Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 190

Văn bản gốc(Tây Tạng)

Trang 5 / 25 (50.000 ký tự/trang)
 །ད་ནི་མི་དམིགས་པའི་བྱེད་པ་བསྟན་པར་འདོད་ནས་དེ་ལས་གཞན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཕྱིར་མེ་ལས་གཞན་པ་ལ་ཡོད་དུ་ཟིན་ཀྱང་དེ་བཞིན་དུ་དུ་བ་
དེའི་རྒྱུ་བུད་ཤིང་དང་མེ་རྣམས་ནུས་པ་ཡོད་དུ་ཟིན་ཀྱང་ཞེས་བྱ་བ་ནི་འཇུག་པ་ནའོ། །དང་ཞེས་བྱ་བའི་ཡི་གེས་ནི་དབྱེ་བ་བསྟན་ཏོ། །ནུས་པ་ཞེས་བྱ་བ་ནི་མེ་དེ་མེད་ན་མེད་པར་འགྱུར་བ་སྟེ། འདི་ཞེས་བྱ་བའི་དབང་དུ་བྱས་པའོ་ཞེས་བྱ་བ་འདི་ལྟ་བུའོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་གཅད་

པ་དེ་ནི་རྟ་དང་བ་ལང་ལ་སོགས་པ་ཡུལ་དང་དུས་དང་ཉེ་བ་དེ་དག་ཀྱང་དུ་བ་སྐྱེད་པའི་རྒྱུ་འདིར་འགེགས་པའི་ཕྱིར་རོ། །གང་གི་ཚེ་གལ་ཏེ་རྟ་དང་བ་ལང་ལ་སོགས་པ་དེའི་རྒྱུ་ཡིན་ན་དེའི་ཚེ་འདས་པའི་མེ་ལ་སོགས་པ་དེ་དག་ཀྱང་ཉེ་བའི་ཕྱིར་དུ་བ་བསྐྱེད་ནས་ཐལ་བར་
འགྱུར་རོ། །རྒྱུ་གཞན་བུད་ཤིང་ལ་སོགས་པ་ལ་ལྟོས་ནས་དེ་སྐྱེད་པར་འགྱུར་བ་དེ་དག་ལ་ཡང་ཐལ་བ་འདིར་མི་འགྱུར་རོ་ཞེ་ན། གལ་ཏེ་དེ་ལྟ་ན་ཡང་དེ་ལ་ཉེ་བ་ཁོ་ན་ཡིན་པས་ཐལ་བ་ལྡོག་པ་མེད་དོ། །མེ་ཡང་ལྷན་ཅིག་བྱེད་པ་ལ་ལྟོས་ནས་དེ་སྐྱེད་པར་བྱེད་པ་དེ་ལས་འདི་ནི་མི་
རིགས་སོ་ཞེ་ན། དེ་ལྟ་ན་མེ་དུ་བ་བསྐྱེད་པའི་རྒྱུ་ཉིད་ཡིན་པ་དེ་དང་སྔ་ཕྱི་འགལ་ན་དེ་སྐད་དུ་ཇི་སྟེ་བརྗོད། རྟ་དང་བ་ལང་ལ་སོགས་པ་ཉིད་རྒྱུར་གྱུར་གྱི་མེ་ནི་མ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །དེ་ལྟ་ན་དེ་ནི་རྒྱུ་ཡིན་ཡང་བླའི་རྟ་དང་བ་ལང་ལ་སོགས་པ་ཡང་ཡིན་ནོ་ཞེ་ན། འདི་ནི་མི་འཐད་
དེ་དེ་ལ་ལྡོག་པ་རྟོགས་པར་དཀའ་བའི་ཕྱིར་རོ། །འདི་ལྟར་རྟ་དང་བ་ལང་ལ་སོགས་པ་ཉིད་ལོག་པར་འགྱུར་བའི་མེ་དེ་ལ་བུད་ཤིང་ལ་སོགས་པ་ཚོགས་པ་ཁོ་ན་ལས་དུ་བ་སྐྱེད་པར་འགྱུར་རོ། །གང་གི་ཕྱིར་རྒྱུའི་རྒྱུན་ལ་བརྟེན་ནས་རྒྱུ་དང་འབྲས་བུའི་དངོས་པོར་འགྱུར་བའི་ཕྱིར་འབྲས་བུའི་རྒྱུན་
ལས་རྒྱུའི་རྒྱུན་སྔ་མ་ཡིན་གྱི་སྐད་ཅིག་མས་ནི་མ་ཡིན་ནོ་ཞེས་པས་བསྡོམས་པ་ཡིན་ཏེ། འདི་སྐད་ཅིག་མ་སྔ་མ་འདི་ཕྱི་མ་ཞེས་བྱ་བ་བྱེ་བྲག་གི་ནུས་པ་ལས་རྣམ་པར་ཤེས་པ་མི་སྐྱེ་བའི་ཕྱིར་རོ། །ཚུ་རོལ་མཐོང་བའི་དབང་དུ་བྱས་ནས་ཚད་མའི་མཚན་ཉིད་ནི་ཐུགས་རྗེ་དང་ལྡན་པས་ཇི་
སྐད་བཤད་པ་བཞིན་དུ་བཀོད་དོ། །འདིར་གཞན་དག་རྨོངས་པས་འཇིག་རྟེན་པ་སླུ་བར་གྱུར་པས་ཐ་སྙད་པའི་ཚད་མ་འདི་གསུངས་པ་ཡིན་ནོ། །གནས་མལ་རྙིང་པ་ལ་སོགས་པ་ནི་མེ་མེད་ཀྱང་དུ་བ་ཡོད་པས་འཁྲུལ་པར་འགྱུར་རོ། །མ་ཡིན་ཏེ། དེ་ཡང་དུ་བའི་རྒྱུན་སྔོན་དུ་སོང་བ་ཡོད་
པ་ཁོ་ན་ཡིན་ཏེ། དངོས་པོ་དང་བརྒྱུད་པས་བྱས་པའི་ཁྱད་པར་ཡིན་ནོ། །མེའི་རྒྱུན་དང་དུ་བའི་རྒྱུན་དག་གནས་མལ་རྙིང་པ་ལ་སོགས་པ་རྒྱུན་ཆད་པ་དང་མ་ཆད་པར་ཤེས་པར་འགྱུར་ཏེ། ཚང་བང་ལ་སོགས་པའི་ཡུལ་དུས་ཐ་དད་པ་གསལ་བ་ཡིན་པས་དངོས་པོ་སྣ་ཚོགས་པའི་

རང་བཞིན་ཐ་དད་པར་ཤེས་པ་གོམས་པའི་སྟོབས་ལ་མཁས་པ་ལ་སྐྱེ་བར་འགྱུར་བའི་ཕྱིར་རོ། །རྗེས་སུ་དཔག་པ་ཐ་དད་པ་ཡང་མི་འགལ་བ་དེ་ཉིད་ཀྱི་ཕྱིར་ཡུལ་དང་དུས་ལ་སོགས་པ་ལ་ལྟོས་པའི་འབྲས་བུའི་གཏན་ཚིགས་ཀྱི་རྗེས་སུ་དཔོག་པ་ནི་འགལ་བའི་འབྲས་བུ་དམིགས་
པའི་སྐབས་སུ། འགལ་འབྲས་ལ་ཡང་ཡུལ་དང་ནི། །དུས་ལ་སོགས་པ་ལྟོས་པར་འདོད། །གཞན་དུ་འཁྲུལ་འགྱུར་མི་དྲང་བ། །སྒྲུབ་པ་ལ་ནི་ཐལ་བ་བཞིན། །ཞེས་བཤད་དོ། །དེ་ལྟ་ན་དངོས་པོ་རྣམ་པར་དབྱེ་བ་ཐ་དད་པ་འཕྲལ་དུ་བྱུང་བ་ལ་མཁས་པ་འགའ་ཞིག་རྣམ་པར་
འབྱེད་པའི་ཐུར་མས་ཤེས་རབ་ཀྱི་མིག་ཕྱེ་བ་ཉིད་ཀྱིས་འདི་ནི་མེ་ལས་སྐྱེས་པ་འདི་དུ་བ་ལས་སྐྱེས་པའི་དུ་བ་ཞེས་བྱ་བ་རྣམ་པར་འབྱེད་དོ། །དེ་ལྟར་འཁྲུལ་པ་ཤིན་ཏུ་ཡང་མེད་པ་ཡིན་ནོ། །འདི་ལྟར་མེ་ལས་སྐྱེས་པའི་དུ་བ་ནི་གཞན་ལས་དུ་བ་སྐྱེ་བ་མ་ཡིན་ཏེ་རྒྱུ་མེད་པར་ཐལ་བར་
འགྱུར་བའི་ཕྱིར་རོ། །འདི་ལྟར། གང་དག་མེ་མེད་དུ་བ་ལས། །གལ་ཏེ་དུ་བ་འབྱུང་ན་ནི། །བརྒྱ་བྱིན་སྤྱི་བོའང་དེ་བཞིན་ནོ། །དེ་ནི་གང་གིས་བསལ་བར་བྱ། །ཞེས་བྱ་བ་ལ་སོགས་པ་སྨྲ་བ་ནི་སྙིང་པོ་མེད་པས་དོར་བར་བྱའོ། །དེའི་ཕྱིར་རྟ་དང་བ་ལང་ལ་སོགས་པ་དེའི་རྒྱུ་
མ་ཡིན་ནོ་ཞེས་བྱ་བར་ངེས་སོ། །དེས་ན་མེ་ཁོ་ན་དེའི་རྒྱུ་ཡིན་གྱི་རྟ་ལ་སོགས་པ་འདི་ནི་མ་ཡིན་ཞེས་བྱ་བར་གནས་སོ། །དཔེར་ན་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་ཇི་སྐད་བཤད་པའི་གནས་སྐབས་ཀྱིས་མེ་རྒྱུ་ཡིན་པར་སྦྱོར་བ་བཞིན་དུ་བུད་ཤིང་ལ་སོགས་པ་འམ་ཚོགས་པའི་
རྒྱུ་ཐམས་ཅད་ལའང་སྦྱོར་བ་བྱ་བའམ། ཡང་ན་ངག་གཅིག་གིས་བཤད་པར་བྱའོ། །དེའི་ཕྱིར་མེ་ལས་གཞན་པ་ནུས་པའི་རྒྱུ་དག་ཡོད་དུ་ཟིན་ཀྱང་དེ་མེད་པར་འགྱུར་བ་ལྟ་བུའོ། །རྟ་དང་བ་ལང་ལ་སོགས་པ་དངོས་པོ་ཇི་སྐད་དུ་བཤད་པས་རྒྱུ་ལས་ཐ་དད་པ་སྒྲུབ་པར་རྟོགས་པར་
བྱའོ། །འོ་ན་མེད་ན་མེད་པར་འགྱུར་རོ་ཞེས་བྱ་བ་འདི་ཉིད་ལེགས་པར་བཤད་པ་ཡིན་གྱི། གཞན་པའི་ནུས་པ་རྒྱུ་དག་ཡོད་དུ་ཟིན་ཀྱང་ཞེས་བྱ་བ་ལ་དོན་ཅིག་ཡོད་ཅེ་ན། དེ་ལྟ་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་ཡོད་དུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པ་

བརྗོད་པ་ཡིན་ནོ། །འདི་ནི་དུ་བའོ། །དེའི་འབྲས་བུ་ཉིད་ནི་མེའི་འབྲས་བུ་ཉིད་དོ། །བསྒྲུབས་པ་ནི་ངེས་པ་སྟེ་ཐེ་ཆོམ་མེད་པར་འགྱུར་བའོ། །རྣམ་པ་གཞན་དུ་ན་ནི་དེ་ལྟར་མ་བསྟན་ནའོ། །འགའ་ཞིག་ནི་དེ་མེད་ན་མེད་པར་འགྱུར་བ་ཞེས་བསྟན་པར་
བྱས་པ་ཡིན་པ་དེ་ལྟ་ན་རྟ་དང་བ་ལང་ལ་སོགས་པ་དང་བུད་ཤིང་ལ་སོགས་པ་ལས་ཡིན་ནོ། །ས་ཕྱོགས་སྟོང་པ་དེ་ཉིད་ལ་མེ་མེད་པ་ལས་མེད་པ་ཡིན་པ་ཐེ་ཚོམ་ཟ་བ་ཡིན་ནོ། །མེ་འདིའི་ནུས་པ་ངེས་པ་ལས་ཡིན་ནོ་ཞེས་བྱ་བའི་ངེས་པ་གང་ལས་ཡིན་ཞེས་བྱ་བ་བསྡུ་བའི་དོན་ཡིན་ནོ། །
དེ་ཉིད་ཀྱི་ཕྱིར་བཤད་པ། ནུས་པའི་རྒྱུ་དག་ཡོད་དུ་ཟིན་ཀྱང་འབྲས་བུ་མི་སྐྱེ་སྟེ། རྒྱུ་གཞན་ལ་ཡིན་ནམ་འབའ་ཞིག་ལ་ཡིན་ཞེས་འདི་ཐེ་ཚོམ་ཟ་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་ནུས་པ་ཞེས་བྱ་བ་འདི་ཉིད་ནི་དེ་ལ་གཞན་གྱི་ནུས་པ་ཞེས་བྱ་བ་ལ་སོགས་པ་བསལ་བར་བྱེད་པ་ཡིན་ནོ། །
དེ་ལ་དུ་བ་འབྲས་བུར་གྲགས་པ་ནི་མེ་སྟོང་པའི་ཕྱོགས་སུ་གཞན་རྟ་དང་བུད་ཤིང་ལ་སོགས་པ་དེ་མེད་པར་འགྱུར་བ་ཡིན་ནོ་སྙམ་ན་འདི་མེད་པ་ལས་དེ་མེད་པ་ཡིན་ནོ་ཞེས་བྱ་བ་གང་ལས་ངེས་པ་ཡིན་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ནི་གཞན་གྱི་ནུས་པ་ལས་ཀྱང་དེ་མེད་པར་འགྱུར་ན། འདི་ལོག་
པས་འདི་ལྡོག་གོ་ཞེས་བྱ་བ་དེ་ཇི་ལྟར་ཡིན་ཞེ་ན། དེ་ལོག་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེ་འདི་ལྡོག་པ་ནས་ཀྱང་དུ་བ་འདི་ལྡོག་པ་ཡིན་པ་ཞེས་བྱ་བ་འདོད་རྒྱལ་བའི་འབྲེལ་བ་ཡིན་ཏེ། བྱ་རོག་དང་ཏ་ལའི་ཚུལ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་ཡོད་དུ་ཟིན་ཀྱང་བརྗོད་པ་
དེའི་ཚེ་ཐམས་ཅད་དེ་ལ་ཉེ་བར་འགྱུར་ཀྱང་འདི་བཟློག་པ་ལས་འདི་ལྡོག་པར་ངེས་པ་ནི་འདོད་རྒྱལ་བ་ལ་འབྲེལ་པ་མེད་དོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ལྡོག་པ་ལྟ་བུའི་འདོད་རྒྱལ་བའི་འབྲེལ་པ་ཡིན་ཞེ་ན། མ་བག་མར་ལེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་གང་ན་མ་
བག་མར་ལེན་པའི་ཆོས་ལུགས་བསྔགས་པ་དེ་ལྟ་བུ་དེ་ནའོ། །དེས་ན་ཡུལ་སྨོས་པ་དང་བཅས་པ་ནི་ཁྱད་པར་གྱི་བསྡུ་བའོ། །དེ་ལ་དེ་ཡང་སྐྱེ་བ་ལ་བརྟེན་ནས་ཉེ་བར་བཏགས་པ་སྐྱེ་བ་གང་ཡིན་པ་དེ་ནི་པར་སིག་གི་ཡུལ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་མ་ལ་སོགས་པའི་

ཡུལ་གཞན་མ་བག་མར་ལེན་པ་མེད་ན་མེད་པ་འདོད་རྒྱལ་བའི་འབྲེལ་པ་དེ་བཞིན་དུ་འདིར་མ་ཡིན་ནོ། །འདི་ལྟར་ཡུལ་གཞན་ན་སའི་ཁྱད་པར་མེད་ན་མེད་པ་ཡིན་གྱི་མ་བག་མར་ལེན་པ་མེད་པས་ཡིན་ནོ་ཞེས་བྱ་བ་ནི་བྱ་རོག་དང་ཏ་ལ་བཞིན་དུ་ཡིན་ནོ། །ཡང་ན་རྣམ་པ་གཞན་དུ་བཤད་པར་བྱ་སྟེ།
ཇི་ལྟར་དུ་བ་ལ་སོགས་པ་འདི་མེ་དང་བུད་ཤིང་ལ་སོགས་པའི་རྒྱུ་ལས་བྱུང་བ་ཡིན་ཏེ། སྔ་མ་བཞིན་དུ་འབྲས་བུར་བརྗོད་པ་ཁ་བསྐང་བར་བྱ་སྟེ། དེའི་དགོས་པ་ནི་དེ་ཉིད་དུ་ཁོང་དུ་ཆུད་པར་བྱ་བ་སྟེ། འདི་ནི་མངོན་སུམ་གྱི་བྱེད་པར་གྲགས་པ་ཡིན་ནོ། །ཡོད་དུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པ་
ནི་མ་དམིགས་པས་སོ། །དེ་ལས་གཞན་པ་དག་ནི་མེ་ལ་སོགས་པའི་རྒྱུའི་ཚོགས་པ་དེ་ལས་གཞན་པ་རྟ་དང་བ་ལང་ལ་སོགས་པའི་ནུས་པའི་རྒྱུ་རྣམས་ཡོད་དུ་ཟིན་ཀྱང་མེ་ལ་སོགས་པའི་རྒྱུའི་ཚོགས་པ་འདི་མེད་ན་མེད་པར་འགྱུར་བ་ཡིན་ནོ། །འདི་དག་ནི་གཞན་གྱི་བསམ་པ་ལ་ལྟོས་ནས་
བཤད་པ་ཡིན་གྱི་དེ་ཁོ་ན་ཉིད་ཀྱི་དོན་དུ་ཡོད་པ་ནི་མ་ཡིན་ནོ། །གལ་ཏེ་དེ་ནི་དེའི་རྒྱུ་ཡིན་ན་དེའི་ཚེ་ཡོད་པའི་དུས་ལས་སྔར་རམ་ཕྱིས་ཀྱང་དུ་བ་བསྐྱེད་པར་འགྱུར་རོ། །དེ་དག་དེ་ལ་ལྟོས་ནས་སྐྱེད་པར་བྱེད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་དེའི་ཚོགས་པ་ནི་རྒྱུར་གྱུར་པའི་ཕྱིར་རོ། །དེ་ལྟ་ན་གཉི་ག་རྒྱུར་གྱུར་
དུ་ཟིན་ཀྱང་ངོ་བོ་འཆད་པར་ཅི་ཞིག་ཡོད་ཅེ་ན། མ་ཡིན་ཏེ། དེ་ལྡོག་པ་རྟོགས་པ་ཤིན་ཏུ་དཀའ་བའི་ཕྱིར་རོ། །ཇི་ལྟ་བ་ཐམས་ཅད་ཀྱང་འདི་ཚོགས་པ་ལས་གྱུར་པ་ཉིད་ན་དེ་ཡོད་པར་གྱུར་པའི་ཕྱིར་དེ་མེད་ན་མེད་པར་འགྱུར་རོ་ཞེས་བརྗོད་པར་རིགས་ཀྱི། དེའི་ནུས་པའི་རྒྱུ་དག་ཡོད་དུ་
ཟིན་ཀྱང་ཞེས་བྱ་བ་ཅིའི་ཕྱིར་བཤད་ཅེ་ན། དེ་ལྟ་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྣམ་པ་གཞན་དུ་ན་དེའི་ཚོགས་པ་མེད་ན་མེད་པར་འགྱུར་རོ་ཞེས་བྱ་བ་ཉེ་བར་བསྟན་པ་དེ་ལ་ཚོགས་པ་ལས་གཞན་པ་རྟ་དང་བ་ལང་ལ་སོགས་པ་མེད་པར་འགྱུར་བ་དང་། ཚོགས་པ་འདི་ནུས་
པ་ལས་ཐེ་ཚོམ་ཟ་བར་འགྱུར་རོ། །གང་གི་ཕྱིར་བ་ལང་ལ་སོགས་པ་གཞན་དེ་ལ་ནུས་པ་ཡིན་ན་དེ་མེད་ན་མི་འབྱུང་བར་འགྱུར་བ་དེའི་ཚོགས་པ་ལོག་ན་ཡང་ལྡོག་པ་འདོད་རྒྱལ་བར་འགྱུར་ཏེ། ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ལྟར་རྒྱུ་དང་འབྲས་བུའི་དངོས་པོ་ངེས་པར་བསྒྲུབ་པའི་

