Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 190

Văn bản gốc(Tây Tạng)

Trang 1 / 25 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། སཾ་བནྡྷ་པ་རཱིཀྵ་ཊཱི་ཀཱ། བོད་སྐད་དུ། འབྲེལ་པ་བརྟག་པའི་རྒྱ་ཆེར་བཤད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འགྲོ་བ་
ཐམས་ཅད་འབྲེལ་མེད་པར། །འགྲོ་བའི་བླ་མ་གང་གསུངས་པ། །དེ་ལ་རབ་ཏུ་ཕྱག་འཚལ་ནས། །འབྲེལ་པ་བརྟག་པ་བཤད་པར་བྱ། །འབྲེལ་པ་དངོས་པོར་གྱུར་པ་བསལ་བར་འདོད་ནས་ཞེས་བྱ་
བའི་ཚིག་དང་པོ་འདིས་རབ་ཏུ་བྱེད་པ་འདིའི་འབྲེལ་པ་དང་། བརྗོད་པར་བྱ་བ་དང་། དགོས་པ་རྣམས་སྟོན་ཏོ། །གཞན་དུ་ན་འབྲེལ་པ་དང་། བརྗོད་པར་བྱ་བ་དང་། དགོས་པ་རྣམས་དང་བྲལ་བའི་
རབ་ཏུ་བྱེད་པ་ནི་བླང་བར་བྱ་བ་མ་ཡིན་པར་འགྱུར་རོ། །དེ་ལ་འབྲེལ་པ་དངོས་པོར་གྱུར་པ་ཞེས་བྱ་བའི་ཚིག་འདིས་ནི་བརྗོད་པར་བྱ་བ་བསྟན་ཏོ། །བསལ་བར་འདོད་ནས་ཞེས་བྱ་བའི་ཚིག་འདིས་ནི་དགོས་པ་
བསྟན་ཏེ། འདི་ལྟར་འབྲེལ་པ་དངོས་པོར་གྱུར་པ་བསལ་བ་ནི་འདིར་དགོས་པ་ཡིན་ནོ། །སྨྲས་སོ་ཞེས་བྱ་བ་འདིས་ནི་འབྲེལ་པ་སྨོས་ཏེ། འདི་ལྟར་འབྲེལ་པ་དངོས་པོར་གྱུར་པ་བསལ་བའི་ཕྱིར་རབ་ཏུ་

བྱེད་པ་འདི་བསྟན་ཏོ། །དེ་ལྟ་བས་ན་འབྲེལ་པ་དངོས་པོར་གྱུར་པ་བསལ་བ་ལ་རབ་ཏུ་བྱེད་པ་ནི་ཐབས་ཁོ་ནར་བསྟན་པ་ཡིན་ཏེ། འདི་ལྟར་རབ་ཏུ་བྱེད་པ་འདི་ཐོས་པས་འབྲེལ་པ་དངོས་པོར་གྱུར་པ་མེད་དོ་ཞེས་བྱ་
བར་ངེས་པར་འགྱུར་རོ། །དེ་ནས་རབ་ཏུ་བྱེད་པ་ནི་ཐབས་ཡིན་ནོ། །འབྲེལ་པ་དངོས་པོར་གྱུར་པ་བསལ་བ་ནི་ཐབས་ལས་བྱུང་བ་སྟེ། རབ་ཏུ་བྱེད་པ་དང་དགོས་པ་འདི་གཉིས་ནི་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་དུ་འབྲེལ་
ཏོ། །འདི་ནི་རེ་ཞིག་སྤྱིའི་དོན་ཏོ། །ཡན་ལག་གི་དོན་ནི་དངོས་པོར་གྱུར་པ་ཞེས་བྱ་བའི་རྫས་སུ་ཡོད་པ་དང་། དོན་དམ་པ་དང་། བཅོས་མ་མ་ཡིན་པ་དང་། མ་བརྟགས་པ་ཞེས་བྱ་བའི་བར་དུའོ། །འབྲེལ་པ་ཞེས་བྱ་བ་ནི་འབྲེལ་
པས་ན་འབྲེལ་པ་སྟེ། སྦྱོར་བ་དང་ལྡན་པ་དང་། རེག་པ་དང་། ཕྲད་པ་དང་། དངོས་པོ་ཉེ་བར་གྱུར་པ་ཞེས་བྱ་བའི་བར་གྱིས་བསྟན་ཏོ། །བསལ་བར་འདོད་ནས་སྨྲས་པ་ཞེས་བྱ་བ་ནི་སོ་སོར་བསལ་བར་འདོད་པ་དང་། སོ་སོར་
སྤང་བར་འདོད་ནས་སྨྲས་པ་ཞེས་བྱ་བའི་དོན་ཏོ། །གཞན་དབང་ཁོ་ན་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བས་ནི་ཚིགས་སུ་བཅད་པ་སྟོན་ཏོ། །གཞན་དབང་ནི་གཞན་ལ་རག་ལས་པ་སྟེ་ཞེས་བྱ་བ་གཞན་ལ་རག་ལས་པའི་ཚིག་གིས་

གཞན་དབང་སྟོན་ཏེ། འདི་ལྟ་སྟེ། གཞན་དང་འབྲེལ་པ་དང་། གཞན་ལ་རག་ལས་པ་དང་། གཞན་ལ་བརྟེན་པ་དང་། གཞན་གྱི་དབང་ཞེས་བྱ་བ་དོན་གཅིག་གོ། །དེ་འབྲེལ་པ་ཡིན་ན་ཞེས་བྱ་བ་ནི་ཁ་ཅིག་གཞན་གྱི་དབང་ཁོ་ན་འབྲེལ་པ་ཡིན་པར་འདོད་དོ། །དེ་ནི་འབྲེལ་པ་ཅན་གྲུབ་
པའམ་མ་གྲུབ་པ་ཞིག་གི་ཡིན་ཞེས་བྱ་བ་འདི་ལ་འབྲེལ་པ་ཡོད་པས་འབྲེལ་པ་ཅན་ནོ། །གྲུབ་པ་ནི་རང་གི་ངོ་བོར་རེད་པའོ། །མ་གྲུབ་པ་ནི་རང་གི་ངོ་བོར་མ་རེད་པའོ། །འམ་གྱི་སྒྲ་ནི་རྟོག་པའི་དོན་ཏོ། །འདི་སྐད་བསྟན་ཏེ། འབྲེལ་པ་ཅན་མ་གྲུབ་པའི་ངོ་བོའམ། མ་གྲུབ་པའི་ངོ་བོའི་གཞན་གྱི་
དབང་ཡིན། མ་གྲུབ་པ་ནི་མེད་པའི་ངོ་བོ་ཡིན་པའི་ཕྱིར་འབྲེལ་པ་དངོས་པོར་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་འདི་ལྟར་འབྲེལ་པ་ཅན་མ་གྲུབ་སྟེ་ངོ་བོ་མེད་པ་ཡིན་ན་དེས་ན་མ་གྲུབ་པའི་ངོ་བོ་ཡིན་པའི་ཕྱིར་འབྲེལ་པ་དངོས་པོར་ཡོད་པར་ཇི་ལྟར་འགྱུར། འབྲེལ་པ་ཅན་གྲུབ་ན་གཞན་དབང་ཅི་ཞིག་ཡོད་ཅེས་བྱ་
བ་ནི་གང་གི་ཚེ་འབྲེལ་པ་ཅན་གྱི་རང་གི་ངོ་བོ་གྲུབ་པ་དེའི་ཚེ་ཡང་འབྲེལ་པ་ཅན་རེ་བ་མེད་པའི་ཕྱིར་ཅི་ཞིག་རག་ལས་ན་གང་གིས་འདི་གཞན་དབང་དུ་འདོད། ཅི་ཞིག་ཅེས་བྱ་བ་ནི་སྒྲ་འདི་འདྲི་བ་མ་ཡིན་གྱི་འོ་ན་ཅི་ཞེ་ན། སེལ་བར་བྱེད་པ་ཡིན་ཏེ། མེད་པ་ཉིད་དེ་གཞན་དབང་ཅི་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །
དེ་བས་ན་འབྲེལ་བ་མེད་པ་ཉིད་དོ་ཞེས་བྱ་བས་ནི་དེ་བས་ན་འབྲེལ་པ་གཞན་དབང་མེད་དོ་ཞེས་བྱ་བའི་དོན་ཏོ། །གྲུབ་ཏུ་ཟིན་ཀྱང་ཅུང་ཟད་མ་གྲུབ་པ་ཡོད་དོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་འདི་སྙམ་དུ་སྨྲ་སྟེ། རྣམ་པ་ཐམས་ཅད་དུ་གྲུབ་པ་ནི་གཞན་གྱི་དབང་དུ་མི་འདོད་དོ། །འོན་ཀྱང་འབྲེལ་པ་ཅན་གྲུབ་ཏུ་
ཟིན་ཀྱང་ཆ་ཤས་ཁ་ཅིག་མ་གྲུབ་པ་ཡོད་པས་དེ་དག་གྲུབ་པར་བྱ་བའི་ཕྱིར་འབྲེལ་པ་ཅན་གཞན་གྱི་དབང་དུ་འདོད་ཅེ་ན། དེའི་ཕྱིར་དེ་ལྟར་རྣམ་པར་རྟོག་པ་ཡང་དེ་གྲུབ་པར་བྱ་བའི་ཆེད་དུ་གཞན་གྱི་དབང་ཁོ་ནར་ཡང་མི་འགྱུར་ཏེ་ཞེས་བྱ་བའི་ཚིག་གིས་སེལ་བར་བྱེད་དོ། །རྣམ་པ་དེ་ལྟ་བུའི་ཆ་ཤས་
གྲུབ་པར་བྱ་བའི་སྒོ་ནས་ཀྱང་གཞན་གྱི་དབང་དུ་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་གྲུབ་པ་དང་མ་གྲུབ་པ་ལས་གྱུར་པའི་ཉེས་པའི་རྣམ་པར་རྟོག་པ་ལས་མི་འདའ་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གྲུབ་པ་དང་མ་གྲུབ་པ་ནི་གྲུབ་པ་དང་མ་གྲུབ་པ་སྟེ། གྲུབ་པའི་ཕྱོགས་དང་མ་གྲུབ་པའི་ཕྱོགས་

ཞེས་བྱ་བའི་དོན་ཏོ། །གྲུབ་པ་དང་མ་གྲུབ་པ་ལས་གྱུར་པའི་ངང་ཚུལ་ཅན་གང་དག་ཡིན་པ་དེ་དག་གྲུབ་པ་དང་མ་གྲུབ་པ་ལས་གྱུར་པའོ། །ཉེས་པ་རྣམས་ཀྱི་རྣམ་པར་རྟོག་པ་ནི་ཉེས་པའི་རྣམ་པར་རྟོག་པ་སྟེ། རྣམ་པར་རྟོག་པའི་སྒྲས་ནི་འདིར་རྣམ་པར་སྟོན་ཏོ། །གྲུབ་པ་དང་མ་གྲུབ་པ་ལས་
གྱུར་པ་ཡང་ཡིན་ལ་ཉེས་པ་ཡང་ཡིན་ཞེས་ཚིག་བསྡུའོ། །དེ་དག་ལས་མི་འདའ་སྟེ། དེ་བས་ན་གྲུབ་པ་དང་མ་གྲུབ་པ་ལས་གྱུར་པའི་ཉེས་པའི་རྣམ་པར་རྟོག་པ་ལས་མི་འདའ་བའི་ཕྱིར་རོ་ཞེས་དེ་སྐད་སྨོས་སོ། །འདི་སྐད་བསྟན་ཏེ། གྲུབ་པའི་ངོ་བོའི་ཕྱོགས་ཀྱི་ཉེས་པ་གང་ཡིན་པ་དང་མ་གྲུབ་པའི་ཕྱོགས་
ཀྱི་ངོ་བོའི་ཉེས་པ་གང་ཡིན་པ་དེ་དག་ཐམས་ཅད་ཕྱོགས་འདི་ལ་ཡང་ཡོད་དེ། འདི་ལྟར་ཆ་ཤས་གྲུབ་པ་གང་ཡིན་པ་དེ་དག་ནི། གྲུབ་པའི་ཕྱིར་གཞན་གྱི་དབང་དུ་མི་རུང་ངོ་། །མ་གྲུབ་པ་ཡང་མེད་པའི་ངོ་བོ་ཡིན་པའི་ཕྱིར་གཞན་གྱི་དབང་དངོས་པོར་གྱུར་པ་མ་ཡིན་ནོ། །དངོས་པོ་གཅིག་ལ་གྲུབ་
པ་དང་མ་གྲུབ་པའི་ངོ་བོ་གཉི་ག་ཡང་མེད་དོ་ཞེས་བྱ་བ་ནི་དངོས་པོ་གཅིག་ལ་གྲུབ་པ་དང་མ་གྲུབ་པའི་ངོ་བོ་ཡང་མེད་དེ། འདི་ལྟར་ཆ་ཤས་མེད་པ་ནི་དངོས་པོར་འདོད་དོ། །ཆ་ཤས་དང་བཅས་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་གྲུབ་པའམ་ཅིག་ཤོས་ཀྱི་
གཞན་གྱི་དབང་ཁོ་ན་མེད་པ་ཞེས་བྱ་བ་ནི་ཇི་སྐད་དུ་སྨོས་པའི་ཚུལ་གྱིས་ཇི་ལྟར་གྲུབ་པའམ་མ་གྲུབ་པའི་གཞན་གྱི་དབང་མི་འཐད་དེ། འདི་ལྟ་སྟེ། གྲུབ་པའི་ཕྱོགས་ལ་གཞན་གྱི་དབང་ཁོ་ན་མེད་ཅིང་མ་གྲུབ་པའི་ཕྱོགས་ལ་ཡང་གཞན་གྱི་དབང་དངོས་པོར་མི་འཐད་དོ། །དེ་བས་ན་དངོས་
པོ་ཐམས་ཅད་ཀྱི་འབྲེལ་པ་ཡང་དག་ཉིད་དུ་དངོས་པོར་མེད་དེ། དངོས་པོ་ཐམས་ཅད་ཀྱི་འབྲེལ་པ་གཞན་གྱི་དབང་གི་མཚན་ཉིད་དོན་དམ་པར་མེད་དོ་ཞེས་མཇུག་སྡུད་པའོ། །དངོས་པོར་ཞེས་བྱ་བ་འདིས་ནི་ཡང་དག་ཉིད་དུ་ཞེས་བྱ་བ་དེ་བཤད་དོ། །རྣམ་པར་རྟོག་པས་བཀོད་པ་ནི་མི་དགག་གོ་
ཞེས་བྱ་བ་ནི་རྟོག་པས་གཞག་པའི་གཞན་གྱི་དབང་གང་ཡིན་པ་དེ་ནི་མི་དགག་སྟེ། ཅིའི་ཕྱིར་ཞེ་ན། དེའི་ཕྱིར་དངོས་པོ་མེད་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་རྟོག་པས་བསྐྱེད་པའི་གཞན་གྱི་དབང་ནི་དངོས་པོར་ཡོད་པ་མ་ཡིན་པ་དེའི་ཕྱིར་མི་དགག་གོ། །ངོ་བོ་འདྲེས་པ་འབྲེལ་པ་ཡིན་གྱི་གཞན་

