས་ཀྱི་དབང་དུ་བྱས་པ་ཡིན་པས་འདི་ལ་རྩོད་པ་མེད་དོ། །འདིར་ཡང་རྣམ་པ་གསུམ་སྒྲུབ་པའི་ཡན་ལག་ཏུ་སྒྲུབ་པས་བཟློག་པ་གང་སྒྲུབ་པ་མ་ཡིན་པར་ཇི་ལྟར་འགྱུར་ཞེ་ན། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་བསྒྲུབ་པར་བྱ་བ་

སྨོས་པ་ནི་མི་རྟག་པ་ལ་སོགས་པ་ཆོས་ཙམ་ལ་བརྗོད་དེ། ཆ་ཤས་ལ་སྤྱི་ཉེ་བར་བཏགས་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་ནི་ཆོས་དང་ཆོས་ཅན་གྱི་སྤྱི་མ་ཡིན་ཏེ། ཁྱབ་པ་ཉིད་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྒྲ་ལ་སོགས་པའི་ཆོས་ཅན་གྱིས་ཁྱད་
པར་དུ་བྱས་པའི་མི་རྟག་པ་ནི་དཔེའི་ཆོས་ཅན་ལ་མེད་པའི་ཕྱིར་རོ། །ཁྱབ་པ་སྒྲུབ་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ཚད་མས་བསྒྲུབས་པ་འདིས་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པར་རིགས་པ་ཡིན་ནོ། །ཆོས་ཅན་ནི་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པ་སྒྲ་ལ་སོགས་པ་ལ་ཡོད་པའི་
དངོས་པོ་བསྒྲུབ་པའི་ཕྱིར་རོ། །ཕྱོགས་ཀྱི་ཆོས་གྲུབ་པའི་ཚད་མས་ཡོད་པའི་དོན་ཡང་བརྗོད་པ་ཡིན་ཏེ། འདིས་ཀྱང་ཕྱོགས་ཀྱི་ཆོས་ངེས་པ་ཅན་བཤད་པ་ཡིན་ནོ། །ཁྱབ་པ་སྒྲུབ་པའི་ཆོས་ཅན་ལ་ཡོད་པར་བཤད་པ་ཇི་ལྟར་ཕྱིའི་ཁྱབ་པ་ཐམས་ཅད་བསྡུས་པ་ཡིན་སྙམ་པ་ལ། འདིར་
དཔེ་ནི། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཐམས་ཅད་མི་རྟག་པ་ཞེས་བྱ་བས་དོན་བསྡུས་པའི་ཁྱབ་པ་བསྟན་པ་བཤད་པ་ཡིན་ནོ། །དོན་ཅི་ཡིན་ཞེ་ན། ལོག་པར་རྟོག་པ་བསལ་བའི་ཕྱིར་རོ། །འདི་ལྟར་ཁ་ཅིག་ཕྱོགས་ཉིད་མཐུན་པའི་ཕྱོགས་ལ་ལྟོས་པའི་ནང་གི་ཁྱབ་
པ་བསྟན་པ་ཡིན་ནོ་སྙམ་དུ་ལོག་པར་རྟོག་པ་དེ་ཡང་རིགས་པ་མ་ཡིན་ཏེ། ཁྱབ་པ་ནི་དངོས་པོའི་སྟོབས་ལས་འོངས་པའི་ཕྱིར་རོ། །སྔར་བསྒྲུབ་པར་བྱ་བས་ཁྱབ་པར་བསྒྲུབས་པས་ཕྱིས་ཆོས་ཅན་ལ་ཡོད་པར་བསྟན་པ་འདི་འདྲ་བ་ལ་ཅི་འདིར་གོ་རིམས་ངེས་པ་ཡོད་དམ་མེད་སྙམ་
པའམ། འདི་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་སྒྲུབ་པའི་ཡན་ལག་ཏུ་སྒྲུབ་པར་འདོད་པ་ཁོ་ན་ཡིན་ནོ། །ཡང་གི་སྒྲ་ནི་ངེས་པར་གཟུང་བ་སྟེ། མ་ཡིན་ཏེ་ཞེས་བྱ་བ་དང་སྦྱར་རོ། །འདི་ལ་འདི་འདྲ་བའི་གོ་རིམས་ཀྱི་ངེས་པ་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།
ཅིའི་ཕྱིར་ཞེ་ན། འདོད་པའི་དོན་སྒྲུབ་པར་གཉི་ག་ལ་བྱེ་བྲག་མེད་པའི་ཕྱིར་རོ། །ཁྱབ་པ་སྒྲུབ་པ་བརྗོད་པ་སྔོན་དུ་འགྲོ་བའི་ཆོས་ཅན་ལ་ཡོད་པ་སྒྲུབ་པ་བརྗོད་པ་དང་། ཆོས་ཅན་ལ་ཡོད་པ་སྒྲུབ་པ་བརྗོད་པ་སྔོན་དུ་འགྲོ་བའི་ཁྱབ་པ་སྒྲུབ་པ་བརྗོད་པ་ནི་བསྒྲུབ་པར་བྱ་བའི་དོན་སྒྲུབ་པ་ལ་ཁྱད་པར་

མེད་ཅེས་བྱ་བའི་དོན་ཏོ། །གོ་རིམས་ངེས་པའི་དོན་ཅི་ཞིག་ལ་བརྟེན། བསྒྲུབ་པར་བྱ་བ་སྒྲུབ་པའི་དོན་ཡིན་ན་ནི་ཆོས་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ཇི་ལྟར་བསྒྲུབས་པས་གཏན་ཚིགས་མེད་ན་མི་འབྱུང་བར་བསྟན་པ་ཡིན་གྱི། བསྒྲུབ་པར་བྱ་བ་ནི་མ་ཡིན་ནོ། །དེ་བཞིན་དུ་ཆོས་མི་
མཐུན་པའི་སྦྱོར་བས་བསྒྲུབ་པར་བྱ་བ་མེད་ན་གཏན་ཚིགས་མེད་པར་བསྟན་གྱི། གཏན་ཚིགས་མེད་པས་བསྒྲུབ་བྱ་མེད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བསྒྲུབ་པར་བྱ་བ་དང་མེད་ན་མི་འབྱུང་བ་བསྟན་པས་འདོད་པའི་དོན་སྒྲུབ་པ་ལ་མ་གྲུབ་པ་དང་ཕྱིན་ཅི་ལོག་ཏུ་སྒྲུབ་པར་མ་གྱུར་
ཅིག་སྙམ་དུ་དེ་ལྟར་དགོངས་པ་ཡིན་ནོ། །དེ་སྐད་དུ་གཏན་ཚིགས་ནི་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་དང་བསྒྲུབ་པར་བྱ་བ་མེད་པ་ལ་མེད་པ་ཉིད་དུ་བསྟན་པར་ནུས་ཀྱང་བཟློག་པས་ནི་མ་ཡིན་ཞེས་བཤད་དོ། །དཔེར་ན་བྱས་པས་མི་རྟག་པ་འམ། འཇིག་པ་ནི་འདིར་འབྲས་བུ་
ཡིན་ཏེ། བྱས་པའི་ཁྱབ་པ་མ་བཤད་དུ་ཟིན་ན་འབྲེལ་པ་ངེས་པ་མེད་པ་ཡིན་ནོ་ཞེས་བྱ་བར་འབྲེལ་ཏོ། །དེས་ན་འདི་ནི་གོ་རིམས་མཚུངས་པ་ལ་བརྟེན་པར་རིགས་པ་ཡིན་ནོ། །འདིར་མ་བྱས་སུ་ཟིན་ཀྱང་འདིས་ཀྱང་འདོད་པའི་དོན་གྲུབ་ཅིང་རྫོགས་པ་ཡིན་པས་གོ་རིམས་ངེས་པ་ཡོད་པ་