ཐབས་བསྟན་ནས། རྣམ་པའི་མཇུག་བསྡུ་བ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ཇི་སྐད་དུ་བཤད་པའི་རྣམ་པ་བསྡུ་བ་ལ་སོགས་པ་དེའི་འབྲས་བུར་བསྒྲུབས་པས་ངེས་པར་འགྲུབ་པ་ཡིན་ནོ། །ཡང་ན་མངོན་སུམ་དང་། མི་དམིགས་པས་
བསྒྲུབ་པར་གྱུར་པ་དེ་དང་དེ་ནི་འབྲས་བུར་གྲུབ་པ་ཡིན་ནོ། །གལ་ཏེ་དེ་གྲུབ་པར་གྱུར་པ་ཡིན་ནོ་ཞེས་བྱ་བ་དེ་ཇི་ལྟ་བུ་ཞེ་ན། བཤད་པ། གྲུབ་པ་དེ་ཡང་རང་ཡོད་ན་བདག་ཉིད་དུ་ཉེ་བ་སྟེ། དེའི་རྒྱུ་དང་ཉེ་བ་དེ་ཡོད་པར་སྒྲུབ་པར་བྱེད་པ་དེ་ཡིན་ཏེ། ཡུལ་དང་དུས་ལ་ལྟོས་པ་ཡིན་ནོ་
ཞེས་ཁ་བསྐང་ངོ་། །འདི་སྐད་སྟོན་པ་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་མེད་པས་དེ་ལས་སྐྱེ་བའི་མཚན་ཉིད་ཀྱི་འབྲེལ་པ་གྲུབ་པ་ཡིན་ནོ། །གལ་ཏེ་དེ་ལྟ་བུ་དམིགས་པ་དེ་ཉིད་ལ་རང་ཡོད་པ་ཙམ་གྱིས་ཡུལ་ལ་སོགས་པ་ལ་ལྟོས་ནས་རང་གི་རྒྱུ་རྟོགས་སོ། །ཅིའི་ཕྱིར་
ཞེ་ན། བཤད་པ། རྒྱུ་དང་འབྲས་བུ་འཁྲུལ་པ་མེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་དེའི་འབྲས་བུར་མི་འགྱུར་ཏེ། དེ་འཁྲུལ་པའི་ཕྱིར་རོ། །གང་དང་གང་བཟློག་པ་ཡིན་པ་དེ་དང་དེ་ནི་འབྲས་བུར་མི་རིགས་ཏེ། རྣ་རྒྱན་དང་། དཔུང་རྒྱན་གྱི་འབྲེལ་པ་བཞིན་ནོ། །གལ་ཏེ་དུ་བ་
མེའི་འབྲས་བུ་ཡིན་པར་འཁྲུལ་པ་མེད་ཀྱང་མྱུ་གུ་ལ་སོགས་པ་གཞན་རང་གི་རྒྱུ་དང་ས་ལ་སོགས་པ་རྣམས་ལ་མི་འཁྲུལ་པ་ཡིན་ནོ་ཞེས་བྱ་བར་གང་ལས་ཤེས་ཤེ་ན། མ་འཁྲུལ་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་སྟོན་པ་ཡིན་ཏེ། དུ་བ་རང་གི་རྒྱུ་ལ་མི་
འཁྲུལ་པར་སྐྱེ་བར་འཁྲུལ་པ་གང་ཡིན་པ་དེས་ས་བོན་ལ་སོགས་པ་རང་གི་བདག་ཉིད་ཀྱི་རྒྱུ་དང་ལྷན་ཅིག་པ་ལས་མྱུ་གུ་ལ་སོགས་པ་འབྲས་བུ་ཐམས་ཅད་འདྲ་བ་མི་འཁྲུལ་པར་རིགས་པ་ཡིན་ནོ། །དེ་ལྟར་དེ་ཡང་ཇི་སྐད་བཤད་པའི་མངོན་སུམ་དང་མི་དམིགས་པའི་རྣམ་པ་
དག་གིས་དེ་འབྲས་བུར་གྲུབ་པ་དེ་དང་དེ་མི་འཁྲུལ་པར་གྲུབ་པ་ཡིན་ནོ། །འདིས་ནི་འབྲས་བུའི་གཏན་ཚིགས་ཀྱི་སྒྲུབ་པར་བྱེད་པའི་ཡན་ལག་ཏུ་བསྒྲུབས་པ་དེ་ལས་བཟློག་པ་ནི་རྒོལ་བས་མ་གྲུབ་པས་དེ་ནི་ཕམ་པའི་གནས་ཀྱི་དབང་དུ་བྱས་པར་བསྟན་པ་ནི། དེ་ལྟར་ཞེས་

བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཞེས་ནི་མངོན་སུམ་དང་མི་དམིགས་པ་དག་ཇི་སྐད་བཤད་པའི་རྣམ་པས་སོ། །འབྲས་བུའི་གཏན་ཚིགས་ཀྱང་ཞེས་བྱ་བ་སྔར་བཤད་པའི་རང་བཞིན་གྱི་གཏན་ཚིགས་འབའ་ཞིག་གི་རྣམ་པ་སྒྲུབ་པར་མི་ནུས་པ་ཡིན་ཏེ། འདིར་ཡང་
རྒོལ་བ་ཕམ་པའི་གནས་ཡིན་ནོ་ཞེས་བྱ་བ་ཡང་གི་སྒྲ་ཡིན་ནོ། །དེ་ལྟར་ཅིའི་ཕྱིར་ཡིན་ཞེ་ན། མ་བསྒྲུབས་ན་འདིར་རྒྱུ་དང་འབྲས་བུའི་དངོས་པོ་རྟགས་དང་རྟགས་ཅན་ནམ། དེའི་འབྲས་བུའི་རྟགས་ཉིད་དུ་རྩོམ་པའི་དོན་མི་འགྲུབ་པོ་ཞེས་བྱ་བ་ཚིག་གི་དོན་ཡིན་ནོ། །བརྩམས་
པའི་དོན་ནི་རྒྱུ་ཡོད་པར་སྒྲུབ་པར་བྱེད་པ་དེ་མ་གྲུབ་པས་དེ་ཕམ་པའི་གནས་ཡིན་ཞེས་རྣལ་མ་དང་སྦྱར་རོ། །འདི་ཉིད་ཡིན་ནོ་ཞེས་བྱ་བ་དེ་ལ་ཞེ་ན་བཤད་པ་དོན་གཞན་པ་དུ་བ་ལ་སོགས་པའི་དངོས་པོ་ཡོད་པ་ནི། མེ་ལ་སོགས་པའི་དངོས་པོ་ཡོད་པ་ངེས་པ་མེད་པའི་ཕྱིར་རོ། །ངེས་
པ་སྨོས་པ་ནི་འདོད་རྒྱལ་བའི་འབྲེལ་པ་བསལ་བའི་དོན་ཏོ། །དོན་གཞན་ཡང་དེའི་དངོས་པོ་དང་འབྲེལ་པའི་རང་བཞིན་ཡོད་པ་ཉིད་དུ་དེའི་དངོས་པོ་ངེས་པ་ཡིན་ནོ་སྙམ་དུ་དེའི་དངོས་པོ་དང་འབྲེལ་པ་མེད་པའི་རང་བཞིན་ལ་ནི་ཞེས་བྱ་བ་སྨོས་ཏེ། དེའི་དངོས་པོའི་མེ་ལ་སོགས་པའི་
དངོས་པོའོ། །འབྲེལ་པ་མེད་པ་ནི་རག་ལས་པའི་རང་བཞིན་འདི་ཡིན་ཞེས་བྱ་བར་སྦྱར་རོ། །དོན་གཞན་པ་འདི་དག་ཡོད་ན་དེ་ཡོད་པའི་ངེས་པ་མེད་པའི་ཕྱིར་ཞེས་བྱ་བ་དེའི་རྒྱུ་ཁོང་དུ་ཆུད་པར་བྱའོ། །སྦྱོར་བ་ནི་གང་དང་གང་ལ་དོན་གཞན་དུ་གྱུར་པ་དང་འབྲེལ་པ་མེད་པ་དེ་དང་དེ་ནི་ཡོད་
ན་དེ་ཡོད་པར་ངེས་པ་མེད་དེ། དཔེར་ན་རྐང་གདུབ་ཡོད་པའི་ཅོད་པན་བཞིན་ནོ། །དུ་བ་ལ་སོགས་པ་འདི་ཡང་དོན་གཞན་དུ་མེ་ལ་སོགས་པ་དང་འབྲེལ་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའམ་ཁྱབ་པར་བྱེད་པ་འགལ་བ་མི་དམིགས་པའི་
གཏན་ཚིགས་ཀྱི་སྒྲུབ་པ་བཤད་དོ། །དེ་ཉིད་ཀྱི་འབྲེལ་པ་མེད་པའི་རང་བཞིན་ཡིན་པ་གང་ལས་ཤེ་ན། འབྲས་བུ་ཉིད་དུ་མ་གྲུབ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་མ་བསྒྲུབས་པས་དེར་མ་གྲུབ་པོ་ཞེས་བྱ་བར་རྟོགས་པར་བྱའོ། །འོ་ན་ནི་དོན་དམ་པར་རྟོགས་པ་འབྲས་བུའི་

གཏན་ཚིགས་སུ་ཁས་བླངས་པ་དེ་ཡང་གལ་ཏེ་དེའི་འབྲས་བུར་དེས་མ་བསྒྲུབས་ན། ཇི་ལྟར་དེ་བཞིན་དུ་འདི་ཕམ་པའི་གནས་སུ་རིགས་པ་ཡིན་ཞེ་ན། བཤད་པ་དངོས་པོའི་འབྲས་བུའི་རྟགས་ཁས་བླངས་པ་ཡང་མ་བསྟན་པའི་ཕྱིར་ཏེ། འདི་དེའི་འབྲས་བུར་
ཞེས་བྱ་བ་ལྷག་མའོ། །དེ་ལྟར་འབྲས་བུའི་གཏན་ཚིགས་ཀྱི་སྒྲུབ་པར་བྱེད་པའི་ཡན་ལག་ཀྱང་བརྗོད་ནས། མི་དམིགས་པ་ནི་བཤད་པ། མི་དམིགས་པ་ཡང་བསྒྲུབས་པ་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། སྒྲུབ་པར་བྱེད་པའི་ཡན་ལག་ཡིན་ནོ་ཞེས་བྱ་བ་ཁ་བསྐང་ངོ་། །དེ་གང་
ཡིན་ཞེ་ན། མི་དམིགས་པ་སྒྲུབ་པར་བྱེད་པའོ། །གང་ཡང་རུང་བས་ཅི་སྟེ་མ་ཡིན་ཞེ་ན། དམིགས་པའི་རིག་བྱར་གྱུར་པ་ཞེས་བྱ་བ་སྨོས་སོ། །སྣང་བའི་རང་བཞིན་གཞན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དམིགས་པ་ནི་ཤེས་པ་སྟེ། དམིགས་པའི་སྒྲས་ཡོད་པའི་རྒྱུར་སྒྲུབ་
པར་བྱེད་པ་ཞེས་བྱ་བའི་རྣམ་གྲངས་ཡིན་པའི་ཕྱིར་རོ། །དེའི་རིག་བྱར་གྱུར་པ་ནི་རྒྱུའོ། །རིག་བྱར་གྱུར་པའི་སྒྲས་རྒྱུ་སྒྲུབ་པར་བྱེད་པ་ཉིད་ཀྱིས་སྐྱེད་པར་བྱེད་པར་བརྗོད་པའི་ཕྱིར་རོ། །དེ་ཡང་རྐྱེན་གཞན་མ་ལུས་པ་དང་། རང་བཞིན་ཁྱད་པར་ཅན་དུ་གྱུར་པ་དེ་མ་
དམིགས་པ་དེའི་སྒྲུབ་པར་བྱེད་པ་བསྟན་པ་བཤད་པའི་གོ་རིམས་སོམོ། །རྣམ་པ་དེ་ལྟ་བུ་ཇི་ལྟར་མི་དམིགས་པ་ཡིན་ཞེ་ན། དེ་དེ་ཉིད་ལ་ཡིན་ནོ་ཞེས་ནི་མི་བརྗོད་ཀྱི་འོན་ཀྱང་དེའི་རིགས་གཞན་ལ་མ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་མི་དམིགས་པ་གང་གི་སྒྲུབ་པ་ཡིན་ཞེ་ན།
བཤད་པ། རྟོགས་པ་པོ་སྟེ་ཕྱིར་རྒོལ་བས་སོ། །གལ་ཏེ་དམིགས་པའི་རིག་བྱར་གྱུར་པ་ནི་ཤ་ཟ་བ་ལ་སོགས་པ་ལ་ཡང་གཞན་མཐུ་དང་ལྡན་པར་འགྱུར་ན་དེ་དག་ཀྱང་ཇི་ལྟར་མི་དམིགས་པ་སྒྲུབ་པར་བྱེད་པའི་སྒྲུབ་པའི་ཡན་ལག་ཏུ་ནུས་པར་འགྱུར་ཞེ་ན། རྟོགས་
པ་པོས་ཞེས་བྱ་བ་སྨོས་ཏེ། འདི་སྐད་སྟོན་པ་ཡིན་ཏེ། འདིར་རྟོགས་པར་བརྗོད་པ་གང་ཡིན་པ་དེའི་དམིགས་པའི་རིག་བྱར་བུམ་པ་ལ་སོགས་པ་གང་ཡིན་པ་དེ་ཉིད་བུམ་པ་སྒྲུབ་པར་བྱེད་པ་ཡིན་གྱི་གཞན་མ་ཡིན་ནོ། །རྣམ་པ་འདི་ལྟ་བུ་ཉིད་ཀྱི་མི་དམིགས་པ་སྒྲུབ་པར་

བྱེད་པ་ཡིན་གྱི། ཅིའི་ཕྱིར་གཞན་གྱིས་མ་ཡིན་ཞེ་ན། དེ་འདྲ་བ་ཁོ་ནའི་མི་དམིགས་པ་ལ་ནི་མེད་པའི་ཐ་སྙད་སྒྲུབ་པ་ཡིན་གྱི་ཞེས་བྱ་བ་སྨོས་སོ། །དམིགས་པའི་རིག་བྱར་མ་གྱུར་པའི་མི་དམིགས་པ་ནི་ཐེ་ཚོམ་གྱི་རྒྱུ་ཡིན་ཏེ། རྟོགས་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །
མེད་པའི་ཐ་སྙད་གྲུབ་པ་ཞེས་བརྗོད་པ་ནི་མེད་པའི་ཐ་སྙད་ཁོ་ནས་བསྒྲུབ་པར་བྱ་བ་ཡིན་གྱི། དངོས་པོ་མེད་པ་ནི་མ་ཡིན་ནོ། །རང་བཞིན་མི་དམིགས་པ་རང་ཉིད་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་བསྟན་པའི་དོན་དུ་འམ། མེད་པའི་ཐ་སྙད་སྨོས་པ་ཉེ་བར་
མཚོན་པའི་དོན་ཡིན་ནོ། །དེས་ན་སྒྲ་དང་ཤེས་པ་དེ་ཡང་གཟུང་ངོ་། །འདི་ཡིན་ནོ་ཞེས་གང་ལ་ངེས་པར་བྱ་ཞེ་ན་བཤད་པ། དམིགས་པའི་རིག་བྱར་གྱུར་པའི་དོན་གྲུབ་པ་པོའི་མངོན་སུམ་ཉིད་དུ་ཉེ་བར་དམིགས་པ་དེ། ལྡོག་པར་འགྱུར་དུ་ཟིན་ཀྱང་དངོས་པོ་མེད་པ་
མི་འཁྲུལ་པའི་ཕྱིར་རོ། །མེད་པ་སྨོས་པ་ནི་མེད་པའི་སྒྲ་དང་ཤེས་པ་ཐ་སྙད་ཉེ་བར་མཚོན་པ་ཡིན་ནོ། །དམིགས་པ་སྨོས་པས་ནི་ཤེས་པ་ཡོངས་སུ་གཟུང་སྟེ། རྟོགས་པ་པོའི་དངོས་པོ་སྤངས་པའོ། །དམིགས་པའི་མཚན་ཉིད་ཀྱི་གྱུར་པ་གང་ཡང་རུང་བའི་འདི་མི་
དམིགས་པའི་མཚན་ཉིད་ཀྱི་གྱུར་པ་གང་ཡིན་པར་ཅི་སྟེ་བརྗོད་ཅེ་ན། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཞེས་བརྗོད་པའི་ངག་ཉེ་བར་བཀོད་པའི་དོན་དེ་རང་བཞིན་ཁྱད་པར་ཅན་ནོ། །ཅི་འདི་ཙམ་ཉིད་ཀྱིས་ཡིན་ནམ་ཞེ་ན། བཤད་པ་རྒྱུ་མཚན་གཞན་ཚོགས་པས་
དེའི་རང་བཞིན་ཁྱད་པར་ཅན་ལ་སོགས་པ་དང་གཞན་དབང་པོ་དང་ཡིད་ལ་བྱེད་པ་ལ་སོགས་པ་གང་ཡིན་པ་དེ་ནི་རྒྱུ་གཞན་ཏེ་དེ་དག་མ་ལུས་པའི་ཚོགས་པའོ། །རང་བཞིན་ཁྱད་པར་ཅན་ལ་ལྟོས་ནས་ཡང་ཞེས་བྱ་བའི་སྒྲ་བསྡུ་བ་ཡིན་ནོ། །རང་བཞིན་ཁྱད་པར་ཅན་འདི་
ཡང་ཇི་ལྟ་བུ་ཡིན་ཞེ་ན། རང་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་བསྐལ་པ་རྣམ་པ་གསུམ་གྱི་ངོ་བོ་བསྒྲིབས་པ་ནི་ཡུལ་དང་དུས་དང་རང་བཞིན་གྱི་མཚན་ཉིད་རི་རབ་དང་ར་མན་དང་ལྷ་ལ་སོགས་པའི་ངོ་བོ་ལྟ་བུ་དེས་མ་བསྐལ་པ་ནི་རང་བཞིན་ཁྱད་པར་ཅན་དུ་