གྱི་དབང་ཁོ་ན་ནི་མ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་འོན་ཏེ་འདི་སྙམ་དུ་ང་ནི་གཞན་གྱི་དབང་གི་མཚན་ཉིད་འབྲེལ་པ་ཡིན་པར་མི་སྨྲའི་འོ་ན་ཅི་ཞེ་ན། ངོ་བོ་འདྲེས་པའི་མཚན་ཉིད་དོ། །ངོ་བོ་གཉིས་ཀྱིའམ་ངོ་བོ་རྣམས་ཀྱི་འདྲེས་པ་ནི་ངོ་བོ་འདྲེས་པ་སྟེ། རང་གི་ངོ་བོ་ཕྲད་ཅེས་བྱ་བའི་དོན་ཏོ། །དེ་ནི་མི་རུང་སྟེ། གཉིས་ཉིད་
ཡིན་ཞེས་བྱ་བ་འདིའི་བཤད་པ་ནི་འབྲེལ་པ་ཅན་གཉིས་ཀྱི་ངོ་བོ་ཡིན་ན་ཞེས་བྱ་བ་ཡིན་ནོ། །འདི་སྐད་བསྟན་ཏེ། འབྲེལ་པ་ཅན་ནི་འདིར་ངོ་བོ་ཉིད་ཁོ་ན་ཡིན་ན་ངོ་བོ་འདྲེས་པ་དེ་ཡང་ཞེས་བྱ་བ་ལ། ངོ་བོ་འདྲེས་པའི་སྒྲ་རང་གི་ངོ་བོ་གཅིག་པའི་མཚན་ཉིད་ཅེས་བྱ་བ་དེས་བཤད་དེ། རང་གི་ངོ་བོ་གཅིག་པའི་མཚན་
ཉིད་དེར་ཡང་ཇི་ལྟར་འགྱུར་ཞེས་བྱ་བའི་དོན་ཏོ། །འདིའི་བཤད་པ་ནི་མི་འགྱུར་བ་ཉིད་དོ་ཞེས་བྱ་བ་ཡིན་ཏེ། འདི་ནི་འགོག་པ་ཡིན་ཏེ་དྲི་བ་མ་ཡིན་ནོ་ཞེས་བྱ་བར་བསམས་པའོ། །འདི་སྐད་བསྟན་ཏེ། ཇི་སྲིད་དུ་འབྲེལ་པ་ཅན་གཉིས་ཀྱི་ངོ་བོ་མི་འདོར་བ་དེ་སྲིད་དུ་རང་གི་ངོ་བོ་གཅིག་པའི་མཚན་ཉིད་
ཀྱི་ངོ་བོར་འདྲེས་པར་ཇི་ལྟར་འགྱུར། འོན་ཏེ་ཡང་དེའི་ཚེ་འབྲེལ་པ་ཅན་གཉིས་ཀྱི་ངོ་བོ་མ་ཡིན་གྱི། འོ་ན་ཅི་ཞེ་ན། འབྲེལ་པའི་དུས་ན་ངོ་བོ་གཅིག་པར་འགྱུར་རོ་ཞེ་ན། དེའི་ཕྱིར་གཅིག་ཏུ་གྱུར་ན་ཡང་འབྲེལ་པ་ཅན་གཉིས་མེད་པའི་ཕྱིར་འབྲེལ་པ་གང་ཞིག་ཡིན་གྱི་ཞེས་བྱ་བ་སྨོས་ཏེ། ཅི་སྟེ་
འབྲེལ་པ་ཅན་གཅིག་ཏུ་གྱུར་ན་དེའི་ཚེ་འབྲེལ་པ་ཅན་གཉིས་མེད་པས་ཤིན་ཏུ་ཡང་འབྲེལ་པ་མི་གྲུབ་པོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་ན་ཞེས་བྱ་བ་ནི་འོན་ཏེ་ཡང་ངོ་བོ་འདྲེས་པའི་སྒྲ་ངོ་བོ་གཅིག་ལ་མི་ཟེར་འདི་གཉིས་ལ་གནས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་འབྲེལ་པ་ནི་གཉིས་ལ་གནས་པར་
འདོད་དོ། །འདི་སྐད་བསྟན་ཏེ། འབྲེལ་པའི་གཞི་ནི་དུ་མ་ཡིན་ན་འབྲེལ་པ་ཅན་ངོ་བོ་གཅིག་ཏུ་གྱུར་ན་ཇི་ལྟར་འགྱུར། འོན་ཏེ་འདི་སྐད་དུ་འདྲེས་པ་ནི་ངོ་བོ་ཉིད་གཅིག་ཏུ་གྱུར་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན། བར་མེད་པ་ཡིན་ནོ་ཞེ་ན་ཞེས་བྱ་བའམ་འོན་ཏེ་ཡང་ངོ་བོ་འདྲེས་པའི་སྒྲ་ངོ་བོ་གཅིག་པ་ལ་མི་ཟེར་
གྱི་འོ་ན་ཅི་ཞེ་ན། དངོས་པོ་རྣམ་པར་མེད་པ་ཁོ་ན་ངོ་བོ་འདྲེས་པ་ཡིན་ནོ། །ཞེས་སྨྲ་ན། ཡིན་དུ་ཟད་མོད་ཅི་ཞིག་དགག་སྟེ། ཅི་སྟེ་བར་མེད་པ་ལ་ངོ་བོ་འདྲེས་པའི་སྒྲར་བརྗོད་ན་ལེགས་པར་བརྗོད་ཤིན་ཏུ་བརྗོད་དེ་དེ་ནི་ང་འགོག་པ་མེད་དོ། །བར་མེད་པ་ནི་བར་མེད་པ་ཙམ་དུ་ཟད་པས་འབྲེལ་པ་

དངོས་པོར་གྱུར་པ་ཡོད་པར་མི་འགྱུར་རོ་ཞེས་བྱ་བ་འདི་ལ་བར་དང་བྲལ་བས་བར་མེད་པ་སྟེ། བར་གྱི་སྒྲ་ནི་ཕྲག་ལ་བྱའོ། །བར་མེད་པའི་ངོ་བོ་ནི་བར་མེད་པའོ། །ཅི་སྟེ་ངོ་བོ་འདྲེས་པའི་སྒྲ་བར་མེད་པ་ལ་བརྗོད་ན་དེའི་ཚེ་མི་འདོད་པ་ཅི་ཞིག་བརྗོད་པ་ཡིན་ཏེ།
འོན་ཀྱང་འབྲེལ་པ་དངོས་པོར་གྱུར་པ་ནི་མི་འགྲུབ་པོ། །གཞན་ཡང་ཅི་སྟེ་བར་ཆད་མེད་པ་འབྲེལ་པ་ཡིན་ན་བར་དང་བཅས་པ་ན་ཡང་འབྲེལ་པ་ཅི་སྟེ་མི་འདོད་དེ་ཞེས་བྱ་བ་ནི་ཅི་སྟེ་བར་མེད་པར་གནས་པ་ལ་བར་མེད་པ་ཞེས་བྱ་བའི་འབྲེལ་པ་ཡིན་པར་ཁས་ལེན་ན་དེའི་ཚེ་སོ་སོར་གནས་པ་ལ་ཡང་བར་དང་
བཅས་པ་ཞེས་བྱ་བའི་འབྲེལ་པ་ཅི་སྟེ་ཁས་མི་བླང་ཅི་སྟེ་ཡང་ཇི་ལྟར་ན་བར་མེད་པའི་འབྲེལ་པ་ཁས་ལེན་ན་བར་དང་བཅས་པའི་མཚན་ཉིད་ཀྱི་འབྲེལ་པ་ཡང་ཡོད་པར་འགྱུར་བ་ཡིན་ཞེ་ན། དེའི་ཕྱིར་གཉི་གར་ཡང་འབྲེལ་པ་ཅན་གཉིས་རང་གི་ངོ་བོ་ལ་གནས་པར་བྱེ་བྲག་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ།
ཇི་ལྟར་འབྲེལ་པ་ཅན་གཉིས་འདྲེས་པ་ན་སྔོན་གྱི་རང་བཞིན་མི་འདོར་བ་བཞིན་དུ་སོ་སོར་གནས་པ་ན་ཡང་སྔོན་གྱི་རང་བཞིན་མ་བོར་བ་ཡིན་ནོ། །དེ་བས་ན་ཇི་ལྟར་འབྲེལ་པ་ཅན་གཉིས་བར་མེད་པ་ལ་འབྲེལ་བར་འདོད་པ་དེ་བཞིན་དུ་བར་དང་བཅས་པ་ལ་ཡང་འདོད་པར་བྱས་ཤིག །ཡང་ན་ནི་གཉིས་
ཀར་ཡང་འབྲེལ་པ་ཁས་བླང་བར་མི་བྱའོ། །འོན་ཏེ་ཡང་བར་མེད་པ་ལ་ནི་ངོ་བོ་འདྲེས་པར་ཁས་ལེན་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཕྲད་པ་ཡིན་ནོ་ཞེ་ན། དེའི་ཕྱིར་ཕྲད་པ་ལ་སོགས་པ་ཡང་བར་ཆད་མེད་པའི་དོན་དུ་འདུས་པ་ཁོ་ན་ཡིན་པས་རྗོད་པར་མ་བྱེད་ཅིག་ཅེས་བྱ་བ་སྨོས་ཏེ། བར་དུ་མེད་པའི་དོན་
དུ་འདུས་པའི་ངང་ཚུལ་ཅན་གང་དག་ཡིན་པ་དེ་དག་ནི་བར་མེད་པའི་དོན་དུ་འདུས་པ་ཁོ་ན་སྟེ། བར་མེད་པར་བསྟན་པ་གང་ཡིན་པ་དེ་ཉིད་ཕྲད་པར་བསྟན་པ་ཡང་དེ་ཡིན་ནོ། །སོགས་པའི་སྒྲས་ནི་ཉེ་བ་དང་། རེག་པ་དང་བར་མ་ཆོད་པ་ལ་སོགས་པ་བལྟ་བར་བྱའོ། །གང་གི་ཕྱིར་བར་མེད་པའི་རྣམ་གྲངས་
ཕྲད་པ་ལ་སོགས་པ་ཡིན་པ་དེའི་ཕྱིར་འདིར་དེ་སྐད་སྟོན་པ་ནི་ཆེན་པོ་མི་རུང་ངོ་། །གང་གི་ཕྱིར་དེ་ལྟར་ངོ་བོ་འདྲེས་པའི་མཚན་ཉིད་ཀྱང་འབྲེལ་པ་མ་ཡིན་པ་ཞེས་བྱ་བ་ལ། སྲིད་ཅེས་བྱ་བ་ནི་ཚིག་གི་ལྷག་མའོ། །དེའི་ཕྱིར་རང་བཞིན་ཐ་དད་པ་ལ་ཞེས་བྱ་བའི་བཤད་པ་ནི་འོག་ནས་དངོས་པོ་ཐམས་ཅད་ཀྱི་

རང་གི་ངོ་བོ་ཐ་དད་པ་ཞེས་བྱ་བ་ཡིན་ཏེ། རང་གི་ངོ་བོ་སྣ་ཚོགས་པའི་དངོས་པོ་དེ་དག་ཐམས་ཅད་ལ་འབྲེལ་བ་ཡང་དག་ཉིད་དུ་མེད་དེ། དོན་དམ་པར་དེ་དག་རང་གི་ངོ་བོ་འདྲེས་པའི་མཚན་ཉིད་ཀྱི་འབྲེལ་པ་མེད་དོ། །རྟོག་པས་སྒྲོ་བཏགས་པ་ལས་མ་གཏོགས་པར་ཞེས་བྱ་བ་ནི་རྟོག་པས་
བརྟགས་པའི་འབྲེལ་པ་ནི་མི་དགག་གོ། །འོན་ཏེ་གཞན་ལྟོས་པ་འབྲེལ་པ་ཡིན་གྱི་ངོ་བོ་འདྲེས་པ་མ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་ཡང་ང་ནི་ངོ་བོ་འདྲེས་པའི་མཚན་ཉིད་ལ་འབྲེལ་པར་ཁས་མི་ལེན་གྱི་འོ་ན་ཅི་ཞེ་ན། ལྟོས་པའི་མཚན་ཉིད་ལ་འབྲེལ་པར་སྨྲའོ། །དེ་བས་ན་ཇི་སྐད་དུ་སྨོས་པའི་
སྐྱོན་དུ་མི་འགྱུར་རོ་ཞེ་ན། འདིར་ཡང་གཞན་ལྟོས་པ་ན་ལྟོས་པས་འབྲེལ་པ་ཅན་དུ་གྱུར་པའི་ཕྱོགས་འདི་ལ་ཡང་མྱུ་གུ་ལ་སོགས་པ་གཞན་གང་ཡིན་པ་ས་བོན་ལ་སོགས་པ་ལ་ལྟོས་ཏེ། མྱུ་གུ་ལ་སོགས་པ་དེ་ལྟོས་པ་ན་ལྟོས་པའི་མཚན་ཉིད་ཀྱིས་འབྲེལ་ཏེ། འབྲེལ་པ་ཅན་དུ་ཁས་
ལེན་ན་བརྟགས་པ་གཉིས་ཏེ། ལྟོས་ནས་ཡོད་པ་ཞིག་ལྟོས་སམ་མེད་པ་ཞིག་ལྟོས། ཡོད་པ་ནི་རང་གི་ངོ་བོར་གྲུབ་ཅིང་ཡོད་པའོ། །མེད་པ་ནི་རང་གི་ངོ་བོར་མ་གྲུབ་ཅིང་མེད་པའི་དོན་ཏོ། །ཅི་སྟེ་མེད་ན་ཞེས་བྱ་བ་ནི་རེ་ཞིག་ཅི་སྟེ་མེད་པའི་ལྟོས་པར་ཁས་ལེན་ན་མེད་ན་དེ་ནི་ཅི་ལྟར་ལྟོས་
ཞེས་བྱ་བ་དེ་ཉིད་ཀྱི་བཤད་པ་ནི་འོག་ནས་རང་གི་ངོ་བོར་མ་གྲུབ་པའི་དངོས་པོ་ལ་ལྟོས་པའི་ཆོས་མེད་པས་ཞེས་བྱ་བ་སྨྲས་ཏེ། གང་ཞིག་རང་གི་ངོ་བོར་མ་གྲུབ་ཅིང་མ་ཐོབ་པ་དེ་ཇི་ལྟར་ལྟོས་པར་བྱེད་པར་འགྱུར། བས་ཞེས་བྱ་བའི་སྒྲ་ནི་དེ་ནི་དེས་ན་ཞེས་བྱ་བར་རིག་པར་བྱ་སྟེ། མེད་པས་གང་ཞིག་
གང་གི་འབྲེལ་པ་ཡིན་ཞེས་བྱ་བ་ནི་དེ་བས་ན་ལྟོས་པའི་མཚན་ཉིད་ཀྱི་འབྲེལ་པ་གང་ཡང་མེད་ལ། གང་གི་ཡང་མ་ཡིན་ནོ། །ཡོད་ན་ཡང་ཀུན་ལ་རག་མ་ལས་ཞེས་བྱ་བ་ནི་གང་ཞིག་རང་གི་ངོ་བོ་ཐམས་ཅད་གྲུབ་པ་དེ་ནི་རྣམ་པ་ཐམས་ཅད་དུ་རེ་བ་མེད་དོ། །དེ་ཉིད་ཀྱི་བཤད་པ་ནི་རང་གི་ངོ་བོ་ཐམས་ཅད་
སྐྱེས་པ་ལྟོས་པ་མེད་པའི་དངོས་པོ་ཞེས་བྱ་བ་ཡིན་ཏེ། ཐམས་ཅད་ཀྱང་ཡིན་ལ་རང་གི་ངོ་བོ་ཡང་ཡིན་པས་རང་གི་ངོ་བོ་ཐམས་ཅད་དོ། །དེ་དག་སྐྱེས་པ་ལ་དེ་སྐད་ཅེས་བྱ་སྟེ། སྐྱེས་པའི་སྒྲ་ནི་བྱུང་བ་ལ་བྱའོ། །རང་གི་ངོ་བོ་ཐམས་ཅད་བསྐྱེད་པར་བྱ་བའི་ཕྱིར་མི་ལྟོས་ཏེ། རང་གི་དངོས་པོ་ཐམས་