མ་ཡིན་ནོ་ཞེས་བྱ་བ་ལེགས་པར་བཤད་པ་ཡིན་ནོ། །འདོད་པའི་དོན་གྲུབ་པར་གཉི་ག་ལ་བྱེ་བྲག་མེད་པའི་ཕྱིར་ཞེས་བྱ་བ་དེ་ཉིད་འདིར་གང་ལས་ཤེ་ན། བཤད་པ་གང་གི་ཕྱིར་ཆོས་ཅན་ལ་ཞེས་བྱ་བ་ལ་སོགས་པས་བསྒྲུབ་པར་བྱ་བས་ཁྱབ་པ་རབ་ཏུ་བསྒྲུབས་ནས་ཞེས་དང་པོར་
བཤད་པ་ཡིན་ནོ། །དེའི་ཁྱབ་པ་བསྒྲུབ་པ་ཡང་གང་ཡིན་ཞེ་ན། འདིར་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཡང་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འབྲས་བུ་དང་མི་དམིགས་པ་ལ་སོགས་པའི་ཁྱབ་པ་སྒྲུབ་པ་དག་ཕྱིས་བཤད་པར་བྱའོ། །བསྒྲུབ་པར་
བྱ་བ་ལས་བཟློག་པ་ལ་གཏན་ཚིགས་འཇུག་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ལྷག་མའོ། །གནོད་པ་ཅན་གྱི་ཚད་མ་ནི་གང་གིས་བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་འཇུག་པའི་གཏན་ཚིགས་ལ་གནོད་པ་ཡིན་ནོ། །དེ་ཉེ་བར་བསྟན་པ་གང་ཡིན་པ་དེ་ནི་ཁྱབ་པ་སྒྲུབ་པར་བྱེད་པ་ཡིན་

ནོ་ཞེས་བྱ་བའི་དོན་ཏོ། །དེའི་གནོད་པ་ཅན་གྱི་ཚད་མ་བསྟན་པ་ཡང་གང་ཡིན་ཞེ་ན། གལ་ཏེ་དངོས་པོ་ཡོད་པའམ། བྱས་པ་ཐམས་ཅད་ཅེས་བྱ་བས་ནི་སྔར་བཤད་པའི་གཏན་ཚིགས་གཉིས་པོ་བསྟན་ཏོ། །སྐད་ཅིག་མ་རེ་རེ་ལ་
འཇིག་པར་མ་གྱུར་ན་མེད་པ་ཁོ་ནར་འགྱུར་བ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། སྐད་ཅིག་མ་མ་ཡིན་པའི་དོན་ནི་རིམ་དང་ཅིག་ཅར་གྱིས་དོན་བྱེད་པ་མི་རིགས་པའི་ཕྱིར་རོ། །འདི་ལྟར་སྐད་ཅིག་མ་མ་ཡིན་པར་མངོན་པར་འདོད་པའི་དངོས་པོ་ནི་རེ་ཞིག་རིམ་གྱིས་དོན་
བྱེད་པ་རིགས་པ་མ་ཡིན་ཏེ། འབྲས་བུ་སྒྲུབ་པར་རུང་བའི་རང་བཞིན་རྟག་ཏུ་ཡོད་པ་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཕྱིས་ཀྱང་བྱེད་པར་མི་འགྱུར་ཏེ། སྔ་མའི་རང་བཞིན་ལས་མ་འདས་པའི་ཕྱིར་སྔ་མ་བཞིན་ནོ། །ལྷན་ཅིག་བྱེད་པས་སྒྲུབ་པར་བྱེད་པ་ཡིན་ནོ་ཞེ་ན། མ་ཡིན་
ཏེ། ཐོག་མའི་བདག་ཉིད་ཀྱི་ཁྱད་པར་སྔ་མའི་རང་བཞིན་ཡོངས་སུ་མ་སྤངས་པས་ལྷན་ཅིག་བྱེད་པ་ལ་ལྟོས་པ་ནི་མི་རིགས་པའི་ཕྱིར་རོ། །ལྷན་ཅིག་བྱེད་པ་དེས་དང་པོའི་བདག་ཉིད་དེ་ཐ་མར་ཁྱད་པར་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། ལྷན་ཅིག་བྱེད་པས་བྱས་པའི་ཁྱད་པར་ནི་
དེ་ཉིད་དམ་གཞན་ཉིད་དུ་མི་རིགས་པའི་ཕྱིར་རོ། །འདི་ལྟར་རེ་ཞིག་བདག་ཉིད་ཀྱི་ཁྱད་པར་འདི་ནི་དེའི་བདག་ཉིད་དུ་མི་འགྱུར་ལ། དེ་ཉིད་དེ་ལས་ཐ་མི་དད་པའི་བདག་ཉིད་ཀྱི་ཁྱད་པར་བཞིན་དུ་ལྷན་ཅིག་བྱེད་པའི་སྟོབས་ཀྱིས་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་
ཁས་བླངས་པས་ཀྱང་སྐད་ཅིག་མ་ཡིན་པ་ཉིད་ཉམས་པར་འགྱུར་རོ། །ཐ་དད་པ་ཉིད་དུ་དེ་ཡོད་པ་མ་ཡིན་ནོ་ཞེ་ན་འོན་ཀྱང་དེ་ཉིད་ལས་ཡིན་ཡང་། །བདག་ཉིད་ཀྱི་ཁྱད་པར་ལས་འབྲས་བུ་སྐྱེ་བས་དེའི་གནས་སྐབས་འདི་བྱེད་པར་མི་ནུས་པར་ཐལ་བར་འགྱུར་བ་ཡང་དཀའ་བ་
ཐོག་ཏུ་བབ་པ་ཡིན་ནོ། །འདིའི་འབྲེལ་པ་ཡང་ཇི་ལྟར་ཡིན་ཞེས་བསམ་པའི་ཡུལ་ལ་འཇུག་པར་བྱ་བ་ཉིད་དེ། འདིར་ཡང་ཁྱད་པར་ལྷན་ཅིག་བྱེད་པའི་སྟོབས་ཀྱིས་བྱེད་པ་ལ་ལྟོས་པའི་ཕྱོགས་ཡིན་ན་ནི་སྐྱོན་མེད་དོ། །ནུས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གཏག་

བཟངས་ལ་སོགས་པ་འགའ་ཞིག་ལ་ལྟོས་ནས་འབྲས་བུ་སྐྱེད་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། རེ་ཞིག་ལྷན་ཅིག་བྱེད་པའི་རྐྱེན་དེས་ཁྱབ་པར་བྱེད་ནུས་པ་མ་ཡིན་ལ། ཕན་མི་འདོགས་པའི་དངོས་པོ་ལ་ལྟོས་པར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་དང་། དེ་ལྟར་
ཐམས་ཅད་དུ་འདིའི་འབྲས་བུ་སྐྱེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཏག་བཟངས་ལ་སོགས་པ་དེའི་རང་བཞིན་བྱེད་པའམ་བྱེད་པ་ནི་དེའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་གཏན་ཚིགས་ཐིགས་པར་བཤད་ཟིན་པས་བཤད་པར་མི་བྱའོ། །དེ་ལྟར་རེ་ཞིག་རིམ་གྱིས་
བྱེད་པར་མི་རིགས་སོ། །ཅིག་ཅར་ཕྱི་རོལ་གྱི་དོན་བྱེད་པ་ལ་འཇུག་པར་ནུས་པའི་རང་བཞིན་གྱིས་བྱིན་གྱིས་བརླབ་པའི་ཡུལ་མ་ཡིན་ཏེ། དེས་ན་ཡོད་པ་འདི་ཉིད་ཕྱིས་ཀྱང་དེའི་ངོ་བོའི་འབྲས་བུ་སྐྱེས་པ་དང་མི་འབྲལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་སྐྱེས་མ་ཐག་འཇིག་པར་