བརྗོད་དོ། །གང་གི་བདག་ཉིད་ཅེས་བྱ་བ་ལ་སོགས་པའོ་ནི་གོ་བླའོ། །བདག་གི་ངོ་བོ་མ་ཡིན་པ་ནི། བདག་ནི་ངོ་བོ་མ་ཡིན་པ་སྟེ། གཞན་གྱི་ངོ་བོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་འདིར་སྣང་བ་སྟེ་དེ་དང་བྲལ་བ་ནི་མེད་པའོ། །རྣམ་པ་དེས་ན་རྟོགས་པ་པོའི་མངོན་
སུམ་དེས་སྣང་བའི་ངང་ཚུལ་ཅན་གྱི་ངོ་བོ་གང་ཡིན་པ་དེ་ལ་དེ་སྐད་དུ་བཤད་དོ། །ཡང་ན་ངོ་བོའི་སྒྲས་ནི་ལྷན་ཅིག་འདུས་པའི་ཁྱད་པར་ཅན་གྱི་འབྲས་བུ་དམིགས་པའི་རྐྱེན་མ་ལུས་པ་ཡོད་ཀྱང་ཉེ་བར་སྤངས་པ་ཡིན་ནོ། །གང་རང་གི་རིགས་སྤངས་པའི་བདག་ཉིད་སྣང་བ་དང་བྲལ་བའི་རང་
གི་ཤེས་པ་གཞན་གྱི་རྒྱུ་དང་ཉེ་བར་གྱུར་པ་གང་ཡིན་པའི་རང་བཞིན་ནོ། །དེ་དང་འདྲ་བའི་ཞེས་བྱ་བ་ནི་བསྐལ་པ་རྣམ་པ་གསུམ་གྱིས་བསྐལ་པའི་དོན་གྱི་ངོ་བོ་སྟེ། དེ་ལྟ་བུའི་བདག་ཉིད་མ་ཡིན་པའི་ངོ་བོ་སྣང་བ་དང་བྲལ་བ་ནི་སྣང་བའི་ངོ་བོ་མི་དམིགས་པར་འགྱུར་བ་མེད་པའི་ཐ་སྙད་ཀྱི་
ཡུལ་ཡིན་ཏེ། མེད་པའི་ཐ་སྙད་དུ་བྱ་བ་རྟོགས་པར་རུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དབང་པོ་དང་སྣང་བ་དང་ཡིད་ལ་བྱེད་པ་ཡོད་དུ་ཟིན་ཀྱང་མེད་པ་ནི་ཉེ་བར་མི་དམིགས་ན་དེ་དང་བྲལ་བ་དེ་ཇི་ལྟར་མེད་པའི་ཐ་སྙད་ཀྱི་ཡུལ་དུ་གྱུར་པ་ཡིན་ཞེ་ན། དམིགས་པའི་རིག་བྱར་གྱུར་པ་
གཞན་དག་ཡོད་པ་སྨོས་སོ། །འོ་ན་བུམ་པ་ལ་སོགས་པ་བསྐལ་པ་མ་ཡིན་པ་ཉེ་བར་དམིགས་པའི་རྒྱུ་གཞན་ཡིན་པར་ཡོད་པ་ཡིན་ཏེ། རྒྱུན་ཡོངས་སུ་གྱུར་པ་ལ་ལྟོས་པའི་ཕྱིར་མི་དམིགས་སོ་ཞེ་ན། གཞན་དང་ཉེ་བ་ཙམ་ནི་རང་གི་འབྲས་བུ་སྐྱེད་པའི་ནུས་པ་ཡོངས་སུ་གྱུར་པ་
ལས་བྱུང་བ་ནི་རྒྱུ་མ་ཡིན་ཏེ། འདི་ལྟར་ས་དང་ཆུ་ལ་སོགས་པའི་ཚོགས་པ་ཡོད་དུ་ཟིན་ཀྱང་ཏ་ལའི་ས་བོན་གྱིས་རང་གི་འབྲས་བུ་བསྐྱེད་པ་ན་དུས་ཡུན་རིང་པོར་ན་འབྱུང་བ་ཡིན་ལ། ཤ་པ་ལ་སོགས་པའི་ས་བོན་ལས་ནི་དེ་མ་ཐག་ཏུ་འབྱུང་བ་ཁོ་ན་ཡིན་ནོ། །དེ་ལྟར་ན་འདིར་ཡང་འབྱུང་
བར་འགྱུར་བའི་ཕྱིར་རོ། །གཞན་ཡང་རྣལ་འབྱོར་པ་མཐུ་དང་ལྡན་པ་དང་ཤ་ཟ་དང་སྒྱུ་མ་བྱེད་པ་ལ་སོགས་པ་བྱིན་གྱིས་བརླབས་པར་གྱུར་པའི་དངོས་པོ་གང་ཡིན་པ་དེ་ཡོད་དུ་ཟིན་ཀྱང་དམིགས་པ་མ་ཡིན་ནོ། །དེ་དང་འདྲ་བའི་དམིགས་པའི་རིག་བྱར་གྱུར་པ་གཞན་ཡོད་ཀྱང་མི་

དམིགས་པ་ནི་མེད་པའི་ཐ་སྙད་ཀྱི་ཡུལ་དུ་གྱུར་པ་བཤད་པ་དེ་ཇི་ལྟར་ཡིན་ཞེ་ན། ཁྱོད་རིགས་པའི་ཐིགས་པ་ལ་ཡང་འབད་པ་བྱས་པ་ཉུངས་པ་ཡིན་ཏེ། འདི་ལྟར་རང་བཞིན་ཡོད་ལ་དམིགས་པའི་རྐྱེན་ཚང་ན་མངོན་སུམ་དུ་འགྱུར་རོ་ཞེས་དེ་སྐད་དུ་བཤད་དོ། །གང་ཡང་རྒྱུན་ཡོངས་སུ་གྱུར་
པ་ལྟོས་པ་འདི་ཉིད་དང་མཐུ་དང་ལྡན་པས་བྱིན་གྱིས་བརླབས་པ་གང་ཡིན་པ་དེ་ནི་རང་བཞིན་ཁྱད་པར་ཅན་དུ་མི་འགྱུར་རོ། །དམིགས་པའི་རྐྱེན་གཞན་ཡང་མ་ལུས་པ་ཉེ་བ་ཡིན་ཡང་རང་གི་ཡུལ་དུ་ངོ་བོ་ལ་ཉེ་བར་དམིགས་པ་མི་བསྐྱེད་པའི་ཕྱིར་རོ། །རྣམ་པ་དེ་ལྟ་བུ་འམ་ཤ་ཟ་བ་
ལ་སོགས་པའི་རང་བཞིན་ཁྱད་པར་གྱི་ངོ་བོ་མ་ཡིན་པས་མེད་པའི་ཐ་སྙད་ཀྱི་ཡུལ་དུ་མི་འགྲུབ་པོ། །དེ་ལྟར་འོ་ན་དབང་པོ་ལ་སོགས་པ་དམིགས་པའི་རྐྱེན་གཞན་ཚང་བའི་ཡོད་པ་ནི་མངོན་དུ་མ་གྱུར་ན། དེ་ལྟར་ཐམས་ཅད་དུ་མེད་པ། སྒྲུབ་པར་བྱེད་པར་མི་འགྱུར་རོ་ཞེ་ན། རྗེས་སུ་མཐུན་
པ་ལེགས་པར་བརྗོད་ན་དབང་པོ་ཉམས་པ་ལ་སོགས་པ་གང་ཡིན་པ་འདི་ཉིད་ཀྱིས་མ་ལུས་པ་མཐོང་བའི་ལམ་དུ་འགྲོ་བ་ཡིན་པས་དེས་ན་མ་ལུས་པ་དེ་ནི་དམིགས་པས་མེད་པའི་ཐ་སྙད་ཀྱི་ཡུལ་དུ་སྒྲུབ་པར་བྱེད་པ་ཡིན་གྱི། ཤ་ཟ་ལ་སོགས་པ་རང་བཞིན་ཁྱད་པར་ཅན་མ་གྱུར་པ་ནི་མ་
ཡིན་ནོ་ཞེས་བྱ་བ་གང་ཡིན་པ་དེ་མ་ཐག་ཏུ་བཤད་ཟིན་ཏོ། །རྣམ་པ་དེ་ལྟ་བུ་ཡོད་ཅིང་གཞན་དམིགས་པའི་རྐྱེན་མཐའ་དག་ཉེ་བར་གྱུར་པས་དམིགས་པ་མེད་པར་མི་རིགས་ཏེ། མི་དམིགས་པར་མི་རུང་བའི་ཕྱིར་དང་། དམིགས་པར་སྐྱེས་པ་འགའ་ཞིག་ལ་ལྟོས་པ་མེད་པའི་
ཕྱིར་རོ། །འབྲས་བུའི་དུས་སུ་དངོས་པོ་མེད་པ་མི་རྟོགས་སོ་ཞེས་བྱ་བ་ལ་སོགས་པ་ཚད་མ་རྣམ་པར་ངེས་པར་གསལ་བར་བྱས་སོ། །གང་དག་ལ་ཏ་ལ་དང་ཤ་ནའི་ས་བོན་ལ་སོགས་པ་བཞིན་དུ་ངེས་པར་ཚོགས་པ་མ་ལུས་པའི་ཡོངས་སུ་གྱུར་པ་དགོངས་པ་ཕུལ་དུ་བྱུང་བ་གཞུང་
གི་བཞེད་པ་ལས་རྟོགས་པ་ཆུང་ངུ་རྩོད་པའི་མཆུ་ཅན་རྩོད་པ་དག་ཐམས་ཅད་གཞུང་ཉིད་ཀྱིས་གསལ་བར་རིག་པར་བྱ་བ་སྟེ། གནས་མ་ཡིན་པར་ནན་གྱིས་བརྗོད་པས་ཆོག་སྟེ་གཞག་གོ། །དེའི་ཕྱིར་དམིགས་པའི་རིག་བྱར་གྱུར་པའི་མི་དམིགས་པས་མེད་པའི་ཐ་

སྙད་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་འདི་གནས་སོ། །གང་གི་ཕྱིར་དེ་ཉིད་ཡིན་པ་དེའི་ཕྱིར་དེ་ལས་ནི་རྒྱུའོ། །དམིགས་པའི་རིག་བྱར་གྱུར་པ་ལས་མི་དམིགས་པར་བཤད་པ་ལས་རྣམ་པ་གཞན་དུ་བརྟགས་ན་ཐེ་ཚོམ་ཟ་བ་ཡིན་ནོ། །གལ་ཏེ་མེད་པའི་ཐ་
སྙད་སྒྲུབ་པར་བྱེད་པ་ནི་མི་དམིགས་པ་ཙམ་གྱི་རྟགས་གཞན་གྱིས་ཁས་བླངས་པ་དེ་དེ་ལས་ཐེ་ཚོམ་ཟ་བར་འགྱུར་བས་མེད་པའི་ཐ་སྙད་སྒྲུབ་པའི་ངེས་པ་མེད་དོ། །དམིགས་པ་ལོག་ཀྱང་དོན་མེད་པར་མི་འགྲུབ་པོ་ཞེས་བྱ་བ་བསྡུ་བའི་དོན་ཡིན་ནོ། །ཡང་ན་སྣང་བ་མི་དམིགས་པས་
དོན་དམ་གཞན་དུ་རྟགས་ནི་ཐེ་ཚོམ་ཟ་བ་ཉེ་བ་ཡིན་ཞེས་བཤད་པར་བྱའོ། །དེ་ལ་ཞེས་སྨོས་པས་ནི་སྔ་མ་ལ་ལྟོས་པའོ། །ཡང་ན་དམིགས་པའི་རིག་བྱར་གྱུར་པ་དེ་ལས་གཞན་པ་དེ་ནི་ཐེ་ཚོམ་ཟ་བའི་རྟགས་ཞེས་བཤད་དོ། །འདིར་ཡང་མི་དམིགས་པའི་ཁྱབ་པ་ཇི་ལྟར་ཞེ་ན།
འདིར་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པ་དེ་ལྟ་བུ་ཞེས་བྱ་བ་ནི་སྣང་དུ་རུང་བའི་ཡོད་པ་མི་དམིགས་སོ། །ཐམས་ཅད་སྨོས་པ་ནི་ཐམས་ཅད་ཉེ་བར་བསྡུས་ནས་ཁྱབ་པ་བསྟན་པའི་དོན་ཡིན་ནོ། །གལ་ཏེ་རི་བོང་གི་མགོ་ལ་སོགས་པ་འགའ་ཞིག་ལ་རྭ་དམིགས་
པའི་རིག་བྱར་གྱུར་པ་ལས་མི་དམིགས་པའི་ཐ་སྙད་ཀྱི་ཡུལ་དུ་གྱུར་ཀྱང་གཞན་སྤྱི་དང་བྱེ་བྲག་དང་ཡན་ལག་ཅན་དང་རྫས་དང་ལྡན་པ་རྣམ་པར་དབྱེ་བ་ལ་སོགས་པ་རྣམ་པ་དེ་ལྟ་བུའི་དེ་བཞིན་དུ་འགྱུར་རོ་ཞེས་བྱ་བའི་ངེས་པ་ཅི་ཞིག་ཡོད་ཅེ་ན། འགའ་ཞིག་ཅེས་བྱ་བ་ལ་སོགས་
པ་སྨོས་ཏེ། འགའ་ཞིག་དམིགས་པའི་རིག་བྱར་གྱུར་པ་ལས་མི་དམིགས་པའི་རི་བོང་གི་རྭ་ལ་སོགས་པའི་མེད་པའི་ཐ་སྙད་ཀྱི་ཡུལ་དུ་ཁས་བླངས་པ་ནི་མེད་པའི་ཐ་སྙད་ལ་སོགས་པའི་ཡུལ་དག་ནི་མེད་པ་ཡིན་ནོ་ཞེས་བཤད་པ་དང་མཚན་ཉིད་ཁྱད་པར་མེད་པའི་ཕྱིར་རོ། །
དེའི་མེད་པའི་མཚན་ཉིད་དེ་ཇི་སྐད་བཤད་པའི་མི་དམིགས་པའོ། །མཚན་ཉིད་སྨོས་པ་ནི་རྒྱུ་དང་སྒྲུབ་པར་བྱེད་པ་ཡིན་ཏེ། དེ་དང་ཁྱད་པར་མེད་པ་ཅན་ཡིན་པའི་ཕྱིར་རོ། །སྤྱི་དང་བྱེ་བྲག་ཅན་དང་ཡན་ལག་ཅན་རྫས་ལ་སོགས་པ་ཞེས་བྱ་བ་ཚིག་ལྷག་མའོ། །འདི་

སྐད་སྟོན་པ་ཡིན་ཏེ། རི་བོང་གི་རྭ་ལ་སོགས་པ་མེད་པའི་ཐ་སྙད་ཀྱི་ཡུལ་དུ་ཅིའི་ཕྱིར་འདོད། ཇི་སྐད་བཤད་པའི་མི་དམིགས་པ་དེའི་རྒྱུ་མཚན་དུ་ཡོད་པའི་ཕྱིར་རོ་ཞེ་ན། གལ་ཏེ་དེ་ལྟར་སྤྱི་དང་བྱེ་བྲག་ལ་སོགས་པ་ཡང་ཡོད་པ་ཡིན་ན་ཅིའི་ཕྱིར་དེ་དག་མེད་པའི་ཐ་སྙད་ཀྱི་
ཡུལ་ཉིད་དུ་ཁས་བླང་པར་མི་བྱ། དེ་ལྟ་མ་ཡིན་ན། དེ་ལ་ཡང་དེར་མི་འགྱུར་རོ། །སྐྱེས་བུའི་འདོད་པའི་དབང་གིས་ཡུལ་གྱི་རྣམ་པར་དབྱེ་བ་ནི་མི་རིགས་སོ། །རྣམ་པ་དེ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་དེ་ཉིད་རྣམ་པར་འབྱེད་པ་རྣམ་པ་དེ་ལྟ་བུ་སྣང་དུ་ཡོད་པའི་མི་དམིགས་པའི་མེད་པར་
ཁས་མི་ལེན་ན་ཞེས་བྱ་བ་ལ་སོགས་པའི་ཡུལ་ཁས་མི་ལེན་ཏོ་ཞེས་བྱ་བའི་དོན་ཏོ། །མེད་པ་སྨོས་པ་ནི་མེད་པའི་ཐ་སྙད་པ་ལ་སོགས་པའི་ཡུལ་ཉེ་བར་མཚོན་པ་ཡིན་ནོ། །དམིགས་སུ་རུང་བའི་མི་དམིགས་པ་དེ་ཡང་དགག་པའི་གཏན་ཚིགས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རི་བོང་གི་
རྭ་ལ་སོགས་པ་གཞན་ལ་རྣམ་པ་འདི་ལྟ་བུའི་མེད་པར་རུང་བ་སྲིད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་དེ་ལྟ་བུའི་སྣང་དུ་རུང་བ་ནི་དམིགས་པའི་རྐྱེན་གཞན་དག་ཡོད་ན་མི་དམིགས་པར་མི་འགྱུར་རོ། །དེ་ཅི་དང་འདྲ་བ་ཞིག་ཅེ་ན། བཤད་པ་གཞན་དམིགས་པའི་རྐྱེན་འགའ་
ཞིག་ལ་ལྟོས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེས་ན་འདི་ནི་རྣལ་མ་ཉིད་གསལ་བར་བྱེད་པ་ཡིན་ནོ། །མི་དམིགས་པ་ཅི་འདྲ་བ་ཞིག་ཅེ་ན། དམིགས་པའི་རིག་བྱར་གྱུར་པ་མེད་པ་ཡིན་པའི་ཕྱིར་འདིར་དམིགས་པའི་རིག་བྱར་གྱུར་པ་དེ་ལས་མ་དམིགས་པ་དེ་ཙམ་
ལས་རྒྱུ་མཚན་ཡིན་ཏེ། མེད་པའི་ཐ་སྙད་དུ་རུང་བའི་ཕྱིར་རོ། །དེས་ན་འདིར་ཐ་སྙད་ཀྱི་རྒྱུ་མཚན་གཞན་མ་ཡིན་པར་བསྟན་ཏོ། །དེ་ཉིད་གང་ལས་ཤེ་ན། གཞན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་བཤད་པའི་མི་དམིགས་པ་སྤངས་ན་མེད་པའི་ཐ་སྙད་ཀྱི་རྒྱུ་མཚན་གཞན་མེད་
པའི་ཕྱིར་རོ་ཞེས་བྱ་བ་བསྡུ་བའི་དོན་ཏོ། །གང་དང་གང་ལས་ཅུང་ཟད་ཅིག་ནུས་པ་མེད་པ་དེ་དང་དེ་ནི་མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་ཏེ། དཔེར་ན་ནམ་མཁའི་པད་མོ་བཞིན་ནོ། །དེ་བཞིན་དུ་མངོན་པར་འདོད་པའི་ཡུལ་ལ་སོགས་པ་ལ་ཅུང་ཟད་ཅིག་ནུས་པ་མེད་པའི་ཕྱིར་མེད་པར་འདོད་