ཅད་སྐྱེས་པ་ལྟོས་པ་མེད་པའི་ངོ་བོ་ལྟོས་པ་གང་གིས་ནི་འབྲེལ་པར་འགྱུར་བ་ཇི་ལྟར་ལྟོས་པ་ཡིན། གང་ཞིག་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པའི་ངོ་བོ་དེ་གང་གིས་ན་འབྲེལ་པར་ཁས་བླང་བར་འགྱུར་བ་ལྟོས་པའི་རྣམ་པ་གང་གིས་གཞན་ལྟོས་པ་ཡིན། ལྷག་མ་ནི་
གཞན་གྱི་དབང་བཞིན་དུ་བརྗོད་པར་བྱའོ་ཞེས་བྱ་བ་ནི་འདི་ལ་ལྷག་མ་བརྗོད་པར་བྱ་བ་གང་ཡིན་པའང་ཡོད་དེ། དེ་ནི་གཞན་གྱི་དབང་དཔྱད་པ་ཇི་སྐད་བརྗོད་པ་དེ་བཞིན་དུ་བརྗོད་པར་བྱའོ། །དེ་ཡང་འདི་སྐད་དུ་བརྗོད་པར་བྱ་སྟེ། ཅི་སྟེ་ཕ་རོལ་པོ་ན་རེ་རྣམ་པ་ཐམས་ཅད་དུ་ཡོངས་སུ་གྲུབ་པ་ནི་ལྟོས་པའི་
ཆོས་ཅན་དུ་མི་བརྗོད་དོ། །གྲུབ་ཏུ་ཟིན་ཀྱང་འོན་ཀྱང་ཅུང་ཟད་མ་གྲུབ་པ་ཡོད་པས་དེ་གྲུབ་པར་བྱ་བའི་ཕྱིར་ལྟོས་སོ་ཞེས་སྨྲ་ན་དེ་ཡང་མི་རུང་སྟེ། གྲུབ་པ་དང་མ་གྲུབ་པ་ལས་གྱུར་པའི་ཉེས་པ་ལས་མི་འདའ་བའི་ཕྱིར་དང་། གཅིག་ལའང་གྲུབ་པ་དང་མ་གྲུབ་པའི་ངོ་བོ་གཉིས་ཀ་ཡང་མེད་དོ་ཞེས་
སྔར་བསྟན་པ་བཞིན་དུ་བྱའོ། །འབྲེལ་པ་རྣམ་པ་གསུམ་པོ་དེ་ནི་འབྲེལ་པ་ཅན་གྱི་རང་གི་ངོ་བོ་ལས་རང་གི་ངོ་བོ་ཐ་མི་དད་པར་ཁས་ལེན་པ་ལ་དཔྱད་པ་ཡིན་ཏེ། འདི་ལྟར་སྨྲ་བ་གང་དག་འབྲེལ་པ་ཅན་ཉིད་ཀྱི་ནང་དུ་འདུས་ཤིང་འབྲེལ་པ་ཅན་གྱི་ངོ་བོ་ལ་འབྲེལ་པའི་སྒྲར་བརྗོད་པ་དེའི་ཆེད་དུ་འདི་
བསྟན་པ་ཡིན་ནོ། །ད་ནི་སྨྲ་བ་གང་དག་འབྲེལ་པ་ཅན་ལས་ངོ་བོ་ཐ་དད་པའི་འབྲེལ་པ་ཁས་ལེན་པ་དེ་བསལ་བའི་ཕྱིར་ཉེས་པ་འདིར་མི་འགྱུར་བར་བྱ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་ཡང་འབྲེལ་པ་རྣམ་པ་གསུམ་པོ་འབྲེལ་པ་ཅན་གྱི་རང་གི་ངོ་བོ་ཉིད་ཀྱི་ཕྱོགས་ལ་ཉེས་པ་བསྟན་པ་འདིར་མི་
འགྱུར་བར་བྱ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གཉིས་ཞེས་བྱ་བ་འདིའི་བཤད་པ་ནི་འབྲེལ་པ་ཅན་གཉིས་ཞེས་བྱ་བ་ཡིན་ཏེ། འདི་ལྟར་འབྲེལ་པ་ཅན་གཉིས་སོ། །དེ་བས་ན་དེ་གཉིས་ནི་འབྲེལ་པ་གཅིག་པུའི་སྟེ། འབྲེལ་པ་གཅིག་པུ་ནི་འོག་ནས་སྨོས་པའི་སྦྱོར་བ་གཅིག་པུ་ཞེས་བྱ་
བའི་དོན་ཏོ། །ཡོན་ཏན་དུ་བརྗོད་པའི་སྦྱོར་བ་དོན་ཐ་དད་པ་གཅིག་པུ་ཞེས་བྱ་བ་དེ་ནི་འབྲེལ་པ་ཅན་ལས་དོན་ཐ་དད་པ་ཡོན་ཏན་དུ་བརྗོད་པ་མིང་སྦྱོར་བ་ཞེས་བྱ་བ་གཅིག་པུ་གང་ཡིན་པ་དེ་དང་། ཐ་དད་པ་མེད་པའི་ཆོས་སམ་ཞེས་བྱ་བ་ནི་ཅི་སྟེ་ཡང་འབྲེལ་པ་ཅན་ལས་ཐ་དད་པ་མ་ཡིན་པའི་ངོ་བོ་

གནས་སྐབས་ཀྱི་བྱེ་བྲག་གི་ངོ་བོའི་ཆོས་ལ་མིང་བཏགས་པའམ། བརྗོད་དུ་མེད་པ་དངོས་པོར་གྱུར་པ་ནི་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ངོ་བོ་རྫས་སུ་ཡོད་པའོ། །དེ་བས་ན་གཅིག་པུ་དེ་དང་མངོན་པར་འབྲེལ་པ་རྒྱུས་ཅི་སྟེ་འབྲེལ་པར་འདོད་ན་ཞེས་བྱ་བ་ནི་ཇི་སྟེ་དོན་ཐ་དད་པར་གྱུར་པའམ།
དོན་ཐ་དད་པ་མ་ཡིན་པའམ། བརྗོད་དུ་མེད་པ་དང་མངོན་པར་འབྲེལ་པའི་རྒྱུས་འབྲེལ་པ་ཅན་གཉིས་ཕན་ཚུན་འབྲེལ་པར་འདོད་ན་དེའི་ཚེ་འབྲེལ་པ་དོན་ཐ་དད་པ་མ་ཡིན་པར་འདོད་པའི་ཕྱོགས་ལ་ནི་འབྲེལ་པ་ཅན་གཉིས་བརྟགས་པ་ཁོ་ནར་འགྱུར་བས་ཞེས་བྱ་བ་ནི་དོན་ཐ་དད་པ་མ་ཡིན་པའི་ཕྱོགས་གང་ཡིན་པ་
དེ་ལ་ནི་འབྲེལ་པ་ཅན་གཉིས་བརྟགས་པར་འགྱུར་ཏེ། འདི་ལྟར་འབྲེལ་པའི་རྒྱུས་འབྲེལ་པ་ཅན་གཉིས་ལ་འབྲེལ་པ་ཞེས་བརྗོད་པ་ཡིན་ན་ཕྱོགས་དེ་ལ་ནི་འབྲེལ་པ་དོན་དམ་པར་མེད་དོ། །དེ་བས་ན་འབྲེལ་པ་མེད་པར་ཡང་འབྲེལ་པ་ཅན་ཁས་བླང་བར་གྱུར་པའི་ཕྱིར་རོ། །འབྲེལ་པ་གང་ཡང་མེད་དོ་ཞེས་
བྱ་བ་ནི་གང་གི་ཚེ་འབྲེལ་པ་ཅན་གཉིས་བརྟགས་པ་ཡིན་པ་དེའི་ཚེ་དོན་དམ་པར་འབྲེལ་པ་གང་ཡང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་ན་ཡང་འབྲེལ་པ་ལས་འབྲེལ་པ་ཅན་གཞན་མ་ཡིན་པས་གཅིག་ཏུ་གྱུར་པའི་ཡང་ཕྱིར་རོ་ཞེས་བྱ་བ་ནི་ཇི་སྟེ་འབྲེལ་པ་གཅིག་པུ་ལས་འབྲེལ་པ་ཅན་གཉིས་ཐ་དད་
པ་མ་ཡིན་ན་ནི་དེས་ན་འབྲེལ་པ་ཅན་གཉིས་མེད་པའི་ཕྱིར་གང་གི་འབྲེལ་པ་ཡིན། འབྲེལ་པ་ནི་གཞི་དུ་མ་ཅན་ཡིན་ན་འབྲེལ་པ་ཅན་གཉིས་མེད་པར་དེ་ཡོད་པར་ཇི་ལྟར་འགྱུར། བརྗོད་དུ་མེད་པར་དངོས་པོར་གྱུར་པ་ཡང་རིགས་པའི་ཚུལ་གྱིས་ན་དོན་ཐ་དད་པ་དང་དོན་ཐ་དད་པ་མ་ཡིན་པའི་རྣམ་པར་
རྟོག་པ་ལས་མི་འདའ་བའི་ཕྱིར་རོ་ཞེས་བྱ་བ་ནི་གང་ཞིག་བརྗོད་དུ་མེད་པའི་དངོས་པོར་གྱུར་པ་ཁས་ལེན་ན་དེ་ནི་དོན་ཐ་དད་པ་དང་དོན་ཐ་དད་པ་མ་ཡིན་པར་རིགས་པའི་ཚུལ་གྱིས་གྲུབ་སྟེ། འདི་ལྟ་སྟེ། དོན་ཐ་དད་པ་དང་དོན་ཐ་དད་པ་མ་ཡིན་པ་གཉིས་ཀྱིས་ཐམས་ཅད་བསྡུས་པའི་ཕྱིར་དངོས་
པོར་གྱུར་པ་ནི་དོན་ཐ་དད་པའམ། དོན་ཐ་དད་པ་མ་ཡིན་པ་གཅིག་ཏུ་འགྱུར་རོ། །གང་གི་ཕྱིར་དེ་ལྟར་གྱུར་པ་དེའི་ཚེ་དོན་ཐ་དད་པ་མ་ཡིན་པའི་ཕྱོགས་ལ་ནི་འབྲེལ་པ་དང་འབྲེལ་པ་ཅན་གང་ཡང་མེད་དོ་ཞེས་བྱ་བ་ནི་གང་གི་ཚེ་འབྲེལ་པ་ཅན་དག་ལས་འབྲེལ་པ་དབྱེར་མེད་པར་འདོད་པ་དེའི་ཚེ་འབྲེལ་

པ་མེད་དོ། །གང་གི་ཚེ་འབྲེལ་པ་གཅིག་པུ་ལས་འབྲེལ་པ་ཅན་གཉིས་དབྱེར་མེད་པར་འདོད་པ་དེའི་ཚེ། འབྲེལ་པ་ཅན་གཉིས་ཡོད་པ་མ་ཡིན་ནོ། །དེ་ལྟར་རེ་ཞིག་འབྲེལ་པ་བརྗོད་དུ་མེད་པ་ནི་རིགས་པའི་ཚུལ་གྱིས་དོན་ཐ་དད་པ་མ་ཡིན་པར་འགྱུར་བའི་ཉེས་པ་
བསྟན་ཟིན་ཏོ། །གང་ཡང་བརྗོད་དུ་མེད་པའི་རིགས་པའི་ཚུལ་གྱིས་དོན་ཐ་དད་པར་གྱུར་པ་དེའི་ཉེས་པ་ནི་འོག་ནས་སྦྱོར་བ་བསལ་བའི་ཕྱོགས་ལས་རིག་པར་བྱའོ། །དེ་ལྟར་ན་ཐ་དད་པ་མ་ཡིན་པའི་ཕྱོགས་དང་། བརྗོད་དུ་མེད་པའི་ཕྱོགས་གཉིས་བསལ་བ་ཡིན་ནོ། །གང་ཡང་
ཕྱོགས་གསུམ་པ་ཡོན་ཏན་དུ་བརྗོད་པའི་སྦྱོར་བ་བསྟན་པར་གསུམ་པ་དེ་བསལ་བ་ནི་སྦྱོར་བ་དང་འདུལ་བ་བསལ་བ་ལས་རིག་པར་བྱའོ། །དོན་ཐ་དད་པའམ་ཅིག་ཤོས་ཀྱི་འབྲེལ་བ་ཡོད་དུ་ཆུག་ཀྱང་ཞེས་བྱ་བ་ནི་ཧ་ཅང་བསྡམས་པ་འདིས་ཅི་ཞིག་བྱ་སྟེ། འབྲེལ་པ་དོན་ཐ་དད་
པའམ་དོན་ཐ་དད་པ་མ་ཡིན་པ་ཡིན་ཡང་རུང་སྟེ། འོན་ཀྱང་དེ་དང་གཉིས་འབྲེལ་པ་གང་ཡིན་ཞེས་བྱ་བ་འདིའི་བཤད་པ་ནི་གཅིག་པུ་དེ་དང་གཉིས་སུ་འབྲེལ་པ་གང་ཡིན་ཞེས་བྱ་བ་ཡིན་ཏེ། འབྲེལ་པ་རྒྱུར་གྱུར་པ་གང་ཡིན་པས་འབྲེལ་པ་ཅན་གཉིས་འབྲེལ་པར་འདོད་ན་དེ་དང་དེ་གཉིས་
ལྷན་ཅིག་པ་ལ་ཡང་འབྲེལ་པ་གཞན་བསལ་དགོས་ཏེ། གཞན་དུ་ན་ནི་འབྲེལ་པ་ཅན་གཉིས་ཀྱིས་འབྲེལ་པ་འདི་ཡིན་ནོ་ཞེས་རྒྱུ་མཚན་གང་ཞིག་གིས་རབ་ཏུ་དབྱེ་བ་དྲུག་པར་འགྱུར། མེད་པ་ཉིད་དོ་ཞེས་བྱ་བ་འདིས་ནི་འགོག་པའི་ཚིག་ཡིན་གྱི་འདྲི་བའི་ཚིག་མ་ཡིན་པར་སྟོན་པའོ། །
ཅིའི་ཕྱིར་འབྲེལ་པ་དང་འབྲེལ་པ་ཅན་གཉིས་ལྷན་ཅིག་པ་ལ་འབྲེལ་པ་གཞན་མི་སྲིད་ཅེ་ན། དེའི་ཕྱིར་ཇི་སྐད་སྨོས་པའི་སྐྱོན་ཡོད་པའི་ཕྱིར་ཇི་ལྟར་འབྲེལ་པ་ཅན་གཉིས་འབྲེལ་པ་མེད་པ་དེ་བཞིན་དུ་དེ་དང་ཡང་འབྲེལ་པ་ཅན་གཉིས་ཀྱི་འབྲེལ་པ་མེད་ཅེས་བྱ་བ་སྨོས་ཏེ། ཇི་ལྟར་འབྲེལ་པ་ཅན་ཉི་
ཚེ་ལ་ཕན་ཚུན་དུ་གཞན་གྱི་དབང་ལ་སོགས་པ་བཀག་པ་དེ་བཞིན་དུ་འབྲེལ་བ་འདི་དང་ཡང་འབྲེལ་བ་ཅན་གཉིས་ལྷན་ཅིག་ཏུ་གཞན་གྱི་དབང་ལ་སོགས་པ་མི་འཐད་དོ། །གཞན་དུ་ན་འབྲེལ་པ་ཅན་གཉིས་ཉི་ཚེ་འབྲེལ་པ་ལ་ཡང་ཅི་ཞིག་ཞེ་སྡང་དུ་ཡོད་ཅེས་བྱ་བ་ནི་ཅི་སྟེ་འབྲེལ་པ་དང་འབྲེལ་པ་ཅན་

གཉིས་ལྷན་ཅིག་པའི་གཞན་གྱི་དབང་ལ་སོགས་པ་ཁས་ལེན་ན་དེའི་ཚེ་འབྲེལ་པ་ཅན་ཉི་ཚེ་ལ་ཡང་མི་བཟོད་དུ་ཅི་ཞིག་ཡོད་དེ། གང་གིས་ན་དེ་གཉིས་ཕན་ཚུན་དུ་གཞན་གྱི་དབང་ལ་སོགས་པའི་འབྲེལ་པར་མི་འདོད། གཞན་ཡང་ཞེས་བྱ་བས་ནི་སྐྱོན་གཞན་སྟོན་པའོ། །ཅི་སྟེ་འབྲེལ་པའི་དོན་གཅིག་
དང་འབྲེལ་པའི་ཕྱིར་འབྲེལ་པར་འདོད་ན་དེའི་ཚེ་འབྲེལ་བ་དང་འབྲེལ་པ་ཅན་གཉིས་ལ་ཡང་འབྲེལ་པ་ཞིག་ཡོད་པར་བྱ་དགོས་ཏེ་ཞེས་བྱ་བ་ནི་ཇི་སྟེ་འབྲེལ་པ་ཅན་ཉི་ཚེ་འབྲེལ་པ་གཞན་དང་ལྡན་པའི་ཕྱིར་ཕན་ཚུན་འབྲེལ་པར་འདོད་ན་དེའི་ཚེ་འབྲེལ་པ་དང་འབྲེལ་པ་ཅན་གཉིས་ཀྱང་འབྲེལ་པ་གཞན་དང་ལྡན་པའི་
ཕྱིར་འབྲེལ་པར་འདོད་པར་བྱ་དགོས་སོ། །ཅིའི་ཕྱིར་ཞེ་ན། དེའི་ཕྱིར་དེ་ལྟ་བུར་འབྲེལ་པ་ཁས་ལེན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་ཁྱོད་འབྲེལ་པ་གཅིག་གི་རྒྱུས་འབྲེལ་པར་འདོད་པ་དེས་ན་འབྲེལ་པ་དང་འབྲེལ་པ་ཅན་གཉིས་ལ་ཡང་འབྲེལ་པ་གཅིག་གིས་འབྲེལ་པར་འདོད་པར་བྱ་དགོས་སོ། །
དེ་ལ་ཡང་འབྲེལ་པའི་དོན་གཅིག་པུ་ཞིག་ཡོད་པས་ཞེས་བྱ་བ་ནི་ཇི་ལྟར་འབྲེལ་པ་དང་པོ་དང་འབྲེལ་པ་ཅན་གཉིས་ལྷན་ཅིག་པ་ལ་འབྲེལ་པ་གཞན་ཁས་ལེན་པ་དེ་བཞིན་དུ་འབྲེལ་པ་གཉིས་པ་དང་ཡང་འབྲེལ་པ་ཅན་གཉིས་དང་འབྲེལ་པ་དང་པོ་དང་ལྷན་ཅིག་པའི་འབྲེལ་པ་གཞན་ཡང་ཁས་བླང་བར་བྱའོ། །དེ་
བཞིན་དུ་འབྲེལ་པ་གསུམ་པ་དང་འབྲེལ་པ་ཅན་གཉིས་དང་འབྲེལ་པ་དང་པོ་དང་གཉིས་པ་དང་ལྷན་ཅིག་པའི་འབྲེལ་པ་གཞན་བཞི་པ་ཡང་ཡོད་པར་བྱ་དགོས་ཏེ། དེ་བས་ན་ཐུག་པ་མེད་པར་ཡང་འགྱུར་རོ་ཞེས་བྱ་བ་ནི་ཇི་སྐད་དུ་སྨོས་པའི་ཚུལ་གྱིས་ན་ཐུག་པ་མེད་པར་འགྱུར་རོ། །དེ་སྟེ་འགའ་ཞིག་ཏུ་
འབྲེལ་པ་གཅིག་པུའི་དོན་མ་གྲུབ་སྟེ། འབྲེལ་པ་མེད་ན་ནི་ཐམས་ཅད་དུ། དེ་བཞིན་འབྲེལ་མེད་ཤེས་པར་བྱ། །ཞེས་བྱ་བ་ནི་ཅི་སྟེ་ཇི་སྐད་དུ་བསྟན་པའི་ཚུལ་གྱིས་ཐུག་པ་མེད་པར་འགྱུར་བ་དེའི་ཚེ་ངེས་པར་འདིས་ཐུག་པ་མེད་པ་སྤང་བའི་ཕྱིར་འགའ་ཞིག་ཏུ་གནས་སྐབས་ཁ་ཅིག་ཏུ་འབྲེལ་པ་གཅིག་
པུའི་དོན་ཁས་བླང་བར་མི་བྱའོ། །ལྔ་པའམ་དྲུག་པའི་གནས་སྐབས་གཞན་ཁ་ཅིག་ཏུ་འབྲེལ་པ་གཅིག་པུ་དང་འབྲེལ་པར་ཁས་མི་ལེན་ན་ནི་གནས་སྐབས་དེ་ནི་འབྲེལ་པ་ཅན་གཉིས་ཀྱི་འབྲེལ་པ་མེད་པར་འགྱུར་རོ། །ཇི་ལྟར་ན་དེ་ན་འབྲེལ་པ་ཅན་གཉིས་ཀྱི་འབྲེལ་པ་གཅིག་པུ་མེད་པ་དེ་བཞིན་དུ་

