Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 190
Văn bản gốc(Tây Tạng)
Trang 2 / 25 (50.000 ký tự/trang)
་བྱེད་དོ། །ཇི་ལྟར་ཡོན་ཏན་དཀར་པོ་སྣམ་བུ་ལ་འདུ་བ་ཞེས་བྱ་བ་ནི་དཀར་པོ་ཉིད་ནི་སྣམ་བུ་ལ་ འདུ་ཞེས་གྲག་གོ། །དེ་གཉིས་ཞེས་བྱ་བ་ནི་དཀར་པོ་ཉིད་དང་སྣམ་བུ་ཉིད་དོ། །ཕན་ཚུན་ཞེས་བྱ་བ་འདིའི་བཤད་པ་ནི་གཅིག་ལ་གཅིག་ཅེས་བྱ་བ་དེ་ཡིན་ནོ། །ཕན་པ་མི་བྱེད་དེ་ཞེས་བྱ་བ་འདིའི་བཤད་པ་ནི་བསྐྱེད་པར་བྱ་བ་དང་། སྐྱེད་པར་བྱེད་པའི་དངོས་པོ་མེད་པའི་གཏན་ ཚིགས་ཀྱི་ཕྱིར་ཞེས་བྱ་བ་ཡིན་ཏེ། གང་གི་ཕྱིར་དཀར་པོ་ཉིད་དང་སྣམ་བུ་གཉིས་གཅིག་ལ་གཅིག་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་མེད་ཅེས་བྱ་བའི་དོན་ཏོ། །འདུ་བ་ཅན་གྱི་མཚན་ཉིད་དེ་དང་འདྲ་བ་ལ་འབྲེལ་བ་མེད་དོ་ཞེས་བྱ་བ་འདིའི་བཤད་པ་ནི་ཕན་པར་བྱ་བ་དང་ཕན་ པར་བྱེད་པར་གྱུར་པ་མེད་ཅེས་བྱ་བ་ཡིན་ཏེ། དེ་ནི་རྟོགས་པར་སླའོ། །འདི་ལྟར་གང་ཞིག་གང་གིས་ཕན་གདགས་པར་བྱ་བ་དེ་ནི་དེ་ལ་ལྟོས་པ་ཡིན་ནོ་ཞེས་བྱ་བ་ནི་འདི་ལྟར་ཕན་པ་ལ་ལྟོས་པ་ནི་རིགས་ཀྱི་གཞན་ལ་མ་ཡིན་ནོ། །གང་ལྟོས་པ་དེ་ནི་དེ་དང་འབྲེལ་པ་ཡིན་ན་ཞེས་བྱ་བ་ནི་ལྟོས་ པ་ཉིད་ཀྱིས་དེ་ལྟར་ལྷན་ཅིག་འབྲེལ་པར་རིགས་ཀྱི་གཞན་དུ་མ་ཡིན་ནོ། །དཀར་པོ་དང་སྣམ་བུ་གཉིས་ནི་དེ་ལྟ་བུ་མ་ཡིན་ཏེ་ཞེས་བྱ་བ་ནི་དཀར་པོ་ཉིད་དང་སྣམ་བུ་གཉིས་ལ་ནི་ཕན་ཚུན་ཕན་པར་བྱ་བ་དང་། ཕན་པར་བྱེད་པའི་དངོས་པོ་མེད་དོ། །དེ་མེད་པའི་ཕྱིར་ཕན་ཚུན་ལྟོས་པ་མེད་དོ། ། ལྟོས་པ་མེད་པའི་ཕྱིར་ཕན་ཚུན་འབྲེལ་པ་ལྟ་ག་ལ་ཅི་ཞིག་ཡིན། ཅིའི་ཕྱིར་ཕན་པར་བྱ་བ་དང་ཕན་པར་བྱེད་པའི་དངོས་པོ་མེད་ཅེས། རང་གི་ངོ་བོ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདི་གཉིས་ཀ་ཡང་རང་གི་ངོ་བོ་གྲུབ་པ་ཡིན་ནོ། །དེ་བས་ན་ཕན་ཚུན་ཕན་པ་བྱེད་པ་ན་ཡང་ཅི་ཞིག་ཕན་ པར་བྱར་ཡོད། འོན་ཏེ་ཕ་རོལ་པོ་དག་འོན་ཀྱང་གཞི་དང་གནས་པའི་དངོས་པོར་འགྱུར་རོ་ཞེས་སྨྲ་ན། དེའི་ཕྱིར་གཞི་དང་གནས་པའི་དངོས་པོ་ཡང་རྒྱུ་དང་འབྲས་བུའི་དངོས་པོར་མ་གྱུར་པ་མ་ཡིན་ཏེ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུར་གྱུར་པ་ཉིད་གཞི་དང་གནས་པའི་དངོས་པོར་ འཐད་ཀྱི་གཞན་དུ་མ་ཡིན་ནོ། །འདི་ལྟར་གཞོང་པ་ལ་སོགས་པ་རང་གི་སྟེང་ན་འབྲ་གོ་ལ་སོགས་པའི་རྒྱུན་སྐྱེད་པར་བྱེད་པ་ན་གཞི་ཡིན་པར་སྟོན་ཏོ། །དེ་ལྟ་མ་ཡིན་ན་གཞོང་པ་ལ་སོགས་པ་ཅི་ཡང་བྱེད་པ་མེད་ན་ཅིའི་ཕྱིར་གཞི་ཞེས་བརྗོད། གལ་ཏེ་ཕ་རོལ་པོ་དག་ཅི་སྟེ་རྒྱུ་དང་འབྲས་བུའི་ དངོས་པོ་མེད་པ་དཀར་པོ་ཉིད་དང་། སྣམ་བུ་གཉིས་འདུ་བ་ཅན་ཁོ་ན་ཡིན་པར་འཐད་པ་མེད་ན། ཀྱེ་འོ་ན་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཡོད་དོ་ཞེ་ན། དེའི་ཕྱིར་རྒྱུ་དང་འབྲས་བུ་ཡིན་ན་ནི་དེ་ལ་ཡོད་པའི་ཉེས་པར་འགྱུར་རོ་ཞེས་བྱ་བ་སྨོས་ཏེ། ཅི་སྟེ་འདི་གཉིས་རྒྱུ་དང་འབྲས་བུའི་དངོས་པོར་ ཁས་ལེན་ན་དེའི་ཚེ་རྒྱུ་དང་འབྲས་བུའི་ཕྱོགས་ལ་ཉེས་པ་གང་ཡིན་པ་དེ་འདིར་ཡང་ཐལ་བར་འགྱུར་ཏེ། དཀར་པོ་དང་སྣམ་བུ་གཉིས་རང་གི་ངོ་བོར་གྲུབ་པའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་མ་ཡིན་ནོ། །ཡང་ན་རྒྱུ་དང་འབྲས་བུའི་མཚན་ཉིད་འབྲེལ་པའི་ཕྱོགས་ལ་ཉེས་པ་ཡོད་པ་གང་ཡིན་ པ་དེ་འདིར་བལྟ་བར་བྱའོ། །དཀར་པོ་དང་སྣམ་བུ་གཉིས་རྒྱུ་དང་འབྲས་བུ་ཡིན་ཏེ། གཞི་དང་གནས་པར་གྱུར་པའི་ཕྱིར་འབྲེལ་བར་རྟོགས་པ་ཡང་ལེགས་པ་མ་ཡིན་ཏེ་ཞེས་བྱ་བ་ནི་ཅི་སྟེ་ཡང་དཀར་པོ་ཉིད་དང་སྣམ་བུ་གཉིས་རྒྱུ་དང་འབྲས་བུའི་དངོས་པོར་ཁས་བླངས་ནས་གཞི་དང་གནས་པའི་ ཚུལ་གྱིས་འབྲེལ་པར་རྟོགས་པ་དེའི་ཚེ་རྟོགས་པ་དེ་ཡང་རུང་བའི་ངོ་བོ་མ་ཡིན་ཏེ། འདི་ལྟར་དེ་གཉིས་ལ་ནི་འཇིག་རྟེན་པའི་གཞི་དང་གནས་པའི་དངོས་པོ་ཡང་མེད་དོ་ཞེས་བྱ་བ་ནི་འཇིག་རྟེན་པ་ཡང་གཞོང་བུ་དང་འབྲ་གོ་ལ་སོགས་པ་ལུས་ཅན་རྣམས་གཞི་དང་གནས་པའི་དངོས་པོ་ ཡིན་ན་ཁྱེད་ཀྱི་ཕྱོགས་ལ་དཀར་པོའི་ཡོན་ཏན་ལུས་ཅན་མ་ཡིན་ན་དེ་ཇི་ལྟར་འཇིག་རྟེན་པའི་གཞི་དང་གནས་པའི་དངོས་པོ་ཡིན། བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོའི་མཚན་ཉིད་གཞི་དང་གནས་པའི་དངོས་པོ་ཡང་སྤྱི་དང་དེ་དང་ལྡན་པ་ཕན་ཚུན་ཕན་པ་མི་བྱེད་པ་གཉིས་ འདུ་བའི་མཚན་ཉིད་ཀྱི་འབྲེལ་པར་མི་རུང་ངོ་ཞེས་བྱ་བ་ནི་འོན་ཏེ་ཡང་བསྟན་བཅོས་པ་རྣམས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་ཚུལ་གྱིས་དཀར་པོ་དང་སྣམ་བུ་གཉིས་གཞི་དང་གནས་པའི་དངོས་པོར་ཁས་ལེན་ན་དེའི་ཚེ་སྤྱི་དང་དེ་དང་ལྡན་པ་འདུ་བའི་མཚན་ཉིད་ཀྱི་འབྲེལ་པར་མི་འགྱུར་ཏེ། འདི་ལྟར་སྤྱི་ནི་རྟག་པ་ཡིན་པའི་ཕྱིར་བསྐྱེད་པར་བྱ་བར་མི་སྲིད་དོ། །འོན་ཏེ་འདི་སྐད་དུ་ཡན་ལག་ཅན་གྱི་ངོ་བོ་འབྲས་བུར་བརྗོད་པ་སྐྱེད་པར་བྱེད་པའི་འདུ་བ་ཅན་འགའ་ཞིག་ཡོད་དོ་ཞེས་བྱ་བ་ནི་ཅི་སྟེ་ཡང་ཕ་རོལ་པོ་དག་ཡན་ལག་ཅན་ཞེས་བྱ་བ་སྐྱེད་པར་བྱེད་པ་གང་ཡིན་པའི་འདུ་བ་ཅན་ འགའ་ཞིག་ནི་ཡོད་དོ། །དེ་བས་ན་དེ་སྐྱེད་པའི་ཕྱིར་འབྲེལ་པ་ཅན་དུ་འགྱུར་རོ་ཞེས་སྨྲ་ན་འདིར་གྲུབ་པའི་མཐའ་སྨྲ་བ་རྣམས་ཀྱིས་དེ་ལྟར་འདུ་བ་ཅན་ནི་འགའ་ཞིག་གིས་འབྲས་བུ་སྐྱེད་པར་བྱེད་པ་ཞེས་བྱ་བ་བཤད་དེ། འདིའི་ཚིག་ཁོང་ནས་དབྱུང་བ་ནི་ཁས་ལེན་ན་ཞེས་བྱ་བ་ཡིན་ནོ། ། དེས་ན་དེའི་ཚེ་འདུ་བ་ཅན་དེ་མེད་ཅེས་བྱ་བ་འདིའི་བཤད་པ་ནི་བསྐྱེད་པའི་དུས་ན་བསྐྱེད་པར་བྱ་བ་མ་སྐྱེས་པ་ཞེས་བྱ་བ་ཡིན་ཏེ། སྐྱེད་པའི་ཚེ་ན་འབྲས་བུ་སྐད་ཅིག་མ་ཕྱི་མ་ལ་འབྱུང་བས་དེའི་ཚེ་འབྲས་བུ་སྐྱེས་པ་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་ཇི་ལྟར་འདུ་བ་ཅན་ཡིན། ཅི་སྟེ་མ་ཡིན་ན་ དེའི་ཕྱིར་གཉིས་ཚོགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དེའི་ཚེ་ན་རྒྱུ་དང་འབྲས་བུ་གཉིས་ལྷན་ཅིག་ཏུ་ཚོགས་པ་མེད་པའི་ཕྱིར་རོ། །འབྲས་བུ་སྐྱེས་པ་ན་ཡང་རྒྱུ་འགགས་པའི་ཕྱིར་རོ་ཞེས་བྱ་བ་ནི་གང་གི་ཚེ་འབྲས་བུ་སྐྱེས་པ་དེའི་ཚེ་རྒྱུ་འགགས་པས་གཉིས་ཚོགས་པ་ མེད་དོ་འདི་སྐད་བསྟན་ཏེ། ཅི་སྟེ་འདུ་བ་ཁ་ཅིག་སྐྱེད་པ་ཡིན་ན་འོན་ཀྱང་འདུ་བ་ཅན་ཉིད་དུ་མི་འཐད་དེ། གཉིས་ཚོགས་པ་མེད་པའི་ཕྱིར་རོ། །མ་འགགས་ན་ཡང་ལྷན་ཅིག་ཏུ་འདུག་པ་གཉིས་ཕན་པར་བྱ་བ་དང་ཕན་པར་བྱེད་པའི་དངོས་པོ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཅི་སྟེ་ཡང་ རྒྱུ་དང་འབྲས་བུ་གཉིས་ཚོགས་པར་འདོད་ན་དེའི་ཚེ་དུས་གཅིག་ཏུ་ཚོགས་པ་གཉིས་ལ་ཕན་པར་བྱ་བ་དང་ཕན་པར་བྱེད་པའི་དངོས་པོ་མེད་པས་ཤིན་ཏུ་ཡང་འབྲེལ་པ་ཅན་མི་འཐད་དོ། །དེ་ལྟར་རེ་ཞིག་འདུ་བ་ཅན་ཁོ་ན་མི་འཐད་པར་བསྟན་ཟིན་ཏོ། །ད་ནི་ཁས་བླངས་ནས་ཐལ་བར་ འགྱུར་བའི་གླེང་སློང་བར་བྱེད་དོ། །འདུ་བ་ཅན་འགའ་ཞིག་ཡོད་ན་ཡང་ཞེས་བྱ་བ་ནི་ཡན་ལག་ཅན་ཞེས་བྱ་བ་འདུ་བ་ཅན་དུ་ཁས་ལེན་པའོ། །དེ་ལས་མིན་ཞེས་བྱ་བ་འདིའི་བཤད་པ་ནི་སྐྱེད་པར་བྱེད་པའི་གཏན་ཚིགས་ཀྱི་ཕྱིར་རོ་ཞེས་བྱ་བ་ཡིན་ཏེ། འདི་སྐྱེད་པར་བྱེད་པའི་ཕྱིར་འདུ་བ་ཅན་ཉིད་དུ་ཁས་བླང་བར་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་སྨྲས་པ། ཤིན་ཏུ་ཐལ་བའི་ཕྱིར་རོ། །རྫ་མཁན་ཡང་བུམ་པ་སྐྱེད་པའི་ཕྱིར་དང་འབྲེལ་པ་ཅན་དུ་འགྱུར་རོ་ཞེས་བྱ་བ་ནི་ཤིན་ཏུ་ཐལ་བ་དེ་ཉིད་སྟོན་པར་བྱེད་དེ། རྫ་མཁན་ཡང་ བུམ་པ་སྐྱེད་པར་བྱེད་དོ། །དེ་བས་ན་རྫ་མཁན་ཡང་བུམ་པ་འདུ་བ་ཅན་ཉིད་འཐོབ་བོ། །སྐྱོན་འདིར་མི་འགྱུར་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཕན་པར་བྱེད་པའི་ཕྱོགས་གང་ཡིན་པ་འདི་ལ་སྨྲས་པའི་སྐྱོན་དེར་མི་འགྱུར་བར་བྱ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདུ་བ་ཅན་དེ་ གཉིས་ཀྱང་གཅིག་ལ་གཅིག་ཕན་པ་མི་བྱེད་ཅེས་བྱ་བ་ནི་ཅི་སྟེ་འདུ་བ་ཅན་གཉིས་གང་གི་ཚེ་ཕན་ཚུན་ཕན་པ་མི་བྱེད་པ་དེའི་ཚེ་འབྲེལ་པར་འདོད་པའོ། །འབྲེལ་པ་ཅན་དེ་གཉིས་ཀྱང་འདུ་བ་ལ་ཕན་པ་མི་བྱེད་དེ་ཞེས་བྱ་བ་ནི་ཅི་སྟེ་འབྲེལ་བ་ཅན་གཉིས་འདུ་བ་ལ་ཕན་པ་མི་བྱེད་པ་ དེའི་ཚེ་ཡང་ཅི་སྟེ་འབྲེལ་པ་ཡོད་པར་ཁས་བླང་བའོ། །ཅིའི་ཕྱིར་དེ་ལ་གཉིས་ཀྱིས་ཕན་པ་མི་བྱེད་ཅེ་ན། དེའི་ཕྱིར་དེ་རྟག་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདུ་བ་རྟག་པ་ཡིན་ན་དེ་གང་གིས་ཇི་ལྟར་ཕན་པར་བྱ་འདུ་བ་ཅན་དེ་གཉིས་དང་འདུ་བ་དང་གཞན་ཡང་གང་ཡང་ཕན་པར་མི་ བྱེད་པར་ཞེས་བྱ་བ་ནི་ཅི་སྟེ་འདུ་བ་ཅན་གཉིས་དང་འདུ་བ་གཞན་ཡང་གང་ཡང་ཕན་པར་མི་བྱེད་པ་དེའི་ཚེ་ཡང་འབྲེལ་པར་ཅི་སྟེ་འདོད། དེ་ཅི་སྟེ་ཁས་ལེན་ན་དེའི་ཚེ་མཐའ་དག་འགྲོ་བ་ཐམས་ཅད་ཀྱང་འགྱུར་ཏེ་མཐའ་དག་ཅེས་བྱ་བའི་ཚིག་འདི་བཤད་པ་ནི། འགྲོ་བ་ཐམས་ཅད་ཅེས་བྱ་བ་དེ་ ཡིན་ནོ། །ཅི་འདྲ་བའི་འགྲོ་བ་ཡིན་ཞེ་ན། ཕན་ཚུན་མ་འབྲེལ་པའི་ཞེས་བྱ་བ་སྨོས་ཏེ། དེ་ནི་རྟོགས་པར་སླའོ། །ཕན་ཚུན་འབྲེལ་པ་ཅན་དུ་འགྱུར། །ཞེས་བྱ་བ་ནི་འདུ་བའི་མཚན་ཉིད་ཀྱི་འབྲེལ་པས་ན་འགྲོ་བ་རྣམས་གཅིག་ལ་གཅིག་འབྲེལ་པར་འགྱུར་རོ། །འདི་སྐད་བསྟན་ཏེ། ཅི་སྟེ་ཕན་པ་བྱེད་པ་མེད་པར་ཡང་འདུ་བ་ཅན་དུ་འདོད་ན་དེའི་ཚེ་འགྲོ་བ་ཐམས་ཅད་ཕན་ཚུན་འདུ་བ་ཅན་དུ་འགྱུར་རོ། །དེ་ལྟ་ཡང་མ་ཡིན་པ་ཞེས་བྱ་བ་ནི་འགྲོ་བ་ཐམས་ཅད་ཕན་ཚུན་འདུ་བ་མ་ཡིན་པའོ། །དེ་བས་ན་ཕན་པར་བྱེད་པ་དང་ཕན་པ་མི་བྱེད་པའི་ཕྱོགས་ལ་འདུ་བ་མེད་ལ་ཞེས་བྱ་བ་ནི་བཤད་ ཟིན་པའི་རྣམ་པ་དེ་བས་ན་ཕན་པར་བྱེད་པའི་ཕྱོགས་དང་། ཕན་པ་བྱེད་པ་མེད་པའི་ཕྱོགས་ལ་ཡང་འདུ་བའི་མཚན་ཉིད་ཀྱི་འབྲེལ་པ་མི་འཐད་དོ། །རྣམ་པ་གཞན་ཡང་མི་སྲིད་དོ་ཞེས་བྱ་བ་ནི་ཕན་པ་བྱེད་པ་དང་ཕན་པ་བྱེད་པ་མེད་པ་ལས་མ་གཏོགས་པར་གང་དུ་འབྲེལ་པར་འགྱུར་བའི་རྣམ་ པ་གསུམ་པ་མི་སྲིད་དོ། །འདིས་སྦྱོར་བ་ཅན་གྱི་ལན་ཀྱང་བཏབ་པོ་ཞེས་བྱ་བ་ནི་འདུ་བ་ཅན་བསལ་བས་སྦྱོར་བ་ཅན་ཡང་བསལ་བར་རིག་པར་བྱ་སྟེ། འདི་ལྟར་སྦྱོར་བ་ཅན་ཡང་རང་གི་ངོ་བོ་གྲུབ་པའི་ཕྱིར་སྐྱེ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་མ་ཡིན་ལ། གཞི་དང་གནས་པའི་དངོས་ པོ་ཡང་མ་ཡིན་ནོ། །ཕན་པར་བྱེད་པ་མེད་པ་ཡང་སྦྱོར་བ་ཅན་མི་འཐད་དེ། ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་ཐམས་ཅད་སྦྱོར་བར་བྱའོ། །གཞན་ཡང་ཞེས་བྱ་བ་ནི་འདིར་སྐྱོན་གཞན་ལྷག་པར་སྟོན་པའོ། །སྦྱོར་བ་ནི་འབྲས་བུ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་སྦྱོར་བ་ནི་བསྐྱེད་པར་བྱ་ བའོ། །དེ་བས་ན་དེ་སྐྱེད་པས་ན་ཅི་སྟེ་དེ་གཉིས་སྦྱོར་བ་ཅན་ཡིན་ན་ཞེས་བྱ་བ་ནི་ཅི་སྟེ་ཡང་གང་གི་ཕྱིར་འབྲེལ་པ་ཅན་གཉིས་ནི་སྦྱོར་བ་སྐྱེད་པར་བྱེད་པ་དེ་བས་ན་སྦྱོར་བ་ཅན་དུ་འདོད་དོ། །དེའི་ཚེ་དེ་ལྟར་སྦྱོར་བ་སྐྱེད་ཀྱང་ཞེས་བྱ་བ་ནི་ཅི་སྟེ་སྦྱོར་བ་སྐྱེད་དུ་ཟིན་ཀྱང་ཞེས་བྱ་བའོ། །འོན་ཀྱང་དེས་དེ་ གཉིས་མི་འདོད་དོ། །དེས་ཞེས་བྱ་བ་འདིའི་བཤད་པ་ནི་སྦྱོར་བ་སྐྱེད་པའི་གཏན་ཚིགས་ཀྱི་ཕྱིར་ཞེས་བྱ་བ་དེ་ཡིན་ནོ། །དེ་གཉིས་ཞེས་བྱ་བ་འདིའི་བཤད་པ་ནི་སྦྱོར་བ་ཅན་ཞེས་བྱ་བ་དེ་ཡིན་ནོ། །འདི་སྐད་བསྟན་ཏེ། ཅི་སྟེ་འབྲེལ་པ་ཅན་དག་གི་སྦྱོར་བ་སྐྱེད་པར་ཁས་བླངས་མོད་ཀྱི་འོན་ ཀྱང་སྦྱོར་བ་སྐྱེད་པའི་ཕྱིར་དེ་གཉིས་སྦྱོར་བ་ཅན་དུ་འདོད་པར་མི་བྱའོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་དམ་བཅས་པ་ཙམ་གྱིས་འདོད་པའི་དོན་འགྲུབ་པར་མ་མཐོང་བས་གཏན་ཚིགས་འདྲི་བའོ། །ལས་ལ་སོགས་པ་སྦྱོར་བ་ཅན་དུ་འགྲུབ་པའི་ཕྱིར་ཏེ་ཞེས་བྱ་བ་འདིའི་ཚིག་འོག་མས་ བཤད་དེ། ཅི་སྟེ་སྦྱོར་བ་སྐྱེད་པའི་ཕྱིར་སྦྱོར་བ་ཅན་ཡིན་པར་ཁས་ལེན་ན་ཞེས་བྱ་བ་ཚིག་གི་ལྷག་མའོ། །དེའི་ཚེ་ལས་ཀྱང་སྦྱོར་བ་ཅན་དུ་འགྱུར་ཏེ་ཞེས་བྱ་བ་ནི་ལས་ཀྱང་སྦྱོར་བ་ཅན་དུ་འགྱུར་བའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་འདི་ལྟ་སྟེ། འགའ་ ཞིག་གི་ལས་ཀྱིས་སྐྱེས་པ་དང་གཉིས་ཀའི་ལས་ཀྱི་སྐྱེས་པས་ནི་སྦྱོར་བ་འདོད་ཅེས་བྱ་བ་སྨོས་ཏེ། སྡོང་པོ་དང་བྱ་ཁྲ་གཉིས་ནི་འགའི་ལས་ལས་སྐྱེའོ། །ལུག་འཐབ་པ་གཉིས་ནི་གཉིས་གའི་ལས་ལས་སྐྱེས་པ་སྟེ། སྦྱོར་བར་ཁས་ལེན་པའོ། །སོགས་པས་ནི་སྦྱོར་བ་ཡང་ སྦྱོར་བ་ཅན་དུ་འགྱུར་བར་བསྡུ་སྟེ་ཞེས་བྱ་བ་ནི་སྦྱོར་བ་ཡང་སྦྱོར་བ་ཅན་འཐོབ་བོ་ཞེས་བྱ་བ་དེའི་ཚིག་གིས་སྡུད་དོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་སྦྱོར་བ་ལས་སྐྱེས་པར་ཡང་འདོད་ཅེས་བྱ་བ་སྨོས་ཏེ། གང་གི་ཕྱིར་སྦྱོར་བ་ནི་སྦྱོར་བ་ལས་སྐྱེས་པར་ཡང་ཁས་ལེན་ཏོ། །སྦྱོར་བ་ སྐྱེད་པའི་ཕྱིར་སྦྱོར་བ་ཅན་མ་ཡིན་གྱི་འོ་ན་ཅི་ཞེ་ན། འཇོག་པར་བྱེད་དོ་ཞེ་ན་ཡང་ཞེས་བྱ་བ་ནི་འོན་ཏེ་ཕ་རོལ་པོ་དག་སྨྲ་བ་སྐྱེད་པའི་ཕྱིར་དེ་སྦྱོར་བ་ཅན་དུ་སྨྲ་བ་མ་ཡིན་གྱི་འོན་ཀྱང་སྦྱོར་བ་འཇོག་པའི་ཕྱིར་སྦྱོར་བ་ཅན་དུ་ཁས་ལེན་ཏོ། །འདིར་གྲུབ་པའི་མཐའ་སྨྲ་བ་རྣམས་ཀྱིས་དེ་ནི་མི་ རུང་སྟེ་ཞེས་བྱ་བ་སྨྲས་པ་དེ་ནི་འགོག་པའི་ཚིག་ཡིན་ནོ། །གནས་པར་བྱེད་པའང་རབ་ཏུ་འཇོག། །ཅེས་བྱ་བ་འདིའི་བཤད་པ་ནི་གཞག་པ་དང་འཇོག་པར་བྱེད་པ་གཉིས་ནི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་གནས་པ་གཞན་མེད་དོ་ཞེས་ཚད་མ་རྣམ་འགྲེལ་ལས་སྤྲོས་ཟིན་ ཏོ་ཞེས་བྱ་བ་ནི་གནས་པར་བྱེད་པ་ནི་གནས་པར་བྱ་བ་སྐྱེད་པ་ཉིད་ལས་འཇོག་པར་བྱེད་ཅེས་བྱའི་དེ་ལས་མ་གཏོགས་པར་གནས་པ་འགའ་ཡང་བྱེད་པ་མེད་དོ། །འདི་ལྟར་གཞག་པར་བྱ་བའི་དངོས་པོ་ལས་གནས་པ་ཐ་དད་པའམ་ཐ་དད་པ་མ་ཡིན་པ་ཞིག་ཡིན། རེ་ཞིག་ཐ་དད་ པ་ནི་མ་ཡིན་ཏེ། །འདི་ལྟར་གཞག་པར་བྱ་བའི་གནས་པའོ་ཞེས་བྱ་བའི་འབྲེལ་པ་མི་འཐད་དོ། །ཐ་དད་པ་མ་ཡིན་པ་ཞིག་བྱེད་ན་ཡང་འཇོག་པར་བྱེད་པ་གཞག་པར་བྱ་བ་ཉིད་དུ་བྱས་པར་འགྱུར་རོ་ཞེས་དེ་དག་ཚད་མ་རྣམ་འགྲེལ་ལས་རྒྱ་ཆེར་སྤྲོས་སོ། །ཕ་རོལ་པོ་དག་ལ་ ཡང་སྨྲ་བ། ཅི་སྟེ་སྦྱོར་བ་ལ་སོགས་པ་མེད་པར་སྦྱོར་བ་ལ་སོགས་པའི་བློ་ཡོད་ན་ནི་ཞེས་བྱ་བ་ནི་ཅི་སྟེ་སྦྱོར་བ་ལ་སོགས་པ་མེད་པར་སྦྱོར་བ་ལ་སོགས་པའི་བློ་ཡོད་པར་ཁས་ལེན་ན་དེའི་ཚེ་བྲལ་བའི་ངོ་བོ་གང་ཡིན་པ་དེ་ལྡན་པའི་ངོ་བོ་ཡང་ཡིན་པར་འགྱུར་ཞེས་བྱ་བ་འབྲེལ་པ་ཅན་ གཉིས་སོ་སོར་གནས་པའི་ངོ་བོ་གང་ཡིན་པ་དེ་ཉིད་ལྡན་པའི་གནས་སྐབས་ཀྱང་ཡིན་པར་འགྱུར་རོ་དེ་བས་ན་བྲལ་བའི་གནས་སྐབས་སུ་ཡང་ལྡན་པའི་བློ་ནི་ཅི་སྟེ་འབྱུང་བར་མི་འགྱུར། དེ་བཞིན་དུ་ལྡན་པའི་ངོ་བོ་གང་ཡིན་པ་དེ་ཉིད་བྲལ་བའི་ངོ་བོ་ཡང་ཡིན་ཞེས་བྱ་བ་ནི་ལྡན་པའི་ གནས་སྐབས་སུ་ཡང་བྲལ་བའི་བློ་ཅི་སྟེ་འབྱུང་བར་མི་འགྱུར། མི་གནས་པ་གང་ཡིན་པ་གནས་པ་ཡང་ཡིན་པས་ན་ཞེས་བྱ་བ་ནི་གཞི་ལ་མི་གནས་པའི་ངོ་བོ་གང་ཡིན་པ་དེ་ཉིད་གནས་པ་ཡང་ཡིན་པ་དང་། དེས་ན་མི་གནས་པའི་གནས་སྐབས་སུ་ཡང་གནས་པའི་བློ་ཅི་སྟེ་འབྱུང་བར་མི་འགྱུར། དེ་ལྟར་ཡང་ མ་ཡིན་པ་ཞེས་བྱ་བ་ནི་བྲལ་བ་ལ་ཡང་ལྡན་པའི་བློ་མེད་ལ། ལྡན་པ་ལ་ཡང་བྲལ་བའི་བློ་མེད། མི་གནས་པ་ལ་ཡང་མི་གནས་པའི་བློ་མེད། མི་འགྲོ་བ་ལ་ཡང་འགྲོ་བའི་བློ་མེད་པ་དེ་བས་ན་སྦྱོར་བ་དང་། བྲལ་བའི་ལས་ནི་སྦྱོར་བ་ལ་སོགས་པའི་བློའི་རྒྱུ་མཚན་ཡིན་ནོ་ཞེ་ན་ཞེས་བྱ་ བ་དེ་ནི་གོ་སླའོ། །ཕ་རོལ་པོའི་བསམ་པ་ནི་འདི་ཡིན་ཏེ། ཅི་སྟེ་བློ་དེ་དག་གི་རྒྱུ་མཚན་རྫས་ཡིན་ན་དེའི་ཚེ་རྫས་ནི་དུས་ཐམས་ཅད་དུ་ངོ་བོ་གཅིག་པ་ཡིན་ན་ཅིའི་ཕྱིར་དུས་ཐམས་ཅད་དུ་སྦྱོར་བ་ལ་སོགས་པའི་བློ་མི་འབྱུང་། འདིར་གྲུབ་པའི་མཐའ་སྨྲ་བ་དག་གིས་དེ་མི་རུང་སྟེ། དྲི་བ་ མཚུངས་པའི་ཕྱིར་རོ་ཞེས་བྱ་བ་བཤད་དེ། དེ་བསྟན་པར་ཁྱེད་ཀྱིའང་ངོ་བོ་འདྲི་བ་ཡིན་ན་བྲལ་བ་ལ་སོགས་པ་ལས་སྦྱོར་བ་ལ་སོགས་པ་ཡང་ཅི་སྟེ་མི་འདུ་ཞེས་བྱ་བ་ནི་འབྲེལ་པ་ཅན་གཉིས་རྣམ་པ་ཇི་ལྟ་བུའི་ཚུལ་གྱིས་ལྡན་པའི་ངོ་བོ་ཡིན་པ་དེ་བཞིན་དུ་བྲལ་བའི་རྣམ་པ་ཡང་དེ་ཉིད་ཡིན་ན་ བྲལ་བའི་གནས་སྐབས་དེར་ཁྱོད་ཀྱིས་སྦྱོར་བ་འདུ་བ་ཡོད་དོ་ཞེས་ཅིའི་ཕྱིར་ཁས་མི་བླང་། དེ་བཞིན་དུ་ལྡན་པའི་གནས་སྐབས་ལ་བྲལ་བར་གྱུར་པ་ཡོད་དོ་ཞེས་ཅིའི་ཕྱིར་མི་འདོད། དེ་བཞིན་དུ་གནས་པ་ལ་སོགས་པ་ཡང་བརྗོད་པར་བྱའོ། །དེ་སྐྱེད་པར་བྱེད་པའི་ལས་མེད་པའི་ཕྱིར་ སྦྱོར་བ་ནི་བྲལ་བ་མ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི། ཅི་སྟེ་ཕ་རོལ་པོ་དག་བྲལ་བའི་གནས་སྐབས་ན་སྦྱོར་བ་སྐྱེད་པར་བྱེད་པའི་ལས་མེད་དོ། །དེ་བཞིན་དུ་ལྡན་པའི་གནས་སྐབས་ན་བྲལ་བ་སྐྱེད་པར་བྱེད་པའི་ལས་མེད་དོ། །དེ་བས་ན་གནས་སྐབས་དེ་གཉིས་ན་སྦྱོར་བ་དང་ བྲལ་བ་མེད་དོ། །འདིར་གྲུབ་པའི་མཐའ་སྨྲ་བ་རྣམས་ཀྱིས་དེ་ལྟ་ན་ལས་ཀྱང་ཅི་སྟེ་མེད་ཅེས་སྨོས་པ་ནི་འབྲེལ་པ་ཅན་ངོ་བོ་འདྲ་བ་ཡིན་ན་དེ་ལྟ་ན་ལས་ཀྱང་ཅིའི་ཕྱིར་ཡོད་པར་མི་འགྱུར། འོན་ཏེ་ལས་བྱེད་པ་མེད་པའི་ཕྱིར་ལས་མེད་དོ་ཞེ་ན། དེའི་ཕྱིར་དེ་བྱེད་པ་ཡང་ཞེས་བྱ་བ་སྨོས་ཏེ། ཇི་སྟེ་ཁྱད་པར་མེད་པའི་ངོ་བོའི་དངོས་པོ་ཡིན་ན་ལས་བྱེད་པ་ཡང་ཅིའི་ཕྱིར་ཡོད་པར་མི་འགྱུར། འོན་ཏེ་ལས་བྱེད་པ་ལ་རྒྱུ་མེད་དོ་ཞེས་ཟེར་ན། དེ་ཡང་ཇི་སྟེ་མེད་ཅེས་འདིར་ཡང་དེ་ཉིད་ཀྱིས་ལན་གླན་ནོ། །དེ་བས་ན་ལན་དེ་ཉིད་ཡིན་པའི་ཕྱིར་ལན་གདབ་དཀའོ། །དེ་བས་ན་ཁྱེད་ཉིད་ཀྱིས་ ཀྱང་སྔར་བྲལ་བ་ལ་སོགས་པའི་ངོ་བོར་མི་རུང་བ་ཕྱིས་སྦྱོར་བ་ལ་སོགས་པའི་གནས་རུང་བར་དངོས་པོར་དེ་འགྱུར་ཏེ་ཞེས་བྱ་བ་ནི་ཇི་ལྟར་གྱུར་ཀྱང་མི་ཕན་ཏེ། སྔར་སྦྱོར་བ་ལ་སོགས་པའི་གཞིར་རུང་བའི་རྫས་ཀྱི་ངོ་བོ་དེ་དེའི་འོག་ཏུ་ཕྱིས་ཀྱང་དེའི་གནས་སུ་རུང་བར་འགྱུར་རོ་ཞེས་ཁྱེད་ཉིད་ ཀྱིས་དེ་སྐད་བརྗོད་པར་བྱ་དགོས་སོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་སྔ་མ་བཞིན་དུ་གཏན་ཚིགས་འདྲི་བའོ། །ཇི་ལྟར་སྦྱོར་བ་ལ་སོགས་པ་དང་ལྡན་པར་རུང་བའི་དངོས་པོ་རྟག་ན་ནི་ཞེས་བྱ་བ་ནི་ཅི་སྟེ་ཡང་འབྲེལ་པ་ཅན་ནི་དུས་ཐམས་ཅད་དུ་སྦྱོར་བ་ལ་སོགས་པའི་གཞིར་རུང་བའི་ངོ་བོར་ འདུག་ཅེས་བྱ་བའི་དོན་ཏོ། །དེ་དང་བྲལ་བ་འགལ་ཕྱིར་ཏེ། །ཞེས་བྱ་བ་འདིའི་བཤད་པ་ནི་སྦྱོར་བ་ལ་སོགས་པ་དང་ལྡན་པ་ནི་འབྲེལ་པ་འགལ་ལོ་ཞེས་བྱ་བ་ཡིན་ཏེ། དེ་ནི་རྟོགས་པར་སླའོ། །ངེད་ཀྱིས་ཀྱང་སྦྱོར་བ་ལ་སོགས་པ་དང་བྲལ་བ་ཡིན་ནོ་ཞེས་དེ་སྐད་བརྗོད་པར་བྱའོ་ཞེས་ བྱ་བ་ནི་སྦྱོར་བ་ལ་སོགས་པ་དང་བྲལ་བར་དེ་ཐམས་ཅད་ངེད་ཀྱིས་ཀྱང་བརྗོད་པར་བྱ་སྟེ། ངེད་ལ་ཡང་འབྲེལ་པ་ཅན་གཉིས་སོ་སོར་འབྲེལ་པ་ན་གང་གིས་ལྡན་པའི་བློར་འགྱུར་བའི་ལྡན་པའི་བློ་སྐྱེད་པར་རུང་བ་ཉིད་མེད་དོ། །རུང་བ་མེད་པར་ཡང་དེའི་རྒྱུ་མེད་དེ་ཞེས་བྱ་བ་ལ་སོགས་པའོ། ། དེ་བཞིན་དུ་བྲལ་བའི་བློ་ལ་སོགས་པ་ཡང་བརྗོད་པར་བྱའོ། །རུང་བའི་ཚིག་བརྗོད་པ་ན་དོན་གྱི་ངོ་བོ་འདི་ལ་ངེས་པར་བརྗོད་ཅེས་བྱ་བ་ནི་དེ་བས་ན་རུང་བའི་ཚིག་གིས་དངོས་པོའི་དོན་གྱི་ངོ་བོ་ཉིད་ལ་བརྗོད་པར་བྱའི་དེ་ལས་མ་གཏོགས་པར་རུང་བར་ཁས་བླང་བར་མི་བྱའོ། །གང་གིས་བརྗོད་ ཅེ་ན། བྲལ་དང་ལྡན་དང་འགྲོ་རྣམས་ཀྱིས། །ཞེས་བྱ་བ་འདིའི་བཤད་པ་ནི་སྦྱོར་བ་དང་བྲལ་བའི་ལས་ཀྱི་ཚིག་གིས་ཞེས་བྱ་བ་ཡིན་ཏེ། གང་གི་སྦྱོར་བ་ལ་སོགས་པའི་སྒྲས་བརྗོད་པར་རུང་བ་ནི་དངོས་པོ་འདི་ཉིད་ཡིན་པར་སྟོན་པ་དེའི་ཚེ་དོན་མེད་པར་འགྲོ་བ་ལ་སོགས་པ་ གཞན་བརྟགས་པས་ཅི་ཞིག་བྱ་སྟེ་ཞེས་བྱ་བ་ནི་འགྲོ་བ་ལས་ལ་སོགས་པ་དོན་མེད་པ་བརྟགས་ཏེ་དགོས་པ་ཅི་ཡོད། ཅུང་ཟད་ཀྱང་མི་དགོས་སོ་ཞེས་བྱ་བ་ནི་སྤོང་བར་བྱེད་པའོ། །སོགས་པའི་ནང་དུ་སྦྱོར་བ་དང་། བྲལ་བ་དང་། གཞན་དང་། གཞན་མ་ཡིན་པ་ལ་ སོགས་པ་སྟེ་ཞེས་བྱ་བ་ནི་དེ་དག་བརྟགས་པ་ཡང་དགོས་པ་ཅི་ཡང་མེད་དོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་སྔ་མ་བཞིན་དུ་གཏན་ཚིགས་འདྲི་བའོ། །གང་གི་ཕྱིར་དེ་དག་རྣམས་ལ་ཞེས་བྱ་བ་འདིའི་བཤད་པ་ནི་འགྲོ་བ་ལ་སོགས་པ་ལ་ཞེས་བྱ་བ་དེ་ཡིན་ནོ། །ཡོད་ན་ཡང་ཞེས་ བྱ་བ་ནི་འདིའི་བཤད་པ་ནི་བརྟགས་ཏེ་ཞེས་བྱ་བ་དེ་ཡིན་ནོ། །འདིའི་ཞེས་འབྲེལ་པ་མི་འགྲུབ་པའི་ཕྱིར་ཏེ་ཞེས་བྱ་བ་འདིའི་བཤད་པ་ནི་འོག་ནས་གཞན་གྱི་དབང་ཅན་ཞེས་བྱ་བ་ལ་སོགས་པ་འབྲེལ་པ་རྣམ་པ་ཐམས་ཅད་དུ་བཀག་པས་ན་འདིའི་ལས་དང་། སྦྱོར་བ་དང་། བྲལ་བ་ཞེས་ བྱ་བའི་འབྲེལ་པ་མི་འགྲུབ་པའི་ཕྱིར་དེའི་རྒྱུ་མཚན་ཅན་གྱི་བརྗོད་པ་ག་ལ་ཡོད་ཅེས་བྱ་བ་ཡིན་ཏེ། གང་གི་ཚེ་གཞན་གྱི་དབང་ཅན་ལ་སོགས་པ་རྣམ་པ་ཐམས་ཅད་དུ་བཀག་པ་དེའི་ཚེ་དངོས་པོ་འདིའི་ལས་འདིའོ། །སྦྱོར་བ་འདིའོ། །བྲལ་བ་འདིའོ་ཞེས་འབྲེལ་པ་གང་གིས་བརྗོད་ པར་བྱེད། འབྲེལ་པ་མེད་ན་ཡང་འདི་འདིའོ་ཞེས་བྱ་བ་ལ་སོགས་པ་འབྲེལ་པའི་རྒྱུ་ཅན་གྱི་ཚིག་ཇི་ལྟར་འབྱུང་བར་འགྱུར། ཇི་ལྟར་གཞན་དུ་རྟོགས་པའི་ལས་ལ་སོགས་པ་ནི་དེ་གཞན་དང་འབྲེལ་པ་མ་ཡིན་ཏེ། མ་འབྲེལ་པའི་ཕྱིར་རོ། །མངོན་པར་འདོད་པ་ཡང་དེ་བཞིན་ནོ་ཞེས་ བྱ་བ་ནི་ཇི་ལྟར་ལྷ་སྦྱིན་གྱི་ཡིན་པར་རྟོགས་པའི་ལས་ལ་སོགས་པ་ནི་འབྲེལ་པ་མེད་པའི་ཕྱིར་མཆོད་སྦྱིན་དང་འབྲེལ་པ་ཅན་མ་ཡིན་ནོ། །དེ་བཞིན་དུ་རང་གི་ཡིན་པར་རྟོགས་པའི་ལས་ལ་སོགས་པ་ཡང་འབྲེལ་པ་མེད་པར་འདྲ་བས་ན་དེ་ཡང་དེ་བཞིན་དུ་འབྲེལ་པར་མི་ འགྱུར་རོ། །གང་གི་ཕྱིར་དེ་ལྟར་ལས་ལ་སོགས་པ་དང་འབྲེལ་པའི་ཕྱིར་འགྲོ་བ་ལ་སོགས་པ་མ་ཡིན་པ་དེ་བས་ན་རྒྱུན་མི་འཆད་པར་སྐྱེ་བའི་གཞི་རྐྱེན་གཞན་དང་གཞན་གྱིས་སྐད་ཅིག་མ་སོ་སོར་སྐྱེ་བའི་དངོས་པོ་རྣམས་ནི་དངོས་པོ་ཐ་དད་འདི་ཡིན་རིགས་ཏེ། དེ་དང་ལྡན་པ་དང་བྲལ་བ་དང་། འགྲོ་བ་ལ་སོགས་པར་རིགས་ཀྱི་ཞེས་བྱ་བ་ནི་གང་གི་ཕྱིར་ཇི་སྐད་དུ་སྨོས་པའི་ཚུལ་གྱིས་འགྲོ་བ་དང་། སྦྱོར་བ་དང་། བྲལ་བ་ལ་སོགས་པའི་ཚིག་ལ་སོགས་པའི་རྒྱུ་མཚན་ཅན་མ་ཡིན་པ་དེ་བས་ན་སྐད་ཅིག་མའི་དངོས་པོ་རྣམས་རྒྱུན་མི་འཆད་པར་སྐྱེ་བའི་རྒྱུ་མཚན་གཞན་དང་གཞན་གྱི་རྒྱུ་ རྣམས་ཀྱིས་དངོས་པོ་ཐ་དད་པར་བྱེད་པ་འདི་ནི་འདི་ལྟ་སྟེ། ལྡན་པ་དང་། བྲལ་བ་དང་། འགྲོ་བ་ཞེས་བྱ་བའི་རིགས་སོ། །དེ་ལྟར་ན་གང་གི་ཚེ་སོ་སོར་བྲལ་བར་འདུག་པ་རྣམས་སྡུད་པའི་རྐྱེན་གྱིས་རྒྱུན་མ་ཆད་པར་སྐྱེད་པ་དེའི་ཚེ་ལྡན་པའི་བློ་དང་། ལྡན་པའི་ཚིག་ནི་དངོས་པོ་བར་མེད་པར་སྐྱེས་ པའི་རྒྱུ་མཚན་ཅན་ཡིན་ནོ། །དེ་བཞིན་དུ་གང་གི་ཚེ་བར་མེད་པར་འདུག་པ་རྣམས་བྲལ་བར་བྱེད་པའི་རྐྱེན་རྣམས་ཀྱིས་བྲལ་བ་བསྐྱེད་པ་དེའི་ཚེ་བྲལ་བའི་བློ་དང་བྲལ་བའི་ཚིག་ནི་དངོས་པོ་བྲལ་བར་འབྱུང་བའི་རྒྱུ་མཚན་དུ་འགྱུར་རོ། །དེ་བཞིན་དུ་གནས་པར་གྱུར་པ་རྣམས་གང་གི་ཚེ་ཡུལ་ཐ་དད་པར་ གནས་པའི་རྒྱུ་མཚན་རྣམས་ཀྱིས་རྒྱུན་མི་འཆད་པར་བསྐྱོད་པ་དེའི་ཚེ་འགྲོ་བའི་བློ་དང་འགྲོ་བའི་ཚིག་ནི་དངོས་པོ་རྒྱུན་མི་འཆད་པར་འབྱུང་བའི་རྒྱུ་མཚན་ཅན་ཡིན་ནོ། །དེ་བཞིན་དུ་གཞན་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །བསྟན་པ་གཅིག་པུའི་ངོ་བོ་ནི་སྦྱོར་བ་ལ་སོགས་པའི་འབྲེལ་པ་ མ་ཡིན་པས་ཞེས་བྱ་བ་ནི་སྐད་ཅིག་མ་ཡིན་པའི་དངོས་པོ་རྣམས་ནི་ལྡན་པ་ལ་སོགས་པའི་བློའི་རྒྱུ་མཚན་ཉིད་མ་ཡིན་ལ། སྐད་ཅིག་མའམ། སྐད་ཅིག་པ་མ་ཡིན་པ་སྦྱོར་བ་ལ་སོགས་པའི་དངོས་པོ་རྒྱུ་མཚན་ཅན་ཡང་ལྡན་པ་ལ་སོགས་པའི་བློ་དང་ཚིག་མ་ཡིན་ནོ། །དེ་བས་ན་སྦྱོར་བ་ལ་ སོགས་པའི་མཚན་ཉིད་ཀྱི་འབྲེལ་པ་ཡང་དག་པར་གང་ཡང་མེད་དོ་ཞེས་བྱ་བ་ནི་དེ་བས་ན་དོན་དམ་པར་སྦྱོར་བ་ལ་སོགས་པའི་མཚན་ཉིད་ཀྱི་འབྲེལ་པ་གང་ཡང་མེད་དོ་ཞེས་བྱའོ། །དེ་བས་ན་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ནི་འབྲེལ་པ་མེད་དེ་ཞེས་བྱ་བ་ནི་གང་གི་ཕྱིར་དེ་ལྟར་དཔྱད་ན་འབྲེལ་ བ་གང་ཡང་ཡོད་པ་མ་ཡིན་པ་དེ་བས་ན་དངོས་པོ་ཐམས་ཅད་ནི་རང་གི་ངོ་བོ་འབྲེལ་པ་དང་བྲལ་བ་ཡིན་ཏེ། དོན་དམ་པར་གང་གིས་འབྲེལ་པ་གང་ཡང་མེད་དོ་ཞེས་བྱ་བ་ནི་མཇུག་སྡུད་པའོ། །འབྲེལ་པ་དཔྱད་པའི་བཤད་པ་རྣམ་ཕྱེ་བས། །དགེ་བ་རྒྱ་ཆེན་ཐོབ་པ་གང་ཡིན་དེས། །འཁོར་ བའི་འབྲེལ་པའི་མི་མཐུན་ཕྱོགས་གྱུར་པ། །བླ་མེད་ཞི་བ་སེམས་ཅན་གྱིས་ཐོབ་ཤོག །འབྲེལ་པ་བརྟག་པའི་རྒྱ་ཆེར་བཤད་པ། སློབ་དཔོན་དུལ་པའི་ལྷས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་ལོ་ཙཱ་བ་བནྡེ་ནམ་མཁས་བསྒྱུར་བའོ།། །། ༄༅༅། །རྒྱ་གར་སྐད་དུ། སམྦནྡྷ་པ་རཱིཀྵ་ཨ་ནུ་ས་ར། བོད་སྐད་དུ། འབྲེལ་པ་བརྟག་པའི་རྗེས་སུ་འབྲང་བ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་གིས་འབྲེལ་པ་སྤངས་གྱུར་པ། །འགྲོ་བ་བདག་དང་བདག་གི་མིན། །གཟུང་འཛིན་ མེད་པ་ཅན་གསུངས་པ། །ཀུན་མཁྱེན་དེ་ལ་ཕྱག་འཚལ་ལོ། །ཚད་མའི་དབང་དུ་བྱེད་པ་ཉིད་དམ་གཞལ་བྱའི་དབང་དུ་བྱེད་པ་ཉིད་ཀྱིས་རྣམ་པར་དཔྱད་པ་རྩོམ་པ་ཡིན་ཏེ། འདིར་གཞལ་བྱ་ལ་བརྟེན་པ་རྣམ་པར་དཔྱོད་པ་ལ་འཇུག་པར་བྱེད་པ་ཉིད་ཀྱིས་འདི་བརྩམ་པར་བྱ་སྟེ། གཞན་ དབང་ཁོ་ན་འབྲེལ་པ་ན། །གྲུབ་ན་གཞན་དབང་ཅི་ཞིག་ཡོད། །དེ་ཕྱིར་དངོས་པོ་ཐམས་ཅད་ལ། །འབྲེལ་པ་ཡང་དག་ཉིད་དུ་མེད། །རབ་ཏུ་བྱེད་པ་གསུམ་ནི་འཇུག་པ་སྣ་ཚོགས་པ་ཉིད་ལ་ཡང་ཚད་མ་ཁོ་ན་རྣམ་པར་གཞག་པར་འདོད་པས་བརྩམས་པ་ཡིན་ནོ། །གཏན་ཚིགས་ཐིགས་པ་ ཡང་གཏན་ཚིགས་ཀྱི་མཚན་ཉིད་རྗོད་པར་བྱེད་པས་ཚད་མ་རྣམ་པར་འཇོག་པའི་དོན་ཅན་ཁོ་ན་ཡིན་ནོ་ཞེས་ནི་ངག་དང་པོས་བསྟན་ཏོ། །རྩོད་པའི་རིགས་པ་ཡང་མངོན་སུམ་དང་རྗེས་སུ་དཔག་པའི་རང་བཞིན་ཉིད་ཀྱིས་རྗེས་སུ་དཔག་པའི་ཚད་མ་རྣམ་པ་གཉིས་ལས་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ ལྷག་མར་གྱུར་པ་ཉིད་ཀྱིས་ཡང་དག་པ་མ་ཡིན་པའི་རྣམ་པར་གཞག་པ་སུན་འདོན་པར་བྱེད་པའི་ཚད་མ་ཉེ་བར་སྟོན་པར་བྱེད་པའི་དོན་ཅན་ཁོ་ན་ཡིན་ནོ། །དེ་བཞིན་དུ་རྒྱུད་གཞན་སྒྲུབ་པ་ནི་རྗེས་སུ་དཔག་པའི་ཁྱད་པར་རྣམས་ལ་ཕྱི་རོལ་གྱི་དོན་དུ་སྨྲ་བ་ལས་དོན་དམ་པའི་རིགས་པ་མཚན་ ཉིད་མི་མཐུན་པ་ཅན་ཡིན་ནོ། །ཡང་གཞན་གྱི་སེམས་རྗེས་སུ་དཔོག་པ་ལ་མཚན་ཉིད་མི་མཐུན་པ་མེད་པ་ཉིད་ཡང་དག་པར་སྟོན་པར་བྱེད་པའི་དོན་ཅན་ཉིད་ཀྱིས་ཚད་མ་ཡང་དག་པར་སྟོན་པར་བྱེད་པའི་དོན་ཅན་ཁོ་ན་ཡིན་ནོ། །འདིར་ནི་དངོས་པོ་རྣམ་པར་དཔྱོད་པར་བྱ་སྟེ། གང་གིས་དངོས་པོ་དེ་དཔྱོད་ པ་ན་འཇོམས་པར་བྱེད་པ་གཅིག་གིས་ཕ་རོལ་གྱི་འདོད་པ་དངོས་པོའི་དོན་ཐམས་ཅད་སུན་འདོན་པར་བྱེད་པས་དེ་ལས་བཟློག་པར་གྱུར་པ་རང་གི་འདོད་པའི་དངོས་པོ་གྲུབ་པ་ཡིན་ནོ། །ཡང་ན་གཞལ་བར་བྱ་བ་གཙོ་བོ་རྣམ་པར་དཔྱོད་པར་བྱེད་པའི་ཡན་ལག་ཉིད་ཀྱིས་ཀྱང་དངོས་པོ་འདི་བརྟག་པར་བྱ་ སྟེ། འདི་ལྟར་འབྲེལ་པའི་དངོས་པོ་མེད་པར་སྟོན་པར་བྱེད་པ་ལ་དགོས་པ་ནི་བདག་མེད་པ་རྣམ་པ་གཉིས་སྒྲུབ་པར་བྱེད་པ་ཁོ་ན་ཡིན་ནོ། །བྱ་བ་དང་། ལོངས་སྤྱོད་དང་། བྱིན་གྱིས་རློབ་པ་ལ་རང་དབང་མེད་པ་ནི་བདག་གི་བདག་མེད་པ་ཡིན་ཏེ། འབྲེལ་པ་དེ་མེད་པ་ལ་བྱ་བ་འདུ་བ་མེད་པའི་ཕྱིར། བྱ་བ་ལ་རང་དབང་མེད་པའི་ཕྱིར་བྱེད་པ་པོ་བསལ་ཏོ། །དེ་ཉིད་ཀྱི་ཕྱིར་ཡང་བདེ་བ་དང་སྡུག་བསྔལ་དང་འདུ་བ་མེད་པའི་ངོ་བོ་ནི་ལོངས་སྤྱོད་པར་བྱེད་པ་མ་ཡིན་ནོ། །བྱིན་གྱིས་བརླབ་པ་དང་འདུ་བ་མེད་པ་ན་ཡང་བྱིན་གྱིས་རློབ་པ་པོ་མ་ཡིན་ནོ། །དེའི་ཕྱིར་འབྲེལ་པ་མེད་པ་ན་གང་ཟག་གི་བདག་ མེད་པ་སྒྲུབ་པོ། །དེ་བཞིན་དུ་རང་གི་བདག་ཉིད་ཙམ་ལ་གནས་པ་གཞན་གྱི་དབང་ཉིད་དང་གཞན་དང་སྦྱོར་བ་དང་། ལྟོས་པ་ཉིད་ལ་སོགས་པ་མེད་པ་ན་གཟུང་བ་དང་འཛིན་པའི་དངོས་པོ་མེད་པ་ནི་ཆོས་ཀྱི་བདག་མེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཚིག་གི་དོན་དྲུག་ཀྱང་བཀག་པ་ཡིན་ཏེ། སྦྱོར་བ་ དང་། འདུ་བ་མེད་པའི་ཕྱིར་རྡུལ་ཕྲ་རབ་རྣམས་ལ་ཡང་དག་པར་སྦྱོར་བ་མེད་པ་ན་རྫས་རྩོམ་པ་མ་ཡིན་ནོ། །དེ་རྣམས་ལ་འདུ་བ་མེད་པ་ན་ཡང་དེའི་དངོས་པོ་མེད་པའི་ཕྱིར་དེ་དང་འདུ་བ་ཅན་གྱི་རྒྱུ་ཉིད་མ་ཡིན་ན་ནི་རྫས་མ་ཡིན་ནོ། །རྡུལ་ཕྲ་རབ་རྣམས་ཀྱང་འདུ་བ་མེད་པའི་ཕྱིར་བྱ་བ་དང་ཡོན་ཏན་ལ་ སོགས་པའི་རྫས་ཀྱི་ཆོས་དང་བྲལ་བ་རྣམས་ཀྱང་རྫས་མ་ཡིན་ནོ། །རྡུལ་ཕྲ་རབ་རྣམས་ནི་གཟུགས་ཁོ་ན་ཡིན་གྱི་གཟུགས་ལ་སོགས་པའི་ཡོན་ཏན་ཅན་གཞན་ཅུང་ཞིག་ནི་མང་བས་རྫས་མ་ཡིན་ནོ། །དེ་བཞིན་དུ་ཡོན་ཏན་ཅན་དང་། བྱེད་པ་པོ་དང་། འདྲ་བ་དང་། མཐར་གྱུར་པའི་རྫས་ལ་ མི་འཇུག་པ་ན་ཡང་འདུ་བ་མེད་པའི་ཕྱིར་ཡོན་ཏན་དང་། ལས་དང་། སྤྱི་དང་། ཁྱད་པར་རྣམས་མེད་པ་ཡིན་ནོ། །དེའི་ཕྱིར་དངོས་པོ་བརྟག་པ་རྩོམ་པ་ལ་རྟོག་པར་བྱེད་པར་གྱུར་པས་བརྟག་པ་གཅིག་པོ་གང་ཡིན་པ་གཞན་ཐམས་ཅད་མ་བརྟགས་པ་མ་ཡིན་ཏེ། དེ་མངོན་དུ་དཔྱོད་པ་རྩོམ་པ་ ན་ཐམས་ཅད་གཞན་གྱི་དབང་ཉིད་ཀྱིས་སོ། །དེ་ལ་འབྲེལ་པ་ཅན་གྱིས་ཇི་ལྟར་འབྲེལ་པར་གྱུར་པ་དེ་གང་ལ་འབྲེལ་པ་ཞེས་འགྱུར་རོ། །གཞན་དབང་ཐ་མི་དད་པར་འཇུག་པ་ནི་འབྲེལ་པ་ཅན་དག་ཏུ་འགྱུར་ཏེ། ཕན་ཚུན་ལྟོས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །གཅིག་ནི་གཞན་ལ་ལྟོས་པ་ ཡིན་ལ་ཕ་རོལ་པོ་ཡང་གཞན་དབང་ཡིན་ནོ། །དེའི་ཕྱིར་ཕན་ཚུན་མ་སྤངས་པའི་ཆོས་དང་ལྡན་པ་དེ་དག་ནི་འབྲེལ་པ་ཅན་ཡིན་ནོ། །དེ་ནི་དེ་དག་ལ་འབྲེལ་པར་བྱས་པས་འབྲེལ་པ་ཁོ་ན་གཞན་གྱི་དབང་ཉིད་དུ་བརྗོད་དོ། །ཐ་དད་པར་འཇུག་པ་གཞན་དབང་མ་ཡིན་པ་དག་ལ་ཡང་འབྲེལ་པ་ཡོད་ན་མ་འབྲེལ་ པ་གཞན་ལྷག་མར་གྱུར་པ་ནི་མེད་དོ། །དེའི་ཕྱིར་གཞན་གྱི་དབང་ཉིད་ཁོ་ན་འབྲེལ་པ་ཅན་ཉིད་ཡིན་ལ། དེ་ཡང་འབྲེལ་པ་ལས་ཡིན་པས་འབྲེལ་པ་ནི་དེ་ཁོ་ན་ཉིད་ཡིན་ནོ། །གང་གི་ཕྱིར་གཞན་དབང་ཉིད་དེ་འབྲེལ་པ་ཡིན་པ། དེའི་ཕྱིར་ཡང་དག་པ་ཉིད་དུ་འབྲེལ་པ་ཅུང་ཞིག་ཀྱང་ཡོད་པ་མ་ཡིན་ ལ། བརྟག་པར་གྱུར་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་རྣམ་པར་འཇོག་པར་འགྱུར་རོ། །དེ་གང་ལས་ཡིན་ཞེ་ན། གྲུབ་པའི་བདག་ཉིད་ལ་གཞན་གྱི་དབང་ཉིད་མི་འཐད་པའི་ཕྱིར་དེ་ནི་རང་གི་རྒྱུའི་ནུས་པ་ཁོ་ན་ལས་ཡིན་ན། དེ་ལ་ལྟོས་པས་སམ། མ་ལྟོས་པས་ཡིན། དེ་ལ་གལ་ཏེ་ལྟོས་པ་ མེད་པ་ནི་གྲུབ་པར་གྱུར་པའི་རང་གི་ངོ་བོ་ཡིན་ན་འབྲེལ་པ་དེ་ནི་ཐ་དད་པའི་དངོས་པོ་འདི་བཀུག་ནས་གཞན་གྱི་དབང་ཉིད་དུ་ལེན་པར་བྱེད་པ་མ་ཡིན་ནོ། །ཅི་སྟེ་དེ་ལ་ལྟོས་པས་རང་གི་ངོ་བོ་མ་གྲུབ་པར་གྱུར་པ་དེའི་ཚེ་དེ་ལ་རང་གི་ངོ་བོ་ཐོབ་པས་གང་ཞིག་གཞན་ལས་ཐོབ་པའི་བདག་ཉིད་གཞན་ལ་གཞན་ དབང་ཡིན་ཏེ། དེ་ལྟ་བུའི་བདག་ཉིད་ཐོབ་པ་ཁོ་ན་དེ་ཡིན་ཏེ། དེ་ལ་འབྲེལ་པ་མི་དགོས་པའི་ཕྱིར་རོ། །ཐོབ་པར་གྱུར་པའི་བདག་ཉིད་ལ་ནི་འབྲེལ་བས་གཞན་དབང་དུ་བྱེད་པ་ཐ་དད་པ་མ་ཡིན་པའི་ངོ་བོར་བརྗོད་པར་བྱའོ། །དེ་ཉིད་ཀྱི་ཕྱིར་གྲུབ་པ་ལ་དེ་བརྒལ་ཞིང་བརྟག་པར་བྱ་ སྟེ། དེ་ཡན་ལག་ཅན་རང་གི་ངོ་བོ་ཐོབ་པར་གྱུར་པ་ལ་རང་གི་ངོ་བོ་ཐོབ་མ་ཐག་ཏུ་བྱུང་བའི་གཞན་གྱི་དབང་ནི་ཅུང་ཞིག་ཀྱང་མེད་དོ། །འོ་ན་ཐ་དད་པ་མ་ཡིན་པའི་དངོས་པོ་ཞེས་བྱ་བ་ཅི་ཞེ་ན། གྲུབ་པའི་ཐ་མི་དད་པ་ཁོ་ན་ཡིན་གྱི་གཞན་འབྲེལ་པ་ལ་ལྟོས་པར་བྱ་བ་ནི་མ་ཡིན་ནོ། །དེ་ལ་ཐ་དད་པའི་ ངོ་བོའི་རྒྱུ་ལས་བྱུང་བ་ན་ཐ་དད་པའི་དངོས་པོ་ཡང་གནས་སྐབས་གཞན་སྐྱེ་བའི་མཚན་ཉིད་དང་ལྡན་པ་ནི་སྐད་ཅིག་པའི་ཕྱོགས་ཡིན་ན་ཡང་འགྱུར་གྱི། དེ་མེད་པ་ལ་ནི་དེ་ཇི་ལྟ་བ་ཉིད་དུ་སྐྱེས་པ་དེ་ལྟ་བུ་ཉིད་དུ་གནས་པ་དེའི་ཕྱིར་འདི་ལ་གཞན་གྱི་དབང་ཉིད་ཅི་ཡོད། འདི་ལྟར་གལ་ཏེ་དེ་ནི་སེམས་པར་ བྱེད་པར་གྱུར་ན་ཡན་ལག་རྣམས་ལ་སྐྱེད་པར་གྱུར་པ། དེ་རྣམས་ལས་ཡང་དག་པར་ལངས་ནས་གཞན་དུ་འགྲོ་བར་བྱེད་པ་དང་། ཞིག་པར་གྱུར་པ་ཡང་ས་ལ་གནས་པར་བྱེད་པ་ཡིན། དེའི་ཕྱིར་སེམས་པ་དེ་ལྟར་སྐྱེས་པར་གྱུར་པ་གཞན་དུ་སྐྱེས་པའི་རྒྱུ་ནི་འདོད་པ་ཁོ་ན་ཡིན་ནོ། ཞིག་པར་ གྱུར་པའི་ཡང་ལྕི་བ་ལ་སོགས་པ་དེ་ཡོད་པ་ཉིད་རྒྱུ་མཚན་ཡིན་ནོ། །རང་གི་བདག་ཉིད་ཀྱི་རྒྱུ་ཅན་རྣམས་ཉིད་ནི་རིམ་པ་གཞན་པའི་གནས་སྐབས་ཀྱི་ཁྱད་པར་དང་ལྡན་པ་ཡང་ཡིན་ཏེ། ཨ་མྲ་ལ་སོགས་པའི་གནས་སྐབས་ཀྱི་ཁྱད་པར་བཞིན་ནོ། །དེའི་ཕྱིར་གང་ཇི་ལྟར་སྐྱེས་པར་གྱུར་པ་དེ་ ནི་རང་གི་རྒྱུའི་ནུས་པ་ཁོ་ན་ལས་དེ་ལྟར་ཡིན་གྱི། གཞན་དུ་གནས་སྐབས་གཞན་དང་སྐད་ཅིག་མ་གཞན་སྐྱེད་པར་བྱེད་པའི་རྐྱེན་རྣམས་ལས་དེ་ལྟར་གྱུར་པ་འདིའི་ཐོབ་པ་ནི་འགའ་ཞིག་ལས་ཅུང་ཞིག་ཡོད་པ་ནི་མ་ཡིན་ནོ། །དེའི་ཕྱིར་གྲུབ་པའི་བདག་ཉིད་ལ་གཞན་གྱི་དབང་ཉིད་ཅུང་ཞིག་ཀྱང་མེད་ དོ། །རྒྱུའི་རྗེས་སུ་འགྲོ་བ་དང་བཟློག་པའི་རྗེས་སུ་བྱེད་པའི་ཆོས་ནི་འདི་ཡིན་གྱི་ཐོབ་པའི་བདག་ཉིད་ལ་ཁྱད་པར་གྱི་རྒྱུ་མཚན་དུ་འགྱུར་བའི་དངོས་པོ་གཞན་གྱིས་རྣམ་པར་གཞག་པ་ནི་མ་ཡིན་ནོ། །རྒྱུ་ཁོ་ན་ལས་འདི་ཡུལ་སྐྱེས་པ་ཡིན་གྱི། རྒྱུ་གཞན་གཞན་དུ་གྱུར་པའི་དངོས་པོའི་རྒྱུ་མེད་པ་ན་ དེ་ལྟར་མི་འགྱུར་བ་ནི་མ་ཡིན་ནོ། །དེས་ན་དེ་ལྟར་སྐྱེད་པའི་དེ་མ་ཐག་པ་དང་གཞན་དུ་གྱུར་པའི་དངོས་པོ་རྫོགས་པར་བྱེད་པ་ལས། །སྔར་གྱུར་པའི་དབུས་ན་ཅུང་ཞིག་བསྒྲུབ་པར་བྱ་བ་ནི་མེད་ན་གང་དུ་ལྷན་ཅིག་པའི་དངོས་པོའི་འབྲེལ་པ་ཁོ་ན་ནི་དེར་ཉེ་བར་མཁོ་བ་དང་ལྡན་པར་འགྱུར་རོ། ། ཐག་པ་ལ་སོགས་པ་རྣམས་ཀྱང་ཤིང་ལ་སོགས་པ་རྣམས་ཀྱི་ཐ་མི་དད་པའི་དངོས་པོ་ལ་རྒྱུ་ཁོ་ན་ཡིན་གྱི་དེ་ལྟར་སྐྱེས་པ་རྣམས་ལ་དེ་རྣམས་ལས་གཞན་པ་སྦྱོར་བ་ནི་ཅུང་ཞིག་ཀྱང་མེད་དོ། །དེའི་ཕྱིར་ཐ་མི་དད་པར་གྲུབ་པའམ་རྟེན་དང་བརྟེན་པའི་དངོས་པོ་ནི་འབྲེལ་པ་རྗེས་སུ་འདྲེན་པར་བྱེད་པ་ མ་ཡིན་ནོ། །འདུ་བ་མེད་ན་ཡང་ཡན་ལག་རྣམས་བར་མ་ཆད་པས་ཡན་ལག་ཅན་སྐྱེས་པ་ན་དེའི་ཡུལ་ཉིད་ཀྱིས་སྐྱེས་པའི་ཐ་སྙད་གྲུབ་པས་ཐ་དད་པ་མེད་པར་གྲུབ་པ་འཐད་པའི་ཕྱིར་རོ། །རྟེན་དང་བརྟེན་པའི་དངོས་པོ་ཡང་གནས་པ་སྣ་ཚོགས་པ་ཉིད་ཡིན་ནོ། །འདི་ལ་ཞེས་པའི་ རྟོགས་པའི་རྒྱུ་ཡང་དངོས་པོ་དེ་དག་ཉིད་ཡིན་གྱི་འབྲེལ་པ་ནི་མ་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །གཞན་གྱི་དབང་ཉིད་དུ་ཐོབ་པའི་རྒྱུ་འབྲེལ་པར་འགྱུར་ན་དེ་ཡང་མེད་དོ་ཞེས་བཤད་ཟིན་ཏོ། །གལ་ཏེ་ན་འདུ་བ་ཅན་དག་གི་ཡང་ཐ་དད་པའི་དངོས་པོ་ཐོབ་པའི་རྒྱུར་འགྱུར་ཏེ། དཔེར་ན་སྦྱོར་ བ་ཅན་གྱི་བཞིན་དུ་ཡིན་ལ། དེའི་ཚེ་འདི་ནི་དེ་ལས་དེ་དྲངས་པ་ན་ཐ་དད་པར་ནུས་པ་ནི་མ་ཡིན་ཏེ། སྦྱོར་བ་ཅན་བཞིན་ནོ། །དེའི་ཕྱིར་ཡན་ལག་ཅན་ནི་ཡན་ལག་རྣམས་ལས་བཏེག་ནས་ལག་ཏུ་གཞག་པར་བྱ་བར་འགྱུར་ན་དེ་ཡང་མེད་པ་ཡིན་ནོ། །དེས་ན་མེད་པ་ཁོ་ན་དེ་ལ་རྒྱུ་མཚན་ཡིན་ནོ། ། གལ་ཏེ་ན་དེ་ལ་འབྲེལ་པ་ནུས་པར་འགྱུར་ལ་དེ་ཡོད་པས་ཆེས་གཞན་པ་ཞིག་པ་ན་འདི་ནི་སྲུང་བར་ཡང་བྱེད་པར་ཡང་འགྱུར་ཏེ། དེས་ན་རྒྱུའི་དངོས་པོ་མེད་པ་ཁོ་ན་འདིར་རྒྱུ་མཚན་ཡིན་གྱི་འབྲེལ་པ་ནི་མ་ཡིན་ནོ་ཞེས་པ་ཉིད་ཡང་དག་པ་ཡིན་ནོ། །འོ་ན་འདྲེས་པར་གྱུར་པ་ཉིད་འབྲེལ་པ་ཅན་ཉིད་ཡིན་ ལ་དེ་ཡང་འབྲེལ་པའི་རྒྱུ་མཚན་ཅན་དག་ལ་ཡོད་པ་ཡིན་པས་འདྲེས་པ་ཁོ་ནས་འབྲེལ་པ་ཡིན་ནོ། །དེའི་ཕྱིར་དངོས་པོ་རྣམས་ལ་ངོ་བོར་འདྲེས་པ་ནི་སྦྱོར་བ་ལ་སོགས་པའི་རང་བཞིན་ཅན་འབྲེལ་པ་ཡིན་ནོ་ཞེ་ན། མ་ཡིན་ནོ་ཞེས་སྨྲས་པ་གང་གི་ཕྱིར། །ངོ་བོ་འདྲེས་པ་འབྲེལ་ཡིན་ན། །དེ་ཡང་གཉིས་ ལས་ཇི་ལྟར་འགྱུར། །དེ་ཕྱིར་རང་བཞིན་ཐ་དད་ལས། །འབྲེལ་པ་ཡང་དག་ཉིད་དུ་མེད། །སྦྱོར་བ་ཅན་དག་ལ་གཞན་གྱི་དབང་ཉིད་ནི་ཡོད་པ་མ་ཡིན་ཏེ། འདོད་པར་གྱུར་པ་ཅི་ལྟ་བའི་ཐ་དད་པའི་ཡང་དངོས་པོ་ཡིན་པའི་ཕྱིར་རོ། །གང་གི་ཚེ་ཡང་དག་པའི་སྦྱོར་བ་ཅན་ ཡོད་པ་དེའི་ཚེ་འདྲེས་པར་གྱུར་པའི་བདག་ཉིད་འདའ་བར་བྱེད་པ་མ་ཡིན་ནོ། །དེའི་ཕྱིར་ངོ་བོ་འདྲེས་པ་ཙམ་འབྲེལ་པ་ཡིན་ནོ། །གང་གི་ཕྱིར་ཡང་ངོ་བོ་འདྲེས་པ་འབྲེལ་པ་ཡིན་པ་དེའི་ཕྱིར་ཐ་དད་པའི་དངོས་པོ་རྣམས་ལ་དོན་དམ་པར་འབྲེལ་པ་ཡོད་པ་མ་ཡིན་ཏེ། ཐ་དད་པ་ལ་ངོ་བོ་འདྲེས་པ་ མེད་པའི་ཕྱིར་རོ། །རང་རང་གི་ངོ་བོ་ཙམ་ལ་གནས་པར་གྱུར་པ། ཕན་ཚུན་བདག་ཉིད་རྗེས་སུ་འདུ་བ་ལས་ཕྱི་རོལ་དུ་གྱུར་པ་དག་ལ་འདྲེས་པ་འདི་ཅི་ཡིན། གང་གི་ཕྱིར་འདི་དག་ལ་དེ་ཉིད་ཡོད་ན་དངོས་པོ་གཞན་མེད་པའི་རང་བཞིན་གྱི་བདག་ཉིད་ཅན་འབྲེལ་པར་འགྱུར་ན། དེའི་ཕྱིར་ འདྲེས་པར་གྱུར་པ་ཁོ་ན་འབྲེལ་པ་ཅན་ཉིད་ནི་མ་ཡིན་ཏེ། དེའི་དོན་ནི་མི་སྲིད་པའི་ཕྱིར་རོ། །དེས་ན་འདྲེས་པ་ནི་འབྲེལ་པ་མ་ཡིན་ནོ། །གལ་ཏེ་རང་གི་ངོ་བོ་ཙམ་ལ་གནས་པ་ན་འདྲེས་པ་མ་ཡིན་ནོ་ཞེས་རྡུལ་ཕྲ་རབ་རྣམས་ལ་ཡང་མི་འགྱུར་ན། དེས་ན་ཇི་ལྟར་དྲུག་གི་ཅིག་ཅར་སྦྱོར་བའི་ རྣམ་པར་བརྟག་པར་བྱ་ཞེ་ན། མ་ཡིན་ཏེ་བར་མ་ཆད་པ་ཙམ་ལ་བརྟེན་པ་ཕན་ཚུན་རེག་པས་དེའི་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཉིད་འབྲེལ་པ་ཅན་དུ་གྱུར་པ་ཡང་མ་ཡིན་ཏེ། དངོས་པོའི་ཁྱད་པར་མ་གྲུབ་པའི་ཕྱིར་རོ། །ཕན་ཚུན་བདག་ཉིད་ཁོངས་སུ་འདུས་པ་ན་ནི་དེ་ཉིད་གཅིག་མ་ ཡིན་པ་ལས་གཅིག་ཏུ་གྱུར་པའི་དངོས་པོའི་ཁྱད་པར་དུ་གྱུར་ན་འདི་ནི་ཡོད་པ་མ་ཡིན་ཏེ། གཉིས་ཉིད་མ་སྤངས་པའི་ཕྱིར་རོ། །གལ་ཏེ་བར་དང་བཅས་པ་རྣམས་ལས་བར་མེད་པར་འབྱུང་བ་ཉིད་ཁྱད་པར་ཉིད་ལ་དེ་ཉིད་ཡང་འབྲེལ་པ་ཅན་དུ་འགྱུར་བ་ཡིན་ནོ་ཞེ་ན། ཁྱད་པར་འདི་ནི་རང་ གི་ངོ་བོའི་བདག་ཉིད་ཙམ་དུ་གྱུར་པ་ཡིན་གྱི། གཞན་ལ་གནས་པ་ནི་མ་ཡིན་པས་ཇི་ལྟར་གཅིག་མ་ཡིན་པ་ལ་གཅིག་ཏུ་གྱུར་པ་མ་ཡིན་ནོ། །ཕན་ཚུན་དུ་གྱུར་པའི་ཁྱད་པར་ནི་འབྲེལ་པ་ཅན་ཉིད་ཡིན་ཏེ། གཞན་ལ་ལྟོས་པ་ཉིད་ཀྱི་ཕྱིར་རོ། །དེ་ཡང་དེ་ལྟར་རབ་ཏུ་མ་གྲུབ་པ་སྟེ། དེས་ན་ཐ་དད་པ་རྣམས་ལ་ངོ་བོ་འདྲེས་པའི་འབྲེལ་པ་མེད་དེ། དངོས་པོ་མེད་པའི་ཕྱིར་རོ། །གལ་ཏེ་བར་མ་ཆོད་པའི་བདག་ཉིད་དག་ནི་རང་གི་བདག་ཉིད་ཙམ་དུ་གྲུབ་པ་ལས་འབྲེལ་པ་ཅན་ཉིད་གཞན་ལ་ལྟོས་པ་ནི་མེད་ཀྱི། དེའི་ཚེ་གཞན་ལ་ལྟོས་པ་ཁོ་ན་འབྲེལ་པ་ཅན་ཉིད་དེ་ཡང་གཞན་ ལ་ལྟོས་པར་གྱུར་པ་ནི་འབྲེལ་པ་ཁོ་ན་ཡིན་ཏེ། དེའི་དེ་ཙམ་དོན་དམ་པ་ཉིད་ཡིན་པའི་ཕྱིར་རོ། །དེ་དག་ལ་གཞན་ལྟོས་པའི་བདག་ཉིད་ཀྱི་དངོས་པོའི་ཆོས་མེད་པའི་ཕྱིར་རོ། །དེའི་ཕྱིར་གཞན་ལ་ལྟོས་པ་ཁོ་ན་འབྲེལ་པ་ཡིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ། དེ་ལྟ་བུར་གྱུར་པའི་ དངོས་པོའི་རང་བཞིན་མི་སྲིད་པའི་ཕྱིར་རོ། །གང་གི་ཕྱིར། གཞན་ལྟོས་པ་ནི་འབྲེལ་པ་ཅན། །དེ་མེད་ཇི་ལྟར་ལྟོས་པར་བྱེད། །ཡོད་པ་ཀུན་ལ་ལྟོས་མེད་པའི། དངོས་པོ་ཇི་ལྟར་ལྟོས་པར་བྱེད། །གལ་ཏེ་དངོས་པོ་གཞན་ལ་ལྟོས་པ་ཉིད་ཅེས་པ་དངོས་པོ་ལ་འཐད་པ་ནི་དེ་ལ་འདི་དོན་ དམ་པའི་ངོ་བོ་འབྲེལ་པའི་རང་བཞིན་དུ་འགྱུར་ཏེ། དཔེར་ན་བ་ལང་ཉིད་སྲིད་པ་ན་དེའི་དངོས་པོ་ལ་བ་ལང་ཉིད་ཀྱི་མཚན་ཉིད་དངོས་པོ་ལ་ཡོད་པ་ཉིད་དུ་བསྟན་པར་བྱ་བ་ཡིན་ཏེ། དེ་བཞིན་དུ་གཞན་ལ་ལྟོས་པའི་བདག་ཉིད་ཅན་གྱི་དངོས་པོའི་དོན་གྱི་རང་བཞིན་སྲིད་པར་ཡོད་པ་མ་ཡིན་ ནོ། །གང་གི་ཕྱིར་འབྲེལ་པ་གཞན་ལ་ལྟོས་པ་དེ་ཡང་ཡོད་པའམ་མེད་པ་ལ་སྲིད་པ་མ་ཡིན་པའི་ཕྱིར་དེའི་དངོས་པོ་མེད་པ་ཁོ་ནར་གྱུར་པ་ཡིན་ཏེ། དེ་ལྟ་ན་ནི་མེད་པ་ལྟོས་པར་བྱེད་པ་མ་ཡིན་ཏེ། མེད་པའི་ཕྱིར་ཐམས་ཅད་ཀྱི་རང་བཞིན་ཅན་གྱི་ཆོས་ཀྱིས་སྟོང་པའི་ཕྱིར་རོ། །འདི་ ལྟར་ཐོབ་པའི་རང་བཞིན་ལྟོས་པར་བྱེད་པ་དེའི་ཚེ་ཐོབ་པའི་བདག་ཉིད་ཡིན་པའི་ཕྱིར། འདི་ལ་ལྟོས་པས་ཐོབ་པར་བྱ་བའི་རང་བཞིན་གྱི་ཡུལ་ནི་ཡོད་པ་མ་ཡིན་ནོ། །གང་འདི་རང་བཞིན་ཉིད་གྲུབ་པའི་བདག་ཉིད་ཐོབ་པ་ན་དེ་ལ་འདི་ལྟོས་པ་ཅུང་ཞིག་ཀྱང་མེད་དོ། །གང་ཡང་རང་བཞིན་དུ་ གྱུར་པ་མེད་ན་དེ་ལ་ཇི་ལྟར་ཡང་ཐོབ། ནུས་པ་ནི་མེད་དེ་གྲུབ་པ་དང་མ་གྲུབ་པའི་བདག་ཉིད་སྲིད་པ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འགའ་ཞིག་ལ་ཅུང་ཞིག་ཀྱང་ལྟོས་པ་མེད་དེ། །ཡོད་པ་དང་མེད་པའི་གནས་སྐབས་དག་ལ་འགལ་བའི་ཕྱིར་རོ། །དེས་ན་ཕན་ཚུན་ལྟོས་པའི་འབྲེལ་པ་ ཅན་དག་ཡོད་པ་ཡིན་ན་གང་གིས་དེ་དག་གི་ལྟོས་པ་གཞན་ཁོ་ནའི་འབྲེལ་པར་འགྱུར། དེས་ཕན་ཚུན་རང་བཞིན་གྱིས་འཇུག་པ་ཅན་རང་རང་གི་ངོ་བོ་ཙམ་ལ་གནས་པར་མངོན་པར་ཤེས་པའི་འབྲེལ་པ་ཅན་དག་ནི་མེད་དོ། །དེའི་ཕྱིར་གཟུང་བ་དང་འཛིན་པའི་དངོས་ པོ་གསལ་བར་བྱ་བ་དང་གསལ་བར་བྱེད་པའི་དངོས་པོ་ལ་སོགས་པ་ཡང་མེད་དོ། །གཟུང་བ་ལ་ལྟོས་པ་ནི་འཛིན་པར་བྱེད་པ་ཉིད་ཡིན་ནོ། །གཟུང་བ་མེད་ན་འཛིན་པའི་ནུས་པ་འདི་ཅུང་ཞིག་ཀྱང་མེད་དེ། དེའི་ཕྱིར་གཟུང་བ་ལ་ལྟོས་པ་ཡིན་ན་མེད་པའི་གནས་སྐབས་ཉིད་ནི་མ་ཡིན་ནོ། །དངོས་ པོ་ཡོད་པ་ཐམས་ཅད་ཡོངས་སུ་རྫོགས་པའི་རང་བཞིན་ནི་གཟུང་བ་ལ་ལྟོས་པར་བྱེད་པ་མ་ཡིན་ནོ། །གལ་ཏེ་ཡོད་པའི་གནས་སྐབས་ཁོ་ན་ལྟོས་པ་དང་ལྡན་པའི་ཕྱིར་ཡོད་པ་ཉིད་འཛིན་པར་བྱེད་པ་ཡོད་པ་ཉིད་ཀྱི་གཟུང་བ་འཛིན་པས་དེ་ལྟར་གཞན་པ་ལ་ཡང་བལྟ་བར་བྱའོ་ཞེ་ན། གང་གི་ཕྱིར་ དེ་ཡོད་པ་ན་འགའ་ཞིག་གི་རང་བཞིན་གྱིས་མ་གྲུབ་པ་ལ་དེ་ལྟོས་པ་ཉིད་མ་ཡིན་ནོ། །འདི་ནི་གཟུང་བར་བྱ་བ་འཛིན་པར་བྱེད་པ་དང་གསལ་བར་བྱ་བ་མངོན་པར་གསལ་བར་བྱེད་པས་དེ་ནི་ལྟོས་པ་ཡིན་ནོ་ཞེ་ན། དེ་གང་འདི་འཛིན་པར་བྱེད་པ་ཞེས་བྱ་བ་དེ་གང་གང་གི་གཟུང་བར་བྱ་བ་ཡོད་པར་ འགྱུར་ན་འགྱུར་ཏེ་འདི་ཡང་སྲིད་པ་མ་ཡིན་ནོ། །ཡོད་པའི་བདག་ཉིད་ལ་འགའ་ཞིག་གི་ངོ་བོའི་གྲུབ་པ་ནི་འགལ་བའི་ཕྱིར་རོ། །འདི་ལྟར་འཛིན་པ་ཞེས་བྱ་བ་ནི་ཅུང་ཞིག་ཀྱང་མེད་དོ་ཞེ་ན། འོ་ན་འདི་འཛིན་པར་བྱེད་པ་པོ་ནི་མ་ཡིན་ནོ། །ཅི་སྟེ་རང་གི་རྒྱུ་ཁོ་ན་ལས་འཛིན་པ་པོའི་རང་བཞིན་སྐྱེས་ སོ་སྙམ་ན། འོ་ན་གཟུང་བྱ་ལ་ལྟོས་པའི་འཛིན་པ་ནི་མ་ཡིན་ཏེ། འདི་ཡང་འཐད་པར་བྱ་བ་མ་ཡིན་ནོ། །དེ་ལྟར་འབྲེལ་པ་ཅན་དག་གི་ཡང་བལྟ་བར་བྱ་བ་ཡིན་ནོ། །གཞན་ལ་ལྟོས་པ་ཅན་ཉིད་འབྲེལ་པ་ཅན་ཉིད་ཡིན་ན་གཅིག་ཁོ་ན་ནི་འབྲེལ་པ་མ་ཡིན་པ་འབྲེལ་པར་གྱུར་པ་ནི་མེད་དོ། ། དེའི་ཕྱིར་གལ་ཏེ་གཞན་ཡོད་པ་ན་འབྲེལ་པ་ཅན་གྱི་དངོས་པོ་ཡོངས་སུ་རྫོགས་པ་དེ་ནི་ཡོངས་སུ་རྫོགས་པའི་བདག་ཉིད་དུ་མ་སྐྱེས་པ་འདི་ཡིན་ན། ཐོབ་པའི་བདག་ཉིད་ལ་རྫོགས་པར་བྱ་བ་མི་སྲིད་པའི་ཕྱིར་རོ། །ཅི་སྟེ་ཡོངས་སུ་རྫོགས་པར་བྱེད་པ་ལ་ལྟོས་པ་བྱེད་པ་མ་ཡིན་ན། གཞན་ཡོད་པ་ན་ཡང་འབྲེལ་པ་ཅན་ ཉིད་དུ་འགྱུར་བ་ནི་མ་ཡིན་ནོ། །དེའི་ཕྱིར་གཞན་ལ་ལྟོས་པའི་བདག་ཉིད་ཅན་འབྲེལ་པ་ནི་འགའ་ཞིག་ཀྱང་མེད་དོ། །ཅི་སྟེ་འབྲེལ་པ་ཅན་གྱི་རང་གི་ངོ་བོ་ཡོངས་སུ་དཔྱད་པས་འབྲེལ་པ་ཐོབ་པར་བྱ་བ་ནི་མ་ཡིན་ལ། འབྲེལ་པ་ཅན་དག་གི་འབྲེལ་པ་འདི་ནི་འགའ་ཞིག་ཏུ་བདག་ཉིད་ཀྱིས་ ཚད་མས་ངེས་པར་གྱུར་པ་ཡིན་ནོ་ཞེས་བརྗོད་དོ་ཞེ་ན། དེ་འདི་ཡང་དངོས་པོ་རྟོགས་པར་བྱེད་པ་རྣམས་ཀྱི་ཡུལ་མ་ཡིན་པ་མ་ཡིན་ཏེ། འདི་ལྟར། གཉིས་ལ་གཅིག་གིས་མངོན་འབྲེལ་པས། །གལ་ཏེ་དེ་གཉིས་ལ་འབྲེལ་ཡོད། །འབྲེལ་པ་ཅི་ཡིན་ཐུག་མེད་དང་། །དེ་ལྟར་འབྲེལ་པའི་བློ་མེད་ དོ། །འབྲེལ་པ་བརྗོད་པ་དངོས་པོ་གཅིག་ཡོད་པའི་ཕྱིར་འབྲེལ་པ་ཅན་གཉིས་ཡིན་ནོ་ཞེས་བརྟག་པར་བྱ་བ་ལ་འབྲེལ་པ་ཅན་གཉིས་ཀྱིས་འབྲེལ་པ་གང་ཡིན་པ་ནི་འབྲེལ་པ་གཅིག་དང་ལྷན་ཅིག་ཏུ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་ཅན་གྱི་འབྲེལ་པ་ཅན་དག་ལ་འབྲེལ་པ་དང་འདུ་བའི་ འབྲེལ་པ་ཡོད་ན། དེ་ལྟར་ན་ཉེ་བར་རྟོགས་པ་ན་ཐུག་པ་མེད་པར་འགྱུར་བ་དང་། འདུ་བ་དང་སྦྱོར་བ་ཅན་དག་ལ་ཡང་འབྲེལ་པ་གཞན་ཉེ་བར་རྟོགས་པར་ཐལ་བར་འགྱུར་རོ། །དེ་ལྟར་དེའི་ཡང་ཞེས་ཐུག་པ་མེད་པ་ཐོབ་པར་བྱེད་དོ། །ཅི་སྟེ་འདུ་བ་འཇུག་པའི་ཕྱིར་འབྲེལ་པ་ལ་ལྟོས་ པར་བྱེད་པ་མ་ཡིན་ཏེ། དེ་ལྟ་བུའི་རྣམ་པ་ཅན་གྱི་འབྲེལ་པ་གཞན་མེད་པའི་ཕྱིར་གང་གིས་ན་ཡང་དག་པར་སྦྱོར་བ་ལས་འདུ་བའི་འཇུག་པ་ནི་མ་ཡིན་ནོ། །གང་གི་ཕྱིར་ཡོན་ཏན་དུ་གྱུར་པ་ཡང་དག་པའི་སྦྱོར་བ་ནི་རྫས་ལ་འཇུག་པ་ཉིད་ཀྱི་རྫས་མ་ཡིན་པའི་འདུ་བ་ལ་འཇུག་པར་བྱེད་པ་མ་ ཡིན་ནོ། །དེའི་འདུ་བ་ཡང་གཅིག་ཉིད་ཡིན་པའི་ཕྱིར་འབྲེལ་པ་ཅན་གྱི་འདུ་བ་ལ་ཡོད་པ་མ་ཡིན་ཏེ། འདུ་བ་གཞན་མེད་པའི་ཕྱིར་རོ། །དེའི་ཕྱིར་འཇུག་པའི་རང་བཞིན་ཉིད་ཀྱིས་འདུ་བ་འཇུག་པར་བྱེད་པ་ཡིན་གྱི་འཇུག་པ་གཞན་ལ་ལྟོས་པ་དང་བཅས་པ་ཉིད་ཀྱིས་ནི་མ་ཡིན་ཏེ། འབྲེལ་པ་ཅན་དུ་དཔེར་ན་སྒྲོན་མ་གསལ་བར་བྱེད་པའི་རང་བཞིན་ཉིད་ཀྱིས་རང་གི་བདག་ཉིད་གསལ་བར་བྱེད་པ་ན་གསལ་བ་གཞན་ལ་ལྟོས་པར་བྱེད་པ་མ་ཡིན་ཏེ། །བུམ་པ་བཞིན་ནོ་ཞེ་ན། དེ་ནི་གཟེགས་མ་ཟོས་པས་ཉེ་བར་བཅོམ་པའི་ཤེས་རབ་ལྷ་ཆེན་པོའི་མཆོག་སྟེར་བ་ཐོབ་པ་ ལས་སྐྱེས་པར་གྱུར་པའི་མངོན་པའི་ང་རྒྱལ་གྱིས་ཐོབ་པ་རྣམས་ལ་འཁྲུལ་པ་བརྗོད་པ་འདི་ཡིན་ཏེ། ཕྱིན་ཅི་ལོག་གི་རྨི་ལམ་བཞིན་ནོ། །གང་གི་ཕྱིར་དངོས་པོའི་རང་བཞིན་ཁོ་ནས་གཞན་གང་གཞན་ལ་འབྲེལ་པ་ལ་ལྟོས་པ་མེད་པར་འཇུག་པར་བྱེད་པ་ མ་ཡིན་ཞེས་པ་འདི་ཡིན་ནམ་ཚད་མས་དེ་ལྟར་རྟོགས་པར་གྱུར་པ་ཡིན། གཞན་གཞན་ལ་འཇུག་པ་ཞེས་པ་ནི་དེ་འབྲེལ་པ་མེད་པ་ལ་དེ་ལྟར་འཇུག་པར་བྱེད་དོ་ཞེས་ཇི་ལྟར་ཡིན། གཞན་དུ་འབྲེལ་པ་མེད་ན་དངོས་པོ་གཉིས་ཙམ་ཉིད་དེ་ལྟར་བརྗོད་པར་འགྱུར་བ་མ་ཡིན་ནམ། གཞན་ལ་ ཡང་དེ་ལྟར་དངོས་པོ་གཉིས་ཁོ་ན་ཡིན་ནོ། །དེའི་ཕྱིར་ཧ་ཅང་ཐལ་བར་འགྱུར་བ་སྤང་བའི་དོན་དུ་འཇུག་པ་ནི། གཞན་གྱི་གཞན་དུ་འཇུག་པའི་ཕྱིར་འབྲེལ་པ་ཁས་བླང་བར་བྱ་བ་ཡིན་ནོ་ཞེས་དངོས་པོ་གནས་པ་འདི་ཡིན་ནོ། །དེ་ནི་སྔ་མ་དང་ཕྱི་མ་རྣམ་པར་དཔྱད་པས་སྟོང་པར་གྱུར་པའི་རང་གི་ ཚིག་ཁོ་ནས་སྤངས་པའི་འཇུག་པ་ཡིན་ཏེ། རང་གི་ངོ་བོས་འདི་ལ་འཇུག་པར་བྱེད་དོ་ཞེས་པའོ། །གལ་ཏེ་འཇུག་པའི་རང་བཞིན་ཉིད་ཀྱིས་འཇུག་པའི་ནུས་པ་ཡོད་ན་སྤྱི་ལ་སོགས་པ་རྣམས་ཀྱང་དེའི་རང་བཞིན་མ་ཡིན་ནོ་ཞེས་ལྷ་རྣམས་དགའ་བས་གང་ལས་རྟོགས་པ་ཡིན། གསལ་བའི་ དཔེ་ཉེ་བར་བསྟན་པ་གང་ཡིན་པ་དེ་ནི། དོན་དམ་པར་མ་རྟོགས་པ་ཉིད་ཡིན་ཏེ། གང་གི་ཕྱིར་འགའ་ཞིག་ནི་འབྲས་བུ་ཅུང་ཞིག་བྱེད་པ་ན་ལྷན་ཅིག་བྱེད་པ་ལ་རྟེན་པར་བྱེད་དེ་བུམ་པ་ལ་སོགས་པའི་ཡུལ་རྣམ་པར་ཤེས་པ་སྐྱེད་པ་ན་སྣང་བའི་ལྷན་ཅིག་བྱེད་པ་ལས་དབང་པོའི་ནུས་པ་ཡིན་གྱི་སྒྲ་ལ་ལྟོས་ པའི་ཤེས་པ་བསྐྱེད་པ་ནི་མ་ཡིན་ནོ། །དེ་ལྟར་སྣང་བ་ལ་ལྟོས་པའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ལ་ཡང་མིག་ནི་སྣང་བ་གཞན་ལྷན་ཅིག་བྱེད་པ་ལ་ལྟོས་པ་མེད་པ་གང་རྣམ་པར་དབྱེ་བ་དེ་ནི་མངོན་སུམ་གྱིས་ངེས་པར་འགྱུར་བ་ཡིན་ནོ། །གསལ་བ་ཉིད་ཅེས་བྱ་བ་གཞན་ནི་མེད་དེ། དེ་ཡང་ རྒྱུ་སྣ་ཚོགས་པ་འདི་མངོན་སུམ་གྱིས་ངེས་པ་ཡིན་གྱི་འབྲེལ་པ་ཅན་རྣམས་ལ་རྣམ་པར་དབྱེ་བ་འགའ་ཞིག་མཐོང་བ་མ་ཡིན་ན་གང་གིས་འདི་འབྲེལ་པ་གཞན་ལ་ལྟོས་པ་ལ་འཇུག་པར་བྱེད་པ་འདི་ནི་གཞན་ནོ་ཞེས་བྱ་བའི་རྣམ་པར་དབྱེ་བས་ངེས་པར་འགྱུར་བ་ཡིན་ནོ། །སྦྱོར་བའི་འཇུག་པ་ནི་འདུ་ བའི་བདག་ཉིད་ཀྱིས་མངོན་སུམ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདུ་བ་ཡང་འཇུག་པ་ལ་ལྟོས་པ་དང་བཅས་པའི་འཇུག་པར་བྱེད་པའམ་ལྟོས་པ་མེད་པའི་ཡང་ཡིན་ནོ་ཞེས་བྱ་བ་ནི་མ་གྲུབ་པ་ཡིན་ནོ། །རྗེས་སུ་དཔག་པ་ལ་ཡང་ཐ་དད་པ་འཇུག་པ་ལ་ལྟོས་པ་མེད་པས་ཁྱབ་པའི་ཆོས་ གྲུབ་པ་མ་ཡིན་ནོ། །རྟོག་པའི་ནུས་པས་འབྲེལ་བ་གྲུབ་པ་མ་ཡིན་ནོ་ཞེས་ཀྱང་འཆད་པར་འགྱུར་རོ། །འདུ་བ་ནི་འཇུག་པ་ཁོ་ན་ཡིན་ནོ་ཞེས་པ་ནི་འཇུག་པའི་རང་བཞིན་ཡིན་པའི་ཕྱིར་འཇུག་པ་ལ་ལྟོས་པ་མེད་པ་ཡིན་ཏེ། དཔེར་ན་གསལ་བ་ཉིད་ཡིན་པའི་ཕྱིར་རབ་ཏུ་གསལ་བ་གཞན་ལ་ལྟོས་ པ་མེད་པ་ཡང་ཞེས་པ་འདི་ཉིད་ཀྱིས་གསལ་བ་ཡིན་ཏེ། གསལ་བ་ཉིད་མ་གྲུབ་པའི་ཕྱིར་རོ། །འཇུག་པའི་རང་བཞིན་ནམ་འབྲེལ་པའི་རང་བཞིན་ཞེས་པ་ནི་ཇི་ལྟར་ཤེས་པ་ནི་ཤེས་པ་ཉིད་ཡིན་པའི་ཕྱིར། ཤེས་པ་གཞན་ལ་ལྟོས་པ་མེད་པ་དེ་ལྟར་འགྱུར་རོ། །དེའི་ཕྱིར་འབྲེལ་པ་གཞན་ ལ་ལྟོས་པ་ན་ཐུག་པ་མེད་པ་ཡིན་ནོ། །དེས་ན་གཉིས་ལ་གཅིག་གིས་མངོན་འབྲེལ་ཕྱིར། །འབྲེལ་པ་ཡིན་ཞེས་པ་ནི་རིགས་པ་མ་ཡིན་ནོ། །གལ་ཏེ་མངོན་སུམ་ཉིད་ཡིན་པ་ཡང་འདུ་བ་དེ་ལ་དེའི་བདག་ཉིད་ཡིན་པའི་འཇུག་པར་ཁས་ལེན་པ་ལ་འཇུག་པའི་རྟོགས་པས་ངེས་པ་ཉིད་དུ་ བྱ་བ་ཡིན་ནོ། །འདི་ལྟར་ཡང་འདིར་སྤྱི་དང་ཁྱད་པར་དག་ལའམ། སྦྱོར་བ་ཅན་དག་ལ་འདུ་བ་ཞེས་པ་ནི་རྟོགས་པ་ལ་ཡང་ཡིན་ནོ། །གལ་ཏེ་འབྲེལ་པ་མེད་ན་ཁར་གཞོང་འདི་ལ་རྒྱ་ཤུག་རྣམས་དང་སྣལ་མ་འདི་རྣམས་ལ་སྣམ་བུ་ཞེས་བྱ་བར་ཇི་ལྟར་འགྱུར་ཞེ་ན། ཇི་ལྟར་གྱུར་པའི་འབྲེལ་ པ་རྣམ་པར་བརྟག་པར་བྱའོ། །དེ་ལྟར་གྱུར་པའི་འབྲེལ་པའི་རྟོགས་པར་བྱེད་པའི་ཚད་མ་ཡོད་པ་མ་ཡིན་ནོ། །འདི་ལྟར་ཡང་དག་པར་སྦྱོར་བར་གྱུར་པ་རྟོགས་པའི་རྒྱུ་མཚན་མངོན་སུམ་པ་སྦྱོར་བར་འདོད་དེ་ཇི་ལྟར་ཁར་གཞོང་འདི་ན་ཞོ་ཡོད་དོ་ཞེས་ཁར་གཞོང་ལ་ཞོ་སྦྱོར་བ་ནི་མངོན་སུམ་གྱི་ གཟུང་བར་བྱ་བ་ཡིན་ཏེ། རྟེན་དུ་གྱུར་པའི་ཁར་གཞོང་དང་བརྟེན་པར་གྱུར་པ་ཞོ་ཡིན་ནོ། །དེ་ཡང་ཡང་དག་པར་སྦྱོར་བ་བརྟེན་པས་ཁྱད་པར་དུ་གྱུར་པ་འདི་ལ་རྟོགས་པའི་ཡུལ་ཡིན་ན་འདིར་གཞན་སྦྱོར་བ་ཞེས་པ་མངོན་སུམ་པ་ནི་ཅུང་ཞིག་ཀྱང་མེད་དོ། །འདི་ལ་ཞེས་པ་ནི་ཁར་གཞོང་ རྟེན་དུ་བསྟན་པ་ཡིན་ལ་ཁར་གཞོང་ཞེས་པ་ནི་འདི་ནི་གཞི་མཐུན་པ་ཡིན་ནོ། །དེ་ལྟ་བུའི་རྣམ་པའི་དབང་དུ་བྱེད་པ་ནི་འདི་ནི་རྗེས་སུ་བརྗོད་པའི་རང་བཞིན་འབྱེད་པའི་ཚིག་ཡིན་ནོ། །ཞོ་ཞེས་པ་ནི་བརྟེན་པ་ཡིན་ནོ། །དེའི་ཕྱིར་རྟོགས་པ་འདི་ལ་དངོས་པོའི་ ངོ་བོ་འདི་ཙམ་ནི་གང་རྗོད་པར་བྱེད་པའི་ངོ་བོའི་ཚིག་འདི་རྣམས་ཡིན་ནོ། །ཐ་དད་པར་གྱུར་པའི་རྟོགས་པར་བྱ་བ་ཡོད་པར་བྱ་བ་ནི་ཐ་དད་པར་གྱུར་པ་དེ་ཉིད་ལ་རྟོགས་པ་ཡོད་ན་ཡང་ཇི་ལྟར་རྗོད་པར་བྱེད་པ་ཐ་དད་པ་སྤོང་བར་བྱེད་པ་དེའི་ཕྱིར་རྟེན་དང་བརྟེན་པ་སྤང་པས་སྦྱོར་བ་ཞེས་བྱ་བ་ ནི་རྟོགས་པར་གྱུར་པ་མ་ཡིན་ནོ། །ཁོ་བོ་ཅག་གི་དབང་པོའི་བྱ་བས་རྟོགས་པར་གྱུར་བ་ནི། མངོན་སུམ་གྱིས་རབ་ཏུ་གྲུབ་པ་ཡིན་པར་འགྱུར་ལ་འདི་ལས་ཀྱང་གང་ཞིག་ཁར་གཞོང་དང་ཞོའི་རྣམ་པ་ཅན་གྱི་རྟོགས་པ་ལས་མཚན་ཉིད་མི་མཐུན་པ་དེ་ཉིད་ཡང་ཐ་དད་པར་གྱུར་ པའི་སྦྱོར་བའི་ཡུལ་གྱི་ངོ་བོ་ལ་དེ་ནི་ཡན་ལག་མ་ཡིན་ནོ། །འདི་ལ་རྟེན་དང་བརྟེན་པ་ཙམ་ཞིག་གསལ་བར་བྱའི་དེ་དག་གི་སྦྱོར་བ་ནི་མ་ཡིན་ནོ། །དེའི་ཕྱིར་རྟེན་དང་བརྟེན་པའི་རང་བཞིན་ཉིད་ནི་རྟེན་དང་བརྟེན་པའི་ངོ་བོ་ཡིན་པར་མ་ཆད་པ་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཁར་གཞོང་དང་ཞོ་ཙམ་ ལ་མཚན་ཉིད་མི་མཐུན་པའི་དམིགས་པ་ཅན་གང་ཡིན་པའི་རྟོགས་པ་ཡིན་ཏེ། གནས་སྐབས་ཐ་དད་པ་ཐོབ་པས་ཁར་གཞོང་དང་ཞོའི་བདག་ཉིད་ལ་མི་མཐུན་པའི་མཚན་ཉིད་ཐོབ་པའི་ཕྱིར་རོ། །གཞན་དུ་ནི་ཁར་གཞོང་ཙམ་གྱིས་རྟོགས་པ་ཡིན་ལ་གཞན་དུ་ནི་ཞོའི་རྟེན་དུ་གྱུར་པའི་ཁར་ གཞོང་རྟོགས་པ་ཡིན་ཏེ། དཔེར་ན་གཞན་ནི་སྐྱེས་བུའི་རྟོགས་པ་ཡིན་གཞན་ཡང་ལང་ཚོ་ལ་སོགས་པའི་སྦྱོར་བར་གྱུར་པ་དེའི་རྟོགས་པ་བཞིན་ནོ། །དེའི་ཕྱིར་གནས་སྐབས་ཀྱི་ཁྱད་པར་གནས་པར་གྱུར་པའི་དངོས་པོ་རྟོགས་པ་ཁོ་ན་རྟེན་དང་བརྟེན་པའི་རྟོགས་པ་ཡིན་གྱི་སྦྱོར་བའི་རྟོགས་པ་ནི་ མ་ཡིན་ནོ། །དེའི་ཕྱིར་ཡང་བརྟེན་པའི་ཁྱད་པར་ཅན་དུ་གྱུར་པ་ཡང་དག་པའི་སྦྱོར་བ་ཡིན་ནོ་ཞེས་པ་ནི་འབྲེལ་པ་མེད་པ་ཡིན་ནོ། །དེས་ཁྱད་པར་དུ་གྱུར་པ་ཁྱད་པར་དུ་བྱ་བའི་གནས་སྐབས་ལ་གནས་པར་གྱུར་པ་དེའི་གཞིའི་བཞིན་དུ་རྟོགས་པ་རྟོགས་པ་དང་བཅས་པའི་རྣམ་པར་ཤེས་པ་ལ་མི་བརྟེན་ པ་ཉིད་ཀྱི་ཕྱིར་ཇི་ལྟར་དབྱུག་པ་རྟོགས་པ་ལ་སྐྱེས་བུ་ནི་རྟོགས་པའི་ཁྱད་པར་དུ་བརྗོད་པར་བྱ་བ་ཡིན་ནོ། །ཁྱད་པར་དུ་བྱ་བའི་ཁྱད་པར་དུ་གྱུར་པའི་ཤེས་པ་སོ་སོར་སྣང་བ་མེད་པ་ལ་མངོན་སུམ་ཉིད་ཀྱང་མ་ཡིན་ནོ། །དེ་བཞིན་དུ་ཡང་དག་པའི་སྦྱོར་བའི་ཁྱད་པར་དུ་བྱེད་པ་ཉིད་སོ་སོར་སྣང་བ་མ་ཡིན་ པ་ཉིད་ཡིན་ན་ཡང་མངོན་སུམ་ཉིད་མ་ཡིན་ནོ། །དེའི་ཕྱིར་ཁར་གཞོང་འདི་ན་ཞོ་ཡོད་དོ་ཞེས་བྱ་བ་ནི་ཡང་དག་པར་རྟོགས་པ་ནི་མ་ཡིན་གྱི་ཁྱད་པར་དུ་གྱུར་པའི་གནས་སྐབས་ཀྱི་དངོས་པོ་དག་གི་རྟོགས་པ་ཉིད་ཡིན་ནོ། །དེ་ལྟར་སྟེང་དང་འོག་ན་གནས་པར་ཡང་ཆད་པ་མ་བསྐལ་པའི་དངོས་པོ་ གཉིས་ཀྱི་རྟོགས་པ་ལ་ཡང་ཡང་དག་པར་སྦྱོར་བར་གྱུར་པའི་རྟོགས་པ་ཡིན་གྱི་དེ་ལྟར་གནས་པ་དངོས་པོ་གཉིས་ལས་ཐ་དད་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཡང་དག་པར་སྦྱོར་བར་གྱུར་པའི་རྟོགས་པའི་རྒྱུ་མཚན་དུ་གྱུར་པ་སྦྱོར་བ་ནི་ཅུང་ཞིག་ཀྱང་མེད་དོ། །གཞན་ཡང་དངོས་པོ་རྣམས་ཀྱི་ཡུལ་ དུ་བྱེད་པ་ནི་གསལ་བ་ཉིད་ཡིན་གྱི་དོན་རྟོགས་པ་ཞེས་བྱ་བ་ནི་ཅུང་ཞིག་མེད་དོ། །དེ་ཡང་མངོན་སུམ་རྣམས་ཀྱི་ཡང་གཞན་དུ་གྱུར་པ་ཡིན་ལ་རྗེས་སུ་དཔག་པ་རྣམས་ཀྱི་ཡང་གཞན་དུ་གྱུར་པ་ཡིན་ནོ། །དེ་ནི་སོར་མོ་གཉིས་མངོན་སུམ་དུ་གྱུར་པ་གསལ་བ་ཡང་དག་པར་སྦྱོར་བ་རྟོགས་པ་ལ་ ཁྱད་པར་གྱི་གནས་སྐབས་ལ་གནས་པ་དེའི་ངོ་བོ་ཉིད་ལས་ཐ་དད་པས་གསལ་བར་བྱ་བའི་ཡང་དག་པར་སྦྱོར་བ་གསུམ་པ་ནི་དེའི་ངོ་བོ་བཞིན་དུ་གསལ་བར་བྱེད་པ་ནི་ཅུང་ཞིག་ཀྱང་མེད་དོ། །དེ་འདི་སྦྱོར་བར་གྱུར་པའི་རྟོགས་པ་ནི་དེའི་གསལ་བའི་རྗེས་སུ་འབྲང་བའི་དངོས་པོ་ཉིད་ཡིན་ནོ། ། འདི་དག་ལ་ཡང་དག་པའི་སྦྱོར་བ་ཞེས་བྱ་བ་ཡང་ཐ་དད་པ་མངོན་སུམ་དག་ལ་སྣང་བ་མ་ཡིན་པའི་ཕྱིར་རོ། །དེ་ཡང་ཐ་དད་པར་གྲུབ་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་ནི་སྤྱི་ཉིད་ལ་རྣམ་འགྲེལ་གྱི་རྗེས་སུ་འབྲང་བར་སྟོན་པའི་ཕྱིར། ཡང་དག་པར་སྦྱོར་བ་ཞེས་མངོན་སུམ་གྱིས་ གྲུབ་པ་ནི་ཅུང་ཞིག་ཀྱང་མེད་དོ། །སྣང་བ་ཡིན་ན་ཡང་མངོན་སུམ་སྣང་བ་ཙམ་ཉིད་ཡིན་གྱི་འབྲེལ་པ་དང་འབྲེལ་པ་ཅན་དག་གི་རང་བཞིན་ནི་མ་ཡིན་ནོ། །དེ་ལྟར་སྣང་བ་ཡོད་ན་ཡང་ཇི་ལྟར་དངོས་པོ་དཔྱོད་པ་བརྗོད་པར་འགྱུར་བས་བཀག་པར་གྱུར་པ་དེ་ལྟ་བུའི་རྣམ་པར་རིག་པའི་ངོ་བོ་ལ་ འཁྲུལ་པ་ཉིད་ཡིན་གྱི་སྒྲུབ་པར་བྱེད་པ་མངོན་སུམ་ནི་མ་ཡིན་ཏེ། དཔེར་ན་ཟས་ཉེ་བར་ལོངས་སྤྱོད་པ་ལ་སོགས་པའི་སྟོབས་ལས་གཞན་དུ་མཐོང་བ་དང་། རྡུལ་ཕྲ་རབ་དང་རགས་པ་ལ་སོགས་པ་མི་སྲིད་པ་ལ་གཟུགས་ལ་སོགས་པའི་ཤེས་པ་དང་ལུས་ལ་སོགས་པའི་ གནས་པར་གྱུར་པའི་རྟོགས་པ་ཡིན་ནོ། །དེའི་ཕྱིར་ཡང་དག་པར་སྦྱོར་བ་མངོན་སུམ་པ་མ་ཡིན་ནོ། །འདི་ཉིད་ཀྱི་ཕྱིར་འདུ་བ་ཡང་དེས་དཔེ་གྲུབ་པ་ཅན་གྱི་རྗེས་སུ་དཔག་པར་བྱ་བ་མ་ཡིན་ཏེ། གང་ཞིག་གང་གིས་སྨྲས་པ་སྣལ་མ་འདི་རྣམས་ལ་སྣམ་བུ་ཞེས་འདིར་འདི་ལའི་རྟོགས་ པ་ནི་འབྲེལ་པའི་འབྲས་བུ་ཡིན་ཏེ། གནོད་པ་མེད་པར་གྱུར་པ་ཉིད་ཡོད་ན་འདི་ལའི་རྟོགས་པ་ཉིད་ཡིན་པའི་ཕྱིར་ཁར་གཞོང་འདི་ན་ཞོ་ཡོད་པ་ཞེས་པའི་རྟོགས་པ་བཞིན་ནོ་ཞེས་པ་འདིར་དཔེར་གྲུབ་པ་མ་ཡིན་ཏེ། །ཁར་གཞོང་འདི་ན་ཞོ་ཡོད་དོ་ཞེས་པ་ནི་འབྲེལ་པའི་འབྲས་བུ་ཉིད་མ་ཡིན་པའི་ ཕྱིར་ཏེ། གནས་སྐབས་ཀྱི་ཁྱད་པར་རྣམ་པར་གནས་པར་གྱུར་པའི་དངོས་པོ་དམིགས་པ་ཅན་གང་ཡིན་པ་ནི་དེའི་འབྲས་བུ་ཉིད་ཡིན་ནོ། །གལ་ཏེ་ཡང་སྣལ་མ་འདི་རྣམས་ལ་སྣམ་བུ་ཞེས་པའི་རྟོགས་པ་ནི་འདུ་བའི་དམིགས་པ་ཅན་ཡུལ་དེ་ལ་དེའི་དམིགས་པ་ཅན་ཉིད་དེའི་འབྲས་བུ་ཉིད་ཡིན་ ནོ། །དེའི་ཕྱིར་གྲུབ་པ་བསྒྲུབ་བྱ་ཉིད་དམ་བཅའ་བའི་སྐྱོན་ཡིན་ཏེ། སྒྲ་ལ་མཉན་པར་བྱ་བ་ཡིན་ནོ་ཞེས་བྱ་བ་བཞིན་ནོ། །གང་ལ་གྲུབ་པ་དེ་ལ་བསྒྲུབ་པར་བྱ་བ་མ་ཡིན་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། འདི་ལ་མི་རྟོགས་པ་ཉིད་ལ་སྒྲུབ་པའི་རང་བཞིན་ཡིན་པའི་ཕྱིར་གང་ལ་དེ་གྲུབ་པ་དེ་ལ་མ་གྲུབ་པ་ཉིད་མེད་པའི་ཕྱིར་རོ། ། མ་གྲུབ་པ་ཉིད་ན་ཡང་ཆོས་ཅན་མ་གྲུབ་པ་ཡིན་ནོ། །དེ་ལྟ་ཡིན་ན་ཡང་འདུ་བ་མངོན་སུམ་པ་ཉིད་དུ་ཐལ་བར་འགྱུར་ན་དེ་ཡང་ཡོད་པ་མ་ཡིན་ཏེ། འདུ་བར་གྱུར་པ་འདི་དག་ཅེས་རང་གི་ངོ་བོ་གསལ་བའི་བདག་ཉིད་ཅན་གྱི་འཇིག་རྟེན་པའི་རྟོགས་པ་མེད་པའི་ཕྱིར་རོ། །གལ་ཏེ་འདུ་བའི་དམིགས་པ་ཅན་མ་ཡིན་ན་དེའི་ཚེ་ཇི་ སྲིད་དུ་དམིགས་པ་ན་འདིའི་རང་གི་ངོ་བོ་གྲུབ་པ་ལ་དེ་ལས་ཐ་དད་པའི་འབྲས་བུ་ཉིད་ཀྱིས་ཁྱབ་པ་མ་གྲུབ་པ་ཡིན་ནོ། །ཁར་གཞོང་འདི་ལ་རྒྱ་ཤུག་རྣམས་སོ་ཞེས་པ་ནི་འབྲེལ་པའི་འབྲས་བུ་ཉིད་ཀྱིས་ཁྱབ་པ་ཡིན་ནོ་ཞེ་ན། གལ་ཏེ་རྟོགས་པ་འདི་ནི་འབྲེལ་པའི་དམིགས་པ་ཅན་ཡིན་ལ་དེའི་ཚེ་སྣལ་མ་རྣམས་ལ་སྣམ་བུ་བརྟེན་ པ་ཉིད་ཀྱིས་འདི་ལའི་རྟོགས་པ་དེའི་དམིགས་པ་ཅན་ཡིན་པར་འགྱུར་བ་ཡིན་ཏེ། སྔོན་པོའི་རྟོགས་པའི་སྔོན་པོའི་ཡུལ་ཅན་ཉིད་ལ་སྔོན་པོ་མ་ཡིན་པའི་རྟོགས་པ་མ་ཡིན་ནོ། །དེ་ལྟར་གྱུར་པ་དེའི་ཕྱིར་ཆོས་ཅན་གསལ་བར་གྱུར་པ་དམ་བཅའ་བའི་སྐྱོན་ཡིན་ནོ། །གཏན་ཚིགས་ལ་ཡང་གཞི་མ་གྲུབ་ པ་ཉིད་དང་འགལ་བ་ཉིད་ཡིན་ནོ། །གལ་ཏེ་འབྲེལ་པ་དམིགས་པར་བྱ་བ་མ་ཡིན་པ་ལ་ཡང་འདི་ལའི་རྟོགས་པ་འཇུག་པ་དེའི་ཚེ་དཔེ་ལ་འབྲེལ་པའི་ཡུལ་ཉིད་དུ་མ་གྲུབ་པ་ཡིན་ནོ། །གནོད་པ་མེད་པ་ཉིད་ཡོད་པ་ཡང་ཁྱད་པར་དུ་བྱེད་པ་མ་གྲུབ་པ་ཡིན་ཏེ། འཇུག་པ་མི་འཐད་པའི་ཕྱིར་ དེའི་བདག་ཉིད་ཀྱིས་དེ་མི་རིགས་པའི་ཕྱིར་རོ། །འབྲེལ་པ་འཛིན་པའི་ངང་ཚུལ་ཅན་གྱི་ཚད་མ་ཡོད་ན་ཡང་ཇི་ལྟར་ཐུག་པ་མེད་པ་མ་ཡིན་ན་དེ་ལྟར་འགྱུར་ཏེ། གལ་ཏེ་དེ་ཉིད་ཀྱིས་འབྲེལ་པ་འཛིན་པའི་ངང་ཚུལ་ཅན་གྱི་ཚད་མའི་ཚད་མ་ཉིད་དུ་འགྱུར་བ་ནི་མ་ཡིན་ནོ། །དེའི་ཕྱིར་འབྲེལ་པའི་ བློ་ཡོད་དོ་ཞེས་རྣམ་པར་གནས་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་འདུ་བའི་གཅིག་པ་ཉིད་ལ་སོགས་པ་གཞན་རྣམས་ཀྱང་བརྗོད་པ་ཡིན་ཏེ། འདི་ལའི་རྟོགས་པའི་ཁྱད་པར་མ་ཡིན་པའི་ཕྱིར་གཅིག་པ་ཉིད་ལ་གལ་ཏེ་འདི་ལའི་རྟོགས་པའི་ཁྱད་པར་གཅིག་པ་ཉིད་སྒྲུབ་པར་བྱེད་པ་ནི་རྗེས་སུ་ འགྲོ་བ་མེད་པའི་རྗེས་སུ་དཔག་པ་ཡིན་ནོ། །འདི་ལ་རྟོགས་པའི་འབྲེལ་པ་གཅིག་གི་འབྲས་བུ་ཉིད་ཀྱི་ཁྱབ་པ་གྲུབ་པ་ནི་མ་ཡིན་ནོ། །དེའི་ཁྱབ་པ་མ་གྲུབ་པ་ལ་ཇི་ལྟར་འདི་ལའི་རྟོགས་པ་རྟོགས་པའི་ཁྱད་པར་ཡིན། དེ་ལྟར་ཡང་ཇི་ལྟར་གཅིག་པ་ཉིད་ཡིན། ཡང་དག་པར་སྦྱོར་བ་ལའི་ རྟོགས་པ་ཐ་དད་པ་མེད་དེ་ཁར་གཞོང་འདི་ལ་རྒྱ་ཤུག་རྣམས་དང་ཁྲི་འདི་ལ་ལྷ་སྦྱིན་འདུག་པ་དང་། རྟོག་པ་འདི་ལ་མེ་ཏོག་རྣམས་དང་། ཁང་པ་འདི་ལ་བ་ལང་རྣམས་ཡོད་དོ་ཞེས་མངོན་སུམ་གྱིས་ཡང་དག་པར་སྦྱོར་བ་ཐ་མི་དད་པར་གྲུབ་པར་འགྱུར་རོ། །དེ་ལྟར་རྟེན་དུ་མ་ལ་བརྟེན་པའི་ དུ་བ་ཐ་དད་པ་ལ་ཡང་། འདི་ན་མེ་ཡོད་དོ་ཞེས་པའི་རྟོགས་པའི་ཁྱད་པར་མེད་པ་ཡིན་ནོ། །མ་བྱས་པ་ཉིད་ཀྱང་མ་གྲུབ་པ་ཡིན་ཏེ། གང་དག་ཉིད་རྟེན་གྱི་རྒྱུ་ཅན་དེ་དག་ཉིད་དུ་འདུ་བའི་རྒྱུ་ཅན་མ་ཡིན་ནོ་ཞེས་པ་ནི་མནའ་མེད་པ་རྟོགས་པ་མེད་པའི་ཕྱིར་རོ། །ཚད་མ་ལ་མ་བརྟེན་པའི་ཁྱད་པར་ དུ་བྱས་པས་དངོས་པོ་གྲུབ་པ་ནི་མེད་དོ། །རྟེན་འཇིག་པས་འཇིག་པར་གྲུབ་པ་ལ་མ་བྱས་པ་ཉིད་གྲུབ་པ་ནི་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་གཟེགས་ཟན་རྣམས་ཀྱི་རྟོག་གེ་འདི་སྙིང་པོ་མེད་པ་ཡིན་ནོ། །ཤིན་ཏུ་རྒྱས་པས་སུན་དབྱུང་བར་བྱ་བ་མ་ཡིན་ཏེ་སྤྲོས་པར་ ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་འབྲེལ་པའི་བློ་ཡོད་དོ་ཞེས་པ་རིགས་པ་མ་ཡིན་ནོ། །དེའི་ཕྱིར་ཡང་། དངོས་དེ་དག་དང་དེ་ལས་གཞན། །དེ་ཀུན་བདག་ཉིད་ལ་གནས་པ། །དེ་ཕྱིར་རང་བཞིན་འདྲེས་མེད་པ། །དེ་རྣམས་རྟོགས་པ་སྲེ་བར་བྱེད། །དངོས་པོའམ་ཚད་མ་ལས་ འབྲེལ་པ་རྣམ་པར་གནས་པ་མ་ཡིན་ནོ། །གཉིས་ལ་དངོས་པོ་གཅིག་ཁས་བླངས་ན་ཡང་འབྲེལ་པ་ཅན་དེ་གཉིས་དང་འབྲེལ་པ་ཡང་ནི་རང་གི་བདག་ཉིད་ལ་གནས་པར་འགྱུར་རོ། །དེའི་ཕྱིར་དངོས་པོ་ཐམས་ཅད་ལ་ནི་མ་འདྲེས་པའི་བདག་ཉིད་ཅན་ཡིན་ནོ། །དངོས་པོ་དེ་ལྟར་གྱུར་པ་རྣམས་ལ་ ཡང་རྣམ་པར་རྟོགས་པ་སྲེ་བར་བྱེད་དེ་འདི་འདིའི་ཞེས་རྟོགས་པར་བྱེད་པ་ཡིན་ནོ། །འདི་ལ་འདིའི་ཞེས་པ་རྟོགས་པ་འདི་ཡང་དེ་ཉིད་སྲེ་བར་བྱེད་པ་ཡིན་ནོ། །གཉིས་པོའི་ཡང་རང་གི་བདག་ཉིད་ཙམ་གནས་པ་ཉིད་ཡིན་ན་ཅུང་ཞིག་འགའ་ཞིག་ཀྱང་མེད་དོ། །ཅི་སྟེ་ཡང་ཅུང་ཞིག་འདིའི་ ཞེས་རྟོག་པའི་ཕྱིར་རང་གི་བདག་ཉིད་ཁོ་ནའི་དེ་ཡོད་པ་ཉིད་མ་ཡིན་གྱི་དེའི་ཞེས་དེས་སྲེ་བའི་དངོས་པོ་ཡིན་ནོ། །འདི་ལ་ཡང་འབྲེལ་པ་ཐ་དད་པ་ནི་འགའ་ཞིག་ལ་སྣང་བ་མ་ཡིན་ཏེ། འགའ་ཞིག་བརྟགས་པར་གྱུར་ན་གང་གིས་དངོས་པོ་རྣམས་ནི་འབྲེལ་པ་མ་ཡིན་གྱི་བརྟགས་པར་གྱུར་པ་ ནི་ཡོད་དོ་ཞེས་དཔལ་ཆོས་ཀྱི་གྲགས་པའི་དགོངས་པ་མ་རྟོགས་པར་གྱུར་པ་སྨྲ་བར་འགྱུར་རོ། །དངོས་པོ་དངོས་པོ་གཞན་དང་འདྲེས་པར་གྱུར་པ་འབའ་ཞིག་གསལ་གྱི་འདྲེས་པ་གཞན་འབྲེལ་པ་གང་ཡིན་པར་ནི་མི་འགྱུར་ཏེ། ཡང་དག་པར་སྦྱོར་བར་གྱུར་པ་རྟོགས་པ་ལ་ཇི་སྐད་དུ་ བཤད་པ་ཡིན་ནོ། །འབྲེལ་པ་ཅན་ལས་ཐ་དད་པའི་འབྲེལ་པ་རྟོགས་པ་ཡིན་ན་ནི་འབྲེལ་པ་ཅན་དུ་འགྱུར་གྱི་འབྲེལ་པ་ནི་མ་ཡིན་ནོ། །འོ་ན་འབྲེལ་པ་གང་ལ་ཡོད་པ་ནི་འབྲེལ་པ་ཅན་ནོ་ཞེས་པ་དེ་ཉིད་ཀྱི་ཕྱིར་ཐ་དད་པའི་འབྲེལ་པ་འཕངས་པ་ཡིན་ཏེ་སྐྱེས་བུ་ལ་དབྱུག་པ་ཅན་གྱི་རྟོགས་པ་བཞིན་ ནོ་ཞེ་ན། མ་ཡིན་ཏེ། དེ་དང་ལྡན་པ་ཐ་དད་པའི་འདི་ལ་ཚད་མ་གཞན་གྱིས་རྟོགས་པའི་ཕྱིར་དེ་རྟོགས་པ་གང་ཞིག་དེ་དང་ལྡན་པའི་དངོས་པོ་ཡིན་ནོ། །ཐ་དད་པའི་འབྲེལ་པ་ནི་རྟོགས་པ་མེད་ཀྱི་གནས་སྐབས་ཀྱི་ཁྱད་པར་སྦྱོར་བ་ལ་ཡོད་ལ་འབྲེལ་པ་དེ་ཉིད་ཀྱང་དེ་དང་ལྡན་པའི་དངོས་པོ་རྟོགས་པའི་ སྤྱོད་ཡུལ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཡང་རྣམ་འགྲེལ་དུ་འབྲེལ་པ་རང་གི་སྒྲའི་བརྗོད་པར་བྱ་བ་ཉིད་མ་ཡིན་པར་གསུངས་སོ། །དེ་བཞིན་དུ་ལྡན་པར་གྱུར་པའི་སོར་མོའམ་སོར་མོའི་ལྡན་པ་ཞེས་ཁྱད་པར་གཞན་སྤངས་པ་དང་མ་སྤངས་པ་ཉིད་ཙམ་དུ་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ཡང་དོན་གཅིག་པ་ ཉིད་ཡིན་པར་འགྱུར་རོ། །དེས་ན་འབྲེལ་པ་ཞེས་བྱ་བ་བརྟགས་པར་གྱུར་པ་ནི་མེད་དོ། །དེ་ཡང་གཞན་པར་ཁས་ལེན་ན་དེ་ཉིད་གཞན་གྱིས་མངོན་སུམ་དུ་སྨྲ་བར་འགྱུར་རོ། །དེ་ལ་ཡང་རྟོགས་པ་མེད་པ་ལ་སོགས་པའི་སྒྲུབ་པར་བྱེད་པ་ལ་རྩོལ་པ་དཀའ་བར་འགྱུར་རོ། །རྟོགས་པ་འདི་ཡང་ཉ་ཕྱིས་ལ་ སོགས་པའི་རྟོགས་པ་བཞིན་དུ་རྟོགས་པར་བྱེད་པ་མ་ཡིན་ཏེ། དེའི་ཕྱིར་ཉ་ཕྱིས་སུ་མྱོང་བའི་རྗེས་སུ་འགྲོ་བ་ཉིད་དུ་རིགས་པ་ཡིན་ཞེས་ཇི་སྐད་དུ་བཤད་པ་ཉིད་རིགས་སོ། །དེ་ཉིད་ལ་རྗེས་སུ་བྱེད་པ་རྣམས་ཀྱིས། དངོས་པོ་ཐ་དད་རྟོགས་དོན་དུ། །བྱ་དང་བྱེད་པ་པོ་ཡི་ཚིག །རྗོད་པར་བྱེད་རྣམས་སྦྱོར་བར་བྱ། །རྟོགས་པས་བྱས་པས་བསྲེས་ པའི་དངོས་པོའི་རྗེས་སུ་འཚོ་བའི་སྒྲ་རྣམས་ཀྱང་བསྲེས་པའི་དངོས་པོའི་རྗེས་སུ་བྱེད་པ་ཡིན་ནོ། །འདི་ལྟར་ཡང་འདིར་བྱ་བས་ཁྱད་པར་དུ་གྱུར་པའི་བྱེད་པ་པོ་བརྗོད་པའི་བརྡར་གྱུར་པའི་སྒྲའི་སྟོབས་ཀྱི་བྱ་བ་དང་བྱེད་པ་པོའི་རྟོགས་པ་ནི་བསྐྱེད་པར་བྱ་བ་ཡིན་ནོ། །དེ་ལ་ཡང་བྱ་བ་དང་བྱེད་པ་པོ་དག་གི་འདྲེས་པའི་ངོ་བོ་རྟོགས་ པ་ཡིན་ནོ། །ཇི་ལྟར་རྒྱལ་པོའི་སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་ལ་འདྲེས་པར་རྟོགས་པ་ནི་དེའི་གནས་སྐབས་ཀྱི་ཁྱད་པར་གྱི་རྟོགས་པ་གྲུབ་པ་ཡིན་པ་དེ་ལྟར་བྱ་བ་དང་བྱེད་པ་པོ་དག་ལ་ནི་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་ནོ། །འོན་ཀྱང་དེ་ལྟ་བུ་དངོས་པོ་སྣ་ཚོགས་པ་ཉིད་ཀྱི་རྟོགས་པ་ཁོ་ ན་ཡིན་ནོ། །བྱེད་པ་པོ་དང་ལས་དག་ལས་ཆེས་གང་ཡང་རུང་བ་ལ་བརྟེན་པ་ཉིད་ཀྱིས་དེ་ལྟར་གྱུར་པའི་བྱ་བ་རྟོགས་པར་བྱ་བ་དེ་ནི་དེའི་ངོ་བོ་རྟོགས་པའི་གནས་སྐབས་ཀྱི་ཁྱད་པར་ལ་བརྟེན་པ་རྟོགས་པའི་བྱ་བ་སྒྲོ་བཏགས་པ་ཡིན་ཏེ་དཔེར་ན་འགྲོ་བ་ཞེས་བྱ་བ་ཡུལ་དེ་དང་དེར་གྱུར་པ་འགྲོ་བ་པོའི་ཡིན་ལ་ འབྲས་ཆན་འཚོད་པར་བྱེད་དོ་ཞེས་བྱ་བ་ཡང་འབྲས་ཆན་ལ་བརྟེན་པའི་རྣམ་པར་འགྱུར་བའི་ཁྱད་པར་ཡིན་ནོ། །གང་ཞིག་བྱ་བར་སྒྲོ་བཏགས་པ་དེ་ཡང་ཝ་ཡ་ཀ་ར་ལ་སོགས་པའི་གཞུང་གི་རྩ་བ་ཅན་ཡིན་གྱི། བག་ཆགས་ཙམ་ལ་བརྟེན་པ་ནི་མ་ཡིན་ཏེ། གཙོ་བོ་ལ་ སོགས་པ་རྣམ་པར་རྟོག་པ་བཞིན་ནོ་ཞེས་གཞན་དུ་རྒྱས་པར་སྨྲས་སོ། །འོ་ན་དངོས་པོ་ཐ་དད་པ་རྟོགས་པའི་དོན་དུ་ཞེས་པ་ནི་སེལ་བའི་རྟོགས་པའི་དོན་དུ་ཡིན་ནོ་ཞེས་རིགས་སོ། །བྱ་བ་དང་བྱེད་པ་པོ་དག་ལ་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་དག་གིས་དངོས་པོ་རྣམས་ལ་མེད་པས་དེ་མ་ཡིན་པ་ལ་ ལྡོག་པ་མ་གྲུབ་པའི་ཕྱིར་རོ། །སྔོན་པོ་ཉིད་དང་སྐད་ཅིག་མ་ཉིད་ལ་སོགས་པ་རྣམས་ནི་ཐ་མི་དད་པར་ཡོད་པ་ཡིན་ནོ། །དེའི་ཕྱིར་དེ་ལ་བརྟེན་པ་ཉིད་ཀྱིས་གཞན་ལ་སེལ་བའི་ཡུལ་ཅན་ཉིད་དུ་རིགས་པ་ཡིན་ནོ་ཞེ་ན། བྱ་བ་དང་བྱེད་པ་པོ་དག་ལ་ནི་རང་གི་ངོ་བོས་བརྗོད་པར་བྱ་བ་ཉིད་དུ་གྱུར་པ་ བཀག་པ་ཡིན་ལ། དངོས་པོ་ལ་བརྟེན་པ་ཉིད་བརྟེན་པར་བྱ་བའི་དོན་གྱིས་དངོས་པོ་ཐ་དད་དུ་རྟོགས་དོན་དུ་ཞེས་གསུངས་སོ། །དེ་དག་ལྷན་ཅིག་དངོས་མིན་ཕྱིར། །རྒྱུ་དང་འབྲས་བུའི་དངོས་པོ་ཡང་། །ཇི་ལྟར་གཉིས་ལ་གནས་པར་གྲུབ། །གཉིས་གནས་མིན་ན་ཇི་ལྟར་འབྲེལ། །གལ་ ཏེ་ཡང་རྒྱུ་དང་འབྲས་བུའི་དངོས་པོ་ཁས་བླངས་པར་གྱུར་ན། གཞན་གྱི་དབང་ཉིད་ཀྱི་འབྲེལ་པ་ཇི་ལྟར་སྤང་བར་བྱ། །ཡང་ན་འབྲས་བུ་རྒྱུའི་བདག་ཉིད་ལ་གཞན་གྱི་དབང་ཉིད་དུ་གྱུར་པའི་ཕྱིར་དང་། རྒྱུ་ཡང་འབྲས་བུའི་བྱེད་པ་ལ་ཡིན་པ་དེ་ལྟར་འབྲས་བུ་སྐྱེ་བ་རྒྱུ་ལ་ལྟོས་པ་ཡིན་ཏེ། དེའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་འབྲེལ་པ་མ་ཡིན་པར་ཇི་ལྟར་འགྱུར། རྒྱུས་ནི་འབྲས་བུ་ཞེས་བྱ་བ་ཡིན་པའི་ཕྱིར་ཇི་ལྟར་གཉིས་ལ་འབྲེལ་པ་མེད་པ་ཡིན་ན་དེའི་ཕྱིར་འབྲེལ་པ་ཅན་རྒྱུ་དང་འབྲས་བུའི་བདག་ཉིད་ཅན་གྱི་དངོས་པོ་དག་ཡོད་པ་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། གང་ གི་ཕྱིར་འབྲེལ་པ་ནི་གཉིས་ལ་གནས་པ་ཡིན་ནོ་ཞེས་བརྗོད་པར་བྱ་བ་ཡིན་ན་དེ་འབྲས་བུ་དང་རྒྱུའི་དངོས་པོ་ཡང་ཇི་ལྟར་གཉིས་ལ་གནས་པ་ཡིན། དེ་བཞིན་དུ་ཡང་ཇི་ལྟར་འབྲེལ་པ་ཡིན་ནོ། །ཇི་ལྟར་ཡང་གཉིས་ལ་གནས་པ་མ་ཡིན། ཇི་སྲིད་དུ་རྒྱུས་འབྲས་བུ་བྱ་བ་ཡིན་པའི་ཕྱིར་རྒྱུ་དང་འབྲས་བུ་གཉིས་ཁོ་ན་ཡིན་ ནོ། །དེའི་ཕྱིར་འདི་ཇི་ལྟར་གཉིས་ལ་གནས་པ་མ་ཡིན་ཞེ་ན། དེ་ལྟར་ཡང་གཉིས་ལ་གནས་པ་གྲུབ་པ་མ་ཡིན་ཏེ། དེ་དག་ལྷན་ཅིག་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡང་རྒྱུས་འབྲས་བུ་བྱ་བ་དེ་ལྟར་ཡང་དེ་དག་ལྷན་ཅིག་པའི་དངོས་པོ་མ་ཡིན་ཏེ། གང་གི་ཚེ་རྒྱུ་ཡོད་པ་དེའི་ཚེ་འབྲས་བུ་མེད་པའི་ཕྱིར་ དང་། གང་གི་ཚེ་ཡང་འབྲས་བུ་ཡོད་པ་དེའི་ཚེ་རྒྱུའི་དངོས་པོ་ཐམས་ཅད་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འདི་གཉིས་ལ་གནས་པ་མ་ཡིན་པས་འབྲེལ་པ་མ་ཡིན་གྱི་འབྲས་བུ་དང་རྒྱུ་དག་ཁོ་ན་ཡིན་ནོ། །དེ་ལྟར་འབྲས་བུ་དང་རྒྱུའི་དངོས་པོ་བཀག་པ་ནི་མ་ཡིན་གྱི། འབྲེལ་ པ་མ་ཡིན་ནོ་ཞེས་པ་ཡིན་ནོ། །འབྲེལ་པ་དེ་ཡང་གཞན་དུ་དོགས་པ་མ་ཡིན་གྱི་འོན་ཀྱང་རྒྱུས་འབྲས་བུ་བྱེད་པའི་ཕྱིར་འདི་ཉིད་ལ་འབྲེལ་པར་འཁྲུལ་པ་ཡིན་ནོ། །གཞན་པོ་བཀག་པ་ནི་སྔ་མ་བཞིན་གྱིས་གྲུབ་པོ། །རྒྱུ་དང་འབྲས་བུ་དེ་དག་ཉིད་ལ་རྒྱུ་དང་འབྲས་བུའི་ངོ་བོ་ཉིད་ཀྱིས་འབྲེལ་ པ་ཅན་ཉིད་འབའ་ཞིག་ཏུ་གྱུར་ན་དེ་ཉིད་དེ་བཞིན་དུ་དགག་པར་བྱའོ། །འབྲས་བུ་དང་རྒྱུ་དག་ལ་ལྷན་ཅིག་པའི་དངོས་པོ་མེད་པ་ཉིད་ཀྱིས་འབྲེལ་པ་ཉིད་ཡོད་པ་མ་ཡིན་ནོ། །འདི་ལྟར། རིམ་གྱིས་གཅིག་ལ་དངོས་པོ་ནི། །འཇུག་ཡིན་གཞན་ལ་ལྟོས་མེད་དེ། །དེ་མེད་ན་ཡང་ཡོད་ཕྱིར་རོ། །དེ་ཕྱིར་གཅིག་ འཇུག་ཅན་འབྲེལ་མིན། །རྒྱུ་དང་འབྲས་བུ་དག་གི་རིམ་གྱིས་པའི་དངོས་པོ་ཉིད་ནི་ཇི་སྐད་དུ་བཤད་ཟིན་ཏོ། །དེའི་ཕྱིར་ཡང་རྒྱུའི་མཚན་ཉིད་ཀྱི་དངོས་པོ་ཡུལ་དང་དུས་གཅིག་ཏུ་འཇུག་པ་འབྲས་བུ་ལ་ལྟོས་པ་མེད་པ་ནི་འབྲེལ་པ་མ་ཡིན་ནོ། །འབྲེལ་པ་ཐ་དད་པ་མེད་པས་འབྲེལ་པ་ཅན་ཉིད་དུ་བརྗོད་ ལ་དེ་མེད་པའི་ཕྱིར་ཡང་འབྲེལ་པའི་ངོ་བོ་མེད་པ་ཡང་ཡིན་ནོ། །དེ་ལྟ་བུའི་དངོས་པོ་ཡིན་ན་ཡང་གཅིག་ལ་འཇུག་པ་ཉིད་དུ་ཐལ་བར་འགྱུར་བ་ལས་འབྲེལ་པ་དེ་ལྟ་བུར་འགྱུར་བ་ཡང་མ་ཡིན་ཏེ། འབྲས་བུའི་དངོས་པོ་ལ་ཡང་རྒྱུའི་དངོས་པོ་མེད་པའི་ཕྱིར་རོ། །དེ་བཞིན་དུ་འབྲས་བུ་ལྟོས་པ་མེད་པས་ ཀྱང་རིམ་གྱིས་དངོས་པོ་རྣམས་ནི་རྒྱུ་ལ་ལྟོས་པ་མེད་པ་ཡིན་ལ་རྒྱུ་མེད་པ་ན་ཡང་ཡོད་པ་ཡིན་ནོ། །དེ་ལྟར་ཡང་འབྲེལ་པ་ཅན་ཉིད་མ་ཡིན་ཏེ། འབྲེལ་པ་གཅིག་ལ་འཇུག་པ་ནི་བཀག་པའི་ཕྱིར་རོ། །འདི་ལྟར་འབྲས་བུ་ལ་ལྟོས་པ་རྒྱུ་ཉིད་ཡིན་ལ་རྒྱུ་ལ་ལྟོས་པ་ཡང་འབྲས་བུ་ཉིད་ཡིན་པའི་ཕྱིར་ལྟོས་པ་ ཡིན་ལ་དེ་ལས་ཀྱང་འབྲེལ་པ་ཡིན་ནོ་ཞེས་བརྗོད་དོ་ཞེ་ན། དེ་ཡང་མ་ཡིན་ཏེ། གང་གི་ཕྱིར། དེ་དག་གི་གཅིག་ལ་ལྟོས་ནས། །གལ་ཏེ་གཞན་པ་དེ་འཇུག་ན། །འཕེན་བྱེད་ལྟོས་པར་བྱ་ཡིན་ན། །མེད་པ་ཇི་ལྟར་ལྟོས་པར་བྱེད། །ཕན་ཚུན་ལྟོས་པ་ཉིད་དུ་རྣམ་ པར་གནས་པ་ན་གཉིས་ལ་ལྟོས་པའི་འབྲེལ་པ་བྱེད་པ་འཇུག་པ་ཡིན་ལ་འབྲེལ་པ་ཡང་འཇུག་པ་ཡིན་ཏེ། དེ་དག་གི་ནང་ནས་གཅིག་ལ་ལྟོས་ནས་གཞན་དུ་འཇུག་པར་བྱེད་དོ། །དེ་ཉིད་འདི་ལྟོས་པ་ཡོད་ལ་འགྱུར་ན་དེ་ཉིད་ནི་འབྲེལ་པ་མ་ཡིན་ཏེ། གང་གི་ཕྱིར་རྒྱུ་འབྲས་བུ་ལ་ལྟོས་པ་ ཡིན་ནོ་ཞེས་པ་ནི་འབྲས་བུ་ལ་ལྟོས་པ་ཡོངས་སུ་རྫོགས་པའི་རྒྱུ་ཉིད་ཡིན་ལ་འགྱུར་ན། དེ་ལ་ལྟོས་པ་མེད་པ་རང་དབང་དུ་གྲུབ་པ་ལ་ནི་འབྲས་བུ་ལ་ལྟོས་པ་ཉམས་པ་ཡིན་ནོ། །དེ་བཞིན་དུ་འབྲས་བུ་ཡང་འབྲས་བུ་ཉིད་ལ་བདག་ཉིད་ཡོད་པའི་དུས་ཀྱི་དངོས་པོ་ཅན་ནི་གལ་ཏེ་རྒྱུ་ལ་ལྟོས་པ་ ཡིན་ལ་དེའི་ཚེ་དེ་ལ་ལྟོས་པ་ཉིད་དུ་འགྱུར་ན་སྔར་རང་གི་ངོ་བོ་ཡོད་པར་གྲུབ་པ་ལས་ལྟོས་པ་ཉིད་འཐད་པ་མ་ཡིན་ཏེ། མེད་པ་ལ་ལྟོས་པ་མེད་པའི་ཕྱིར་རོ། །དེ་ལྟར་ཕན་པ་ཡོད་པ་ལ་དེ་ལྟོས་པར་འགྱུར་ན་མེད་པ་ཡང་ཇི་ལྟར་ཕན་པར་བྱེད་པ་ཡིན་འབྲས་བུ་རང་གི་ཡོད་པའི་དུས་ན་ཡོད་པའི་འབྲས་བུ་ཉིད་ ནི་རྒྱུ་མེད་པར་ཇི་ལྟར་ལྟོས་ནས་རྫོགས་པ་ཡིན་རྒྱུའི་རྒྱུ་ཉིད་ཀྱང་ངོ་། །དེའི་ཕྱིར་ལྟོས་པའི་དོན་ཅུང་ཞིག་ཀྱང་མེད་དོ། །རྒྱུ་མེད་ན་འབའ་ཞིག་པའི་འབྲས་བུ་ནི་སྲིད་པ་མ་ཡིན་པས་ལྟོས་པའི་ཐ་སྙད་ཡིན་གྱི་དངོས་པོ་ཡོད་པ་ལ་ལྟོས་པའི་དོན་ནི་ཅུང་ཞིག་ཀྱང་མེད་དོ། །དེའི་ཕྱིར་ལྟོས་པའི་དངོས་པོ་མེད་ པས་འབྲེལ་པ་ཉིད་མེད་ན་འབྲེལ་པ་འགའ་ཞིག་ཀྱང་མེད་དོ། །གལ་ཏེ་ཡང་། རྒྱུ་དང་འབྲས་བུའི་འབྲེལ་པ་ནི། །ཅིས་ན་ལྟོས་པར་བྱ་བ་ཡིན། །གང་གིས་རྒྱུ་དང་འབྲས་བུ་ཉིད་ལ་འབྲེལ་པ་ཁས་བླངས་པ་ཐལ་བར་བརྗོད་ཟིན་ཏོ། །ཅིས་ན་འབྲེལ་པའི་ངོ་བོ་ཁོ་ན་རྒྱུ་དང་འབྲས་བུ་ཉིད་ཡིན། རྒྱུ་དང་འབྲས་ བུ་ཉིད་དུ་གནས་པ་དངོས་པོ་དེ་དང་དེ་མེད་ན་མི་འབྱུང་བར་ཉེ་བར་གནས་པ་ནི་འབྲེལ་པ་ཡིན་ནོ་ཞེ་ན། དེ་ལ། །གལ་ཏེ་དོན་གཅིག་དངོས་འབྲེལ་ཕྱིར། །དེ་དག་ལ་རྒྱུ་འབྲས་ཉིད་ན། །གཉིས་ཉིད་དང་ནི་དངོས་འབྲེལ་པས། །གཡས་གཡོན་རྭ་ལ་ཐོབ་པར་འགྱུར། །གཉིས་གནས་གང་ཞིག་འབྲེལ་ཡིན་ན། ། དེ་མཚན་དེ་ལས་གཞན་པ་མིན། །འབྲེལ་པའི་དོན་གཅིག་གིས་སྦྱོར་བ་ཁོ་ན་གལ་ཏེ། རྒྱུ་དང་འབྲས་བུ་ཉིད་ཡིན་ན། དེའི་ཚེ་གཉིས་ཉིད་དུ་བརྗོད་པའི་ཕྱིར་ཡང་གཡས་པ་དང་གཡོན་པའི་རྭ་དེའི་དངོས་པོར་མི་ལྡན་པ་དག་ལ་ཡང་རྒྱུ་དང་འབྲས་བུ་ཉིད་ཡོད་པར་འགྱུར་ཏེ། དུས་མཚུངས་པ་ཅན་གྱི་རྭ་རྒྱུ་དང་ འབྲས་བུ་མ་ཡིན་པ་དག་ཡང་གྲངས་ཀྱི་རང་བཞིན་གཉིས་ཡོད་དོ། །དེའི་ཕྱིར་དོན་གཅིག་དང་མངོན་པར་འབྲེལ་པ་ཁོ་ན་རྒྱུ་དང་འབྲས་བུ