འགྱུར་རོ། །སྐད་ཅིག་མ་མ་ཡིན་པ་ཉིད་ཁས་བླངས་པས་ཅིག་ཅར་སྐྱེ་བ་དམིགས་པར་མི་འགྱུར་ཏེ། རིམ་པ་ཡོད་པ་མཐོང་བའི་ཕྱིར་རོ། །དེས་ན་དེ་ལྟར་སྐད་ཅིག་མ་མ་ཡིན་པའི་དོན་འདི་ནི་རིམ་པ་འམ་ཅིག་ཅར་འགའ་ཞིག་དོན་བྱེད་པའི་ཆ་ཕྲ་མོ་ཙམ་ཡང་སྒྲུབ་པར་མི་ནུས་པའི་ཕྱིར་ཡོད་
པ་མ་ཡིན་ནོ། །གལ་ཏེ་དོན་བྱེད་པར་མི་རིགས་ན་ཇི་ལྟར་མེད་པར་འགྱུར་ཞེ་ན། དོན་བྱེད་པར་ནུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་བྱེད་པར་ནུས་པ་གང་ཡིན་པ་དེ་ནི་འདིར་ཡོད་པའི་མཚན་ཉིད་ཡིན་ནོ་ཞེས་སྦྱར་རོ། །དེའི་ཕྱིར་དོན་བྱེད་པར་ནུས་པའི་མཚན་ཉིད་ནི་ཡོད་པ་
ཡིན་ལ། དེ་ལས་ལྡོག་པ་ནི་རྣམ་པར་གཅོད་པའོ། །ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་སྒྲ་སྟེ་དེའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དོན་བྱེད་པར་ནུས་པའི་མཚན་ཉིད་ནི་ངེས་པར་བྱ་ཞེ་ན། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་ལ་ཉེ་བར་བརྗོད་པ་ནི་བསྟན་ཏེ།
འདི་ཉེ་བར་བརྗོད་པར་བྱས་པའོ། །དེ་དང་བྲལ་བ་ནི་མེད་པའོ། །མཚན་ཉིད་དེ་ཉིད་ནི་བརྗོད་དུ་མེད་པ་གང་ཡིན་པ་དེ་ནི་གཞན་དུ་བཤད་དོ། །འདིར་ཡང་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་བརྗོད་པ་ཐམས་ཅད་སྨོས་པ་ནི་བུམ་པ་ལ་སོགས་པ་སྐད་ཅིག་མ་ཉིད་དུ་མངོན་པར་འདོད་པའི་

ཡུལ་ཐ་དད་པ་དོན་བྱེད་མི་ནུས་པ་ལས་ལྡོག་པ་ཡོད་པའི་ཕྱིར་དེ་དག་མེད་པར་རྣམ་པར་གཅོད་པ་ཡིན་ནོ། །དོན་བྱེད་ནུས་པའི་མཚན་ཉིད་མ་ཡིན་པ་ཡང་ཡོད་པར་རིགས་སོ་ཞེ་ན། མ་ཡིན་ཏེ། ཡོད་པ་མི་སྲིད་པའི་ཕྱིར་རོ། །དེ་མེད་པ་ཡང་གཞན་དུ་བསྟན་ཟིན་པས་མ་
བཤད་དོ། །ཡོད་པ་ཡང་ཡོད་པ་ཉིད་མ་ཡིན་ཏེ། ཡོད་པ་དང་མི་ལྡན་པའི་ཕྱིར་རོ། །སྤྱི་ནི་སྤྱི་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་བ་གཞུང་ལུགས་ཡིན་ནོ། །རང་ཉིད་དེ་མ་ཡིན་པའི་ཕྱིར་དོན་གྱི་བདག་ཉིད་ཀྱི་རང་བཞིན་ནི་རིམ་པ་བཞིན་གཞན་དང་ལྡན་པར་བསྒྲུབས་ཀྱང་དེའི་རང་བཞིན་དང་
འགྱུར་བ་མ་ཡིན་ནོ། །ཤེས་པ་དང་སྤྲིན་གྱི་དངོས་པོ་བཞིན་དུ་པ་ལ་ཤའི་ས་མེ་སྲོག་ལ་སོགས་པའི་ངོ་བོ་ཡིན་ནོ་ཞེས་བྱ་བ་ཅི་ཡང་མ་ཡིན་ནོ། །ཉེ་བར་བརྗོད་པའི་ནུས་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་བརྗོད་ཟིན་པ་དེ་ཡང་འདིར་ཉེ་བར་བརྗོད་པ་སྨོས་པ་ཇི་ལྟར་ཡིན། དེ་ཉིད་བརྗོད་
པར་མི་བྱའོ་ཞེ་ན་ནི་འདིར་སྨྲས་པ་ནི་བདེན་ན་ནུས་པ་ཐམས་ཅད་དང་བྲལ་བ་ལ་ནུས་པ་འགའ་ཞིག་དང་འབྲེལ་པའི་སྒྲ་ཡང་འཇུག་པ་མེད་པའི་ཐ་སྙད་ཀྱི་ཡུལ་དུ་བསྟན་པ་ཡིན་ནོ། །མིང་དོན་གྱི་རྗེས་སུ་འབྲངས་པ་བསྒྲུབ་པར་བྱ་བ་འདི་བཤད་པ་ཡིན་ནོ་ཞེས་བྱ་བར་རྟོགས་པར་བྱའོ། །
གལ་ཏེ་བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་གཏན་ཚིགས་དེ་ལ་གནོད་པ་ཅན་གྱི་ཚད་མ་བསྟན་པར་མ་བྱས་ན་ཅིར་འགྱུར་ཞེ་ན། བཤད་པ་དེ་ལྟ་ན་བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་ཉེ་བར་བསྟན་པ་ན་ལྡོག་པ་ལ་ཐེ་ཚོམ་ཟ་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །
དེ་གང་ལ་ཐེ་ཚོམ་ཟ་བ་ཡིན་ཞེ་ན། དེ་ཡོད་པའམ་བྱས་པ་དང་མི་རྟག་པའི་སྐབས་འདི་ལྟ་བུ་འདིར་ཡང་ཡིན་ནོ། །མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་འཇུག་པ་མ་དམིགས་ན། དེ་ཇི་ལྟར་མི་ལྡོག་པ་ཡིན་ཞེ་ན། གཏན་ཚིགས་འཇུག་པ་མ་མཐོང་དུ་ཟིན་ཀྱང་ཞེས་བྱ་བ་སྨོས་སོ། །གང་
ཡིན་ཞེ་ན། བསྒྲུབ་བྱ་ལས་བཟློག་པ་ལས་ཞེས་བྱ་བ་ལྷག་མའོ། །དེ་ལྟ་ན་ནི་བཟློག་པ་ཇི་ལྟར་འགལ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། སྒྲུབ་པར་བྱེད་པའི་བསྒྲུབ་པར་བྱ་བའི་མི་མཐུན་པའི་ཕྱོགས་དང་ཞེས་ལྷག་མའོ། །འདིར་དགོངས་པ་ནི་འདི་ཡིན་ཏེ། གལ་ཏེ་སྒྲུབ་པར་