ཐམས་ཅད་དུ་ཡང་འབྲེལ་པ་ཅན་གཉིས་ཀྱིས་འབྲེལ་པ་གཅིག་པུ་མེད་པར་བྱ་དགོས་སོ། །ཐུག་པ་མེད་པར་འགྱུར་བས་འབྲེལ་པའི་ཤེས་པ་ནི་དངོས་པོའི་རྗེས་སུ་ཞུགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཅི་སྟེ་ཇི་སྐད་དུ་བསྟན་པའི་ཚུལ་གྱིས་ཐུག་པ་མེད་པར་གྱུར་པ་དེའི་ཚེ་འབྲེལ་
པའི་ཤེས་པ་ནི་འབྲེལ་པ་དངོས་པོར་གྱུར་པའི་རྒྱུ་མཚན་ཅན་མ་ཡིན་ནོ། །ཁ་ཅིག་ཏུ་འབྲེལ་པ་གཅིག་པུའི་དོན་མེད་པར་ཡང་འབྲེལ་པ་རྟོག་ན་ནི་འབྲེལ་པ་ཅན་དང་པོ་གཉིས་ལས་ཡང་དོན་གཅིག་པུ་དང་འབྲེལ་པའི་ཕྱིར་འབྲེལ་པར་མི་འགྱུར་རོ་ཞེས་བྱ་བ་ནི་འོན་ཏེ་ཡང་གནས་སྐབས་ཁ་ཅིག་ཏུ་
འབྲེལ་པ་གཅིག་པུའི་དོན་མེད་པར་ཡང་འབྲེལ་པ་ཁས་ལེན་ན་དེའི་ཚེ་འབྲེལ་པ་ཅན་དང་པོ་གཉིས་ལ་ཡང་འབྲེལ་པ་གཅིག་པུའི་རྒྱུ་མཚན་གྱིས་འབྲེལ་པར་ཁས་བླང་བར་མི་བྱའོ། །འོན་ཏེ་ཡང་འབྲེལ་པ་ཅན་གཉིས་འབྲེལ་པའི་དོན་གཅིག་པུས་འབྲེལ་པ་མ་ཡིན་གྱི་འབྲེལ་པ་ཅན་ཉེ་ཚེ་ཞིག་
འབྲེལ་པར་འགྱུར་རོ་ཞེ་ན། དེའི་ཕྱིར་ཉི་ཚེ་ཞིག་འབྲེལ་པ་ཡིན་ན་ཡང་ཉེས་པ་སྨྲས་ཟིན་ཏོ་ཞེས་བྱ་བ་སྨོས་ཏེ། འབྲེལ་པ་ཅན་ཉི་ཚེའི་འབྲེལ་པ་ཡང་ཁས་བླང་བར་མི་བྱ་སྟེ། འདི་ལྟར་དེ་ལ་ཉེས་པ་སྔར་བསྟན་ཟིན་ཏོ། །བར་མེད་པ་ལ་སོགས་པའི་ཆོས་ཐ་དད་པར་རྟོག་པའི་ལན་ཀྱང་དེས་བཏབ་ཟིན་ཏོ་
ཞེས་བྱ་བ་ནི་འབྲེལ་པ་གཅིག་པུའི་དོན་གྱི་སྒོ་ནས་འབྲེལ་པ་ཅན་གཉིས་འབྲེལ་པར་སྨྲས་པ་གང་ཡིན་པ་དེ་བསལ་བ་ཉིད་ཀྱིས་བར་མེད་པ་དང་། ཕྲད་པ་དང་ཉེ་བ་ལ་སོགས་པའི་ཆོས་ཐ་དད་པ་ཉིད་བསལ་བར་རིག་པར་བྱ་སྟེ། བར་མེད་པ་ལ་སོགས་པའི་ཆོས་གཞན་འབྲེལ་པ་གཅིག་པུའི་དོན་གྱིས་
འབྲེལ་པ་ཅན་གཉིས་འབྲེལ་པར་མི་འཐད་དོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་ལྟར་འབྲེལ་པ་རྣམ་པར་རྟོག་པ་རུང་བ་མ་ཡིན་པ་ཞེས་བྱ་བ་ནི་འབྲེལ་པ་ཅན་གཅིག་པུའི་སྒོ་ནས་ཀྱང་འདི་ལྟར་འབྲེལ་པའི་རྣམ་པར་རྟོག་པ་ཤིན་ཏུ་མི་འཐད་དོ། །དེ་བས་ན་དངོས་པོ་དེ་གཉིས་ཞེས་བྱ་བ་འདིའི་བཤད་
པ་ནི་འབྲེལ་པ་ཅན་དུ་མངོན་པར་འདོད་པ་ཞེས་བྱ་བ་ཡིན་ཏེ། འབྲེལ་པ་ཅན་ནི་འདིར་དངོས་པོར་བཤད་དོ། །དེ་ལས་གཞན་པ་ཞེས་བྱ་བ་འདིའི་བཤད་པ་ནི་འབྲེལ་པ་ཞེས་བྱ་བ་ཡིན་ཏེ། འབྲེལ་པ་ནི་འདིར་དེ་ལས་གཞན་པའི་སྒྲས་བརྗོད་དོ། །དེ་དག་ཐམས་ཅད་ཅེས་བྱ་བ་འདིའི་བཤད་པ་ནི་ཇི་

སྐད་དུ་སྨོས་པ་ཞེས་བྱ་བ་ཡིན་ཏེ། འབྲེལ་པ་དང་འབྲེལ་པ་ཅན་དུ་མངོན་པར་འདོད་པ་ཞེས་བྱ་བའི་བར་དུའོ། །བདག་ཉིད་གནས་ཞེས་བྱ་བ་འདིའི་བཤད་པ་ནི་འོག་ནས་རང་གི་ངོ་བོ་ལ་གནས་པ་ཡིན་ནོ་ཞེས་བྱ་བ་ཡིན་ཏེ། བདག་ཉིད་ཀྱི་རང་གི་ངོ་བོ་ལ་གནས་ཞེས་བྱ་བའི་ཐ་ཚིག་གོ། །དེ་
བས་ན་དེའི་ཕྱིར་ཞེས་བྱ་བ་ལ་དེ་བས་ཀྱི་སྒྲ་ནི་དེའི་ཕྱིར་ཞེས་བྱ་བ་འདིས་བཤད་དོ། །མ་འདྲེས་པ་ཞེས་བྱ་བ་འདིའི་བཤད་པ་ནི་འབྲེལ་པ་མེད་པའོ་ཞེས་བྱ་བ་ཡིན་ཏེ། སོ་སོ་ན་འདུག་ཅེས་བྱ་བའི་དོན་ཏོ། །རང་ཞེས་བྱ་བ་འདིའི་བཤད་པ་ནི་བདག་ཉིད་ཅེས་བྱ་བ་ཡིན་ཏེ། རང་གི་ངོ་བོ་ལ་ཞེས་བྱ་བའི་
དོན་ཏོ། །དངོས་ཞེས་བྱ་བ་ནི་དངོས་པོའོ། །འདི་སྐད་བསྟན་ཏོ། །འབྲེལ་པ་ཅན་གཉིས་དང་འབྲེལ་པ་ནི་གང་གི་ཕྱིར་སོ་སོ་རང་གི་ངོ་བོ་ལ་གནས་པ་དེ་བས་ན་དངོས་པོ་ཐམས་ཅད་རང་གི་ངོ་བོ་མ་འདྲེས་པ་མ་ཕྲད་པ། མ་འབྲེལ་པ་ཡིན་ནོ། །འོ་ན་ཇི་ལྟར་རག་ལས་པའི་ངོ་བོ་དེ་དང་དེས་འབྲེལ་པ་ཡིན་
པར་བརྗོད་ཅེ་ན་ཞེས་བྱ་བ་ནི་ཅི་སྟེ་དངོས་པོ་ཐམས་ཅད་འབྲེལ་པ་མེད་ན་ཇི་ལྟར་འབྲེལ་པ་དེ་དང་དེས་རག་ལས་པའི་ངོ་བོར་སྟོན་ཏེ། འདི་ལྟ་སྟེ། རྗེ་ཁོལ་གྱི་སྒོ་ནས་རྒྱལ་པོའི་མི་ཞེས་བྱ་བ་དང་། ཆ་ཤས་དང་ཆ་ཤས་ཅན་གྱི་སྒོ་ནས་ཤིང་གི་ཡལ་ག་ཞེས་བྱ་བ་དང་། རྒྱུ་འབྲས་ཀྱི་སྒོ་ནས་ས་བོན་གྱི་
མྱུ་གུ་ཞེས་བྱ་བ་དང་རིག་པ་འཛིན་པའི་སྒོ་ནས་མཁན་པོ་དང་སློབ་མ་ཞེས་བྱ་བ་དང་། དེ་ལ་སོགས་པའི་འབྲེལ་པ་ཇི་ལྟར་བསྟན་ཞེས་བྱ་བའོ། །འབྲེལ་པ་ཡང་དག་པ་ནི་གང་ཡང་མེད་ཀྱི་ཞེས་བྱ་བ་ནི་འབྲེལ་པ་ཞེས་བྱ་བ་དོན་དམ་པར་གང་ཡང་མེད་ཀྱི་དངོས་པོ་དེ་དག་འདྲེས་པ་མེད་ཀྱང་རྟོགས་པས་
འདྲེས་པར་བྱེད་པར་ཟད་དེ། དངོས་པོ་རྣམས་རྟོག་པ་ཉིད་ཀྱིས་འདྲེས་པར་བྱེད་དོ། །དེ་ཡང་གཞན་ལ་རག་ལས་པའི་ངོ་བོ་ལྟ་བུར་མཚན་མ་འགའ་ཞིག་སྟོན་པ་སྐྱེའོ་ཞེས་བྱ་བ་ནི་རྟོག་པ་ནི་མཚན་མ་ཅུང་ཟད་ཅིག་བཟུང་ནས་དངོས་པོ་རྣམས་གཞན་ལ་རག་ལས་པའི་ངོ་བོ་ལྟ་བུར་སྟོན་ཏོ། །
འཚོ་བ་སྦྱིན་པ་དང་བཀའ་བཞིན་དུ་བྱེད་པའི་སྒོ་ནས་རྒྱལ་པོ་དང་འབངས་ཞེས་རྗེ་ཁོལ་འབྲེལ་པར་རྟོག་གོ། །སྤྱི་དང་ཆ་ཤས་དབྱེར་མེད་པ་དང་། སྤྱི་གདགས་པའི་རྒྱུ་མཚན་གྱི་སྒོ་ནས་ཤིང་གི་ཡལ་ག་ཞེས་བྱ་བ་ཆ་ཤས་དང་། ཆ་ཤས་ཅན་འབྲེལ་བར་རྟོག་པར་བྱེད་དོ། །དེ་ལ་རག་ལས་

ཏེ་སྐྱེ་བ་དང་། དེའི་རིགས་ཀྱི་རྗེས་སུ་འབྲང་བའི་སྒོ་ནས་ས་བོན་གྱི་མྱུ་གུ་ཞེས་རྒྱུ་དང་འབྲས་བུ་འབྲེལ་པར་སྟོན་པར་བྱེད་དོ། །ཤེས་རབ་མངོན་པར་འདུ་བྱེད་པ་དང་དེའི་སྤྱོད་པའི་རྗེས་སུ་བྱེད་པའི་སྒོ་ནས་མཁན་པོ་དང་སློབ་མ་ཞེས་སྡོམ་བརྩོན་གྱི་རྩ་བའི་མཚན་ཉིད་ཀྱི་
འབྲེལ་པ་སྟོན་པར་བྱེད་དོ། །དེ་བས་ན་རྟོག་པ་ཉིད་ཀྱིས་དངོས་པོ་རྣམས་འབྲེལ་པར་བྱེད་ཀྱི་དོན་དམ་པར་འདྲེས་པ་མེད་དོ། །དེ་ལྟར་རེ་ཞིག་རྗེ་ཁོལ་གྱི་དངོས་པོ་ལ་སོགས་པའི་འབྲེལ་པ་བཀག་གོ། །བྱ་བ་དང་བྱེད་པའི་འབྲེལ་པ་ཡང་དགག་པར་འདོད་ནས་དེའི་ཞེས་བྱ་བ་འདིའི་བཤད་པ་ནི་
རྟོག་པ་ཞེས་བྱ་བ་ཡིན་ནོ། །ཚིག་ལེའུར་བྱས་པ་ལས་དེའི་ཡང་ཞེས་བྱུང་བ་ལས་ཡང་གི་སྒྲས་ནི་འང་གི་སྒྲའི་དོན་དུ་བསྟན་ཏེ། འདིའི་འང་ཞེས་བྱའོ། །རྗེས་སུ་འབྲང་བའི་སྐྱེས་བུ་ཡིས། །ཞེས་བྱ་བ་ནི་རྟོག་པ་ཉིད་ཀྱི་རྗེས་སུ་འབྲང་བའི་སྲོག་ཆགས་ཀྱིས་བྱ་བའི་དོན་ཏོ། །བྱ་བ་དང་ནི་
བྱེད་པའི་ཚིག །ཅེས་བྱ་བ་འདིའི་བཤད་པ་ནི་བྱ་བའི་ཚིག་དང་བྱེད་པའི་ཚིག་ཅེས་བྱ་བ་ཡིན་ཏེ། ཁ་ཅིག་ནི་བྱ་བའི་ཚིག་ཡིན་ཏེ། ཇི་སྐད་དུ་འཚེད་དོ། །ཀློག་གོ་ཞེས་བྱ་བ་ལ་སོགས་པའོ། །ཁ་ཅིག་ནི་བྱེད་པའི་ཚིག་ཡིན་ཏེ། དཔེར་ན་ལྷ་སྦྱིན་གྱིས་རྫ་མར་འབྲས་ཆང་འཚེད་དོ་ཞེས་བྱ་བ་ལ་
སོགས་པའོ། །སྨྲ་བ་པོ་དག་འགོད་པར་བྱེད་ཅེས་བྱ་བ་འདིའི་བཤད་པ་ནི་འདི་ནི་བྱ་བ་བརྗོད་པའོ། །འདི་ནི་བྱེད་པ་བརྗོད་པའོ་ཞེས་ཚིག་འགོད་པར་བྱེད་དོ་ཞེས་བྱ་བའོ། །འཚེད་པ་ལ་སོགས་པའི་སྒྲ་ནི་བྱ་བ་ལ་ཐ་སྙད་འདོགས་སོ། །ལྷ་སྦྱིན་ལ་སོགས་པའི་སྒྲ་ནི་བྱེད་པ་པོ་ལ་ཐ་སྙད་འདོགས་སོ་
ཅིའི་ཕྱིར་མིང་འདོགས། ཅིའི་ཕྱིར་ཐ་སྙད་འདོགས་ཤེ་ན། དངོས་པོ་ཐ་དད་རྟོགས་བྱའི་ཕྱིར་ཏེ། འདི་ཉིད་ཀྱི་བཤད་པ་ནི་འོག་ནས་དངོས་པོ་ཐ་དད་པ་ནི་གཞན་བསལ་བའོ། །དེ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཞེས་བྱ་བ་ཡིན་ཏེ། རྟོགས་པའི་དུས་ན་ཇི་ལྟར་ན་གཞན་ལས་བཟློག་པའི་རྟོགས་པར་
འགྱུར་བར་བྱ་བ་དང་བྱེད་པ་པོའི་ཚིག་གི་སྒྲ་ཐ་སྙད་དུ་བྱེད་དོ། །ཐ་སྙད་ཀྱི་ཚེ་ན་ནི་ཚིག་འགོད་དོ། །འདི་ལྟ་སྟེ། ཇི་ལྟར་ན་ལྷ་སྦྱིན་ཁོ་ན་བྱེད་པ་པོ་ཡིན་གྱི་གཞན་མ་ཡིན་ནོ་ཞེས་བྱེད་པ་པོ་གཞན་བསལ་བའི་ཕྱིར་ལྷ་སྦྱིན་གྱི་ཚིག་སྦྱོར་བར་བྱེད་དོ། །དེ་བཞིན་དུ་རྩྭ་དང་ལོ་མ་ལ་སོགས་པའི་