པ་ཡིན་ནོ། །ནུས་པ་ཐམས་ཅད་ཀྱིས་དབེན་པ་ཉིད་མེད་པའི་ཐ་སྙད་ཀྱི་རྒྱུ་མཚན་དུ་གྱུར་ན། དེ་ལྟར་འབྲེལ་པ་མེད་པར་གཟེངས་བསྟོད་ནས་བརྗོད་པ་ཡིན་ནོ། །དེ་ནི་རྒྱུ་མཚན་མེད་པའི་ལས་ཡིན་ནོ་ཞེས་གཞན་འགའ་ཞིག་དེ་སྐད་དུ་སྨྲ་བའི་དགོས་པ་
ནི། གལ་ཏེ་ནུས་པ་ཐམས་ཅད་ཀྱིས་དབེན་པའི་རྒྱུ་མཚན་ཡིན་ཞེ་ན། འདི་ལྟར་ལན་ནི། དེ་ནི་དེ་ལྟ་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྙམ་དུ་སེམས་པ་ཡིན་ཏེ། ནུས་པ་ཐམས་ཅད་ཀྱིས་དབེན་པའི་རྒྱུ་མཚན་ཡིན་ནོ་ཞེས་བཤད་པ་ལེགས་ན་འོན་ཀྱང་དེ་ཉིད་ཐམས་
ཅད་ཀྱིས་དབེན་པའི་དོན་ཡིན་པར་ཇི་སྐད་བཤད་པའི་མ་དམིགས་པ་སྤངས་ནས་ཇི་ལྟར་རྟོགས་པར་འགྱུར། ནུས་པ་ཐམས་ཅད་ཀྱིས་དབེན་པ་གང་གིས་མེད་པའི་ཐ་སྙད་ཀྱི་རྒྱུ་མཚན་དུ་གྱུར་པ་ཡིན་པ་འདིར་མི་ཤེས་པ་ཉིད་ཀྱིས་དེའི་རྒྱུ་མཚན་འོས་པ་མ་ཡིན་ཏེ། ཤེས་བྱེད་
ཀྱི་གཏན་ཚིགས་ཀྱི་དབང་དུ་བྱས་པའི་ཕྱིར་རོ། །ནུས་པ་ཐམས་ཅད་ཀྱིས་དབེན་པར་ཇི་སྐད་བཤད་པའི་མི་དམིགས་པ་ཅིའི་ཕྱིར་རྟོགས་པ་ཡིན་ཞེ་ན། དེ་རྟོགས་པའི་ཐབས་གཞན་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །གང་གི་ཚེ་ཇི་སྐད་དུ་བཤད་པའི་མི་དམིགས་པ་
དེས་ནུས་པ་ཐམས་ཅད་ཀྱིས་དབེན་པར་རྟོགས་པར་གྱུར་པ་དེའི་ཚེ། རྟོགས་པ་ཡོད་ན་མེད་པའི་ཐ་སྙད་དུ་འགྱུར་རོ། །ཕྱིར་ཞེས་བྱ་བ་ནི་དེའི་ཕྱིར་ཏེ། ཇི་སྐད་བཤད་པའི་མི་དམིགས་པ་འདི་ནི་མེད་པའི་ཐ་སྙད་དེའི་རྒྱུ་མཚན་དུ་བརྗོད་པ་ཡིན་ནོ། །སླར་ཡང་གཞན་དག་མེད་པ་
ལ་སོགས་པའི་རྒྱུ་མཚན་གཞན་འགའ་ཞིག་ཏུ་དེ་སྐད་དུ་བརྗོད་པ་ཡིན་ནོ་ཞེས་དོགས་པར་ནི། གལ་ཏེ་སྒྲ་དང་བློ་དང་ཞེས་བྱ་བ་ལ་སོགས་པའོ། །འདིར་བསམ་པ་ནི་འདི་ཡིན་ཏེ། བློ་དང་སྒྲ་དང་དོན་བྱེད་པ་དག་ལས་ཡོད་པར་ཐ་སྙད་དུ་གྱུར་ཏེ། དེ་ལྟར་ན་དེ་ལ་འཇུག་
པས་དངོས་པོ་ཡོད་པར་སྒྲུབ་པར་བྱེད་དོ། །དེ་ཐ་དད་པ་དང་ཐ་མི་དད་པས་དངོས་པོ་ཐ་དད་པ་ཐ་མི་དད་པར་འགྱུར་རོ་སྙམ་དུ་སེམས་ནས་དེ་བཟློག་པའི་རང་གི་རྒྱུ་མཚན་གྱིས་ཡོད་པའི་ཐ་སྙད་བཟློག་པ་ཡིན་ཏེ། མེ་དང་དུ་བ་བཞིན་དུ་དེ་བཟློག་པས་མེད་པ་ཐ་སྙད་ཡིན་ནོ། །

ཡོད་པའི་ཐ་སྙད་དང་། མེད་པའི་ཐ་སྙད་དག་ཕན་ཚུན་རྣམ་པར་བཅད་ནས་གནས་པའི་ངོ་བོ་ཉིད་ཀྱིས་གཅིག་སྤངས་ན་གཞན་ཡོངས་སུ་གཅོད་པ་ནི་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་རོ། །བློ་ལ་སོགས་པ་དེས་ཀྱང་མེད་པའི་ཐ་སྙད་ཀྱི་རྒྱུ་མཚན་ཡིན་པའི་ཐ་སྙད་ཀྱི་རྒྱུ་མ་
ཡིན་པའི་ཕྱིར་དང་གཞན་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའི་དེ་སྐད་བཤད་པའི་རིགས་པ་མ་ཡིན་པས་འདི་ཡང་བསལ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་དུ་བཤད་པའི་བློ་ལ་སྣང་བ་ནི་སྒྲུབ་པ་པོའི་མངོན་སུམ་ལ་སྣང་བ་མེད་པའི་ངོ་བོ་
སྣང་བ་སྟེ། ཇི་སྐད་དུ་བཤད་པའི་སྣང་བ་གང་ཡིན་པ་ཞེས་བྱ་བར་སྦྱར་རོ། །གང་གི་ངོ་བོ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་བཤད་པ་དེས་ཡོད་པའི་ཐ་སྙད་དུ་འགྱུར་ཏེ། དངོས་པོ་མངོན་སུམ་དུ་འཛིན་པའི་ཕྱིར་རོ། །དེ་ལས་བཟློག་པའི་དངོས་པོ་མེད་པ་དེ་ནི་
མེད་པའི་ཐ་སྙད་ཡིན་ཏེ། དམིགས་པའི་རྐྱེན་གཞན་ཡོད་ཀྱང་ཞེས་བྱ་བ་ནི་ངག་ཡོངས་སུ་རྫོགས་པའི་འབྲས་བུ་ཡིན་ནོ། །གཞན་དུ་ནི་ཐེ་ཚོམ་སྐྱེ་བར་འགྱུར་རོ། །དངོས་པོ་ཡོད་པའི་རྐྱེན་གཞན་ཚང་ན་ལྡོག་པར་མི་འགྱུར་རོ་ཞེས་བྱ་བ་འདི་ནི་ཁོ་བོ་ཅག་གིས་སྔར་བསྟན་
པ་ཡིན་ནོ། །དེས་ན་རྣམ་པ་འདི་ལྟ་བུ་བློ་མངོན་པར་འདི་ནི་ཁྱེད་དང་འུ་བུ་ཅག་དེ་འདོད་པ་གཅིག་པར་དེ་ལྟར་ན་ཡང་ཁོ་བོ་ལ་མི་འདོད་པ་བཤད་པ་ཅུང་ཟད་ཀྱང་མེད་དོ། །དེ་ལྟ་མ་ཡིན་ན་དེ་ནི་འཁྲུལ་པར་འགྱུར་རོ་ཞེས་བསྟན་ཏོ། འཁྲུལ་པ་དེ་ཉིད་བསྟན་པ་ནི། མངོན་སུམ་
གྱི་ཡུལ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྟགས་ལས་སྐྱེས་པ་ནི་རྟགས་ལས་སྐྱེས་པ་སྟེ། རྗེས་སུ་དཔག་པ་ཞེས་བྱ་བའི་དོན་ཏོ། །དེས་ཡོད་པའི་ཐ་སྙད་དུ་བྱེད་པ་ནི། ལྐོག་ཏུ་གྱུར་པའི་དོན་ཡིན་ནོ། །འབའ་ཞིག་ནི་མ་ཡིན་ཏེ་བཤད་མ་ཐག་པའི་རང་གི་ངོ་
བོ་ནི་རང་གི་གཟུང་བར་བྱ་བ་ཡིན་པས་ཀྱང་ཞེས་བྱ་བ་སྨོས་སོ། །རྟགས་ཐམས་ཅད་ཀྱིས་ཡོད་པར་འགྱུར་རམ་ཞེ་ན། མ་ཡིན་ཏེ་འགའ་ཞིག་ཅེས་བྱ་བ་སྨོས་སོ། །རང་བཞིན་དང་འབྲས་བུའི་རྟགས་གཉིས་ཀྱི་སྟོབས་ལས་སྐྱེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །

མི་དམིགས་པ་ནི་མེད་པའི་ཐ་སྙད་སྒྲུབ་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །གལ་ཏེ་དེ་ལྟ་ན་དེ་ལྟས་ཇི་ལྟར་འཁྲུལ་པར་འགྱུར་ཞེ་ན། མེད་པ་ཐ་སྙད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལས་བཟློག་པ་ནི་ཇི་སྐད་བཤད་པའི་རྟགས་ལས་སྐྱེས་པ་མ་
ཡིན་པའི་བློ་དེ་བཟློག་པ་ན་མ་ངེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། བསྐལ་པའི་དོན་ཕུང་པོ་ལ་སོགས་པ་བསྐལ་པ་རྟོགས་པའི་མངོན་སུམ་གྱི་ཚད་མ་ལྡོག་པ་ཡང་ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་རོ། །མེད་པའི་དོན་ལ་ཞེས་བྱ་བ་ནི་ལྷག་མའོ། །རྟོགས་པ་
པའི་མངོན་སུམ་ཞེས་བྱ་བ་ནི་དྲུག་པའོ། །ཤེས་བྱ་མ་ལུས་པའི་སྒྲིབ་པ་སྤངས་པའི་མངོན་སུམ་འདི་ལོག་ན་ནི་ཐེ་ཚོམ་མི་ཟ་བར་བརྗོད་པ་ཡིན་ནོ། །གཞན་ནི་རྗེས་སུ་དཔག་པ་དང་ལུང་ངོ་། །ལུང་གི་ཚད་མ་འདིས་རྟོགས་པར་བྱ་བ་བརྗོད་པ་ལ་ཚད་མ་ཡོད་པ་མ་ཡིན་ཏེ། མེད་ན་མི་
འབྱུང་བ་མེད་པའི་ཕྱིར་རོ། །སྒྲ་དང་དངོས་པོ་རྣམས་ལྷན་ཅིག་ཏུ་དོན་མི་འགྲུབ་སྟེ་དེ་དང་དེ་ནི་སྨྲ་བ་པོ་བསམ་པ་སྟོན་པ་ཡིན་ནོ་ཞེས་བརྗོད་དོ། །འདིར་བསམ་པ་ནི་འདི་ཡིན་ཏེ། གལ་ཏེ་ཚད་མ་ལོག་པ་མངོན་སུམ་མེད་པ་དེ་ལྟ་ན་ཡང་མེད་དོ་ཞེས་གང་ལས་ངེས་པར་འགྱུར། ཇི་ལྟར་
མ་ལ་ཡའི་རི་ཡུལ་ན་རྒྱུ་དང་དཱུར་བའི་ལོ་མ་ལ་སོགས་པ་ཚད་མའི་སྤྱོད་ཡུལ་ལས་འདས་པའི་དངོས་པོ་ཅན་བསྟན་དུ་ཡོད་པར་གནས་པ་མ་ཡིན་ནོ་ཞེས་བརྗོད་པར་ནུས་པ་མ་ཡིན་ཏེ། ཚད་མ་མེད་པ་ནི་ཡུལ་མཐའ་དག་གིས་ཁྱབ་པར་བྱེད་པ་དང་རྒྱུ་མ་ཡིན་པའི་ཕྱིར་རོ། །དེའི་
ངོ་བོ་མ་ཚང་བས་དོན་ལོག་པ་ནི་ངེས་པ་ནི་ངེས་པར་གཞན་ལྡོག་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་སྐྱོན་དུ་འགྱུར་བ་འདི་སྔ་མ་བཞིན་དུ་རིག་པར་བྱའོ། །གང་གི་ཕྱིར་བཤད་ན། བསྟན་བཅོས་ལ་བརྟེན་ཞེས་འབྲེལ་པ་མེད་པའི་དོན་མང་པོ་དབང་པོ་ལས་འདས་པ་དང་རྟགས་མེད་པ་དེ་དག་
ཇི་ལྟར་མི་དམིགས་པས་མེད་པར་འགྱུར་བ་ཡིན། འོ་ན་འདི་རྟགས་ལས་སྐྱེས་པར་འདོད་པ་མེད་པ་ཐ་སྙད་ཀྱི་གཏན་ཚིགས་ཉིད་དགག་པ་རྩོམ་པ་ན་དེ་ལས་བཟློག་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་བརྗོད་པས་མངོན་སུམ་དང་ལུང་ལ་ལྟོས་པ་དེ་སྐབས་མ་ཡིན་པ་དེ་ཅིའི་ཕྱིར་བརྗོད་ཅེ་ན། དེ་

ནི་རིགས་པ་ན་ཚད་མ་ཐམས་ཅད་ལོག་པ་ཐམས་ཅད་ཚད་མ་ཡིན་པར་བསྟན་པས་འདི་ཡང་ངེས་པ་མེད་པར་བསྟན་ཅིང་བཤད་པ་ནི་བློ་གྲོས་བཟང་པོས་རྟོགས་པའི་དགོངས་པ་ཡིན་ནོ། །ཡོད་པའི་ཐ་སྙད་དང་མེད་པའི་ཐ་སྙད་དག་ཕན་ཚུན་རྣམ་པར་གཅོད་པའི་མཚན་ཉིད་དུ་གནས་པ་
གཅིག་མེད་ན་མི་འབྱུང་བར་ཡོད་པའི་ཕྱིར་རོ། །བསྐལ་པའི་རྒྱུ་མཚན་དེས་ཡོད་པའི་ཐ་སྙད་པ་ན་མེད་པའི་ཐ་སྙད་དུ་འགྱུར་རོ་ཞེ་ན། སྨྲས་པ་ནི་བདེན་ན་དེ་ཡང་རིགས་པ་ནི་མ་ཡིན་ཏེ། འདི་ལྟར་སྐོར་དུ་ཡོད་པའི་དོན་ལ་ཡོད་པའི་ཐ་སྙད་ལོག་པ་ན། དེའི་རྒྱུ་མཚན་མེད་པས་ཀྱང་གཉི་
ག་ཡང་འདི་ལྟར་འདིར་མི་དམིགས་པར་འགྱུར། རང་དང་བཟློག་པའི་གཏན་ཚིགས་ཡོད་པ་དང་མེད་པ་དག་གིས་ཡོད་པའི་ཐ་སྙད་དགག་པའི་འབྲས་བུ་ཅན་ཉིད་དུ་མཚུངས་ཀྱང་གཅིག་ནི་ཐེ་ཚོམ་ཅན་ཡིན་ལ། གཞན་ལས་ནི་ལྡོག་པ་ཡིན་ནོ་ཞེས་བྱ་བར་བརྗོད་ལ། ཐེ་ཚོམ་ཟ་བ་ཡིན་
ནོ། །གལ་ཏེ་དེ་ལྟ་ན་ཇི་ལྟར་མེད་པའི་ཐ་སྙད་ངེས་པ་དེ་ལ་རིགས་པར་མི་འཐད་པར་འགྱུར་རོ། །གང་ལ་ཡོད་པའི་ཐ་དད་དུ་ངེས་པར་ལྡོག་པ་དེ་ལ་མེད་པའི་ཐ་སྙད་ཀྱང་རིགས་པ་ཁོ་ན་ཡིན་ནོ་ཞེ་ན། གཞན་འཇུག་པའི་འབྲས་བུ་ཅན་ཡང་ཡིན་ནོ་ཞེས་བྱ་བར་བཤད་ཟིན་ཏོ། །མེད་པའི་
དངོས་པོ་རྣམ་པར་གཅོད་པས་ཡོད་པའི་ཞར་ལ་ངེས་པ་ནི་མ་ཡིན་ཏེ། མོ་གཤམ་གྱི་བུ་དང་ནམ་མཁའི་པདྨོ་ལ་སོགས་པ་མེད་པའི་བཀག་པས་ཡོད་པའི་གནས་སྐབས་སུ་གྱུར་པ་མ་ཡིན་གྱི། དགག་པ་ཙམ་དུ་འགྱུར་བ་ཡིན་གྱི། དེ་དག་ཕན་ཚུན་རྣམ་པར་བཅད་ནས་གནས་པའི་
ཕྱིར་རོ། །དེ་བཞིན་དུ་འདིར་ཡང་མངོན་སུམ་མ་ཡིན་པས་ཡོད་པའི་ཐ་སྙད་རྣམ་པར་གཅད་པ་ན་སྒྲུབ་པར་གྱུར་པ་མེད་པ་ཐ་སྙད་ཤུགས་ལས་བྱུང་བ་མ་ཡིན་ཏེ། ཡོད་པའི་ཐ་སྙད་རྣམ་པར་གཅད་པ་ཙམ་ཡིན་པའི་ཕྱིར་རོ། །དེ་ཡོད་པ་དང་མེད་པ་ཕན་ཚུན་ཡོངས་སུ་སྤངས་ཏེ་
གནས་པའི་ཕྱིར་རོ། །དྲི་མ་མེད་པའི་རིགས་པས་དེ་ཁོ་ན་ཉིད་གསལ་བར་རབ་ཏུ་རྟོགས་པའི་ཤེས་རབ་ཀྱིས་མ་ལུས་པའི་མུ་སྟེགས་ཅན་གྱི་གཞུང་གི་རྨོངས་པ་སྤངས་པའི་ཆོས་ཀྱི་གྲགས་པས་བདག་མེད་པ་ལ་སོགས་པ་རྣམ་པར་གཅོད་པ་ཡང་དེ་བཞིན་དུ་འགྱུར་རོ་ཞེས་བྱ་བ་ལ་སོགས་