བྱེད་པ་དང་བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་ཕན་ཚུན་གྲུབ་པ་ཡིན་ན་ནི་མ་མཐོང་བ་ཙམ་གྱིས་ལྡོག་པ་ལ་ཐེ་ཚོམ་མི་ཟ་བར་འགྱུར་ན། གནོད་པར་བྱེད་པའི་ཚད་མ་མ་བསྟན་པར་དེ་ཉིད་མི་འགྲུབ་པོ། །གལ་ཏེ་འདིའི་ཐེ་ཚོམ་ལས་ལོག་ན་དེ་ལས་ཅིར་འགྱུར་ཞེ་ན། བཤད་པ་དེ་
ལས་བཟློག་པ་ལ་ཐེ་ཚོམ་ཟ་བའི་མ་ངེས་པར་འགྱུར་ཏེ། གཏན་ཚིགས་ལྟར་སྣང་བའོ། །ཅིའི་ཕྱིར་ཞེ་ན། ལྡོག་པ་ནི་བསྒྲུབ་པར་བྱ་བ་མེད་པ་ལ་གཏན་ཚིགས་མེད་པའི་མཚན་ཉིད་ལ་ཐེ་ཚོམ་ཟ་བའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་ལས་བཟློག་པ་ལ་ཐེ་ཚོམ་ཟ་བའི་གཏན་
ཚིགས་ལྟར་སྣང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མ་མཐོང་བས་ཀྱང་ཐེ་ཚོམ་ཅིས་མི་ལྡོག་ཇི་སྲིད་དུ་མ་མཐོང་བ་དེས་དངོས་པོ་མེད་པ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེ་ན། མ་མཐོང་བ་ཙམ་གྱིས་ལྡོག་པ་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། བསྒྲུབ་པར་བྱ་བ་མེད་པའི་གྲུབ་པའི་གཏན་ཚིགས་
ལས་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཀྱང་གི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏོ། །ཙམ་སྨོས་པ་ནི་དམིགས་པའི་རིག་བྱར་གྱུར་པ་ལས་མ་དམིགས་པ་རྣམ་པར་གཅོད་པའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་པས་མི་གསལ་བའི་དོན་རྣམས་སོ། །
རྒྱའི་ཡུལ་དང་ཤིང་རྟ་བཅུ་པ་དང་། ཤ་ཟ་བ་ལ་སོགས་པ་མ་མཐོང་བ་གང་ཡིན་པ་དེ་ནི་མེད་པ་སྒྲུབ་པ་མ་ཡིན་ནོ། །གང་གིས་མེད་པ་སྒྲུབ་པར་བྱེད་པ་མ་ཡིན་ཞེ་ན། བསྐལ་པ་དག་གི་སྐབས་ཡིན་པའི་ཕྱིར་ཞེས་ཁོང་དུ་ཆུད་པར་བྱའོ། །འོ་ན་དོན་མཐའ་དག་ལ་ཁྱབ་པའི་ཤེས་
པ་ཕུལ་དུ་བྱུང་བ་ཡང་དག་པར་མཉེས་པའི་གཟིགས་པས་བསྐལ་པའི་དོན་མེད་པ་ཡང་སྒྲུབ་པར་མཛད་ན། དེ་ཅིའི་ཕྱིར་དེ་སྐད་བཤད་ཅེ་ན། ཐམས་ཅད་གཟིགས་པ་མ་ཡིན་པ་ཞེས་བྱ་བ་སྨོས་སོ། །འདི་ཐམས་ཅད་གཟིགས་པའི་ངང་ཚུལ་ཅན་ཡིན་པ་དེའི་ཕྱིར་དགག་པའི་བསྡུ་
བ་ཡིན་ནོ། །མ་མཐོང་བ་དེ་ཡང་མེད་པ་སྒྲུབ་པར་བྱེད་པ་ཅིའི་ཕྱིར་མ་ཡིན་ཞེ་ན། ཚུ་རོལ་མཐོང་བ་ནི་སྐྱེས་བུའོ། །ཡོད་དུ་ཟིན་ཀྱང་བསྐལ་པའི་དོན་འགའ་ཞིག་མ་མཐོང་བའི་ཕྱིར་རོ། །འདི་སྙམ་དུ་སེམས་པ་ཡིན་ཏེ། ཐམས་ཅད་གཟིགས་པ་མ་ཡིན་པའི་མཐོང་བས་དངོས་པོ་མ་ལུས་པ་

ཡོད་པ་ཁྱབ་པ་ནི་མ་ཡིན་ཏེ། གང་གིས་དེ་ལྡོག་པར་གྱུར་པའི་དོན་ནི་ཤིང་ལྡོག་པའི་ཤ་པ་བཞིན་ནོ། །ཐ་དད་པའི་ཕྱིར་གང་མི་ལྡོག་ན་དུ་བ་ལྡོག་པ་བཞིན་དུ། དེ་ཡང་དེའི་རྒྱུ་མ་ཡིན་ཏེ། དེ་མེད་ཀྱང་ཡོད་པའི་ཕྱིར་རོ། །གནོད་པར་བྱེད་པའི་ཚད་མ་ཡང་ཞེས་
བྱ་བ་ལ་སོགས་པ་ལ། འདིར་ཁ་ཅིག་ཕྱོགས་སྔ་མ་དགོད་པ་ནི་གནོད་པར་བྱེད་པའི་ཚད་མ་ནི་ཅི་ཞིག་ཡིན། གང་ཉེ་བར་བསྟན་པས་རྩ་བའི་གཏན་ཚིགས་ཀྱི་ཁྱབ་པ་ལྡོག་པ་ཡིན་ཞེ་ན། གནོད་པར་བྱེད་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཇི་ལྟར་འདིར་ཁྱབ་པ་སྒྲུབ་པ་ཡིན་ལ།
བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་བསྟན་པ་ནི། གལ་ཏེ་ཡོད་པའམ་བྱས་པ་ཐམས་ཅད་སྐད་ཅིག་མ་རེ་རེ་ལ་འཇིག་པར་མ་གྱུར་ན་ཞེས་བྱ་བ་ལ་སོགས་པ་འདི་ཉིད་དོན་བསྟན་ཟིན་པས་ཟློས་པའི་སྐྱོན་དུ་མི་འགྱུར་བ་དེ་ཉིད་འདིར་བསམ་པར་བྱ་སྟེ། གཞན་གྱི་སྐྱོན་བརྗོད་པ་ནི་ཆོག་གོ། །ཕྱོགས་
སྔ་མ་ནི་གཞན་ཡིན་ཏེ། དེ་ལྟ་ན་གནོད་པ་ཅན་གྱི་ཚད་མ་ཡོད་པ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་འདི་ལའང་ཇི་ལྟར་སྐྱོན་མེད་པ་ཡིན་ཞེ་ན། བཤད་པ་གནོད་པ་ཅན་གྱི་ཚད་མ་ལ་ཡང་འཇུག་པ་ལ་ནུས་པ་མེད་པ་ཡིན་ཞེས་སྦྱར་རོ། །མེད་པའི་མཚན་ཉིད་ཅི་འདྲ་བ་ཅིག་ཇི་ལྟར་རབ་ཏུ་འཇུག་པ་
ཡིན་ཞེ་ན། གང་གི་དོན་ལ་རིམ་པ་དང་ཅིག་ཅར་འབྲེལ་པ་མེད་པ་མ་ཡིན་ནོ་ཞེས་བྱ་བ་ཁ་བསྐང་བའོ། །དེ་ནི་འགའ་ཞིག་གི་འབྲས་བུ་ལ་ནུས་པ་མེད་པ་སྟེ། དཔེར་ན་ནམ་མཁའ་དང་པདྨོ་བཞིན་ནོ་ཞེས་བྱ་བའི་དཔེ་ཁ་བསྐང་བའོ། །སྐད་ཅིག་མ་ཡིན་པ་ཡོད་པ་དེ་ནི་རིམ་དང་ཅིག་ཅར་