བྱེད་པ་བསལ་བའི་ཕྱིར་ཤིང་གིས་ཞེས་བྱ་བའི་སྒྲ་འགོད་པར་བྱེད་དོ། །ཟངས་བུ་དང་ཕྲུ་བ་ལ་སོགས་པའི་གཞི་ཉིད་བསལ་བའི་ཕྱིར་རྫ་མ་ཞེས་སྦྱོར་བར་བྱེད་དོ། །སྔོ་ཚོད་དང་སྲན་ཚོད་ལ་སོགས་པའི་ལས་བསལ་བའི་ཕྱིར་འབྲས་ཆན་ཞེས་སྦྱོར་བར་བྱེད་དོ། །སྟོན་མོ་བཤམ་པའི་བྱ་བ་བསལ་
བའི་ཕྱིར་འཚེད་པའི་སྒྲ་འགོད་པར་བྱེད་དོ། །དེ་བཞིན་དུ་གཞན་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །བྱ་བ་དང་བྱེད་པ་པོའི་འབྲེལ་པ་དངོས་སུ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་བྱ་བ་དང་བྱེད་པ་པོའི་འབྲེལ་བ་ཡང་དོན་དམ་པར་ནི་མེད་དོ། །འདི་ལྟར་བྱ་བ་དང་བྱེད་པ་ཡང་གཞན་གྱི་དབང་ཉིད་ལ་
སོགས་པའི་མཚན་ཉིད་ཀྱི་འབྲེལ་པ་གྲུབ་ན་གྲུབ་པ་ཞིག་ན་དེ་ཡང་ཇི་སྐད་སྨོས་པའི་ཚུལ་གྱིས་བསལ་ཟིན་ཏོ། །བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་འབྲེལ་པའམ་འགྲུབ་པ་དང་འགྲུབ་པར་བྱེད་པའི་འབྲེལ་པ་དེ་ཡང་རྒྱུ་དང་འབྲས་བུའི་འབྲེལ་པ་ཉིད་ཡིན་ལ། རྒྱུ་དང་འབྲས་བུའི་དངོས་པོའི་
མཚན་ཉིད་ཀྱང་འོག་ནས་སེལ་བར་འགྱུར་ན་བྱ་བ་དང་བྱེད་པའི་མཚན་ཉིད་ཀྱི་འབྲེལ་པ་གང་ཞིག་ཡིན། འོ་ན་རྒྱུ་དང་འབྲས་བུའི་མཚན་ཉིད་ཀྱི་འབྲེལ་པ་འགྲུབ་མོད་ཅེ་ན་ཞེས་བྱ་བ་ནི་ཅི་སྟེ་ཕ་རོལ་པོ་ན་རེ་ཇི་སྐད་སྔར་སྨོས་པའི་འབྲེལ་པ་དེ་དག་མ་གྲུབ་ཏུ་ཟིན་ཀྱང་རྒྱུ་དང་འབྲས་བུའི་མཚན་ཉིད་ཀྱི་
འབྲེལ་པ་ཡོད་མོད་ཅེས་སྨྲ་བའོ། །དེ་མི་རུང་སྟེ་ཞེས་བྱ་བ་ནི་འགོག་པའི་ཚིག་གོ། །འདི་ལྟར་རྒྱུ་དང་འབྲས་བུའི་དངོས་པོ་ཡང་ཞེས་བྱ་བ་འདིའི་བཤད་པ་ནི་འབྲེལ་པ་ཇི་ལྟར་གྲུབ་ཅེས་བྱ་བའོ། །འདིའི་བཤད་པ་ནི་མི་འགྲུབ་པ་ཉིད་དོ་ཞེས་བྱ་བ་དེ་ཡིན་ནོ། །ཇི་ལྟ་བུ་ཞིག་ཅེ་ན་ཞེས་བྱ་བ་ཅི་འདྲ་
བའི་འབྲེལ་པ་མི་འགྲུབ་ཅེས་བྱ་བ་ལ། གཉིས་ལ་གནས་པར་ཞེས་བྱ་བ་སྨྲས་ཏེ། གཞི་གཉིས་ལ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་དམ་བཅས་པ་ཙམ་གྱིས་དོན་མི་འགྲུབ་པས་གཏན་ཚིགས་འདྲི་བའོ། །དེ་གཉིས་ཞེས་བྱ་བ་འདིའི་བཤད་པ་ནི་རྒྱུ་དང་འབྲས་བུ་ཞེས་བྱ་བ་དེ་ཡིན་ནོ། །
ལྷན་ཅིག་མི་གནས་པའི་ཕྱིར་ཞེས་བྱ་བ་ནི་མཉམ་དུ་མི་འདུག་ཅེས་བྱ་བའི་དོན་ཏོ། །མཉམ་དུ་མི་འདུག་པ་ཉིད་སྟོན་པ་ནི་འདི་ལྟ་སྟེ། གང་གི་ཚེ་རྒྱུ་ཡོད་པ་དེའི་ཚེ་འབྲས་བུ་མེད་དོ་ཞེས་བྱ་བ་ཡིན་ཏེ། མ་སྐྱེས་པའི་ཕྱིར་རོ། །འབྲས་བུ་ཡོད་པའི་ཚེ་ཡང་རྒྱུ་མེད་དེ་ཞིག་པའི་ཕྱིར་རོ། །རྒྱུ་དང་འབྲས་

བུ་གཉིས་དུས་གཅིག་ཏུ་མི་འཐད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་རྒྱུ་དང་འབྲས་བུའི་དངོས་པོ་གཉིས་དུས་གཅིག་ཏུ་མི་འཐད་པའི་ཕྱིར་རོ། །ཅི་སྟེ་ཕ་རོལ་པོ་དག་ན་རེ་སྐད་ཅིག་མ་མ་ཡིན་པའི་རྒྱུ་དང་འབྲས་བུ་ལྷན་ཅིག་ཏུ་འདུག་པ་དེས་ན་འབྲེལ་པར་འགྱུར་རོ་ཞེ་ན།
དེའི་ཕྱིར་སྐད་ཅིག་མ་མ་ཡིན་པ་ཡིན་པ་ཡང་དངོས་པོ་མེད་པའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་ལྷན་ཅིག་ཏུ་གནས་པ་མ་ཡིན་པས་སྨྲ་བས་བརྗོད་པ་ཡང་རིགས་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་སྐད་ཅིག་མ་མ་ཡིན་པའི་དངོས་པོ་ནི་རིམ་དང་ཅིག་ཅར་དོན་བྱེད་པའི་ནུས་པ་དང་བྲལ་བའི་ཕྱིར་རི་བོང་གི་རྭ་
བཞིན་དུ་དངོས་པོ་མེད་པ་དེ་དག་ལ་རྒྱུ་དང་འབྲས་བུའི་དངོས་པོ་ག་ལ་ཡོད། ལྷན་ཅིག་གནས་པ་ཡང་ག་ལ་ཡོད། དེ་བས་ན་དེ་སྐད་དུ་སྨྲ་བ་ནི་ལན་དུ་མི་རུང་བ་ཁོ་ན་ཡིན་པའི་ཕྱིར་གང་གིས་ན་གཉིས་ལ་འབྲེལ་པ་གནས་པ་འགྲུབ་པར་འགྱུར་བའི་འབྲེལ་པ་ཅན་གཉིས་དངོས་སུ་ལྷན་ཅིག་ཏུ་གནས་
པ་མེད་དོ་ཞེས་བྱ་བ་ནི་དེ་བས་ན་འབྲེལ་པ་ཅན་གཉིས་དངོས་སུ་ལྷན་ཅིག་ཏུ་གནས་པ་གང་ན་ཡང་མི་སྲིད་དོ། །ཅི་སྟེ་སྲིད་ན་ནི་དེའི་ཚེ་དེའི་གཞི་ཅན་གྱི་འབྲེལ་བ་ཡང་སྲིད་པར་འགྱུར་རོ། །གཉིས་ལ་མི་གནས་པས་ཞེས་བྱ་བ་འདིའི་བཤད་པ་ནི་དངོས་པོ་ཞེས་བྱ་བ་འདི་ཡིན་ནོ། །ཇི་ལྟར་འབྲེལ་ཞེས་
བྱ་བ་ནི་འབྲེལ་པའི་ངོ་བོ་ཉིད་དམ་འབྲེལ་པའི་རང་བཞིན་ཇི་ལྟར་གྲུབ་ཅེས་བྱ་བའི་དོན་ཏོ། །མ་ཡིན་པ་ཉིད་དོ་ཞེས་བྱ་བ་ནི་སེལ་བར་སྟོན་ཏོ། །འདི་སྐད་བསྟན་ཏོ། འབྲེལ་པ་ནི་ཐམས་ཅད་དུ་གཉིས་ལ་གནས་པ་ཡིན་ན་གཉིས་ལ་མི་གནས་ན་འབྲེལ་པ་ཉིད་དུ་མི་འགྱུར་རོ། །དེ་སྟེ་ཡང་འདི་སྐད་དུ་ཇི་སྟེ་
རྒྱུའི་ཚེ་ན་འབྲས་བུ་མེད་དུ་ཟིན་ཀྱང་འོན་ཀྱང་བློས་སྦྲེལ་ཏེ་འབྲེལ་པ་ཡོད་པར་འགྱུར་རོ། །དེ་བཞིན་དུ་འབྲས་བུའི་ཚེ་ན་རྒྱུ་དྲངས་ཏེ་གནས་པར་འགྱུར་རོ། །དེ་ལྟར་ན་འབྲེལ་པ་ནི་གཉིས་ལ་གནས་པར་འགྱུར་རོ་ཞེ་ན། དེའི་ཕྱིར་བློས་སྦྲེལ་ཏེ་འབྲེལ་ན་ནི་རྣམ་པར་རྟོག་པས་སྐྱེད་པར་འགྱུར་རོ་ཞེས་
བྱ་བ་སྨོས་ཏེ། ཅི་སྟེ་འབྲེལ་པ་ཅན་གཉིས་བློས་སྤྲེལ་ཏེ་གཉིས་ལ་གནས་པའི་འབྲེལ་པར་ཁས་ལེན་ན་དེའི་ཚེ་འབྲེལ་པ་ནི་རྟོག་པར་འགྱུར་གྱི་དོན་དམ་པར་ནི་མ་ཡིན་ནོ། །རྒྱུའམ་འབྲས་བུ་ལ་རིམ་གྱིས་འབྲེལ་པ་གནས་སོ་ཞེ་ན། དེ་ཡང་མི་རིགས་ཏེ་ཞེས་བྱ་བ་ནི་འོན་ཏེ་བརྒྱ་ལ་འདི་སྐད་དུ་སྔར་

རྒྱུ་ལ་གནས་ནས་ཕྱིས་འབྲས་བུ་ལ་གནས་པར་འགྱུར་རོ། །དེ་ལྟར་ན་འབྲེལ་བ་ནི་གཉིས་ལ་གནས་པར་འགྱུར་རོ་ཞེས་ཟེར་ན་དེ་ཡང་མི་རིགས་ཏེ། འདི་ལྟར་རིམ་ལས་ཀྱང་དངོས་པོ་གཅིག་ལ་ཞེས་བྱ་བ་འདིའི་བཤད་པ་ནི་རྒྱུའམ་འབྲས་བུ་གཅིག་ལ་ཞེས་བྱ་བ་ཡིན་ཏེ། སྔར་རྒྱུ་ལའོ། །དེ་ནས་
འབྲས་བུ་ལའོ། །གནས་ན་ཞེས་བྱ་བ་འདིའི་བཤད་པ་ནི་འབྲེལ་པ་ཞེས་བྱ་བ་ཡིན་ཏེ་འབྲེལ་པ་ཞེས་བྱ་བ་དེ་གང་ཡིན་པ་ཞེས་སྦྱར་རོ། །གཞན་ལ་རེ་བ་མེད་ཅེས་བྱ་བ་འདིའི་བཤད་པ་ནི་འོག་ཉིད་ནས་རྒྱུ་ལ་གནས་པ་ན་འབྲས་བུ་ལ་ལྟོས་པ་མེད་དོ། །འབྲས་བུ་ལ་གནས་པ་ན་རྒྱུ་ལ་ལྟོས་
པ་མེད་པ་ཞེས་བྱ་བ་ནི་གང་གི་ཚེ་རྒྱུ་ལ་གནས་པ་དེའི་ཚེ་འབྲས་བུ་ལ་མི་ལྟོས་སོ། །གང་གི་ཚེ་འབྲས་བུ་ལ་གནས་པ་དེའི་རྒྱུ་ལ་མི་ལྟོས་སོ། །གཉིས་ལ་རིམ་གྱིས་གནས་ན་ནི་འབྲེལ་པར་མི་རུང་སྟེ་ཞེས་བྱ་བ་ནི་གང་གི་ཚེ་གཉིས་ལ་གནས་པ་ན་དེའི་ཚེ་འབྲེལ་པར་མི་འགྱུར་རོ། །གང་དང་འབྲེལ་པ་མེད་
ཅེ་ན། དེའི་ཕྱིར་གཞན་ལ་རེ་བ་མེད་པ་ཞེས་བྱ་བ་སྨྲས་ཏེ། འདི་ཉིད་ཀྱི་བཤད་པ་ནི་འོག་ནས་གང་དུ་རེ་བ་མེད་པ་དེ་དང་འབྲེལ་པ་མེད་དོ་ཞེས་བྱ་བ་ཡིན་ཏེ། དེ་ནི་གོ་སླའོ། །འབྲེལ་པ་ཅི་འདྲ་བ་ཞིག་ཡོད་པ་མ་ཡིན་ཞེ་ན། གཅིག་ལ་གནས་པ་ཅན་ཞེས་བྱ་བ་སྨོས་ཏེ། གཅིག་དང་འདུག་པ་ནི་
གཅིག་ལ་གནས་པའོ། །དེ་གང་ལ་ཡོད་པ་དེ་ནི་གཅིག་ལ་གནས་པ་ཅན་ནོ། །དེ་ཉིད་སྟོན་པ་ནི་རྒྱུ་དང་འབྲས་བུ་ལ་རིམ་གྱིས་གནས་པ་ཞེས་བྱ་བ་ཡིན་ཏེ། རྒྱུ་དང་འབྲས་བུ་ལ་རིམ་གྱིས་གནས་པའི་ངང་ཚུལ་ཅན་གང་ཡིན་པ་འདི་ནི་རྒྱུ་དང་འབྲས་བུ་ལ་རིམ་གྱིས་གནས་པའོ། །ཅིའི་ཕྱིར་
འབྲེལ་པ་མེད་ཅེ་ན། དེའི་ཕྱིར་དེ་མེད་པར་ཡང་ཡོད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། འདིའི་བཤད་པ་ནི་རྒྱུ་དང་འབྲས་བུ་གཉིས་ཕན་ཚུན་མེད་པར་ཡང་འབྲེལ་པ་ཞེས་བྱ་བའི་དོན་ཡོད་པའི་གཏན་ཚིགས་ཀྱིས་ན་ཞེས་བྱ་བ་ཡིན་ཏེ། གང་གི་ཕྱིར་རྒྱུ་ལ་གནས་པ་ན་འབྲས་བུ་མེད་པར་ཡང་ཡོད་པ་ཡིན་
ལ་འབྲས་བུ་ལ་གནས་པ་ན་ནི་རྒྱུ་མེད་པར་ཡང་ཡོད་པ་ཡིན་ཏེ། དེ་བས་ན་དེ་གཉིས་འབྲེལ་པ་ཁོ་ན་ཡིན་པ་འདི་མི་རུང་ངོ་། །འདི་སྐད་བསྟན་ཏེ། ཁ་ཅིག་ཏུ་འབྲེལ་པ་ནི་གཉིས་ལ་གནས་པར་ཁས་ལེན་ལ། རྒྱུ་དང་འབྲས་བུ་གཉིས་ལ་རིམ་གྱིས་གནས་པ་ནི་གཉིས་ལ་གནས་པར་མི་འཐད་