པ་འདི་སྐད་བཤད་པ་ཡིན་པས་ཆོག་གོ། །ད་ནི་བློ་དང་སྒྲ་ཐུན་མོང་དུ་གྱུར་པའི་ཡོད་པ་ལ་འཇུག་པའི་གཏན་ཚིགས་ཀྱང་ཇི་ལྟར་མེད་པ་ཡིན་ཞེ་ན། བློ་དང་སྒྲ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རིམ་པ་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ། །ཅིའི་བློ་དང་སྒྲ་ལ་
སོགས་པ་དངོས་པོ་ཡོད་པ་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ནམ། དེ་དག་ཐ་སྙད་པ་དང་ཐ་སྙད་མེད་པ་འམ་དངོས་པོ་ཐ་དད་པ་དང་ཐ་དད་པ་མེད་པས་སམ་ཡོད་དམ་མེད་པ་ཞེས་བྱ་བ་ལ་སོགས་པ་ལ་ཡང་ཡིན། ཐམས་ཅད་སྨོས་པ་ནི་འགའ་ཞིག་སྒྲུབ་པར་བྱེད་པའོ་ཞེས་བྱ་བའོ། །
གསལ་བར་བྱ་བ་ཉིད་གང་ཡིན་ཞེ་ན། བཤད་པ་འདས་པ་དང་མ་འོངས་པ་ལ་སོགས་པ་མེད་པ་དག་ལ་ཡང་འཇུག་པའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །སོགས་པ་སྨོས་པ་ནི་ནམ་མཁའི་ཨུཏྤ་ལ་ལ་སོགས་པ་ཡོངས་སུ་གཟུང་ངོ་། །ཡུལ་མེད་པ་ཡིན་ན་དེ་རྣམས་ལ་དེ་དག་ཇི་ལྟར་
འཇུག་པར་རིགས་པ་ཡིན་ཞེ་ན། བཤད་པ་ཅི་ཞིག་ལྟར་དེའི་ངོ་བོ་མྱོང་བས་བྱས་པའི་བག་ཆགས་སྨིན་པ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དག་དངོས་པོ་འབྲེལ་པ་མེད་པ་དག་ཡིན་ནོ་ཞེས་བྱ་བར་དགོངས་སོ། །འཁོར་ལོས་སྒྱུར་བ་དུང་གིས་ཞེས་བྱ་བ་ལ་སོགས་
པའི་རྣམ་པ་དེས་འདིའི་དངོས་པོ་ཡོད་པ་སྒྲུབ་པ་མ་ཡིན་ནོ། །དེའི་རྣམ་པ་བཤད་པ། སྣ་ཚོགས་པ་དང་གཅིག་པའི་བྱ་བ་བྱེད་པའི་ངང་ཚུལ་ཅན་གང་ཡིན་པ་དེ་དག་དེ་སྐད་དུ་བརྗོད་པ་དེ་དག་ལ་འཇུག་པའི་རྒྱུས་སོ། །ཅིའི་ཕྱིར་དེ་དག་ལ་དེ་རྣམས་འཇུག་ཅེ་ན། དེ་ཡོད་པར་བསྟན་པའི་
ཕྱིར་རོ། །དེ་དག་སྣ་ཚོགས་པ་དང་གཅིག་པའི་བྱ་བ་བྱེད་པ་དང་ཡོད་པར་བསྟན་ཏེ། སྣ་ཚོགས་པ་དོན་གྱི་བྱ་བ་བྱེད་པ་དང་གཅིག་གི་དོན་གྱི་བྱ་བ་བྱེད་པར་བརྗོད་པའི་དོན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྒྱུ་འདི་ཉིད་ཀྱིས་དེ་དངོས་པོའི་དེ་ཉིད་ཡིན་ཞེས་བཤད། སྣ་ཚོགས་པ་དང་གཅིག་
པའི་བདག་ཉིད་མེད་པའི་བདག་ཉིད་ཀྱང་དེའི་དངོས་པོ་ཡིན་ནོ་ཞེས་སྒྲོ་བཏགས་སོ། །བློ་དང་སྒྲ་དག་གིས་གཅིག་དང་དུ་མ་ངོ་བོ་མ་ཡིན་ལ། དེས་ནི་འདི་ནི་དངོས་པོ་ཐ་དད་པ་འམ། ཐ་མི་དད་པ་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ། །འདིའི་དཔེ་སྟོན་པར་བྱེད་པ་ལ་རྒྱལ་པོ་མང་པོས་

བཀུར་བས་ནི་འདས་པའི་དཔེའོ། །ཇི་ལྟར་ཞེས་བྱ་བ་ཉེ་བར་བཀོད་པའོ། །འཁོར་ལོས་སྒྱུར་བ་དུང་ཞེས་བྱ་བ་ལ་སོགས་པ་ནི་མ་འོངས་པ་ལ་འཇུག་པའོ། །རི་བོང་གི་རྭ་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །བསྟན་དུ་མེད་པ་ནི་མིག་གི་རྣམ་པར་ཤེས་པ་སྐྱེས་པའི་ཕྱིར་རོ། །
ཐོགས་པ་དང་བཅས་པ་ནི་རང་གི་ཡུལ་དུ་གཞན་སྐྱེ་བའི་གགས་བྱེད་པའི་ཕྱིར་རོ། །འདི་དག་སྣ་ཚོགས་པའི་དོན་བྱེད་པ་དག་ལ་འཇུག་པ་དེའི་དཔེ་ཡིན་ནོ། །གང་གི་ཕྱིར་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་འབྲས་བུ་སྐྱེད་པར་བྱེད་པའི་ཕྱིར་གཅིག་གི་ངོ་བོ་ཡིན་ཡང་དུ་མའི་
ངོ་བོ་བསྟན་དུ་ཡོད་པ་ལ་སོགས་པའི་ཡུལ་དུ་བྱེད་པ་དེའི་ཕྱིར་དངོས་པོ་ཐ་དད་པ་སྒྲུབ་པར་མི་བྱེད་དོ། །བུམ་པ་ཞེས་བྱ་བ་ནི་དོན་གྱི་བྱ་བ་བྱེད་པ་དག་གི་དཔེ་ཡིན་ནོ། །འདི་ལྟར་གཟུགས་དང་། དྲི་དང་། རོ་དང་། རེག་བྱ་དག་མང་པོས་ཆུ་འཛིན་པའི་ཁྱད་པར་ལ་སོགས་པ་
འབྲས་བུ་སྒྲུབ་པར་ནུས་པའི་ཕྱིར་ཐ་མི་དད་པའི་ངོ་བོ་དེ་ཡུལ་ཉིད་ཀྱིས་བདག་ཉིད་ཡོད་པར་བྱེད་དོ། །དེས་ན་དེ་ནི་ཐ་དད་པའི་སྒྲུབ་པར་མི་ནུས་སོ། །འོ་ན་ནི་འདས་པ་དང་མ་འོངས་པ་དང་རི་བོང་གི་རྭ་ལ་སོགས་པ་དག་ལ་དེ་འཇུག་པ་ན། དངོས་པོ་སྒྲུབ་པར་ཤིན་ཏུ་རྟོགས་པར་མེད་ཀྱི་
བློ་དང་སྒྲ་བསྟན་དུ་ཡོད་པ་ལ་སོགས་པ་དངོས་པོ་ཐ་དད་པ་མི་སྒྲུབ་པ་ཞེས་བྱ་བ་འདི་ལྟར་རྟོགས་པར་ཞེ་ན། མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དངོས་པོ་གཅིག་ཡིན་ན་ཅིའི་ཕྱིར་གཟུགས་ལ་སོགས་པ་དེ་ཉེ་བར་བསྡུ་བ་ཡིན་སྙམ་ན། བསྟན་དུ་ཡོད་པ་དང་ཐོགས་པ་
དང་བཅས་པའི་ངོ་བོར་འགྱུར་བ་ནི། དེ་ལྟར་གཞི་མཐུན་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་མ་ཡིན་ན་རྒྱུ་ཐ་དད་པའི་ཕྱིར་མེ་ཏོག་པ་ཀུ་ལ་དང་། ཨུཏྤ་ལ་དང་། པདྨ་དང་། སྣ་མ་དང་། མ་ལི་ཀ་ལ་སོགས་པ་སྒྲ་ཐ་དད་པ་བཞིན་དུ་གཞི་མཐུན་པར་མི་འགྱུར་རོ་ཞེས་བྱ་བར་
དགོངས་སོ། །གཟེགས་ཟན་དང་རྐང་མིག་གི་རྗེས་སུ་འབྲངས་པ་ཕྱིན་ཅི་ལོག་ཏུ་བསྟན་པ་རྗེས་སུ་ཆགས་པ་སྐྱེས་པའི་རྣམ་པར་རྟོག་པའི་དྲི་མས་གཡོགས་པའི་མིག་ཅན་གྱིས་བརྗོད་པ་སྣ་ཚོགས་ཡིན་དུ་ཟིན་ཀྱང་ཁས་བླངས་ནས་གཅིག་ལ་ཉེ་བར་བསྡུ་བ་ལ་འགལ་བ་ཉིད་ཀྱི་

རྒྱུ་མཚན་ནི་བསྟན་དུ་མེད་པ་ལ་སོགས་པ་དང་འབྲེལ་པའི་ཕྱིར་ཞེ་ན། འདི་དག་ཐམས་ཅད་མ་བཏགས་ན་ཉམས་དགའ་བ་ཡིན་ན་དེས་ན་དཔྱད་པ་དང་གཞིག་མི་བཟོད་པའི་མཁས་པའི་སྐྱེ་བོས་བཞད་གད་དུ་བསྟན་པར་དགོངས་ནས། ཀྱེ་མ་འདི་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། ཀྱེ་མའི་སྒྲ་ནི་སྙིང་བརྩེ་བར་བྱའོ། །གང་ཡིན་ཞེ་ན། དུ་མ་དང་འབྲེལ་པ་རྣམས་བསྟན་དུ་ཡོད་པ་ལ་སོགས་པ་ཕན་འདོགས་པའོ། །ཕན་མི་འདོགས་པ་དེ་ནི་བདག་དང་དེ་འབྲེལ་པར་མི་རིགས་སོ་ཞེས་བྱ་བར་གསུངས་སོ། །བསྟན་དུ་ཡོད་པ་ལ་སོགས་པའི་
སྒྲ་སྣ་ཚོགས་པ་དང་འབྲེལ་པ་དེ་དག་ལས་བདག་ཉིད་འདོད་པའི་དཀའ་ཐུབ་པ་སྡུག་བསྔལ་གྱི་རྒྱུའོ། །འོ་ན་གཟུགས་ལ་སོགས་པ་ཡོད་པ་དེ་ནུས་པ་ཐ་དད་པ་དུ་མ་དང་འབྲེལ་བ་གང་གིས་ཕན་འདོགས་པར་བྱེད་པ་ཡིན་ན། དེ་ཉིད་ཀྱི་ནུས་པ་ཐ་དད་པ་བུམ་པ་ལ་སོགས་པའི་སྒྲ་གཅིག་པོ་
ཉིད་ཀྱིས་ཅིའི་ཕྱིར་བསྐྱེད་པར་མི་བྱ། གལ་ཏེ་དེ་ལྟར་གྱུར་ཀྱང་དེ་ལས་ཡོན་ཏན་ཅི་ཞིག་འཐོབ་ཅེ་ན། བཤད་པ། དེ་ལྟ་ན་འདིས་བརྒྱུད་པས་འཇུག་པའི་དུབ་པ་ཡོངས་སུ་སྤངས་པར་འགྱུར་རོ། །ནུས་པ་ཐ་དད་པས་འབྲེལ་པར་བྱེད། དེ་དག་ལས་ཞེས་བྱ་བའི་སྒྲ་དང་སྦྱར་ནས་འདི་བརྒྱུད་
པའི་རྗེས་སུ་འཇུག་པའི་རྗེས་སུ་འབྲང་བས་དཀའ་ཐུབ་ཀྱིས་གདུངས་པ་གཟུགས་ལ་སོགས་པ་དོར་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འོ་ན་སོ་སོར་ངེས་པས་ཕན་འདོགས་པའི་ནུས་པ་དང་ལྡན་པར་དངོས་པོ་ཐམས་ཅད་ལ་ཁྱོད་ཀྱིས་གདོན་མི་ཟ་བར་ཁས་བླང་བར་བྱ་སྟེ། དེ་ལྟ་མ་
ཡིན་ན་སཱ་ལུའི་ས་བོན་ལས་སཱ་ལུའི་མྱུ་གུ་སྐྱེ་བར་འགྱུར་ལ་ནས་ཀྱི་མྱུ་གུ་ཅིའི་ཕྱིར་མི་སྐྱེ་ཞེས་བརྗོད་ན། ཁྱོད་ཅི་ཞིག་རྗོད་པར་བྱེད། དེའི་ཕྱིར་ཁྱེད་རྣལ་མའི་དོན་ལ་བརྟེན་པར་རིགས་ཏེ། གཞན་དུ་སྐྱོན་སྤང་བར་མི་ནུས་པའི་ཕྱིར་རོ། །ཁོ་བོའི་ལན་ནི་རྒྱལ་པོས་ཕྲོགས་སམ། འབྲེལ་
དུ་མས་ཕན་འདོགས་པ་ཉིད་དེའི་ནུས་པ་སྒྲ་སྣ་ཚོགས་པ་སྐྱེད་པར་བྱེད་དོ་ཞེས་འདི་བརྗོད་པར་ནུས་པ་ཡིན་ནོ་ཞེ་ན། དེ་ནི་བདེན་ན། རེ་ཞིག་བསྟན་དུ་ཡོད་པ་ལ་སོགས་པ་ནི་ཡོད་པ་མ་ཡིན་ཏེ། རིམ་དང་ཅིག་ཅར་གྱིས་དོན་བྱེད་ནུས་པ་མི་རིགས་པའི་ཕྱིར་དང་། དམིགས་པའི་རིག་

བྱར་གྱུར་པ་ལས་མ་དམིགས་པའི་ཕྱིར་རོ། །དམིགས་པའི་རིག་བྱར་གྱུར་པའི་ཡོད་པ་མི་དམིགས་པ་ཡོད་པར་འགྱུར་རོ་ཞེས་བརྗོད་པར་མི་ནུས་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རམ། དམིགས་པའི་རིག་བྱར་གྱུར་པ་འདི་ཇི་ལྟར་དེའི་རྒྱུ་མཚན་གྱིས་བློ་དང་སྒྲ་དག་བ་ལང་
དག་དང་བ་མེན་ལ་སོགས་པ་དག་ལ་འཇུག་པར་འགྱུར་བ་ཡིན། དེས་ན་དམིགས་པ་ཡང་སྐད་ཅིག་མ་ལ་སོགས་པ་དུ་མ་གསལ་བ་ལས་ཐ་དད་པ་མི་དམིགས་པའི་མཚན་ཉིད་ཀྱང་གསལ་བ་ཡིན་ནོ། །གལ་ཏེ་སྤྱིའི་མཐོང་དུ་ཟིན་ཀྱང་མ་ཚང་བ་མེད་པ་ལོགས་ཤིག་རྟོགས་པ་ཡིན་ན།
དེའི་དངོས་པོ་སྟོབས་ལས་བྱུང་བ་དེ་ལ་བློ་དང་སྒྲ་འབྱུང་བར་ནི་ཇི་ལྟར་འགྱུར། དབྱིག་པ་ཅན་ལ་སོགས་པ་རྒྱུ་མཚན་མ་རྟོགས་པ་ལ་སྒྲ་དང་བློ་ནི་ཡོད་པ་མིན། དེའི་ཕྱིར་དེ་ནི་རྣམ་པ་གསུམ་གྱིས་ཀྱང་དེ་དག་རིགས་པའི་རྗེས་སུ་འགྲོ་བ་མེད་པ་གཞན་ཡང་ཁྱེད་ཀྱིས་ཐམས་ཅད་མཐོང་
བ་དེ་དག་དངོས་པོ་ཕྱོགས་གཅིག་པར་འགྱུར་བ་སྟེ། ཡང་ན་ཡུལ་དང་དངོས་པོ་ཐ་དད་པས་འདི་ཅིག་ཅར་ཡུལ་ཐ་དད་པར་འཇུག་པར་མི་འགྱུར། འཇུག་ན་ཡང་འདི་གཅིག་མ་ཡིན་ཏེ། ཅིག་ཅར་ཐམས་ཅད་ལ་འཇུག་པ་དང་ལྡན་པའི་རྣམ་པ་དུ་མ་རྣམས་ལ་བརྟེན་པའི་འབྲས་བུ་ལ་
སོགས་པ་གཅིག་གྱུར་པ་ཡོད་པ་མིན། ཡོད་པ་འདི་དག་བློ་དང་སྒྲས་སྐྱེ་བའི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཡོད་པའི་ངེས་པ་མེད་དོ། །མ་དམིགས་པ་དེ་དག་ཉིད་ཀྱི་ཕྱིར་འཚེད་པར་བྱེད་པ་ལ་སོགས་པ་དེ་རྣམས་ལ་ཡང་ཐ་དད་པ་དག་མེད་པའི་ཕྱིར་རོ། །རྣམ་འགྲེལ་ལས་ཀྱང་།
འཚེད་སོགས་རྣམས་ལས་དབྱེར་མེད་པར། །མེད་ཀྱང་དོན་ལ་ཐ་དད་བརྗོད། །འདི་ཡི་ལས་དག་རྒྱུ་མ་ཡིན། །རིགས་འདི་ལས་ལ་མི་བརྟེན་ཕྱིར། །ཞེས་བྱ་བ་ལ་སོགས་པ་བཤད་ཟིན་ཡང་འདིར་མི་བརྗོད་དོ། །དེ་དག་ཕན་གདགས་པར་བྱ་བ་ཡོད་པ་མ་ལགས་ཏེ། རྟག་
པར་གྱུར་པས་བོགས་དབྱུང་བ་མེད་པའི་ཕྱིར་རོ། །སྐྱེས་བུའི་འདོད་པ་ལ་མི་ལྟོས་པར་ཐོགས་པ་དང་བཅས་པ་ལ་སོགས་པའི་སྤྱི་གསལ་བར་བྱས་ནས་བརྗོད་པར་ནུས་པ་མ་ཡིན་ནོ། །བརྗོད་པར་འདོད་པ་ལ་སོགས་མི་ལྟོས་པར་འཇུག་པར་འགྱུར་བའི་ཕྱིར་རོ། །དེ་ནི་