དག་གི་དོན་བྱེད་པ་རིམ་པ་མ་ཡིན་པ་ཞེས་བྱ་བ་དེ་ལྟར་རབ་ཏུ་འཇུག་པའི་ཕྱིར་རོ། །དེ་ལས་ཅི་ཞིག་འབྱུང་བར་འགྱུར་ཞེ་ན། བཤད་པ་དེའི་ཕྱིར་ཞེས་བྱ་བ་ནི་རྒྱུའི་དོན་ཏོ། །གང་གིས་དེ་ལ་རབ་ཏུ་འཇུག་པའི་ནུས་པ་མེད་པ་ནི་མཚན་ཉིད་མེད་པ་ན་འདྲེན་པར་བྱེད་དོ། །གང་ཡོད་པའམ་བྱས་པ་
དེ་ནི་མི་རྟག་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་འགྲུབ་བོ། །དེ་ལྟ་ན་ཡང་ཅི་ཞིག་འགྲུབ་པར་འགྱུར་ཞེ་ན། འདི་ཙམ་གྱིས་ཀྱང་ཞེས་བྱ་བ་སྨོས་ཏེ། གནོད་པར་བྱེད་པའི་ཚད་མ་བསྟན་པ་ཙམ་གྱིས་སྒྲུབ་པར་བྱེད་པའི་ཆོས་ཙམ་གྱིས་རྗེས་སུ་འགྲོ་བ་ཡིན་ཏེ་ཞེས་བྱ་བར་སྦྱར་རོ། །གང་ཡིན་

ཞེ་ན། བསྒྲུབ་པར་བྱ་བའི་ཆོས་ཀྱི་ཞེས་བྱ་བ་སྨོས་ཏེ། འདི་ནི་བྱེད་པ་པོ་དྲུག་པ་ཡིན་ནོ་ཞེས་བྱ་བར་བསྟན་པར་བྱའོ། །དེས་ན་རྒྱུ་གཞན་གྱི་བྱེད་པ་ལ་མི་ལྟོས་པར་བསྒྲུབ་པར་བྱ་བའི་སྒྲུབ་པར་བྱེད་པ་རྗེས་སུ་འགྲོ་བ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་དག་གི་དོན་དུ་གནས་པ་ཡིན་ནོ། །སྒྲུབ་
པར་བྱེད་པའི་ཆོས་ཅན་རྗེས་སུ་འགྲོ་བ་ཡིན་གྱི་བསྒྲུབ་པར་བྱ་བའི་ཆོས་ནི་དེ་ལྟར་བྱ་བ་མ་ཡིན་ནོ། །འདི་ལྟར་གཏན་ཚིགས་ནི་བསྒྲུབ་པར་བྱ་བ་ཁོ་ན་ལ་མེད་ན་མི་འབྱུང་བ་དང་སྐྱེ་བ་ཡིན་གྱི་གཏན་ཚིགས་ལ་ནི་མ་ཡིན་ཏེ། གཏན་ཚིགས་གོ་བར་བྱེད་པར་མི་འགྱུར་བའི་ཕྱིར་རོ། །དེ་ལ་ཡོན་ཏན་ཅི་ཞིག་འཐོབ་པ་ཡིན་ཞེ་ན།
རང་བཞིན་གྱི་གཏན་ཚིགས་ཀྱི་མཚན་ཉིད་འགྲུབ་པར་འགྱུར་རོ། །དེ་ཙམ་གྱིས་ཞེས་བྱ་བར་སྦྱར་རོ། །རང་བཞིན་གྱི་གཏན་ཚིགས་ཀྱི་མཚན་ཉིད་དེ་ནི་ཡོད་པ་ཙམ་གྱི་རྗེས་སུ་འགྲོ་བས་རང་བཞིན་གྱི་གཏན་ཚིགས་ཀྱི་བདག་ཉིད་ཡིན་ནོ་ཞེས་བྱའོ། །གལ་ཏེ་གནོད་པ་ཅན་གྱི་ཚད་མ་ཉེ་
བར་བསྟན་པས་གཏན་ཚིགས་ཀྱི་ཁྱབ་པ་གྲུབ་པ་ཡིན་ནོ། །དེ་ལྟ་ན་དེ་ནི་ཐུག་པ་མེད་པར་འགྱུར་བ་ཡིན་ནོ་སྙམ་པའི་དོགས་པ་བསལ་བའི་ཕྱིར་ཕྱོགས་སྔ་མ་བཀོད་པ་ནི། འདིར་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཡང་གནོད་པར་བྱེད་པའི་ཚད་མ་ནི་ཁྱེད་མ་མཐོང་བ་ཚད་མ་ཡིན་ན།
མ་མཐོང་བ་ཙམ་གྱིས་གཏན་ཚིགས་ཀྱི་ལྡོག་པ་ངེས་པ་མ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་འདིས་སོ། །ཡང་ཞེས་བྱ་བའི་སྒྲ་ནི་རྩ་བའི་གཏན་ཚིགས་འབའ་ཞིག་མ་ཡིན་ནོ་ཞེས་བྱ་བའོ། །གང་ཡིན་ཞེ་ན། སྔར་གྱི་རྩ་བའི་གཏན་ཚིགས་ཡང་ཁྱབ་པ་མེད་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་
ཞེ་ན། རིམ་དང་ཅིག་ཅར་མི་རིགས་པ་ཉིད་ལ་ནུས་པ་མེད་པས་ཁྱབ་པ་མི་འགྲུབ་པའི་ཕྱིར་རོ། །འདི་ལྟར་གལ་ཏེ་མཐོང་བ་ཙམ་གྱིས་ལྡོག་པ་ངེས་པ་མེད་པ་དེ་ལྟ་ན་རིམ་དང་ཅིག་ཅར་གྱིས་མི་རིགས་པར་གྱུར་ཀྱང་ཡོད་པའི་མཚན་ཉིད་དོན་བྱེད་ནུས་པར་གྱུར་པ་ལ་འགལ་བ་ཅི་ཞིག་
ཡོད་སྙམ་པས་འདི་ཉིད་ལ་གནོད་པར་བྱེད་པའི་ཚད་མས་ཁྱབ་པ་མི་འགྲུབ་པོ། །བརྒྱ་ལ་འདི་མ་གྲུབ་ཀྱང་འདིའི་སྟོབས་ཀྱིས་རྩ་བའི་གཏན་ཚིགས་ཀྱི་ཁྱབ་པ་གྲུབ་པར་འགྱུར་རོ་ཞེ་ན། སྔར་གྱི་གཏན་ཚིགས་ལ་ཁྱབ་པ་མེད་པར་འགྱུར་རོ་ཞེས་ཁ་བསྐང་བའོ། །འདི་ལྟར་རང་ཉིད་

ཚད་མ་མ་ཡིན་ཡང་གནོད་པར་བྱེད་པའི་ཚད་མར་གྱུར་པའི་ཚད་མ་གཞན་དུ་བརྟག་པར་བྱ་བ་མི་ནུས་ཏེ། ཚད་མར་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་ལྟར་ཡིན་པ་དེ་ལྟ་ན་གནོད་པར་བྱེད་པའི་ཚད་མ་འདི་ལ་གནོད་པར་བྱེད་པའི་ཚད་མ་གཞན་གྱིས་ཁྱབ་པར་
ངེས་པ་ཡིན་ནོ་ཞེ་ན། འདི་ལྟར་རང་ཉིད་ཚད་མ་མ་ཡིན་ཡང་དེ་འདི་ལ་ཡང་ཞེས་བྱ་བ་སྨོས་ཏེ། ཡང་ཞེས་བྱ་བ་སྨོས་པ་ནི་རྩ་བའི་གཏན་ཚིགས་འབའ་ཞིག་ཡིན་ནོ་ཞེས་བྱའོ། །སྒྲུབ་པར་བྱེད་པ་གཞན་ཡང་ཉེ་བར་སྦྱོར་ན་ནི་ཐུག་པ་མེད་པར་འགྱུར་རོ། །དེ་ལྟ་ན་ཡང་གནོད་པར་བྱེད་
པའི་ཚད་མ་གང་ཡིན་པ་དེས་ཁྱབ་པ་སྒྲུབ་པའི་དོན་དུ་གནོད་པ་ཅན་གྱི་ཚད་མ་བརྗོད་དོ། །དེ་ལ་ཡང་གནོད་པར་བྱེད་པའི་ཚད་མ་གཞན་གྱིས་ཁྱབ་པ་སྒྲུབ་པ་ཡིན་ན་གང་གི་ཕྱིར་དེ་ཡང་རང་ཉིད་ཚད་མ་མ་ཡིན་ན་ཅིག་ཤོས་ཀྱི་ཚད་མར་བྱེད་པར་ནུས་པ་མ་ཡིན་པས། དེ་ལ་ཡང་དེ་སྐད་བརྗོད་པར་