དོ། །ཉེས་པ་འདིར་མི་འགྱུར་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི་གོང་དུ་ཇི་སྐད་སྨོས་པའོ། །གཞན་དུ་ཞེས་བྱ་བ་འདིའི་བཤད་པ་ནི་རྒྱུའམ་འབྲས་བུ་ལ་ཞེས་བྱ་བ་ཡིན་ཏེ། རྟོགས་སླའོ། །འདི་ཞེས་བྱ་བ་འདིའི་བཤད་པ་ནི་འབྲེལ་པ་ཞེས་བྱ་བའོ། །རིམ་གྱིས་གནས་པ་ན་
ཞེས་བྱ་བ་ནི་རིམ་གྱིས་འདུག་པའོ། །ཅི་སྟེ་དེ་གཉིས་ལ་ཞེས་བྱ་བ་འདིའི་བཤད་པ་ནི་རྒྱུ་དང་འབྲས་བུ་ཞེས་བྱ་བ་དེ་ཡིན་ནོ། །གཅིག་ལ་ལྟོས་སོ་ཞེས་བྱ་བ་འདིའི་བཤད་པ་ནི་རྒྱུའམ་འབྲས་བུ་ཞེས་བྱ་བ་ཡིན་ཏེ། དེ་ནི་རྟོགས་སླའོ། །རེ་བ་དང་བཅས་པ་ཉིད་ཀྱིས་གཉིས་ལ་གནས་པ་ཁོ་
ནར་འདོད་དོ་ཞེ་ན་ཞེས་བྱ་བ་ནི་དེ་ལྟར་རེ་བ་དང་བཅས་པ་ཉིད་ཀྱིས་ན་འབྲེལ་པ་ནི་གཉིས་ལ་གནས་པར་འགྱུར་རོ། །འདི་སྐད་བསྟན་ཏེ། གང་གི་ཚེ་རྒྱུ་ལ་འབྲེལ་པ་གནས་པ་དེའི་ཚེ་འབྲས་བུ་ལ་མི་ལྟོས་པས་གནས་སོ། །གང་གི་ཚེ་འབྲས་བུ་ལ་གནས་པ་དེའི་ཚེ་རྒྱུ་ལ་མི་ལྟོས་པས་གནས་
སོ། །ལྟོས་པས་ནི་འབྲེལ་པ་ནི་གཉིས་ལ་གནས་པར་འདོད་ཀྱི་དེ་ལ་གནས་པ་ནི་མ་ཡིན་ནོ། །དེ་བས་ན་ཇི་སྐད་དུ་སྨོས་པའི་སྐྱོན་དུ་ཐལ་བར་མི་འགྱུར་རོ་ཞེས་བྱ་བ་ནི་ཕྱོགས་སྔ་མའོ། །འདིར་གྲུབ་པའི་མཐའ་སྨྲ་བ་རྣམས་དེ་ལྟ་ན་ཡང་ལྟོས་པ་དེས་ཕན་པ་བྱེད་པར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ།
འབྲེལ་པ་གང་ཞིག་འདི་ལ་ལྟོས་ན་ནི་དེས་དེའི་ཚེ་འབྲེལ་པ་ལ་ཕན་པ་བྱེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་སྔ་མ་བཞིན་དུ་གཏན་ཚིགས་འདྲི་བའོ། །འདི་ལྟར་ལྟོས་པ་ཕན་པ་བྱེད་པར་འགྱུར་ཏེ་གཞན་དུ་མ་ཡིན་ནོ་ཞེས་བྱ་བ་ནི་གང་ཕན་པར་བྱེད་པ་དེ་ལ་ལྟོས་པར་རིགས་ཀྱི་ཕན་པ་མེད་
པ་ལ་ནི་མ་ཡིན་ནོ། །ལྟོས་པ་ན་ཕན་པ་བྱེད་པ་ཡིན་མོད་ཅེ་ན་ཞེས་བྱ་བ་ནི་ཅི་སྟེ་ལྟོས་པ་གང་ཡིན་པ་ཕན་པ་བྱེད་པ་ཡིན་མོད་ཅེ་ན། དེ་མེད་ན་ཇི་ལྟར་ཕན་པ་བྱེད་ཅེས་བྱ་བ་ནི་མེད་པ་ཉིད་ཡིན་ན་ཇི་ལྟར་ཕན་པ་བྱེད། དེ་ཉིད་ལྟོས་པ་ནི་རྒྱུའི་ཚེ་ན་འབྲས་བུ་ཞེས་བྱ་བའི་དོན་མེད་དོ། །འབྲས་བུའི་
ཚེ་ན་ཡང་རྒྱུ་ཞེས་བྱ་བའི་དོན་མེད་དེ་ཞེས་བྱ་བ་ནི་གང་གི་ཚེ་རྒྱུའི་དུས་ན་འབྲས་བུ་མེད་པ་དེའི་ཚེ་མེད་པ་ནི་རི་བོང་གི་རྭ་དང་འདྲ་བ་ཡིན་ན་ཇི་ལྟར་ཕན་པ་བྱེད། གང་གི་ཚེ་འབྲས་བུའི་དུས་ན་རྒྱུ་མེད་པ་དེའི་ཚེ་དེ་ཡང་ཤི་བའི་རོ་བཞིན་ཡིན་ན་དེ་ཇི་ལྟར་ཕན་པ་བྱེད། ཕན་པ་བྱེད་པ་མ་ཡིན་ནོ་ཞེས་བྱ་

བ་ནི་སྤོང་བ་སྟོན་ཏོ། །ཅིའི་ཕྱིར་ཞེ་ན། མཐུ་མེད་པས་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་མེད་པ་ནི་ལུས་མེད་པ་བཞིན་དུ་ཕན་པ་བྱེད་པའི་མཐུ་མེད་དོ། །གཞན་ཡང་ཞེས་བྱ་བ་ནི་སྐྱོན་སྟོན་པའོ། །ཅི་སྟེ་དོན་གཅིག་འབྲེལ་པའི་ཕྱིར་ཞེས་བྱ་བ་འདིའི་བཤད་པ་ནི་གཏན་ཚིགས་ཀྱིས་ཞེས་བྱ་
བ་སྟེ། །ཅི་སྟེ་དོན་གཅིག་དང་ལྡན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་གཉིས་ཞེས་བྱ་བ་འདིའི་བཤད་པ་ནི་རྒྱུ་དང་འབྲས་བུར་མངོན་པར་འདོད་པ་ཞེས་བྱ་བ་ཡིན་ཏེ། དེ་ནི་གོ་སླའོ། །རྒྱུ་འབྲས་ཉིད་ཡིན་པར་ཞེས་བྱ་བ་འདིའི་བཤད་པ་ནི་འདོད་ན་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་གྲངས་སུ་བརྗོད་པ་
གཉིས་ཉིད་ལ་སོགས་པ་འབྲེལ་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱིས་ཕྱུགས་ཀྱི་གཡས་གཡོན་རྭ་ཡང་རྒྱུ་དང་འབྲས་བུ་ཁོ་ན་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་ཕྱུགས་ཀྱི་གཡས་གཡོན་གྱི་རྭ་གཉིས་ཀྱང་གཉིས་ཉིད་ཅེས་བྱ་བའི་གཅིག་དང་འབྲེལ་པ་ཡོད་དོ། །དེའི་ཕྱིར་དེ་གཉིས་ཀྱང་རྒྱུ་དང་
འབྲས་བུའི་དངོས་པོ་འཐོབ་པར་འགྱུར་རོ། །དེ་ལྟར་ན་མི་འདོད་ན་ཞེས་བྱ་བ་ནི་དེ་གཉིས་རྒྱུ་དང་འབྲས་བུར་མི་འདོད་ནའོ། །དེ་ལས་གཞན་ཡང་འགྱུར་རེ་སྐན་ཞེས་བྱ་བ་ནི་དེ་བས་ན་མངོན་པར་འདོད་པ་ལ་ཡང་མི་འགྱུར་རོ་སོགས་པ་སྨོས་པས་ནི་ཕ་རོལ་ཉིད་དང་ཚུར་རོལ་ཉིད་དང་། རྭ་ཉིད་ལ་སོགས་པ་དང་
འབྲེལ་པའི་ཕྱིར་ཞེས་བསྡུའོ་ཞེས་བྱ་བ་ནི་ཕ་རོལ་ཉིད་དང་། ཚུ་རོལ་ཉིད་དང་རྭ་ཉིད་ཅེས་བྱ་བ་གཅིག་པུ་ནི་རྭ་ཉིད་དང་ལྡན་པ་ཡོད་དོ། །དེ་བས་ན་དེ་གཉིས་ཀྱང་རྒྱུ་དང་འབྲས་བུའི་དངོས་པོ་ཐོབ་པར་འགྱུར་རོ། །འདི་སྐད་བསྟན་ཏེ། ཅི་སྟེ་དོན་གཅིག་དང་ལྡན་པའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་
པོར་ཁས་ལེན་ན་དེའི་ཚེ་རྭ་གཉིས་ཀྱང་གཉིས་ཉིད་ཅེས་བྱ་བ་གཅིག་དང་ལྡན་པ་ཡོད་པས་དེ་གཉིས་ཀྱང་རྒྱུ་དང་འབྲས་བུའི་དངོས་པོར་ཁས་བླང་བར་བྱ་དགོས་སོ། །མ་ཡིན་ན་ནི་མངོན་པར་འདོད་པ་ལ་ཡང་མི་རུང་བར་འགྱུར་རོ། །ཅི་སྟེ་ཕ་རོལ་པོ་ན་རེ་གང་ཡང་རུང་བ་ཅིག་དང་འབྲེལ་པའི་ཕྱིར་མ་འབྲེལ་པ་ནི་
མ་ཡིན་ནོ། །འོ་ན་ཅི་ཞེ་ན། འབྲེལ་པའི་མཚན་ཉིད་དང་ངོ་ཞེ་ན་ཞེས་སྨྲ་བ་ནི་བདག་དང་གང་ཡང་རུང་བ་ཅིག་དང་ལྡན་པའི་ཕྱིར་དངོས་པོ་རྣམས་འབྲེལ་པར་སྨྲ་བ་ནི་མ་ཡིན་གྱི་འོན་ཀྱང་འབྲེལ་པ་ཞེས་བྱ་བ་གཅིག་དང་འབྲེལ་པའི་ཕྱིར་ཞེས་འབྲེལ་པར་སྨྲའོ་ཞེ་ན། དེ་ནི་མི་རུང་སྟེ་ཞེས་བྱ་བ་ནི་འགོག་

པའི་ཚིག་གོ། །དངོས་པོའི་དོན་འགའ་ཞིག་གཉིས་གནས་པ་ཞེས་བྱ་བ་འདིའི་བཤད་པ་ནི་འབྲེལ་བ་ཡིན་གྱི་ཞེས་བྱ་བའི་ཚིག་ཡིན་ཏེ། གཉིས་ལ་གནས་པའི་དངོས་པོའི་དོན་ནི་འབྲེལ་པ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལས་ཞེས་བྱ་བ་འདིའི་བཤད་པ་ནི་དོན་གཉིས་
དང་མངོན་པར་འབྲེལ་པ་ཅན་ཞེས་བྱ་བ་ཡིན་ཏེ། དོན་གཉིས་ཀྱིས་མངོན་པར་འབྲེལ་པ་ཞེས་ཚིག་སྦྱར་རོ། །དེ་འདི་ལ་ཡོད་པས་ནི་དོན་གཉིས་དང་མངོན་པར་འབྲེལ་པ་ཅན་ནོ། །ཡང་ན་དོན་གཉིས་ལ་མངོན་པར་འབྲེལ་པའི་ངང་ཚུལ་ཅན་འདི་གང་ཡིན་པ་དེ་དོན་གཉིས་དང་མངོན་པར་འབྲེལ་
པ་ཅན་ཏེ། དངོས་པོ་གཉིས་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །གཞན་དུ་དེའི་ཞེས་བྱ་བ་འདིའི་བཤད་པ་ནི་དེའི་འབྲེལ་པའི་མཚན་ཉིད་མི་འཐད་ན་ཞེས་བྱ་བ་ཡིན་ཏེ། འདིའི་འབྲེལ་པའི་མཚན་ཉིད་གཞན་མི་འཐད་དོ་ཞེས་བྱ་བའི་དོན་ཏོ། །གང་གིས་ན་གྲངས་ལ་སོགས་པ་ལས་དེའི་ཁྱད་པར་རྣམ་
པར་གཞག་པར་བྱ་ཞེས་བྱ་བ་ནི་གཏན་ཚིགས་གང་གིས་ན་གྲངས་ལ་སོགས་པ་དང་མི་འདྲ་བའི་མཚན་ཉིད་ཁས་ལེན་པར་བྱེད། འདི་སྐད་བསྟན་ཏེ། དོན་གཉིས་དང་མངོན་པར་འབྲེལ་པ་ཅན་མ་གཏོགས་པར་གཞན་དུ་འབྲེལ་པའི་མཚན་ཉིད་བརྗོད་དུ་མེད་པ་ཡིན་ན་གང་གིས་ན་གྲངས་ལ་སོགས་པ་དང་
མི་འདྲ་བའི་མཚན་ཉིད་ཁས་བླང་བར་བྱ། འདིར་ཡང་ཕ་རོལ་པོ་དག་སྨྲ་བ་འགའ་ཞིག་ཡོད་ན་ཡོད་པར་འགྱུར་ལ་ཞེས་བྱ་བ་ནི་ས་བོན་ཡོད་ན་མྱུ་གུ་ཡོད་ཅེས་བྱ་བའི་དོན་ཏོ། །མེད་ན་མེད་པར་འགྱུར་ཏེ་ཞེས་བྱ་བ་ནི་ས་བོན་ཉིད་མེད་ན་མྱུ་གུ་མེད་པ་ཡིན་ཞེས་བྱ་བའི་བར་དུའོ། །ཡོད་པར་གྱུར་པ་དང་མེད་
པར་གྱུར་པ་དེ་གཉིས་ཀྱང་ཞེས་བྱ་བ་ནི་ས་བོན་ཡོད་ན་མྱུ་གུ་ཡོད་པ་ཡིན་ཏེ། དེ་བས་ན་གཉིས་ཀ་ཡང་འདོད་པའི་སྒྲས་བརྗོད་དོ། །ས་བོན་མེད་ན་མྱུ་གུ་མེད་པ་ཡིན་ཏེ། དེ་བས་ན་གཉིས་ཀ་ཡང་མེད་པའི་སྒྲར་བརྗོད་དོ། །ཡོད་པ་དང་མེད་པ་གང་ཡིན་པ་ཞེས་བྱ་བ་ནི་ས་བོན་དང་མྱུ་གུའི་འབྲེལ་པ་
ཅན་ཡོད་པ་དང་མེད་པ་གང་ཡིན་པ་ཞེས་བྱ་བའི་དོན་ཏོ། །དེའི་བྱེ་བྲག་ཅན་ཁྱད་པར་གྱི་སྦྱོར་བ་གང་ཡིན་པ་དེ་ནི་འབྲེལ་པ་ཞེས་བྱ་སྟེ་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་གཉིས་ཀྱི་དམིགས་ཀྱིས་ཕྱེ་བ་གང་ཡིན་པ་འདི་ནི་འབྲེལ་པ་ཞེས་བྱ་བའི་དོན་ཏོ། །ཡོད་པ་དང་མེད་པའི་བྱེ་བྲག་ཅན་གྱི་སྦྱོར་བ་