སྐྱེས་བུའི་བསམ་པ་ལ་རག་ལས་པས་ངེས་པར་འགྱུར་ན་བར་གྱི་སྤྱི་ལྷག་མས་ཅི་ཞིག་བྱ། འདི་ལྟར་དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་བྱེད་པ་ཉིད་དུ་རྟོགས་ཀྱི། སྤྱི་རྟག་པ་དང་ལྡོག་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་འདི་ཐམས་ཅད་ལྟ་བ་ངན་པ་ལ་བརྟེན་པའི་
བརྟགས་པ་ཙམ་ཡིན་ནོ། །འདི་རྟོགས་པར་བྱས་པ་ལ་ཡང་བརྒལ་ཞིང་བརྟགས་པ་མི་རིགས་པའི་ཕྱིར་རྟོགས་པ་ཡིན་ན་ནི་དེ་བདེན་པས་ད་ལྟར་བརྟགས་པ་ནི་མཛེས་ཏེ། སྐྱོན་མེད་པ་ཡོན་ཏན་དང་ལྡན་པའི་ཕྱིར་རོ་ཞེས་བརྗོད་དོ། །གཅིག་ལ་རྣམ་པ་སྣ་ཚོགས་པ་སྒྲས་བསྐྱེད་
པའི་ནུས་པ་ཡོད་པ་མ་ཡིན་པས་བརྟགས་པའི་འདོད་པ་འདི་ནི་མི་རིགས་ཤེ་ན། གལ་ཏེ་དེ་ལྟ་ན་འདི་བརྗོད་པ་སྒྲ་སྣ་ཚོགས་སྐྱེས་པའི་ནུས་པ་མེད་པ་ནི་འབྲེལ་པ་ཅན་དེ་དག་ལ་ཕན་པར་མི་འགྱུར་རོ་ཞེས་བྱ་བ་སྨོས་སོ། །གཅིག་གིས་སྣ་ཚོགས་པ་ཕན་པར་བྱེད་པ་ཉིད་ནི་འགལ་
བ་ཁས་ལེན་པ་ཉིད་ཡིན་ནོ་ཞེས་བྱ་བར་དགོངས་སོ། །རྟག་པའི་ཕྱིར་ཕན་འདོགས་པ་མེད་པར་ཁས་ལེན་པ་ཡིན་ནོ་ཞེ་ན། བསྟན་དུ་ཡོད་པ་ཉིད་ལ་སོགས་པ་དེ་དག་ཕན་འདོགས་པ་མེད་པ་དེ་ཡན་ལག་ཏུ་བྱེད་ན་དེ་དང་འབྲེལ་པ་མེད་པར་གྲུབ་པོ། །གང་དང་གང་གིས་
ཕན་འདོགས་པ་མེད་པའི་རྒྱུ་དེ་དང་དེ་ནི་འབྲེལ་པ་དང་ལྡན་པ་ཡིན་ཏེ། གངས་ཅན་དང་མ་ལ་ཡའི་རི་བཞིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ན་རེ་ཞིག་གཞན་གྱི་ཕྱོགས་གསལ་བས་བསྟན་དུ་ཡོད་པ་ལ་སོགས་པའི་སྒྲ་ཐ་མི་དད་པའི་ཡུལ་ཅན་དུ་བསྟན་ཏོ། །དེ་ཉིད་རྨོངས་
པ་དང་ལྡན་པའི་ཚིག་སྨྲས་པ་ན་ཡང་བརྒལ་ཞིང་བརྟག་པར་བྱེད་དོ། །འོ་ན་ནི་བསྟན་དུ་ཡོད་པ་ལ་སོགས་པའི་སྒྲ་ཡུལ་ཐ་དད་མེད་པ་ཉིད་དུ་གྱུར་ན། བུམ་པ་དང་སྣམ་བུ་ལ་སོགས་པའི་སྒྲ་སྣ་ཚོགས་པའི་ཡུལ་ཅན་ཉིད་ཡིན་ནོ་ཞེས་བྱ་བ་དེ་ཇི་ལྟར་ཡིན། གཟུགས་ལ་
སོགས་པ་ཇི་སྙེད་པ་ལས་གཞན་ཡན་ལག་ཅན་གྱི་རྫས་ཡོད་པ་ཡིན་ཏེ། དེ་ལ་བུམ་པ་ལ་སོགས་པའི་ཡུལ་ཅན་དུ་བྱེད་པའི་ཕྱིར་རོ། །འདི་ལྟར་ཡུལ་དཔྱད་པ་ཡིན་ན་སྣམ་བུ་དང་སྣལ་མ་ཐ་དད་པ་ཡིན་ཏེ། བྱེད་པ་པོ་ཐ་དད་པའི་ཕྱིར་སྣམ་བུ་དང་བུམ་པ་

བཞིན་ནོ། །དེ་ལྟར་སྣམ་བུ་ཡང་སྤྱི་དང་བྱེ་བྲག་གི་ཤེས་པའི་ཡུལ་ཡིན་པའི་ཕྱིར་བ་ལང་བཞིན་ནོ། །སྣལ་མ་དང་སྣལ་མའི་ཚོགས་པ་ལ་སྣམ་བུའི་ཤེས་པ་མི་སྐྱེ་བའི་ཕྱིར་རོ། །བུམ་པ་ལ་སོགས་པ་བཞིན་དུ་ཐབས་གཞན་གྱིས་མ་བསྒྲུབས་པའི་ཕྱིར་དང་། ཡུལ་ཐ་དད་པ་ན་གནས་
པས་བྱས་པའི་ཕྱིར་བུམ་པ་ལ་སོགས་པ་ཉིད་བཞིན་ནོ། །ཀུ་བ་ལ་དང་མ་ལ་ཀ་དང་བིལ་བ་ལ་སོགས་པ་བཞིན་དུ་ཚད་ཐ་དད་པའི་ཕྱིར་རོ། །དེས་ན་སྔ་མ་དང་ཕྱི་མའི་དུས་ལ་ལྟོས་པའི་ཕྱིར་ས་བོན་དང་མྱུ་གུ་བཞིན་ནོ། །ཡང་ན་སྣམ་བུ་ནི་དེའི་རྒྱུ་གཞན་ལས་བྱུང་བའི་ཕྱིར་གཏག་བཟངས་
བཞིན་ནོ། །སྣལ་མ་དང་སྣམ་བུ་དག་གཞན་ཉིད་ཡིན་ཏེ། ནུས་པ་ཐ་དད་པ་དང་ལྡན་པའི་མེ་དང་ཆུ་བཞིན་ནོ། །འདི་ལྟར་གཞན་ཡང་འདི་དཔྱད་པའི་ཡུལ་དུ་བྱས་ནས་ཨུཏྤ་ལ་དྲི་ལ་སོགས་པ་ལས་ཤིན་ཏུ་ཐ་དད་པ་ཡིན་ཏེ། དེ་དག་པར་གཅོད་པར་བྱེད་པ་ཡིན་པའི་ཕྱིར། ནག་པ་ལས་
སྲིད་སྒྲུབ་ལ་སོགས་པ་བཞིན་ནོ། །གང་དང་གང་རྣམ་པར་གཅོད་པར་བྱེད་པ་དེ་དང་དེ་ནི་གཞན་ཡིན་ཏེ། དཔེར་ན་བ་ལང་ནག་པ་བཞིན་ནོ། །འདི་ལ་ཡང་ཐ་དད་པར་སྒྲུབ་པའི་ཚད་མ་འདི་དག་ཡོད་པ་ཡིན་ནོ། །དེ་དང་དེ་དག་ཐ་དད་པའི་ཡུལ་དུ་མི་འགྱུར་ཞེ་ན། དེ་དང་དེ་དག་ནི་དམ་པ་
མ་ཡིན་པ་ལ་མངོན་བར་ཞེན་པའི་ལིང་ཏོག་གིས་གཡོགས་པའི་ནང་གི་རྒྱུའི་མུན་པ་ཆེན་པོ་ཅན་གྱིས་བཀོད་པ་ཡིན་ནོ་སྙམ་དུ་དགོངས་ནས་བུམ་པ་ཞེས་བྱ་བ་ལ་སོགས་པ་འདི་ཡང་གཟུགས་ལ་སོགས་པ་ཉིད་ཀྱི་བྱ་བ་བྱེད་པ་བུམ་པའི་སྒྲ་གཅིག་བརྗོད་པར་འགྱུར་བ་ཡིན་ན། དོན་
གཞན་རྟོགས་པ་ཅི་ཞིག་དགོས་ཞེས་བྱ་བ་སྨོས་ཏེ། འབྲས་བུ་ཞེས་བྱ་བ་ཁ་བསྐང་ངོ་། །སྔོན་པོ་ལ་སོགས་པ་ལས་ཐ་དད་པ་དེའི་དེ་འདྲ་བ་ཅུང་ཟད་ཅིག་ཀྱང་མ་རྟོགས་སྙམ་དུ་དགོངས་པ་གང་ཡིན་པ་དེ་ཉིད་ཀྱིས་དེའི་ཚད་མ་སྟོན་པ་ནི་རིགས་པ་ཡིན་ནོ། །དེ་མ་གྲུབ་པ་ལ་སོགས་
པའི་སྐྱོན་གྱིས་གནོད་ཕྱིར་ཐ་དད་པར་སྒྲུབ་པར་མི་ནུས་ཏེ། རྨོངས་པའི་འདོད་པ་ཉིད་སྔོན་དུ་སོང་བས་བྱས་པ་ཡིན་ནོ་སྙམ་དུ་དགོངས་པའི་ཕྱིར་རོ། །འདི་ལྟར་རེ་ཞིག་འདི་དང་པོར་ཚད་མས་བརྟག་པར་བྱ་བ་ཡིན་ན། བརྟག་པ་ཕྲ་མོ་བཟོད་པ་ཡང་མ་ཡིན་ནོ། །གང་གི་ཕྱིར་འདི་ལ་

བརྟག་པ་གཉིས་འབྱུང་བར་འགྱུར་ཏེ། དང་པོར་སྣལ་མའི་གནས་སྐབས་ལས་སྣམ་བུ་གཞན་པ་ཉིད་དུ་སྒྲུབ་པ་འམ་དབྱིབས་ཁྱད་པར་ཅན་དུ་གནས་མ་འགྱུར་ན། དེ་ལ་དང་པོའི་གནས་སྐབས་འདི་རྣམ་པར་གནས་པ་དཔྱད་པའི་ཁུར་ལྕི་བའི་མི་བཟོད་པས་
གྲུབ་པ་བསྒྲུབས་པའི་སྐྱོན་དང་བྲལ་བའི་ཕྱིར་རོ། །གང་གི་ཕྱིར་དངོས་པོ་མ་ལུས་པ་ཡང་དག་པར་རྟོགས་པར་བདེ་བར་གཤེགས་པའི་གཞུང་ལུགས་ཀྱི་ཚུལ་ལ་བརྟེན་ནས་སྒྲུབ་པ་དྲི་མ་མེད་པ་རྟོགས་ཀྱི་འཇུག་པའི་ལུགས་ནི་དངོས་པོ་ཐམས་ཅད་སྐྱེས་མ་ཐག་འཇིག་པ་ལ་
བརྟེན་ནས་རབ་ཏུ་སྟོན་པ་ཡིན་ནོ། །དེས་ཀྱང་དེ་རྣམས་གཞན་པ་ཉིད་འདོད་པ་ཡིན་ན། གྲུབ་པ་ལ་སྒྲུབ་པའི་ཐལ་བར་འགྱུར་བའི་སྐྱོན་གྱི་གདོན་གྱིས་ཁྱོད་ཇི་ལྟར་ཟིན་པར་མི་འགྱུར་རྣམ་པར་རྟོག་པ་གཉིས་པ་ནི་མེ་ཤིན་ཏུ་ཚ་བས་གདུངས་པའི་རྡོ་ལེབ་ལ་རྐང་པ་གཞག་པའི་
གནས་མེད་པ་བཞིན་དུ་འགྱུར་ཏེ། གཏན་ཚིགས་གཞན་ལ་མ་གྲུབ་པའི་ཕྱིར་རོ། །དབྱིབས་ཁྱད་པར་ཅན་དུ་གནས་པ་ལས་སྣམ་བུ་བྱེད་པ་པོ་གཞན་ལ་གྲགས་པར་འགྱུར་བར་བྱེད་པ་འཇུག་པ་མེད་པ་དེ་རྣམ་པ་དེ་འདྲ་བ་གང་ཡིན་པ་གཞན་པ་ཉིད་མེད་པས་ཁས་བླང་བར་
མི་བྱའོ། །དེ་མ་ཐག་བཤད་པའི་ཚད་མ་རྣམས་ཀྱང་ཡོད་ལ་མངོན་བར་འདོད་པའི་དོན་ཡོངས་སུ་རྫོགས་པར་མི་བྱེད་དེ། གཏན་ཚིགས་མ་གྲུབ་པའི་ཕྱིར་རོ། །གང་གི་ཕྱིར་སྣལ་མ་རྣམས་ཀྱི་དབྱིབས་ཁྱད་པར་དུ་གནས་པ་ལ་ཤེས་པ་འཇུག་པ་མེད་པ་ཐ་དད་པའི་ངོ་བོ་
གཞན་སྣམ་བུ་ཞེས་བྱ་བ་མིག་ཕྱེ་ཟིན་ཀྱང་མ་མཐོང་བའི་ཕྱིར་རོ་ཞེས་པ་ལ་སོགས་པ་ལ་མཐོང་ཞེ་ན། འདི་ནི་ཕྱིས་དགག་པར་བྱའོ། །ཐབས་གཞན་གྱིས་བསྒྲུབ་པར་བྱ་བ་མ་ཡིན་པའི་ཕྱིར་དང་ཡུལ་ཐ་དད་པ་ན་གནས་པས་བྱས་པའི་ཕྱིར་དང་ཚད་མ་ཐ་དད་པའི་ཕྱིར་
དང་སྔ་མ་དང་ཕྱི་མའི་དུས་ལ་ལྟོས་པའི་ཕྱིར་དང་ནུས་པ་ཐ་དད་པ་དང་ལྡན་པའི་ཕྱིར་ཞེས་བྱ་བ་གང་ཡིན་པ་འདི་ལ་དང་པོའི་སྒྲུབ་པར་བྱེད་པ་ལ་བྱས་པའི་རྐྱེན་རྣོན་པོ་མཐོང་བས་དགྲ་བོ་མིག་དམར་བཞིན་དུ་དེས་གྲུབ་པ་མི་བཟོད་པ་ཡིན་ནོ། །དང་པོ་གྲུབ་པ་སྒྲུབ་ཉིད་དང་། །

གཉིས་པ་གཏན་ཚིགས་མ་གྲུབ་པ། །སྐད་ཅིག་ཡིན་ཕྱིར་ཁྱད་པར་ཅན། །སྐྱེ་བ་གང་གིས་མངོན་འདོད་པའོ། །ཞེས་བྱ་བ་བསྡུ་བའི་ཚིགས་སུ་བཅད་པའོ། །འདི་དཔྱད་པའི་ཡུལ་དུ་བྱས་ནས་ཨུཏྤ་ལའི་དྲི་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ཡང་འབྲེལ་པ་མ་ཡིན་
ཏེ། གང་གི་ཕྱིར་ཨུཏྤ་ལའི་དྲི་ཞེས་བྱ་བ་ལ་སོགས་པ་དང་རོ་མངར་བའི་ཁྱད་པར་ལ་སོགས་པ་ཨུཏྤ་ལའི་རང་བཞིན་གྲུབ་པར་སྒྲུབ་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འབྲས་བུ་ཁྱད་པར་མེད་པར་སྒྲུབ་པར་བྱེད་པའི་སྤྱིའི་བདག་ཉིད་དུ་གྱུར་པ་ལ་ཞེས་བྱ་བ་ལ་སོགས་
པའོ། །སྒྲར་གྲགས་པ་ནི་ཁྱད་པར་ཅན་གྱི་འབྲས་བུ་སྒྲུབ་པར་བཤད་པས་ཁྱད་པར་དང་ཁྱད་པར་ཅན་ཉིད་དུ་བརྗོད་ཀྱི། འདིར་ཇི་སྐད་བཤད་པའི་རྫས་ཀྱི་མཚན་ཉིད་གཞན་ཅུང་ཟད་ཅིག་ཀྱང་ཡོད་པ་མ་ཡིན་ཏེ། དེ་དང་འདྲ་བ་དེ་ནི་མི་དམིགས་པ་ཡིན་ཞེས་བྱ་བ་སྔར་
བཤད་པ་བཞིན་ནོ། །དེ་ལྟ་ན་རྣམ་པ་འདིས་དེ་དག་དེ་རྣམ་པར་གཅོད་པར་བྱེད་པར་འགྱུར་ཏེ། དེ་དག་དེ་རྣམ་པར་གཅོད་པ་ཡང་ཡིན་ལ། ཤིན་དུ་ཐ་དད་པ་མ་ཡིན་ནོ་ཞེས་བྱ་བ་འདི་ལ་འགལ་བ་ཅི་ཞིག་ཡོད། གཏན་ཚིགས་མི་མཐུན་པའི་ཕྱོགས་ལས་བཟློག་པ་ལ་ཐེ་
ཚོམ་ཟ་བ་ཡིན་ཏེ། འབྲེལ་པ་མ་གྲུབ་པའི་ཕྱིར་རོ། །དཔེ་གྲུབ་པ་ཙམ་གྱིས་གྲུབ་པ་ཡོད་པ་མ་ཡིན་ཏེ། ཐམས་ཅད་གྲུབ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་མཆི་གུའི་ལུས་ལ་གཟུགས་ཀྱི་རང་བཞིན་ཞེས་བྱ་བ་འདིར་ཡང་མཆི་གུ་དང་གཟུགས་དག་
དང་ལུས་དང་རང་བཞིན་རྣམ་པར་གཅོད་པ་ཉིད་ཡོད་པ་ཡིན་པས་དེ་དག་ཐ་དད་པ་ཐལ་བར་འགྱུར་ན། འགྱུར་བ་ཡང་མ་ཡིན་ཏེ། རང་བཞིན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཁྱེད་ཀྱིས་བརྗོད་པ་འདི་ལ་འདིས་མ་ངེས་པར་གསལ་བ་ཡིན་ནོ། །གཞན་ཡང་འདི་
ལོག་པར་ལྟ་བ་ཤིན་ཏུ་མང་པོ་ལ་ཆགས་པ་མེད་པའི་གདོན་གྱིས་བརླམས་པའི་བློ་ཅན་རྣམས་ཀྱིས་ཨུཏྤ་ལའི་དྲི་ལ་སོགས་པ་ཞེས་བྱ་བར་སྨོས་སོ། །སྐྱེས་བུའི་བསམ་པའི་ཡུལ་བྱེད་པ་མི་ལྟོས་པར་དངོས་པོ་དེ་ཁོ་ན་ཉིད་དང་འབྲེལ་པས་ཇི་ལྟར་འཇུག་པར་འགྱུར། གཞན་ཡང་ཇི་ལྟར་སྦྱོར་