མི་ནུས་སོ། །དེ་ཡང་གཞན་གྱིས་ཁྱབ་པ་གྲུབ་པོ་ཞེ་ན། གལ་ཏེ་དེ་ལྟ་ན་འདི་ཉིད་ལ་འཇུག་ན་འདིར་ཡང་ཐུག་པ་མེད་པ་དེ་བཞིན་དུ་ཐལ་བར་འགྱུར་རོ། །དེ་སྐད་དུ། ཕྱོགས་སྔ་མ་བརྗོད་ནས་ད་ནི་དེ་བསལ་བའི་ཕྱིར་མ་ཡིན་ཏེ། མེད་པ་སྒྲུབ་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། ལྡོག་པ་སྒྲུབ་པར་བྱེད་པ་ཉིད་ཀྱིས་ཞེས་བྱ་བས་ཁ་བསྐང་ངོ་། །འདི་སྐད་སྟོན་པ་ཡིན་ཏེ། ཐམས་ཅད་དུ་མ་མཐོང་པས་འགོག་པ་ནི་མ་ཡིན་ཏེ། ལྡོག་པ་ངེས་པ་ནི་ཁྱབ་པར་བྱེད་པ་མི་དམིགས་པས་བཀག་པའི་ཕྱིར་རོ། །འོན་ཀྱང་མ་མཐོང་བ་ཙམ་གྱིས་ཡིན་ནོ་ཞེ་ན། བཤད་
པ་གང་དང་གང་མ་མཐོང་བས་ལྡོག་པ་ལ་མེད་པར་བསྒྲུབ་པ་ཡིན་ཏེ། གང་གིས་ཡིན་ཞེ་ན། གཏན་ཚིགས་ཀྱིས་སོ། །གང་ལ་ཞེ་ན། བསྒྲུབ་བྱ་ལ་བཟློག་པ་ལའོ། །དེས་ན་མ་མཐོང་བའི་གཏན་ཚིགས་འདི་ནི་གནོད་པར་བྱེད་པའི་ཚད་མ་བརྗོད་དོ། །ཅིའི་ཕྱིར་ཞེ་ན། འགལ་
པ་ཉེ་བར་གཞག་པའི་ཕྱིར་འདི་ལ་ཞེས་བྱ་བར་སྦྱར་རོ། །འདི་ལྟར་རིམ་དང་ཅིག་ཅར་མི་རིགས་པ་གང་ཡིན་པ་དེ་ནི་དོན་བྱེད་པར་ནུས་པ་ཡོད་པའི་མཚན་ཉིད་མ་ཡིན་ཏེ། དཔེར་ན་མོ་གཤམ་གྱི་བུ་ལ་སོགས་པ་བཞིན་ནོ། །དེ་ལྟ་ན་སྐད་ཅིག་མ་མ་ཡིན་པ་རྣམས་ཀྱང་རིམ་པ་དང་ཅིག་ཅར་

དོན་བྱེད་པར་མི་རིགས་པའི་ཕྱིར་རོ། །རིམ་དང་རིམ་མ་ཡིན་པས་དོན་བྱེད་པ་མི་འཐད་པའི་ཕྱིར་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །ཡོད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དང་འགལ་བ་བསྒྲུབ་པར་བྱ་བ་ལས་བཟློག་པ་མེད་པ་ནི་གཉེན་པོར་གནོད་པ་ཅན་གྱི་ཚད་མར་
བརྗོད་པ་ཡིན་ནོ། །དེ་བཞིན་དུ་བྱས་པའི་ཕྱིར་ཞེས་བྱ་བ་ལ་ཡང་ཅི་རིགས་པར་སྦྱར་རོ། །ཅིའི་འགལ་བའི་གཉེན་པོར་དེ་འདིའི་གནོད་པ་ཅན་གྱི་ཚད་མར་བརྗོད་ཅེ་ན། དེ་ལྟ་ན་གཏན་ཚིགས་ཞེས་བྱ་བ་སྨོས་ཏེ། ཡོད་པ་ལ་སོགས་པའི་མཚན་ཉིད་དོ། །བསྒྲུབ་པར་བྱ་བ་མེད་པ་དེ་
ལ་ཡོད་པ་མ་གྲུབ་པའོ། །གལ་ཏེ་དེ་ལ་བསྒྲུབ་པར་བྱ་བ་ཉིད་མེད་པར་བརྗོད་པའི་གསལ་བར་བྱས་པའོ། །གང་གིས་ཤེ་ན། རང་དང་འགལ་བས་སོ། །རང་དང་འགལ་བ་ཡང་མེད་པ་ལ་སོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་དང་ལྡན་པས་ཤེ་ན། ཚད་མ་དང་ལྡན་པ་སྟེ་ཚད་མ་
དང་འབྲེལ་བས་སོ། །ཅིའི་ཕྱིར། དེ་ལྟར་དེ་ལ་མེད་པ་འདི་སྒྲུབ་པ་ཡིན་ཞེ་ན། བཤད་པ་རྣམ་པ་གཞན་དུ་དེ་ལ་བསྒྲུབ་པར་བྱ་བ་ལས་བཟློག་པ་ལའོ། །གཏན་ཚིགས་འདིས་གནོད་པ་ཅན་མེད་པར་མ་གྲུབ་ན། ཡོད་པ་ཡང་ཡིན། རྟག་པ་ཡང་ཡིན་ནོ་ཞེས་བྱ་བའི་ཐེ་ཚོམ་ཟ་བ་ནི་བཟློག་པར་
དཀའ་བ་ཡིན་ནོ། །ལྷག་མའོ། །སྡུག་བསྔལ་གྱིས་བཟློག་དགོས་པའི་ཕྱིར་བཟློག་པར་དཀའ་བ་ཡིན་ཏེ། དགག་པར་དཀའ་བ་ཞེས་བྱ་བའི་དོན་ཏོ། །གནོད་པ་ཅན་སྨོས་པ་ནི་འདིར་འགལ་བ་ཉེ་བར་གནས་པ་འགྲན་ཟླའི་ཚད་མ་གཟུང་བར་བྱའོ། །གནོད་པ་ཅན་གྱི་ཚད་མ་འམ། འགྲན་ཟླའི་
གཏན་ཚིགས་དང་འགལ་བའོ། །འོ་ན་ནི་བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་མི་དམིགས་པས་བཟློག་པ་ངེས་པས་ལྡོག་པ་ཐེ་ཚོམ་མེད་པར་འགྱུར་ན། རྣམ་པ་གཞན་དུ་ན་གནོད་པ་ཅན་མ་གྲུབ་ན་ཐེ་ཚོམ་ཟ་བ་ནི་བཟློག་པར་དཀའ་བའོ་ཞེས་དེ་སྐད་དུ་ཅིའི་ཕྱིར་བརྗོད་པ་ཡིན་ཞེས་དོགས་པ་ལ།
མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། དམིགས་པ་ཐམས་ཅད་ཀྱི་གནོད་པ་ཅན་གྱིས་འགེགས་པར་མི་རིགས་སོ་ཞེས་བྱ་བ་ཁ་བསྐང་བའོ། །གང་གི་ཕྱིར་ཞེ་ན། དངོས་པོའི་སྟེ་ཡོད་པའོ། །བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་གཏན་ཚིགས་ཞེས་བྱ་བ་ལྷག་མ་སྟེ། འདི་ཉིད་སྐབས་ཀྱིས་གོ་

བར་བྱ་བ་ཁོ་ན་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། བསྒྲུབ་པར་བྱ་བ་མེད་པ་ལ་ཁྱབ་པར་བྱེད་པ་མི་དམིགས་པའི་གཏན་ཚིགས་ལྷན་ཅིག་པས་གནོད་པ་ཡིན་ཏེ། དཔེར་ན་མ་མཐོང་བ་ཙམ་གྱིས་ལྡོག་པ་མ་ཡིན་ཏེ། བསྐལ་པ་དག་ལས་ཐམས་ཅད་གཟིགས་པ་མ་ཡིན་
པའི་མ་མཐོང་བས་མེད་པ་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པ་བཞིན་ནོ། །དེའི་ཕྱིར་རྣམ་པ་གཞན་དུ་དེ་ལ་གནོད་པ་ཙམ་གྱིས་ཚད་མ་གྲུབ་ན་ཐེ་ཚོམ་ཟ་བ་ནི་བཟློག་པར་དཀའོ་ཞེས་བྱ་བ་ལེགས་པར་བཤད་པ་ཡིན་ཏེ། འདིས་ནི་སྔར་བཤད་པ་དྲན་པར་བྱེད་པ་