འདི་ཅི་སྟེ་རྒྱུ་འབྲས་ཁོ་ན་ཡིན་ཏེ་ཞེས་བྱ་བ་ནི་ཡོད་པ་དང་མེད་པས་དམིགས་ཀྱིས་ཕྱེ་བའི་འབྲེལ་པ་ནི་རྒྱུ་འབྲས་ཁོ་ནར་འདོད་ཀྱི་ཐམས་ཅད་ནི་མ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་ཕྱོགས་སྔ་མའོ། །འདིར་གྲུབ་པའི་མཐའ་སྨྲ་བ་དག་གིས་ཅི་སྟེ་ཡོད་པ་དང་མེད་པ་དག་གིས་བྱེ་བྲག་ཅན་གྱི་སྦྱོར་བ་རྒྱུ་འབྲས་
ཁོ་ན་ཡིན་ན་དེའི་ཚེ་སྦྱོར་བའི་བྱེ་བྲག་ཅན་གང་ཡིན་པའི་ཡོད་པ་དང་མེད་པ་དེ་ཉིད་འདིར་ནི་རྒྱུ་འབྲས་ཅིའི་ཕྱིར་མིན་ཞེས་བྱ་བ་ནི་ཅི་སྟེ་ཡོད་པ་དང་། མེད་པ་གཉིས་ཀྱིས་བྱེ་བྲག་ཏུ་བྱས་པའི་སྦྱོར་བ་ནི་རྒྱུ་འབྲས་སུ་ཁས་ལེན་ན་དེའི་ཚེ་ཡོད་པ་དང་མེད་པ་དེ་གཉིས་ཉིད་རྒྱུ་འབྲས་ཁོ་ན་ཡིན་པར་ཅི་སྟེ་ཁས་
མི་ལེན་ན་གང་གིས་ཡོད་པ་མ་ཡིན་ཞིང་དོན་མེད་པའི་འབྲེལ་པ་རྟོག་པར་བྱེད་ཅེས་བྱ་བ་ནི་ཡོད་པ་དང་མེད་པ་གཉིས་རྒྱུ་འབྲས་ཉིད་ཡིན་ན་ཉེས་པ་ཅི་ཡོད་ན་གང་གིས་ན་ཁྱེད་ཡོད་པ་མ་ཡིན་ཞིང་དགོས་པ་མེད་པའི་འབྲེལ་པ་རྟོག་པར་བྱེད། ཐ་དད་ཅེས་བྱ་བ་འདི་གཉིས་རྣམ་པར་དབྱེ་བ་ནི་འདི་སྙམ་དུ་
ཡོད་ན་ཡོད་པ་ཡིན་ལ། མེད་ན་མེད་པ་ཡིན་ནོ་ཞེས་བྱ་བ་འདི་ནི་བརྗོད་པར་བྱ་བ་མང་པོ་ཡིན་ཏེ་ཞེས་བྱ་བ་ནི་རྒྱུ་དང་འབྲེལ་པ་ཅན་གྱི་ཡོད་པ་དང་མེད་པ་གཉིས་དང་། འབྲས་བུ་དང་འབྲེལ་པ་ཅན་གྱི་ཡང་གཉིས་སོ། །དོན་གཅིག་རྗོད་པར་བྱེད་པ་རྒྱུ་དང་འབྲས་བུ་ཁོ་ནར་ཞེས་བྱ་བའི་སྒྲས་བརྗོད་པའི་
ཡུལ་དུ་དེ་མི་རིགས་པས་ཞེས་བྱ་བ་ལ་རྒྱུ་དང་འབྲས་བུ་ནི་རྒྱུ་འབྲས་སོ། །དེའི་དངོས་པོ་ནི་རྒྱུ་དང་འབྲས་བུ་ཁོ་ན་སྟེ། འདི་ནི་དངོས་པོའི་རྐྱེན་གྱིས་བསྡུ་བའོ། །དངོས་པོའི་རྐྱེན་གྱིས་ནི་དེ་ལ་འབྲེལ་པ་ཡོད་པར་བརྗོད་དོ། །དེ་བས་ན་རྒྱུ་དང་འབྲས་བུ་ཁོ་ནའི་སྒྲས་འབྲེལ་པ་བརྗོད་ལ་དེ་ཡང་གཅིག་ཡིན་ནོ། །
དེ་བས་ན་རྒྱུ་དང་འབྲས་བུ་ཁོ་ནའི་དོན་གཅིག་རྗོད་པར་བྱེད་པ་རྒྱུ་དང་འབྲས་བུ་ཁོ་ན་ཞེས་བྱ་བའི་སྒྲས་བརྗོད་པའི་ཡུལ་དུ་དོན་མང་པོ་དེ་མི་རིགས་པས་ཡོད་པ་དང་མེད་པའི་རྒྱུ་དང་འབྲས་བུ་ཁོ་ནར་མི་འདོད་དོ་ཞེ་ན་ཞེས་བྱ་བ་ནི་དེ་བས་ན་ཡོད་པ་དང་མེད་པ་རྒྱུ་དང་འབྲས་བུ་ཁོ་ནར་མི་འདོད་དོ་ཞེས་བྱ་བ་ནི་ཕྱོགས་
སྔ་མའོ། །འདིར་གྲུབ་པའི་མཐའ་སྨྲ་བས་སྒྲ་འདི་ནི་སྨྲ་བར་བྱེད་པའི་སྐྱེས་བུ་ལ་བརྟེན་པ་མ་ཡིན་ནམ་ཞེས་སྨྲས་ཏེ། སྒྲ་ཐམས་ཅད་སྨྲ་བར་བྱེད་པ་ལ་བརྟེན་པ་མ་ཡིན་ནམ། སྨྲ་བར་བྱེད་པ་ཡང་ཇི་ལྟར་འདོད་པ་བཞིན་དུ་སྦྱོར་གྱི་དངོས་པོ་ཇི་ལྟ་བ་བཞིན་དུ་མ་ཡིན་ནོ། །དེ་ལྟར་ན་སྨྲ་བར་བྱེད་པ་ལ་

བརྟེན་པའི་ཕྱིར་ཞེས་བྱ་བ་ཡིན་ཏེ། སྨྲ་བར་བྱེད་པའི་ཁ་ན་ལས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །སྒྲ་གང་ཡིན་པ་འདི་ནི་ཇི་ལྟར་སྦྱོར་བ་དེ་བཞིན་དུ་སྨྲ་བ་ཡིན་ཏེ་ཞེས་བྱ་བ་ནི་གང་གི་ཚེ་སྒྲ་ནི་སྨྲ་བར་བྱེད་པ་ལ་རག་ལས་པ་དེའི་ཚེ་སྒྲ་འདི་ནི་སྨྲ་བར་བྱེད་པ་རྣམ་པ་གང་གིས་
དོན་གང་ལ་སྦྱོར་བའི་སྒྲ་དེ་དོན་དེ་ལ་རྣམ་པ་དེས་བརྗོད་ཀྱི་རང་དགར་མ་ཡིན་པས་ན་དུ་མ་ལ་ཡང་སྒྲ་གཅིག་ཡོད་པས་ལན་དུ་མི་རུང་བ་ཉིད་དེ་དེ་ལྟར་ན་དོན་དུ་མ་ལ་ཡང་སྒྲ་གཅིག་འཇུག་གོ། །དེས་ན་འདི་ལན་དུ་མི་རུང་ངོ་། །དེ་བས་ན་ཡོད་པ་དང་མེད་པ་དེ་ཉིད་རྒྱུ་དང་འབྲས་བུར་
རིགས་ཏེ་ཞེས་བྱ་བ་ནི་གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན་ཡོད་པ་དང་མེད་པ་ཁོ་ན་རྒྱུ་དང་འབྲས་བུ་ཉིད་ཡིན་པར་རིགས་ཀྱི་འབྲེལ་པ་ཞེས་བྱ་བ་གཞན་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་འདི་ལྟར་གཅིག་པུ་མཐོང་ན་ཞེས་བྱ་བ་འདིའི་བཤད་པ་ནི་རྒྱུར་མངོན་པར་འདོད་པ་ཞེས་བྱ་བ་ཡིན་ཏེ།
རྒྱུ་གཅིག་ཅིག་སྣང་བ་གང་ཡིན་པ་འདི་ནི་མངོན་པར་འདོད་པ་ཞེས་བྱ་བའི་དོན་ཏོ། །རིག་བྱའི་མཚན་ཉིད་དུ་གྱུར་པ་འབྲས་བུ་ཞེས་བྱ་བ་མ་མཐོང་བ་མཐོང་བ་ནི་ཞེས་བྱ་བ་ནི་རྒྱུར་མངོན་པར་འདོད་པ་མཐོང་བ་ན་རིག་བྱའི་མཚན་ཉིད་དུ་གྱུར་པ་སྔོན་མ་མཐོང་བ་འབྲས་བུར་མངོན་པར་འདོད་པ་གང་ཡིན་
པ་མཐོང་སྟེ། དེ་མཐོང་བ་ནི་གང་མཐོང་ན་མཐོང་བ་ཡིན་ཏེ། རྒྱུར་མངོན་པར་འདོད་པ་དམིགས་པ་ན་དམིགས་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་མ་མཐོང་ན་འབྲས་བུར་མངོན་པར་འདོད་པ་མ་མཐོང་བ་ནི་ཞེས་བྱ་བ་ནི་རྒྱུར་མངོན་པར་འདོད་པ་དེ་མ་མཐོང་བ་ན་གང་གི་ཚེ་འབྲས་བུར་མངོན་པར་
འདོད་པ་མི་མཐོང་བའོ། །དེའི་ཚེ་འབྲས་བུ་ཡིན་པ་ཉིད་དོ་ཤེས་ཏེ་ཞེས་བྱ་བ་འདིའི་བཤད་པ་ནི་འདི་ལས་འདི་འབྱུང་བའོ་ཞེས་རྟོགས་པའོ་ཞེས་བྱ་བ་ཡིན་ཏེ། ས་བོན་ལས་མྱུ་གུ་འདི་ཡོད་པར་འགྱུར་རོ་ཞེས་རྟོགས་པའོ། །སྟོན་པའི་སྐྱེ་བོ་ཡང་མེད་པ་ཞེས་བྱ་བ་འདི་ཉིད་ཀྱི་བཤད་པ་ནི་འོག་
ནས་འདི་ལས་འདི་འབྱུང་ངོ་ཞེས་བྱ་བ་འདི་འཆད་པ་མེད་པར་རོ་ཞེས་བྱ་བ་ཡིན་ཏེ། ས་བོན་འདི་ལས་མྱུ་གུ་འདི་ཡོད་པར་འགྱུར་རོ་ཞེས་དེ་ལྟར་བརྒྱ་ལ་འཆད་པ་འགའ་ཡང་མེད་ན་ཡང་འོན་ཀྱང་ས་བོན་ལས་མྱུ་གུ་ཡོད་པར་འགྱུར་བར་རྟོགས་སོ། །འདི་སྐད་བསྟན་ཏེ། ས་བོན་མཐོང་བ་ན་སྔོན་མ་མཐོང་བའི་མྱུ་

གུ་མཐོང་བ་དང་ས་བོན་མ་མཐོང་བ་ན་མ་མཐོང་ན་ནི། ས་བོན་ལས་བྱུང་བ་ནི་མྱུ་གུ་ཡིན་པར་རྟོགས་སོ། །བརྡ་སྤྲད་ན་ཤེས་སོ་ཞེས་བྱ་བ་ཡང་ཚིག་ཙམ་དུ་ཟད་དེ་ཞེས་བྱ་བ་ནི་ཁ་ཅིག་དག་མཐོང་བ་དང་མ་མཐོང་བ་ལས་ས་བོན་ལས་བྱུང་བ་མྱུ་གུ་ཡིན་པར་རྟོགས་པ་ནི་མ་ཡིན་གྱི་འོ་ན་ཅི་ཞེ་ན།
བརྡ་སྤྲད་པའི་དབང་གིས་སོ་ཞེས་སྨྲ་བ་དེ་ནི་ཚིག་ཙམ་དུ་དགོངས་པའོ། །འདི་ལྟར་བརྡ་སྤྲད་དུ་ཟིན་ཀྱང་ཡོད་པ་དང་མེད་པ་དག་ལས་གཞན་དུ་ནི་རྟོགས་པར་མི་འགྱུར་ཏེ་ཞེས་བྱ་བ་ནི་གང་གི་ཕྱིར་བརྡ་སྤྲད་པའི་དབང་གིས་འདི་རྟོགས་ཀྱང་ཡོད་པ་དང་མེད་པ་ཉིད་རྟོགས་ཀྱི་གཞན་དུ་ནི་མ་ཡིན་ནོ། །གང་
གི་ཕྱིར་བརྡ་སྤྲད་དུ་ཟིན་ཀྱང་གཞན་རྟོགས་པ་མ་ཡིན་པ་དེ་བས་ན་གང་རྟོགས་ན་གང་ཁོང་དུ་ཆུད་པར་འགྱུར་བ་དེ་ནི་དེའི་དོན་ཏེ་ཞེས་བྱ་བ་ནི་གང་ངེས་པར་ཆོད་པ་ན་གང་ངེས་པར་བཅད་པ་ནི་དེའི་ཡུལ་དུ་སྟོན་ཏེ། འདི་ལྟ་སྟེ། སྣམ་བུ་དཀར་པོ་རྟོགས་ན་དཀར་པོ་ཁོང་དུ་ཆུད་པས་དཀར་པོ་ཁོ་ན་རྟོགས་པ་
བཞིན་དུ་ཞེས་བྱ་བ་ནི་དེ་ནི་གང་གི་ཚེ་སྣམ་བུ་དཀར་པོ་རྟོགས་པ་དེའི་ཚེ་དཀར་པོ་ཁོང་དུ་ཆུད་པས་དཀར་པོ་ཉིད་ལ་རྣམ་པར་གཞག་གི་གཞན་དུ་མ་ཡིན་པ་དེ་བཞིན་དུ་ཡོད་པ་དང་མེད་པ་རྟོགས་པ་ན་རྒྱུ་དང་འབྲས་བུ་ཉིད་ཁོང་དུ་ཆུད་པས་ན་ཡོད་པ་དང་མེད་པ་ཉིད་རྒྱུ་དང་འབྲས་བུ་ཁོང་དུ་ཆུད་པ་ལས་དོན་
གཞན་མ་ཡིན་ནོ་ཞེས་བྱ་བ་ནི་འདི་ལྟར་ཡོད་པ་དང་མེད་པ་རྟོགས་པ་ནི་རྒྱུ་དང་འབྲས་བུའི་དངོས་པོ་རྟོགས་པ་ཡིན་ཏེ། དེ་བས་ན་རྒྱུ་དང་འབྲས་བུ་ཁོང་དུ་ཆུད་པ་ལས་དོན་གཞན་མ་ཡིན་ནོ་ཞེས་བྱ་བ་ནི་འདི་ལྟར་ཡོད་པ་དང་མེད་པ་རྟོགས་པ་ནི་རྒྱུ་དང་འབྲས་བུའི་དངོས་པོ་རྟོགས་པ་ཡིན་ཏེ། དེ་བས་ན་རྒྱུ་
དང་འབྲས་བུ་རྟོགས་པའི་ཡུལ་ནི་ཡོད་པ་དང་མེད་པ་ཉིད་ཡིན་གྱི་གཞན་རྒྱུ་དང་འབྲས་བུ་ཉིད་ཅེས་བྱ་བའི་འབྲེལ་པ་ནི་མ་ཡིན་ནོ། །འདི་སྙམ་དུ་ཡོད་པ་དང་མེད་པ་ནི་སྒྲུབ་པར་བྱེད་པ་ཡིན་ལ། རྒྱུ་དང་འབྲས་བུ་ཉིད་ནི་བསྒྲུབ་པར་བྱ་བ་ཡིན་པས་གཞན་ནོ་ཞེ་ན་ཞེས་བྱ་བ་ནི་བརྒྱ་ལ་ཕ་རོལ་པོ་དག་འདི་སྐད་
དུ་ཡོད་པ་དང་མེད་པ་གཉིས་ཀྱི་རྒྱུ་དང་འབྲས་བུ་ཉིད་སྒྲུབ་པར་བྱེད་དེ། སྒྲུབ་པར་བྱེད་པ་ལས་བསྒྲུབ་པར་བྱ་བ་གཞན་ཡིན་ནོ་ཞེས་སྨྲ་བའོ། །འདིར་གྲུབ་པའི་མཐའ་སྨྲ་བས་གཞན་ཡིན་ན་ཡང་དེའི་ངོ་བོ་ཅིའི་ཕྱིར་མི་བསྟན་ཞེས་བྱ་སྟེ། ཅི་སྟེ་ཡོད་པ་དང་མེད་པ་ལས་རྒྱུ་དང་འབྲས་བུ་གཞན་ཡིན་ན་འོ་