བ་དེ་ལྟར་དངོས་པོ་དེ་ཁོ་ན་ཉིད་ལ་མི་ལྟོས་པར་དོན་བསྡུས་པར་སྟོན་པ་ཡིན། གལ་ཏེ་ཕྱོགས་དང་པོ་ལྟར་ཡིན་པ་དེའི་ཚེ་སྒྲ་རྣམས་རྟག་ཏུ་འབྱུང་བར་ཐལ་བར་འགྱུར། གཞན་ཡང་འདས་པ་ལ་སོགས་པར་ཡང་སྐྱེས་བུའི་འདོད་པའི་དབང་གིས་སྦྱོར་བར་མི་འགྱུར་བ་
དང་། གཞུང་ལུགས་གཞན་གྱི་ཐ་དད་པའི་དོན་ཡང་མི་འགྱུར་བས་ཚིག་འགའ་ཞིག་ཀྱང་མི་བདེན་པའི་དོན་ཅན་དུ་མི་འགྱུར་རོ། །ཕྱོགས་ཕྱི་མ་ལྟར་ན། གང་དག་གི་ཚིག་དངོས་པོའི་དབང་བརྗོད། ལྷུར་བརྗོད་འདོད་ལ་མི་བརྟེན་པ། །དེ་དག་ལ་ནི་དྲུག་པ་དང་། །ཚིག་དབྱེ་ལ་སོགས་
ཀླན་ཀ་རིགས། །ཕྱི་རོལ་དོན་ལ་མི་ལྟོས་པར། །ཚིག་གང་སྨྲ་འོས་ཇི་ལྟ་བུར། །རྗོད་བྱེད་ཉིད་དུ་ངེས་བྱེད་པ། །དེ་དེ་བཞིན་དུ་རྗོད་བྱེད་ཡིན། །དེ་ཚེ་སྐྱེས་བུ་འདོད་པ་ཡིན། །ནུས་པའི་དབང་གིས་འཇུག་པའི་སྒྲ་དོན་གྱི་དེ་ཁོ་ན་ཉིད་དུ་རྣམ་པར་གནས་པ་རིགས་པ་མ་ཡིན་པའི་ཕྱིར། དེའི་གནས་
སྐབས་སུ་གཏན་ཚིགས་མི་མཐུན་པའི་ཕྱོགས་ལས་བཟློག་པ་ལ་ཐེ་ཚོམ་ཟ་བ་ཡིན་ཞེས་བྱ་བ་འདིས་ལོག་པར་རྟོག་པའི་ཡུལ་ཅན་དོན་ལ་སོགས་པ་ལས་གཟུགས་དང་དྲི་དང་རེག་བྱ་དང་ཤེས་བྱ་ཉིད་ལ་སོགས་པ་བཞིན་དུ་ཤེས་པ་ཡིན་ཏེ། སྒྲ་ཐ་དད་པ་དེས་བརྗོད་པའི་ཕྱིར་རོ། །རྡོ་དང་སྲང་
དང་བྲེ་དང་གཞལ་བར་བྱ་བ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་འདི་ཡང་བསལ་བ་ཡིན་ནོ། །དེའི་ཕྱིར་དེ་ཡོད་པར་སྟོན་པ་ལ་ཚད་མ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །ཁོ་བོ་ཅག་གི་དེ་མེད་པར་བསྒྲུབ་པའི་ཚད་མ་ནི་འདི་ཡིན་ཏེ། གང་ཕན་ཚུན་ཐ་དད་པའི་རང་
བཞིན་དུ་གནས་པ་དང་འབྲེལ་པའི་ལུས་ཅན་དེ་ནི་ཐ་དད་པ་དང་རྗེས་སུ་འབྲེལ་པའི་བདག་ཉིད་ཀྱི་ལུས་ཅན་དུ་ཡོད་པའི་ཡན་ལག་ཅན་གྱི་རྫས་སུ་ཡོད་པ་ཡིན་ཏེ། དཔེར་ན་ཐལ་བ་འཆང་བ་སྣོད་ཐ་དད་པ་དེ་བཞིན་དུ་དེ་ཁོ་ན་ཉིད་ལ་སོགས་པ་ཡང་ཇི་སྐད་བཤད་པའི་ཆོས་དང་ལྡན་པས་ཞེས་བྱ་བ་
ནི་རང་བཞིན་གྱི་གཏན་ཚིགས་སོ། །ཆོས་མི་མཐུན་པ་ནི་ནམ་མཁའི་པདྨ་པ་ལ་སོགས་པ་སྟེ། དེ་དག་རང་བཞིན་མེད་པའི་ཕྱིར་རོ། །ཇི་སྐད་བཤད་པའི་རང་བཞིན་ཡང་ཕན་ཚུན་ཐ་དད་པ་ཡིན་པས་ཁས་བླང་བར་མི་བྱའོ། །དེ་རྣམས་ལ་དེ་བདག་ཉིད་ཐམས་ཅད་ཀྱིས་སམ་ཕྱོགས་

གཅིག་གིས་ཡོད་པར་མི་རིགས་པའི་ཕྱིར་ཞེས་བྱ་བ་གནོད་པ་ཅན་གྱི་ཚད་མའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་རྟེན་གཅིག་ལ་གནས་པའི་བརྟེན་པ་བཞིན་དུ་ཅིག་ཅར་དུ་མ་ལ་ཡོད་པ་ཡང་དུ་མའི་བདག་ཉིད་དུ་དཔག་པར་བྱ་བ་ཡིན་པའི་ཕྱིར་ཇི་ལྟར་འདི་ཐ་དད་པའི་རང་བཞིན་དུ་རིགས་པར་
འགྱུར། ཡན་ལག་ཅན་གྱི་ཕྱོགས་གཅིག་ཏུ་དམིགས་པའི་ཚེ་མ་ལུས་པ་དེ་ལ་ཡོངས་སུ་རྫོགས་པའི་ཕྱིར་དམིགས་པར་ཐལ་བར་འགྱུར་རོ། །ཡན་ལག་ཅན་དུ་མ་ལ་དམིགས་པའི་སྒོ་ནས་དམིགས་པ་ཡང་ཡན་ལག་གཅིག་འགའ་ཞིག་མཐོང་བར་འགྱུར་རོ། །མ་ལུས་པའི་
ཡན་ལག་ཅན་དམིགས་པའི་སྒོ་ནས། དམིགས་པ་ཡིན་ན་ཆ་ཐམས་ཅད་མཐོང་བར་ཐལ་བར་འགྱུར་ཏེ། ཚུ་རོལ་མཐོང་བས་དེའི་ཚུ་རོལ་དང་དབུས་ཀྱི་ཆ་རྣམས་ཅིག་ཅར་མི་དམིགས་པའི་ཕྱིར་རོ། །ཡན་ལག་གཅིག་གཡོ་ན་ཐམས་ཅད་གཡོ་བ་ལ་སོགས་པར་ཐལ་བར་འགྱུར་
བར་བརྗོད་པ་དང་། ཕྱོགས་གཅིག་གིས་ཀྱང་མ་ཡིན་ཏེ། ཆ་ཤས་དང་བཅས་པར་ཐལ་བར་འགྱུར་བའི་ཕྱིར་དང་། ཕྱོགས་གཅིག་ལ་ཡང་ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཡང་རྐང་པ་ལ་སོགས་པ་དེའི་ཡན་ལག་ཡོད་པ་ལ་ཡང་འདི་ཡོད་པར་འགྱུར་རོ་ཞེས་
བྱ་བ་ལ་སོགས་པ་ཡོད་པར་འགྱུར་བའི་ཡན་ལག་ཅན་གྱི་གཅིག་པ་འགའ་ཞིག་ཡོད་པ་མ་ཡིན་ནོ། །འདི་ལྟར་རྐང་པ་ལ་སོགས་པའི་ཚོགས་ཁོ་ན་ཡིན་པ་ནི་བླའི། ཡོད་པའི་བདག་ཉིད་དུ་གྱུར་པའི་ཡན་ལག་ཅན་རྣམས་འགའ་ཞིག་ལ་འབྲེལ་པ་ཡིན། འགའ་ཞིག་ལ་ཡང་
འདི་ཡོད་པ་མ་ཡིན་ཏེ། ཕྱོགས་གཅིག་པའི་ཡན་ལག་ཅན་རེ་རེ་མེད་པའི་ཕྱིར། མཐའ་མེད་པའི་ཕྱིན་ཅི་ལོག་ཏུ་བརྗོད་པས་ཚོག་པས་མི་སྤྲོའོ། །དེས་ན་འདི་ལྟར་གཞན་གྱི་གཞུང་ལུགས་དེ་བརྗོད་པར་མི་བྱ་སྟེ། གངས་རིའི་དུམ་གྲུགས་ཀྱི་ཕྱེ་མ་ལ་ཉི་མའི་འོད་ཀྱི་
ཚོགས་བཅས་པ་དང་འབྲེལ་པ་ཞུ་བ་བཞིན་དུ་འགྱུར་རོ་ཞེས་བྱ་བར་དགོངས་ནས་དོན་གཞན་ལ་རྟོགས་པ་ཅི་ཞིག་དགོངས་ཞེས་བྱ་བ་གསུངས་སོ། །བསམ་པ་འདི་ནི་ངན་པ་ཡིན་ཡང་གཞན་མང་པོས་དོན་གཅིག་བྱེད་པ་མ་ཡིན་ནོ་ཞེ་ན། མང་པོ་ཡིན་དུ་ཟིན་ཀྱང་ཞེས་བྱ་བ་

ལ་སོགས་པ་སྨོས་ཏེ། ཅི་འདྲ་བ་ཞིག་ཅེ་ན། མིག་ལ་སོགས་པ་བཞིན་ནོ། །དཔེར་ན་གཟུགས་དང་སྣང་བ་དང་ཡིད་ལ་བྱེད་པ་དང་དམིགས་པ་ལ་སོགས་པས་མིག་གི་རྣམ་པར་ཤེས་པ་གཅིག་བྱེད་པ་དེ་བཞིན་དུ་གཟུགས་ལ་སོགས་པ་ཡང་ཆུ་འཛིན་
པའི་ཁྱད་པར་ལ་སོགས་པ་དོན་གྱི་བྱ་བ་གཅིག་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་ལ་ཡང་དེ་ལྟར་དོན་གྱི་བྱ་བ་གཅིག་འབའ་ཞིག་གིས་ནི་མ་ཡིན་ཏེ། དེའི་ཕྱིར་ནུས་པ་བསྟན་པའི་ཕྱིར་གཟུགས་ལ་སོགས་པའི་གཅིག་པ་པ་དེ་ལ་བུམ་པ་ལ་སོགས་པའི་སྒྲ་གཅིག་ངེས་
པར་སྦྱོར་བར་འགྱུར་རོ་ཞེས་བྱ་བའི་རིགས་པར་མཐོང་ངོ་། །དེ་དག་ཀྱང་དོན་གྱི་བྱ་བ་གཅིག་བྱེད་པ་ཡིན་པའི་ཕྱིར། ཡང་གི་སྒྲ་སྨོས་པ་ཡིན་ནོ། །ཇི་ལྟར་རིགས་པ་ཡིན་ཞེ་ན་འདི་སྙམ་དུ་དགོངས་པ་ཡིན་ཏེ། དགོངས་པ་འགའ་ཞིག་གིས་སྒྲ་འགའ་ལ་ཡིན་ནོ། །དེ་ལ་གང་གི་ཚེ་དུ་མས་གཅིག་
ལ་སྦྱོར་བར་བྱེད་པ་ཡིན་པ་དེའི་ཚེ་གདོན་མི་ཟ་བར་བརྗོད་པར་འགྱུར་རོ། །དེས་རེ་རེ་རྗོད་པ་ནི་ཤིན་ཏུ་དཀའ་བར་འགྱུར་བས་གཞན་དང་ཐུན་མོང་གི་ངོ་བོ་འདི་བརྗོད་པར་ནུས་པ་ཡིན་ནོ། །འབད་པ་འདི་ལ་འབྲས་བུ་ཅི་ཡང་མེད་དེ་འབའ་ཞིག་གི་ནུས་པས་དོན་དེས་བསྐུལ་བ་ཡིན་ནོ། །སྨྲ་བ་པོའི་
རང་དགའ་ཙམ་གྱིས་དེ་སྒྲ་གཅིག་གིས་ཀྱང་བསྐུལ་བར་འགྱུར་རོ། །དེས་ན་སྒྲ་གཅིག་གིས་མང་པོ་སྨྲ་བ་པོར་འདོད་པའི་དབང་གིས་སྒྲ་གཅིག་པ་འདི་འཇུག་པ་ལ་ཀླན་ཀ་འོས་པ་མ་ཡིན་ནོ། །འདི་ནི་མི་ནུས་པ་ལ་འཇུག་པ་མ་ཡིན་ཏེ། འདོད་པ་ལ་རག་ལས་པའི་ཕྱིར་རོ། །གལ་ཏེ་
སྦྱོར་བར་བྱེད་པ་ལ་འདོད་པ་མེད་ན་དེ་ཇི་ལྟར་འཇུག་པར་འགྱུར། འདོད་པ་ཡོད་ན་ཡང་མང་པོ་རྣམས་བ་དེ་དང་འབྲེལ་པར་ཇི་ལྟར་འགྱུར། དགོས་པ་མེད་པའི་ཕྱིར་འཇུག་པར་མི་བྱའོ་ཞེས་དོགས་པར་མི་བྱ་སྟེ། ཐ་དད་པ་ལ་སྒྲ་གཅིག་པས་རྟོགས་པར་འགྱུར་ཏེ། འདི་དག་དགོས་
པ་ཐ་དད་པས་གང་གི་ཕྱིར་དགོས་པ་ནི་བཤད་ཟིན་པ་དེའི་ཕྱིར་ཁོ་བོ་ཅག་གིས་ལེགས་པར་བཤད་པས་རིགས་པར་མཐོང་བ་ཡིན་ནོ་ཞེས་བྱའོ། །ཇི་ལྟར་བརྒྱ་ལ་འཇིག་རྟེན་པ་ནི་དགོས་པ་མེད་པར་སྒྲ་སྦྱོར་བར་བྱེད་པ་དེས་ན་འདི་རིགས་པ་མ་ཡིན་ནོ་ཞེ་ན། བཤད་པ། འཇིག་རྟེན་པ་ནི་

དགོས་པ་མེད་པར་དོན་ལ་སྒྲ་སྦྱོར་བར་མི་བྱེད་དོ་ཞེས་བྱ་བ་གང་གིས་བརྡར་མ་བཏགས་པའི་སྒྲ་མ་སྦྱར་བས་འཇིག་རྟེན་པ་འདི་ཉོན་མོངས་པས་སྡུག་བསྔལ་བར་འགྱུར་བ་ཡིན་ཏེ། འོན་ཀྱང་དེ་ལྟར་སེམས་ཅད་རྩོམ་པ་ན་འདི་དགོས་པ་ཡོད་པ་ཉིད་ལས་རིགས་པ་ཡིན་ནོ་ཞེས་བྱ་བར་དགོངས་
སོ། །དགོས་པ་ཉིད་དུ་གྱུར་པ་དེ་ལ་གཟུགས་དང་དྲི་དང་རོ་ལ་སོགས་པའི་དོན་གང་ལྷན་ཅིག་བྱེད་པའི་དགོས་པ་དང་འབྲེལ་པས་འབྲས་བུ་གཅིག་གིས་བྱ་བ་བྱེད་པ་ཞེས་བྱ་བའི་དོན་ཏོ། །ལྷན་ཅིག་བྱེད་པ་རེས་འགའ་འགའ་ཞིག་གིས་འབྲས་བུ་བྱེད་པ་ན་གཞན་ནི་བཏང་སྙོམས་སུ་འདུག་པར་
འགྱུར་རོ་སྙམ་པ་དེའི་སོ་སོར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འམ་ཞེས་བྱ་བའི་སྒྲའི་དོན་ནི་རང་གི་དོན་ཏོ། །ཐམས་ཅད་བྱེད་པ་ཁོ་ན་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ནི་གཞན་དུ་འཆད་དེ་བསྟན་པ་ལ་སྐྱོན་བརྗོད་པ་ཡིན་ཏེ། དེ་ལ་ནི་འདི་ཞེས་བྱ་བའི་སྒྲའི་དོན་ཏོ། །
དོན་གང་རིམ་གྱིས་ཤེས་པ་ནི་གཟུགས་ལ་སོགས་པའོ། །ལྷན་ཅིག་གམ་སོ་སོར་དགོས་པ་སྟེ། ལྷན་ཅིག་པ་ནི་ཆུ་འཛིན་པར་བྱེད་པ་ལ་སོགས་པ་དབྱིབས་གཅིག་པའི་དགོས་པ་ཡིན་ནོ། །དཔེར་ན་སྦྲང་རྩི་དང་ཆུ་ལ་སོགས་པ་འཛིན་པ་ལྟ་བུའམ། དེ་དག་ཉིད་སོ་སོར་ཐ་དད་པའི་རང་
གི་རྣམ་པར་ཤེས་པ་བསྐྱེད་པ་ཡིན་ནོ། །གཅིག་ལ་དེའི་གཅིག་པའི་དགོས་པ་མཐོང་བ་གང་ཡིན་པ་དེ་ནི་གཞན་ལ་མེད་པ་ཡིན་ཏེ། ལྷན་ཅིག་འབྱུང་བ་རྣམས་ཀྱང་རེས་འགའ་ཞིག་བཏང་སྙོམས་སུ་འདུག་པ་མཐོང་བའི་ཕྱིར་རོ། །ཐམས་ཅད་མེད་པ་དང་བཅས་པར་མ་མཐོང་བས་སོ་སོར་
ཞེས་བྱ་བ་སྨོས་པ་ཡིན་ནོ། །འམ་གྱི་སྒྲ་ནི་བསྡུ་བའི་དོན་ཏོ། །གཞན་དག་ནི་གཅིག་པའི་དགོས་པ་འབའ་ཞིག་ཙམ་ཡིན་ནོ་ཞེས་བརྗོད་པས་དེ་བཞིན་དུ་ཐམས་ཅད་རྟོགས་པ་ཡིན་ནོ་ཞེས་བྱ་བས་སོ་སོར་ཞེས་བྱ་བ་དོན་མེད་པར་འགྱུར་རོ། །འདི་ནི་སྒྲའི་དོན་མ་ཡིན་པའི་ཕྱིར་འདི་ནི་ཅི་ཡང་མ་ཡིན་ཏེ། དེ་ཡིས་
སྐབས་ཀྱི་དོན་མི་ཤེས་པའི་ཕྱིར་རོ། །འདི་ལྟར་འདིར་ཚོགས་པའི་སྒྲ་བརྗོད་པ་འཇུག་པ་ལ་འགལ་བ་མེད་པ་རྩོམ་པ་ཡིན་ནོ། །དེ་ལ་སྐབས་ཅི་ཞིག་ཡིན། དད་པ་སོ་སོ་བ་གཞན་བརྗོད་པའོ། །གཟུགས་ལ་སོགས་པའི་སྒྲ་འདི་ནི་རིགས་ཀྱི་སྒྲ་སྟེ། དེ་ལས་གཞན་པ་ཉིད་ཀྱི་སྐབས་