ཡིན་ནོ་ཞེས་བྱ་བའི་དོན་དང་འདི་ལྡན་པ་ཡིན་ནོ། །དངོས་པོ་མེད་པ་སྒྲུབ་པ་ནི་མ་མཐོང་བ་ཙམ་གྱིས་དགག་པ་མ་ཡིན་པར་བཤད་ཟིན་ཏོ། །ཅི་ཁྱད་པར་འདིས་དངོས་པོ་མེད་པ་སྒྲུབ་པར་བྱེད་པ་ཡིན་ན། ཇི་སྙེད་པ་དེ་སྙེད་ཀྱིས་མ་མཐོང་བ་ཐམས་ཅད་མེད་པར་སྒྲུབ་པར་བྱེད་པ་ལ་ཞེས་དེ་ལ་ཁ་ཅིག་
དོགས་པ་ལ། དེའི་དོགས་པ་བཟློག་པའི་ཕྱིར་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་ཡང་གི་སྒྲ་ནི་ཞེས་བྱ་བར་བཤད་པ་ཡིན་ཏེ། དེ་ནི་ངེས་པར་གཟུང་བར་བཤད་པའི་ཕྱིར་སྔ་མ་བཞིན་ནོ། །རིམ་དང་རིམ་མ་ཡིན་པ་ནི་མི་རིགས་པས་ནུས་པ་མེད་པ་ལ་ཁྱབ་པ་གནོད་པ་ཅན་
གྱི་ཚད་མས་མི་འགྲུབ་པ་མ་ཡིན་ནམ། དེ་རང་ཉིད་ཀྱི་ཁྱབ་པ་མི་འགྲུབ་ན་ཡོད་པ་གཞན་དང་ཡོད་པ་གཏན་ཚིགས་ཉིད་ཇི་ལྟར་ཁྱབ་པ་སྒྲུབ་པར་ནུས། གལ་ཏེ་ཚད་མ་གཞན་གྱིས་དེ་ལ་ཁྱབ་པ་སྒྲུབ་པ་ཡིན་ནོ་ཞེ་ན། དེ་ལྟར་ནི་མི་གྲུབ་པས་དེ་ཉིད་ཐུག་པ་མེད་པའི་སྐྱོན་འདི་དང་འབྲེལ་བར་
འགྱུར་རོ་ཞེས་པའི་དགོས་པ་ཐམས་ཅད་ལ། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཞེས་བྱ་བའི་ངག་ཉེ་བར་བཀོད་པའི་དོན་ཏོ། །ནུས་པ་ནི་གང་དངོས་པོའི་དོན་ཏོ་མཚན་ཉིད་དོ། །དེ་རིམ་དང་ཅིག་ཅར་གྱི་ཁྱབ་པ་གྲུབ་པ་ཡིན་ཏེ། ནུས་པ་གང་ཡིན་པ་དེ་ལ་རིམ་དང་
ཅིག་ཅར་གྱི་དོན་བྱེད་པར་འགྱུར་རོ་ཞེས་བྱ་བའི་རྣམ་པས་སོ། །དེ་ཉིད་ཅིའི་ཕྱིར་ཞེ་ན་བཤད་པ་རྣམ་པ་གཞན་ནི་མེད་པའི་ཕྱིར་རོ། །གང་གི་ཕྱིར་རིམ་དང་རིམ་མ་ཡིན་པ་ལས་ཐ་དད་པའི་རྣམ་པ་གཞན་ནི་མེད་པའི་ཕྱིར་རོ། །དེའི་ཕྱིར་གང་ལ་ཡོད་པའི་མཚན་ཉིད་ཀྱི་དོན་བྱེད་ནུས་པ་དེ་ལ་

རིམ་དང་རིམ་མ་ཡིན་པས་ངེས་པར་དོན་བྱེད་པར་འགྱུར་རོ། །འོ་ན་རིམ་དང་རིམ་མ་ཡིན་པ་དག་ལས་ཕུང་པོ་གཞན་མེད་པས་དེ་ཉིད་ཇི་ལྟར་འགྲུབ་ཅེ་ན། རིམ་དང་རིམ་མ་ཡིན་པ་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་ཕུང་པོ་གསུམ་པ་སྤངས་པ་ཡིན་ཏེ། དངོས་པོ་
དང་དངོས་པོ་མེད་པ་བཞིན་ནོ་ཞེས་བརྗོད་དོ། །དེ་ལྟར་ཁྱེད་ལ་ཡང་ཡོད་པ་རིམ་དང་ཅིག་ཅར་གྱི་དངོས་པོ་ཁོ་ན་ཡིན་ནོ་ཞེས་བྱ་བ་ཅིའི་ཕྱིར་ཞེ་ན། གཞན་དུ་གྱུར་པ་གང་ཞིག་ཡིན། གཞན་ཞིག་ཡོད་དོ་ཞེ་ན། དེ་ལྟ་ན་དོན་མེད་པའི་གཡང་ས་ཆེན་པོས་དོན་ཅི་ཞིག་ཡོད། གལ་ཏེ་འདིའི་ངོ་བོ་
ནི་འདི་ཡིན་ནོ་ཞེས་བྱ་བར་ཁྱོད་ཀྱིས་བརྗོད་པར་མི་ནུས་སོ། །གལ་ཏེ་ནུས་པ་རིམ་དང་རིམ་མ་ཡིན་པར་རིག་པའི་ཁྱབ་པ་གྲུབ་པ་དེ་ལྟ་ན་ཅི་ཞིག་འགྲུབ་ཅེ་ན། བཤད་པ་དེའི་ཕྱིར་ནུས་པ་ནི་རིམ་དང་རིམ་མ་ཡིན་པར་རིགས་པས་ཁྱབ་པས། ཁྱབ་པར་བྱེད་པའི་ཆོས་རིམ་དང་རིམ་མ་ཡིན་
པར་རིགས་པ་མ་ཡིན་པས་སྐད་ཅིག་མ་མ་ཡིན་པར་ཁས་བླངས་པའི་ནུས་པ་ལ་གནོད་པའི་ཕྱིར་ཞེས་བྱ་བ་ནི་བསལ་ཏོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་རིམ་དང་རིམ་མ་ཡིན་པའི་རིགས་པ་དེ་ནི་ནུས་པའི་ཁྱབ་པར་བྱེད་པ་ཡིན་པས་དེ་ཡང་བཟློག་ན་གདོན་མི་ཟ་བར་ནུས་པ་སྤངས་པ་ཡིན་
ནོ་ཞེ་ན། འདི་ནི་འདིའི་ཁྱབ་པར་བྱེད་པར་མི་འགྱུར་རོ། །གང་གི་ཕྱིར་དེ་གནོད་པར་བྱེད་པ་ཡིན་པ་དེའི་ཕྱིར་རིམ་དང་ཅིག་ཅར་མི་རིགས་པ་ལ་ནི་ཁྱབ་པར་བྱེད་པ་ནུས་པ་མེད་པ་བྱེད་པ་པོ་མེད་པ་ཉིད་ཀྱིས་ཁྱབ་པར་བྱ་བ་ལས་སུ་བྱ་བ་མེད་པའི་ཁྱབ་པ་གྲུབ་པའི་རྒྱུའི་ཕྱིར་ཐུག་པ་མེད་པར་ཐལ་
བར་མི་འགྱུར་རོ། །དེ་ལྟ་ན་རང་བཞིན་གྱི་གཏན་ཚིགས་ཀྱི་སྒྲུབ་པའི་བརྗོད་པའི་མཇུག་བསྡུ་བ་ནི། དེ་ལྟ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ན་ཡང་གལ་ཏེ་བསྒྲུབ་པར་བྱ་བ་མེད་པ་དེ་དང་དེ་ཉིད་མི་སྨྲ་བའི་རྒོལ་བ་ཕམ་པའི་གནས་ཡིན་པའི་ཕྱིར། སྔ་མའི་དམ་བཅས་པ་
ཉིད་དང་སྦྱར་བར་བྱའོ། །དེ་ལ་སྒྲུབ་པ་མེད་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ཅིའི་ཕྱིར་ཞེ་ན། བརྩམས་པའི་དོན་རབ་ཏུ་མ་བསྒྲུབས་པའི་ཕྱིར་རོ། །ནུས་པ་མེད་པའི་སྒྲུབ་པ་རྩོམ་པ་ནི་དོན་སྒྲུབ་པར་བྱེད་པར་ནུས་པ་མ་ཡིན་ཏེ། རྩོད་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་

ལྟར་ཐམས་ཅད་མཁྱེན་པའི་མཁྱེན་པ་སྒྲུབ་པ་ནི་མངོན་པར་འདུ་བྱེད་པའི་ཁྱད་པར་ཐ་དད་པ་སྲིད་པས་རབ་ཀྱི་མཐར་ཐུག་པར་འགྱུར་ཏེ། ཤེས་རབ་ལ་སོགས་པའི་ཡོན་ཏན་བརྟེན་པ་བཞིན་དུ་ཁྱད་པར་ལན་ཅིག་བྱས་པ་ལ་ཡང་འགལ་བའི་རྐྱེན་རྣམ་པ་འགའ་