སུ་འགྱུར་བ་ཡིན་ནོ། །དགོས་པ་གཅིག་པ་ཙམ་འབའ་ཞིག་ཡིན་ནོ་ཞེས་བྱ་བ་བརྗོད་པ་དེ་བཞིན་དུ་ཐམས་ཅད་ལ་མེད་པར་རྟོགས་པ་ཡོད་པ་ཡིན་ནོ་ཞེས་བྱ་བ་དེ་ཡང་རིགས་པ་དང་ལྡན་པ་མ་ཡིན་ཏེ། འདི་ལྟར་གཞན་གྱི་ཕྱོགས་ཕམ་པར་བྱེད་པས་བཅད་པའི་དགོས་
པ་གཅིག་པ་ནི་གཞན་ཕམ་པར་བྱེད་པ་ཡིན་པས་དེ་ལ་ཐམས་ཅད་ཀྱང་བྱེད་པར་འགྱུར་བ་མ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་འགྱུར་བ་དེ་ཉིད་ཀྱི་ཕྱིར་དགོས་པ་དང་བཅས་པར་མི་འགྱུར་རོ་སྙམ་ན་བཤད་པ་ཡིན་ཏེ། གང་གི་ཚེ་ཐམས་ཅད་ཉིད་ཀྱི་བྱེད་པ་དང་བཅས་པར་བསྟན་པ་ན་སོ་སོ་
བ་དེ་བརྗོད་པ་ཡིན་ནོ། །དེ་བརྗོད་པ་དེའི་ཚེ་འདི་རིང་དུ་སྤངས་པ་ཡིན་ནོ། །དེས་ནི་ཉིད་ཀྱི་སྒྲ་མེད་པ་ཉིད་ཀྱི་དོན་ཀྱང་བསལ་བ་ཡིན་པའི་ཕྱིར་འདི་ནི་ཅི་ཡང་མ་ཡིན་ནོ། །བཤད་པ་འདི་དག་ཡོད་ཀྱང་བླ་སྟེ། གལ་ཏེ་རྣམ་པ་འགའ་ཞིག་གིས་འཇོག་པར་ནུས་པ་ཡང་ཡིན་ན་དེ་དག་རྣམ་པ་
དེ་ལྟ་བུས་དོན་རྣམས་དེའི་དོན་གྱིས་བྱ་བ་གཅིག་བྱེད་པའི་དངོས་པོ་ལ་བུམ་པ་ལ་སོགས་པའི་སྒྲ་གཅིག་བརྗོད་པས། གལ་ཏེ་ངེས་པར་སྦྱོར་བ་ཡིན་ན་དེའི་ཚེ་ཅིར་འགྱུར་ཏེ་ཉེས་པ་ཅུང་ཟད་ཀྱང་མེད་དོ། །ཡོན་ཏན་འབའ་ཞིག་ཐོབ་པར་འགྱུར་རོ་ཞེས་བྱ་བ་དེ་དོན་བྱེད་པའི་ནུས་པ་ཐ་མི་དད་པ་
བསྟན་པའི་ངེས་པར་སྦྱར་བ་ནི་ཚོགས་པ་སྒྲའི་ཚིག་གཅིག་ལ་འགལ་བ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ལྷན་ཅིག་པ་དག་གིས་ནུས་པ་དེ་ཡང་གཅིག་པ་ཐ་མི་དད་པ་ཡིན་གྱི་སོ་སོ་ནི་མ་ཡིན་ཏེ། ཐ་དད་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ་ཞེས་བྱ་བ་ནི་དེའི་ཕྱིར་རོ། །
ཚོགས་པའི་སྒྲ་ཡིན་པ་དེ་ནི་བུམ་པ་ལ་སོགས་པ་ཚོགས་པ་གཅིག་ལའོ། །སྒྲ་གཅིག་གིས་བརྗོད་པ་བུམ་པ་ཡིན་ནོ་ཞེས་བྱ་བའི་ཚིག་ལྷག་མའོ། །འགྱུར་རོ་ཞེས་བྱ་བ་ནི་འཆད་པར་འགྱུར་བ་དང་སྦྱར་རོ། །འོ་ན་བུམ་པ་ལ་སོགས་པའི་སྒྲ་འདི་ཡང་བ་ལང་ལ་སོགས་པའི་སྒྲ་བཞིན་
དུ་རིགས་ཀྱི་སྒྲ་ཡིན་ན། དེ་ཇི་ལྟར་འདི་བརྗོད་པ་ཡིན་ཞེ་ན། བདེན་ཏེ། ཚོགས་པ་གཞན་ལ་འཇུག་པ་ལ་ལྟོས་ནས་འདི་ཡང་རིགས་ཀྱི་སྒྲ་ཡིན་ནོ། །གཟུགས་ལ་སོགས་པའི་ཚོགས་པ་ལ་ལྟོས་ནས་ཚོགས་པའི་སྒྲ་དང་འབྲེལ་པ་ཡིན་ནོ་ཞེས་བྱ་བ་ལ་སྐྱོན་མེད་དོ། །འདི་

ལྟར་སྒྲ་རྣམ་པ་གསུམ་དུ་འགྱུར་ཏེ། ཁ་ཅིག་རིགས་ཀྱི་སྒྲ་ཉིད་ནི་དཔེར་ན་བདེ་བ་ལ་སོགས་པ་ལྟ་བུ་སྟེ། བདེ་བ་ནི་ཡན་ལག་ཡིན་པའི་ཕྱིར་རོ། །ཁ་ཅིག་ནི་ཚོགས་པའི་སྒྲ་ཉིད་ནི་དཔེར་ན་འབིགས་བྱེད་དང་གངས་ཅན་དང་། རི་རབ་ལྟ་བུ་སྟེ། དེའི་རིགས་ཚོགས་པ་མེད་པའི་ཕྱིར་རོ། །གཞན་
ཡང་རིགས་དང་ཚོགས་པའི་སྒྲ་ནི་དཔེར་ན་བུམ་པ་ལ་སོགས་པའོ། །ཚོགས་པ་གཞན་ལ་ཚོགས་པ་གཞན་ལྟོས་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་ཚོགས་པའི་སྒྲ་བརྗོད་པ་འཇུག་པ་ལ་འགལ་བ་མེད་པར་བཤད་དོ། །ཇི་ལྟར་རིགས་ཀྱི་སྒྲར་བརྗོད་ཅེ་ན། རིགས་ཀྱི་སྒྲ་རྣམས་ནི་ཞེས་བྱ་བ་སྨོས་ཏེ།
བུམ་པ་ལ་སོགས་པའི་དོན་རྣམས་སོ་སོ་འམ་ལྷན་ཅིག་ཏུ་ནུས་པའི་རྒྱུའོ། །དུ་མའི་ནུས་པ་འམ་གཅིག་པ་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། གང་གི་ཕྱིར་ཤིང་གཅིག་ཀྱང་ཁྱིམ་གྱི་རྒྱུའི་དོན་གྱི་བྱ་བ་སྒྲུབ་པར་ནུས་པ་དང་ཤིང་མང་པོ་དེས་ཀྱང་དེ་དག་ལ་ངེས་པར་ནུས་པའི་ཕྱིར་མང་པོའི་ནུས་པ་
སྟེ་འདུས་ཀྱང་ནུས་པའི་ཕྱིར་རོ། །གཅིག་གི་ནུས་པ་ལ་ནི་གཅིག་ལ་ངེས་པའི་ཤེས་པ་དང་འབྲེལ་བས་གཅིག་པ་ཉིད་ཅེས་བཏགས་སོ། །གང་གི་ཕྱིར་དེ་ལྟར་ན་ཞེས་བྱ་བ་ནི་དེའི་ཕྱིར་ཏེ། རིམ་པ་བཞིན་དུ་མའི་ནུས་པ་བརྗོད་པར་འདོད་པ་ཡོད་པས་མང་པོའི་ཚིག་གིས་དུ་མ་བརྗོད་པ་ནི་ཤིང་
རྣམས་ཞེས་བྱ་བར་འགྱུར་རོ། །གཅིག་གི་ནུས་པ་བརྗོད་པར་འདོད་པས་གཅིག་གི་ཚིག་གིས་གཅིག་པ་ཉིད་བརྗོད་པ་ནི་ཤིང་ཞེས་བྱ་བར་འགྱུར་རོ། །དེའི་ཚེ་གལ་ཏེ་ཁྱད་པར་མེད་པར་འཛིན་པའི་གདོན་གྱིས་སེམས་དཀྲུགས་ཤིང་ཉམས་པས་མང་པོ་རྣམས་ལ་མང་པོའི་ཚིག་གིས་བརྗོད་
པར་འགྱུར་བ་དང་། གཅིག་པ་ལ་གཅིག་པའི་ཚིག་གིས་བརྗོད་པ་འདི་དག་ནི་ངེས་པ་ཡིན་པ་དེས་འདི་དག་མཐོང་བ་ལ་བརྟེན་ནས་མང་པོ་དེ་དག་ལ་མང་པོའི་ཚིག་དང་། གཅིག་ལ་གཅིག་གི་ཚིག་གིས་ཞེས་བྱ་བ་ལ་སྐྱོན་ཅུང་ཟད་ཀྱང་མ་མཐོང་ངོ་། །ཁྱེད་ཀྱི་ཇི་ལྟར་ཡིན་ཞེ་ན། ཁོ་བོ་ཅག་
ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲ་རྣམས་བརྡར་བཏགས་པའི་དབང་གིས་བཙུན་མོ་རྣམས་དང་བྱེ་མ་དང་འོད་ཟེར་དང་བླ་མ་རྣམས་ཞེས་བྱ་བ་ལ་སོགས་པ་མང་པོའི་ཚིག་གིས་མང་པོ་མེད་པའི་བརྗོད་པར་བྱ་བ་ལ་འཇུག་སྟེ། དེ་བཞིན་དུ་མེད་ཀྱང་གྲོང་ཁྱེར་དྲུག་དང་། རྩ་བ་དྲུག་དང་།

ནགས་ཚལ་ཞེས་བྱ་བ་ལ་སོགས་པ་གཅིག་གིས་མཐའ་ཅན་འཇུག་པའི་ཕྱིར་མངོན་པར་ཞེན་པ་མེད་པ་ཁོ་ནའོ། །འདིའི་འདི་དག་ནི་སྐྱེས་བུའི་བསམ་པ་ཙམ་ལ་རག་ལས་པས་འཇུག་པའི་སྒྲ་རྣམས་ལ་མངོན་པར་ཞེན་པར་བྱེད་པའི་སྤྲོ་བས་ཅི་ཞིག་བྱ་ཞེས་བྱ་བར་
དགོངས་སོ། །ཕྱོགས་ཕྱི་མས་ཕྱོགས་སྔ་མར་བྱེད་པ་ནི། གཟུགས་ལ་སོགས་པ་སྣ་ཚོགས་པ་ལ། སྒྲ་གཅིག་ཀུན་ནས་སློང་བར་ནུས་པ་མ་ཡིན་ནོ་ཞེས་བྱ་བ་ནི་སྣ་ཚོགས་པ་དང་གཅིག་པའི་འབྲེལ་པ་མི་རིགས་པའོ། །འོན་ཏེ་སྐྱེས་བུ་དག་གིས་ཞེས་བྱ་བ་ལ་སོགས་པ་ནི་
ལན་ཡིན་ཏེ། སྐྱེས་བུ་འཇུག་པའི་འདོད་པའོ། །དེ་ལ་ལྟོས་པ་མེད་པ་སྔོན་ཡོད་པ་རང་ཉིད་ཀྱིས་ཅི་སྟེ་སྒྲ་ཀུན་ནས་སློང་བར་མི་བྱེད་དམ་ཡང་ན་སྐྱེས་བུའི་ཐ་དད་ཀྱི་དོན་རྣམས་ལ་རྣམ་པ་འགའ་ཞིག་ཀྱང་ངེས་པར་མི་སྦྱོར་རོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་གཉིས་པ་ཡིན་ནོ། །དེ་ལ་སྐྱེས་བུ་ཉིད་
ཀྱིས་དེ་ཇི་ལྟར་འདོད་པས་ངེས་པར་སྦྱོར་བ་ཡིན་གྱི། དེ་མ་ཡིན་ན་འདས་པ་ལ་སྐྱེ་བ་འམ་མ་མཐོང་བ་ལས་ཐ་དད་པ་འམ་གཞན་ལ་ཡང་ངེས་པར་སྦྱོར་བར་མི་འགྱུར་བའི་ཕྱིར་ཞེས་བྱ་བར་དགོངས་སོ། །དེས་ན་སྐྱེས་བུ་འདོད་པས་དོན་ལ་ལྟོས་པ་མེད་པར་སྒྲ་རང་ཉིད་སློང་བར་བྱེད་པར་འགྱུར་
རོ། དངོས་པོ་ལ་ནུས་པ་ཡོད་པ་འམ་ནུས་པ་མེད་པ་བསལ་བར་བྱ་བ་ཡིན་ཞེས་བྱ་བ་ནི་ཐ་དད་པ་མེད་པའོ། །ཡོད་པ་ཉིད་ཡིན་པ་དེ་ལྟར་ན་རང་ཉིད་ཉེ་བར་འཇོག་གོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ནོ། །དེ་མ་ཐག་བཤད་པའི་རྒྱུ་རྣམ་པ་གསུམ་གྱིས་ཞེས་བྱ་བས་དགོངས་སོ། །
དེའི་ཕྱིར་སྐྱེས་བུས་རྣམ་པ་གཅིག་པ་ཉིད་ལ་སོགས་པ་མེད་ཀྱང་སྒྲ་དེ་དག་ངེས་པར་སྦྱོར་བ་ཡིན་ཏེ། སྐྱེས་བུ་ཇི་ལྟར་འདོད་པ་གཅིག་པ་དེ་ལས་ཡང་མང་པོའི་ཚིག་གི་མཐའ་ཅན་དང་དུ་མ་ལ་ཡང་གཅིག་གི་ཚིག་གི་མཐའ་ཅན་གྱི་སྒྲ་ངེས་པར་སྦྱོར་བའི་ཕྱིར་རོ། །གཟུགས་ལ་སོགས་པ་སྣ་
ཚོགས་པ་སྒྲ་གཅིག་ཀུན་ནས་སློང་བར་ནུས་པ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་ཤིན་ཏུ་རྨོངས་པ་ཆེན་པོ་དང་ལྡན་པ་ཡིན་ནོ་སྙམ་དུ་དགོངས་ནས་དེ་ལ་དེ་རྣམས་ཀྱི་སྒྲ་ལ་ཀླན་ཀ་ཅི་ཞིག་ཡོད་དེ་ཅི་ཡང་མེད་དོ་ཞེས་བྱའོ། །ཇི་ལྟར་སྒྲ་གཅིག་དོན་དུ་མ་ལ་ངེས་པར་སྦྱོར་བར་འདོད་པ་ཡིན་ཞེ་ན།

རྒྱུ་མཚན་གྱིས་ངེས་པར་སྦྱོར་བར་བསྟན་པ་ཉིད་དོ་ཞེས་བྱ་བ་སྨོས་སོ། །དེའི་ནུས་པ་བསྟན་པའི་ཕྱིར་དེ་ལ་སྒྲ་གཅིག་ངེས་པར་སྦྱོར་བར་འགྱུར་རོ། །འདིར་སྐབས་ཡིན་ནོ། །བསྣན་པ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟེན་དུ་མངོན་པར་འདོད་པའི་ཡན་ལག་ཅན་གྱི་རྫས་
དེ་ལ་དེ་དག་ལྡན་པའི་འབྲེལ་བར་འབྲེལ་བའི་ཕྱིར་ཇི་ལྟར་གཅིག་དང་གཅིག་ཏུ་འབྲེལ་པ་མེད་དེ་འགལ་བ་ཁས་བླངས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་སྒྲ་གཅིག་ལ་ཡང་ལྷན་ཅིག་པར་མི་འགྱུར་རོ་ཞེས་བྱ་བར་དགོངས་སོ། །གཞན་གྱིས་སྨྲས་པ་ཁོ་བོ་ནི་གཅིག་དང་ལྷན་ཅིག་འབྲེལ་
པར་འགལ་བའི་རྒྱུའི་སྒྲ་གཅིག་གཟུགས་ལ་སོགས་པ་ལ་མི་འདོད་པ་ཡིན་ཏེ། འོན་ཏེ་ཐ་མི་དད་པ་མ་ཡ