ཞིག་ཀྱང་མེད་པའི་ཕྱིར་དང་། འབད་པ་ལྟོས་པའི་ཕྱིར་དྲི་མ་འཁྲུད་པ་བཞིན་དུ་དེ་ལ་སོགས་པ་རྒྱུ་རྣམས་ཀྱིས་ནུས་པ་ཁྱད་པར་གྱུར་པ་ཐོབ་པ་ཡོད་པ་ཉིད་དོ། །དེ་ཉིད་གལ་ཏེ་ཤེས་པར་བྱ་བ་སྒྲུབ་པར་མི་ནུས་པ་ཁོ་ན་ཤེས་པར་བྱེད་ན་ཁྱེད་དང་རྒྱལ་དཔོག་པ་ལ་སོགས་པ་རྩོད་པ་
མེད་པ་ཉིད་དུ་འགྱུར་རོ། །འོ་ན་ནི་དེ་ཉིད་སྲིད་པ་མ་ཡིན་ན་གང་དོན་དམ་པར་གཏན་ཚིགས་ཀྱི་སྒྲུབ་པ་བརྗོད་པ་འདི་ཡང་ཕམ་པའི་གནས་སུ་རིགས་པར་འགྱུར་རོ་ཞེས་བྱ་བའི་དགོས་པ་བསྡུ་བར་རང་ཉིད་དགོངས་ནས། དངོས་པོ་ལ་ནུས་པའི་གཏན་ཚིགས་ཁས་ལེན་དུ་ཟིན་ཀྱང་
སྒྲུབ་པ་རབ་ཏུ་མ་བསྟན་པའི་ཕྱིར་ཞེས་བྱའོ། །དེ་ནི་འདི་སྙམ་དུ་སེམས་ཏེ། གལ་ཏེ་དོན་དམ་པར་ནུས་པའི་གཏན་ཚིགས་འདི་བསྟན་པ་དེ་ལྟ་ན་ཡང་སྒྲུབ་པར་ནུས་པའི་ཡན་ལག་ཏུ་སྒྲུབ་པ་ལ་བསྟན་པ་དེ་ལྟ་ན་ཡང་སྒྲུབ་པར་ནུས་པའི་ཡན་ལག་ཏུ་སྒྲུབ་པ་མ་བསྟན་པ་འདིས་མ་
བསྒྲུབས་པར་བརྟག་པར་བྱ་བ་ཁོ་ནའོ། །གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་སྐྱོན་དང་ཡོན་ཏན་བརྗོད་པ་མེད་པའི་དོན་ལ་མ་ཡིན་ཏེ། དེ་ལྟ་ན་ཚིག་སྨྲ་བ་དོན་ཇི་ལྟ་བ་བཞིན་དུ་མེ་བརྗོད་པ་དམིགས་སུ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གང་ལ་སྐྱོན་དང་ཡོན་ཏན་རྗོད་པར་བྱེད་པ་
དེ་ཡང་ཚིག་གི་སྒོ་ནས་ཡིན་ནོ། །དེ་ནི་འདི་ལྟར་ཁས་བླང་བར་བྱ་སྟེ། དེ་ལྟ་མ་ཡིན་ན་སྒྲ་མི་རྟག་གོ་ཞེས་བྱ་བ་དམ་བཅའ་བ་བརྗོད་པ་དེ་ཙམ་ཞིག་འདིར་བརྗོད་པར་བྱའོ། །དེ་ལྟ་ན་དོན་བརྗོད་པ་ཁོ་ནས་འདོད་པའི་དོན་གྲུབ་པར་འགྱུར་རོ། །དེ་ལྟར་རང་བཞིན་གྱི་གཏན་ཚིགས་ཀྱིས་
སྒྲུབ་པར་བྱེད་པའི་ཡན་ལག་གི་སྒྲུབ་པ་བསྟན་ནས། ད་ནི་འབྲས་བུའི་གཏན་ཚིགས་བཤད་པ་ནི། འབྲས་བུའི་གཏན་ཚིགས་ཀྱང་ཞེས་བྱ་བ་ལ་སོགས་པའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། བཤད་པ་འབྲས་བུའི་རྟགས་ནི་དུ་བ་ལ་སོགས་པའི་མིང་ཅན་གང་ཡིན་པས་རྒྱུ་སྲེག་པ་ལ་སོགས་

པའི་སྒྲུབ་པར་བྱེད་པ་གཟུང་བར་བྱའོ། །དུ་བ་ལ་སོགས་པ་དེས་བསྲེགས་པ་ལ་སོགས་པའི་ལྷན་ཅིག་བྱེད་པའི་འབྲས་བུ་རྒྱུ་སྒྲུབ་པ་ཡིན་ནོ། །རྟགས་དང་རྟགས་ཅན་དག་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་གང་ཡིན་པ་དེ་ཉིད་འབྲས་བུའི་གཏན་ཚིགས་ཀྱི་སྒྲུབ་པར་བྱེད་པའི་ཡན་ལག་སྒྲུབ་པའི་
དོན་ཡིན་ནོ། །གང་གིས་རྒྱུ་དང་འབྲས་བུའི་དངོས་པོ་དེ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེ་ན། དངོས་པོ་དང་དངོས་པོ་མེད་པ་དག་སྒྲུབ་པར་བྱེད་པའི་ཆད་མ་དག་ཅེས་བྱ་བ་སྨོས་ཏེ། དངོས་པོ་དང་དངོས་པོ་མེད་པ་དང་རྒྱུ་དང་འབྲས་བུ་དག་གོ། །ཡོད་པ་དང་མེད་པ་འདི་དག་ཚད་མས་རབ་ཏུ་བསྒྲུབས་པ་
ཡིན་ནོ་ཞེས་བྱ་བ་བསྟན་པའི་གོ་རིམས་སོམོ། །སྒྲུབ་པར་བྱེད་པའི་སྒྲ་ནི་རྒྱུ་དང་སྒྲུབ་པར་བྱེད་པའོ། །དངོས་པོ་དང་དངོས་པོ་མེད་པ་སྒྲུབ་པར་བྱེད་པའི་ཚད་མ་ནི་མངོན་སུམ་དང་མི་དམིགས་པས་གོ་རིམས་བཞིན་དུའོ། །མངོན་སུམ་དང་མི་དམིགས་པ་དག་གིས་རྒྱུ་དང་འབྲས་བུའི་དངོས་པོ་
ཇི་ལྟར་སྒྲུབ་པ་ཡིན་ཞེ་ན། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུ་བ་ལ་སོགས་པའི་མིང་ཅན་གྱི་འབྲས་བུ་འདི་ནི་མེ་ཡོད་པ་འདི་ལས་བྱུང་ངོ་། །སྔར་དམིགས་པའི་རིག་བྱར་གྱུར་པའི་ཡོད་པ་མ་དམིགས་པ་ལས་ཡིན་ནོ་ཞེས་བྱ་བ་ཚིག་ལྷག་མའོ། །དེ་ལྟ་མ་ཡིན་ན་མེས་དུ་བ་
བྱེད་པར་མི་འགྱུར་རོ། །མེ་དང་ཉེ་བའི་སྔ་རོལ་ན་འདི་ཡོད་དོ་ཞེས་བྱ་བའི་དགོས་པ་སྲིད་པ་ལ། ཇི་སྐད་བཤད་པའི་མི་དམིགས་པས་བཟུང་ཟིན་པ་ལ་དོགས་པ་འདི་མི་འཇུག་གོ། །དེ་ཉིད་ཀྱི་ཕྱིར་ཚད་མ་རྣམ་པར་ངེས་པ་ལ་སོགས་པ་ཉིད་དེ་སྐད་དུ་བཤད་ཟིན་པའི་ཕྱིར་རོ། །འདིས་ནི་
མངོན་སུམ་གྱི་ཚད་མའི་བྱེད་པ་བཤད་པ་ཡིན་ཏེ། འདི་ལྟར་འདི་ཡོད་ན་ཡོད་པར་འགྱུར་རོ་ཞེས་བྱ་བར་རྟོགས་པའི་ཕྱིར་རོ།
Luận tạng Tây Tạng (Tengyur) — Tập 190 | Tra cứu Kinh điển | Tàng Kinh Việt