ན་ངོ་བོ་འདིའོ་ཞེས་ཅིའི་ཕྱིར་མི་བསྟན། འོན་ཏེ་སྐྱེད་པར་བྱེད་པ་དང་བསྐྱེད་པར་བྱ་བའི་ངོ་བོ་ཁོ་ན་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་དེ་དག་གི་ངོ་བོ་ནི་སྐྱེད་པར་བྱེད་པ་དང་བསྐྱེད་པར་བྱ་བའི་ངོ་བོ་ཁོ་ན་ཡིན་ནོ་ཞེ་ན། གྲུབ་པའི་མཐའ་སྨྲ་བས་གང་དེ་སྐད་དུ་སྨྲ་བ་དེའི་
མིང་གི་རྣམ་གྲངས་ཀྱི་སྒོ་ནས་དོན་ཐ་དད་པར་འགྱུར་རམ་ཅི་ཞེས་བྱ་བ་སྨྲས་ཏེ། གང་ཁྱོད་དེ་སྐད་སྨྲ་བ་དེ་མིང་གི་རྣམ་གྲངས་བསྟན་པ་ཙམ་གྱི་སྒོ་ནས་དོན་ཡང་ཐ་དད་པར་བསྟན་པར་འགྱུར་རམ་ཅི་ཞེས་བྱ་བའོ། །འདི་ལྟར་སྐྱེད་པར་བྱེད་པ་དང་བསྐྱེད་པར་བྱ་བའི་ངོ་བོ་དང་། སྐྱེ་བ་དང་
བསྐྱེད་པའི་ངོ་བོ་དང་། རྒྱུ་དང་འབྲས་བུའི་ངོ་བོ་ཞེས་བྱ་བ་ལ་སོགས་པ་རྣམ་གྲངས་སུ་གཏོགས་པའོ་ཞེས་བྱ་བ་ནི་གོ་སླའོ། །དེ་བས་ན་མཐོང་བ་དང་མ་མཐོང་བ་ཞེས་བྱ་བ་འདིའི་བཤད་པ་ནི་ཡུལ་ཅན་གྱི་ཡུལ་བསྟན་པའི་ཕྱིར་ཡོད་པ་དང་མེད་པ་མ་གཏོགས་པར་ཞེས་བྱ་བ་ཡིན་ཏེ།
མཐོང་བ་དང་མ་མཐོང་བ་ནི་ཡུལ་ཅན་ནོ། །ཡོད་པ་དང་མེད་པ་ནི་ཡུལ་ལོ། །དེ་བས་ན་ཡུལ་ཅན་མཐོང་བ་དང་མ་མཐོང་བ་གཉིས་ཀྱི་ཡུལ་དུ་གྱུར་པའི་ཡོད་པ་དང་མེད་པ་གཉིས་བསྟན་ཏེ། དེས་བསྟན་པ་ཡོད་པ་དང་མེད་པ་མ་གཏོགས་པར་ཞེས་བསྟན་པ་ཡིན་ནོ། །འབྲས་བུའི་བློ་ནི་
མི་སྲིད་པའི་གཏན་ཚིགས་ཀྱི་ཕྱིར་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་མ་གཏོགས་པར་འདི་ལྟར་འབྲས་བུའི་བློ་མི་སྲིད་དོ། །འདི་ལ་འབྲས་བུ་ལ་སོགས་སྒྲ་འང་ཞེས་བྱ་བ་ལ་འབྲས་བུ་ཐོག་མར་བྱས་པ་གང་ཡིན་པ་དེ་ནི་འབྲས་བུ་ལ་སོགས་པ་སྟེ། འབྲས་བུ་ལ་སོགས་པ་ཡང་ཡིན་ལ་དེའི་སྒྲ་
ཡང་ཡིན་པས་ན་འབྲས་བུ་ལ་སོགས་པའི་སྒྲ་སྟེ། རྒྱུ་དང་འབྲས་བུའི་སྒྲ་ཞེས་བྱ་བའི་བར་དུའོ། །འདི་ལ་ཞེས་བྱ་བའི་སྒྲ་འཆད་པ་ནི་ཡོད་པ་དང་མེད་པ་གཉིས་ཞེས་བྱ་བ་ཡིན་ཏེ། ཡོད་པ་དང་མེད་པ་གང་ཡིན་པ་ལ་རྒྱུ་དང་འབྲས་བུའི་སྒྲ་འདི་ཡོད་དོ། །དེ་ནི་ཚིག་སོ་སོའི་ཕྲེང་བ་འདི་
སྙེད་ཅིག་འཇིག་རྟེན་པ་རྣམས་མ་བརྗོད་ཀྱང་རུང་སྙམ་ནས་ཐ་སྙད་སླ་བར་བྱ་བའི་ཕྱིར་རྣམ་པར་བཀོད་དོ་ཞེས་བྱ་བ་ནི་རྒྱུ་ཡོད་ན་འབྲས་བུ་ཡོད་ལ་རྒྱུ་མེད་ན་འབྲས་བུ་མེད་དོ་ཞེས་བྱ་བ་འདི་ནི་ཚིག་གི་ཕྲེང་བ་ཤིན་ཏུ་མང་བ་ཡིན་ཏེ། ཚིག་གི་ཕྲེང་བ་ཤིན་ཏུ་མང་པོ་ནི་ཚིག་དུ་མ་སྟེ། འཇིག་རྟེན་པ་

རྣམས་མ་བརྗོད་ཀྱང་རུང་ཞེས་ཐ་སྙད་སླ་བར་བྱ་བའི་ཕྱིར་རྒྱུ་དང་འབྲས་བུའི་སྒྲ་གཅིག་པུ་བཀོད་དོ། །འདི་སྐད་བསྟན་ཏེ། མང་པོ་དེ་དག་གི་དོན་ཇི་ལྟར་ན་ཚིག་གཅིག་གིས་བསྟན་པར་འགྱུར་སྙམ་ནས་རྒྱུ་དང་འབྲས་བུའི་སྒྲ་གཅིག་པུ་འདིར་གཞག་གོ། །ཕ་རོལ་པོ་དག་ཀྱང་རྗེས་སུ་འགྲོ་བ་དང་
ལྡོག་པ་ལས་རྒྱུ་དང་འབྲས་བུ་གཞན་མ་ཡིན་ན་ཡང་ཇི་ལྟར་ཡོད་པ་དང་མེད་པ་གཉིས་ཀྱིས་བསྒྲུབ་པར་བྱ་ཞེས་བྱ་བ་སྨྲས་ཏེ། ཇི་སྟེ་རྒྱུ་དང་འབྲས་བུ་ཉིད་ནི་ཡོད་པ་དང་མེད་པ་ལས་ལོགས་ཤིག་ན་ཡོད་པ་མ་ཡིན་ན་ཇི་ལྟར་དེ་གཉིས་ཀྱིས་དེ་བསྒྲུབ་པར་བྱ། ཐ་དད་པ་མེད་པ་ལ་ནི་བསྒྲུབ་པར་བྱ་བ་
དང་། སྒྲུབ་པར་བྱེད་པའི་དངོས་པོ་གང་ཡང་མ་མཐོང་ངོ་ཞེས་བསམས་པའོ། །གྲུབ་པའི་མཐའ་སྨྲ་བས་དེ་ཡོད་ན་ཡོད་པའི་གཏན་ཚིགས་ཀྱི་ཕྱིར་ཞེས་བྱ་བ་སྨྲས་ཏེ། དེ་ཡོད་པ་ནི་དེ་ཡོད་ན་ཞེས་བྱ་བ་ཡིན་ཏེ། རྒྱུ་ཡོད་ན་ཞེས་བྱ་བའི་དོན་ཏོ། །དེ་ཡོད་ན་ཡོད་པ་ནི་དེ་ཡོད་པའོ། །དེ་བས་ན་དེ་
ཡོད་ན་ཡོད་པའི་རྟགས་ལས་དེ་འབྲས་རྟོགས་ཞེས་བྱ་བ་ལ་དེའི་འབྲས་བུ་ནི་དེ་འབྲས་སོ། །དེའི་འབྲས་བུ་རྟོགས་པ་ནི་དེ་འབྲས་རྟོགས་པའོ། །དེ་ཉིད་བསྟན་པའི་ཕྱིར་གང་ཡོད་ན་ཡོད་པ་དེ་ནི་འབྲས་བུར་རྟོགས་སོ་ཞེས་བྱ་བ་སྨྲས་ཏེ། གང་ཡོད་ན་དངོས་པོ་གང་ཡོད་པའི་དངོས་པོ་དེ་ནི་འབྲས་བུ་
ཞེས་བྱའོ། །གང་ཡང་རྗེས་སུ་སྨྲ་བ་ནི་ཞེས་བྱ་བ་འདི་ཉིད་ནི་འོག་ནས་རྒྱུ་འདིའི་འབྲས་བུ་འདིའོ་ཞེས་བྱ་བའི་ཚིག་གིས་སྟོན་ཏེ། རྒྱུ་འདིའི་འབྲས་བུ་འདིའོ་ཞེས་གང་ངེས་ཤིང་དེ་སྨྲ་བར་བྱེད་པ་གང་ཡིན་པའོ། །བརྡའི་ཡུལ་དུ་དེ་བརྗོད་དེ་ཞེས་བྱ་བ་འདིའི་བཤད་པ་ནི་དེ་ཡོད་ན་ཡོད་པ་ཉིད་ཀྱིས་
གང་ཡང་དེ་སྐད་དུ་སྨྲ་བའི་རྒྱུ་དང་འབྲས་བུའི་ཐ་སྙད་ཀྱི་ཡུལ་དུ་དེ་བསྟན་གྱི་ཞེས་བྱ་བ་ཡིན་ཏེ། རྒྱུ་ཡོད་ན་འབྲས་བུ་ཡོད་པར་འགྱུར་བ་ནི་དེ་ཡོད་ན་ཡོད་པ་ཉིད་དོ། །དེ་ལྟར་གང་ཡོད་ན་ཡོད་པ་ཉིད་ཀྱིས་འབྲས་བུ་ཡིན་པར་བརྗོད་པ་དེ་རྒྱུ་དང་འབྲས་བུ་གཉིས་ཀྱི་ཐ་སྙད་ཀྱི་ཡུལ་དུ་བསྟན་ཏོ། །
དོན་ཐ་དད་པ་ནི་མེད་དོ་ཞེས་བྱ་བ་ནི་འདིར་རྒྱུ་དང་འབྲས་བུ་ཡང་གཞན་ལ། དེ་ཡོད་ན་ཡོད་པ་ཉིད་ཀྱང་གཞན་པ་མ་ཡིན་ནོ། །ཅི་འདྲ་ཞེ་ན་ཞེས་བྱ་བ་ནི་དཔེ་འདྲི་བའོ། །ལྐོག་ཤལ་སོགས་ལས་གླང་རྟོགས་བཞིན། །ཞེས་བྱ་བ་ནི་ཇི་ལྟར་ལྐོག་ཤལ་ལ་སོགས་པ་གླང་ཁོང་དུ་ཆུད་པ་བཞིན་ནོ། །

དེ་ཉིད་སྟོན་པ་ནི་འདི་ནི་བ་ལང་ཡིན་ཏེ། ལྐོག་ཤལ་ལ་སོགས་པ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་འདིས་བ་ལང་གི་ཐ་སྙད་ཀྱི་ཡུལ་དུ་སྟོན་ཏོ་ཞེས་བྱ་བ་ནི་གང་གི་ཕྱིར་ལྐོག་ཤལ་ལ་སོགས་པ་དང་ལྡན་པ་དེ་བ་ལང་ཡིན་ནོ་ཞེས་བྱ་བ་དེས་ཇི་ལྟར་ལྐོག་ཤལ་ལ་སོགས་པ་དང་
ལྡན་པ་ཉིད་བ་ལང་གི་ཐ་སྙད་ཀྱི་ཡུལ་དུ་བསྟན་པ་དེ་བཞིན་དུ་དེ་ཡོད་ན་ཡོད་པའི་དོན་གང་ཡིན་པ་དེ་འབྲས་བུའོ་ཞེས་འབྲས་བུའི་ཐ་སྙད་ཀྱི་ཡུལ་དུ་བསྟན་ཏོ། །གཞན་ཡང་ཕ་རོལ་པོ་དག་སྨྲ་བ་ཇི་སྟེ་ཡོད་པ་དང་མེད་པ་གཉིས་རྒྱུ་དང་འབྲས་བུ་ཉིད་ཡིན་ན་རྒྱུ་ཉིད་འབའ་ཞིག་གམ་འབྲས་བུ་
འབའ་ཞིག་ཀྱང་གཉི་གར་གཏོགས་ཏེ་ཡོད་པ་དང་མེད་པ་ལ་ལྟོས་པར་འགྱུར་རོ་ཞེས་བྱ་བ་ནི་ཇི་སྟེ་ཡོད་པ་དང་མེད་པ་རྒྱུ་དང་འབྲས་བུ་ཉིད་དུ་ཁས་ལེན་ན་དེའི་ཚེ་རྒྱུ་ཉིད་འབའ་ཞིག་ཀྱང་གཉིས་ཀར་གཏོགས་ཤིང་ཡོད་པ་དང་མེད་པ་ལྟོས་ལ་དེ་བཞིན་དུ་འབྲས་བུ་ཉིད་འབའ་ཞིག་ཀྱང་གཉི་གར་
གཏོགས་ཤིང་ཡོད་པ་དང་མེད་པ་ལ་ལྟོས་པར་འགྱུར་རོ། །གཞན་དུ་ན་ཡོད་པ་ཙམ་རྒྱུའམ་འབྲས་བུ་ཇི་ལྟར་ཡིན་ཞེས་བྱ་བ་ནི་ཇི་སྟེ་ཡང་རྒྱུ་དང་འབྲས་བུ་གཉིས་སོ་སོར་གཉི་གར་གཏོགས་ཤིང་ཡོད་པ་དང་མེད་པ་ལ་ལྟོས་པར་ཁས་མི་ལེན་ན་དེའི་ཚེ་ཡོད་པ་ཙམ་འབྲས་བུ་ཡིན་པ་དང་ཡོད་པ་
ཙམ་རྒྱུ་ཡིན་པར་ཁས་བླང་བར་འགྱུར་རོ། །དེ་ལྟ་ཡིན་དུ་ཟད་མོད་ཉེས་པ་ཅི་ཡོད་ན་དེའི་ཕྱིར་སྨྲས་པ། ཡོད་པ་དང་མེད་པ་ཡིན་པ་ཡང་རྒྱུའམ་འབྲས་བུ་ནི་ཡོད་པ་དང་མེད་པ་གཉིས་ཀར་ཡང་གཏོགས་པ་མ་ཡིན་གྱི་ཞེས་བྱ་བ་ནི། རྒྱུ་དང་འབྲས་བུར་གཏོགས་པའི་ཡོད་པ་དང་མེད་པ་ནི་རྒྱུ་
ཉིད་འབའ་ཞིག་ཀྱང་མ་ཡིན་ལ་འབྲས་བུ་ཉིད་འབའ་ཞིག་ཀྱང་མ་ཡིན་ནོ། །རྒྱུ་དང་འབྲས་བུ་ཁོ་ན་ཡིན་ན་ནི་རུང་ངོ་ཞེ་ན་ཞེས་བྱ་བ་ནི། རྒྱུ་དང་འབྲས་བུ་ཁོ་ན་ཡིན་ན་ཡོད་པ་དང་མེད་པ་གཉི་གར་གཏོགས་པར་རུང་ངོ་། །འདིར་གྲུབ་པའི་མཐའ་སྨྲ་བ་དག་གིས་དེ་མི་རུང་སྟེ་ཞེས་བྱ་བ་དེ་ནི་
འགོག་པའི་ཚིག་གོ། །གཉི་གར་གཏོགས་སུ་ཟིན་ཀྱང་ཕྱི་མ་ཡོད་པ་དང་མེད་པའི་བྱེ་བྲག་གིས་རྒྱུ་སྔ་མ་ཡོད་པ་དང་མེད་པ་ཡིན་ལ། སྔ་མ་ཡོད་པ་དང་མེད་པའི་བྱེ་བྲག་གིས་འབྲས་བུ་ཕྱི་མ་ཡོད་པ་དང་མེད་པ་ཡིན་ཏེ་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་གཉིས་ཀར་གཏོགས་མོད་ཀྱི་འོན་

ཀྱང་མྱུ་གུ་ཡོད་པ་དང་མེད་པ་གཉིས་དམིགས་ཀྱིས་ཕྱེ་བ་ནི་ས་བོན་ཡོད་པ་དང་མེད་པ་ཡིན་ཏེ། རྒྱུ་ཉིད་ཡིན་ནོ། །ས་བོན་ཡོད་པ་དང་མེད་པས་དམིགས་ཀྱིས་ཕྱེ་བ་ནི་མྱུ་གུ་ཡོད་པ་དང་མེད་པ་ཉིད་ཡིན་ཏེ། འབྲས་བུ་ཡིན་ནོ། །འདི་སྐད་བསྟན་ཏེ། ཕྱི་མ་ཡོད་པ་དང་མེད་པ་ལ་ལྟོས་
ནས་སྔ་མ་ཡོད་པ་དང་མེད་པར་གྱུར་པ་ནི་རྒྱུ་ཉིད་ཡིན་ནོ། །སྔ་མ་ཡོད་པ་དང་མེད་པ་ལ་ལྟོས་པ་ནི་ཕྱི་མ་འབྲས་བུ་ཉིད་ཡིན་གྱི་རྒྱུ་འབའ་ཞིག་གམ་འབྲས་བུ་འབའ་ཞིག་ནི་གཉིས་ཀར་གཏོགས་པའི་ཡོད་པ་དང་མེད་པ་མ་ཡིན་ཏེ། འདི་ལྟར་ཡོད་འགྱུར་ཡོད་ཅེས་བྱ་བ་འདིའི་བཤད་པ་ནི་
ཡོད་པར་འགྱུར་བའི་ཆོས་ཅན་ཡོད་ན་དེ་ཡོད་པ་ནི་ཞེས་བྱ་བ་ཡིན་ཏེ། དེ་མ་ཐག་ཏུ་ཡོད་པར་འགྱུར་བ་ནི་འབྲས་བུའོ། །དེ་ཡོད་པ་ནི་ཞེས་བྱ་བ་འདིའི་བཤད་པ་ནི་རྒྱུར་མངོན་པར་འདོད་པ་ཡོད་པའོ་ཞེས་བྱ་བ་ཡིན་ནོ། །དེ་ནི་ཡོད་པ་ཉིད་དོ་ཞེས་འདིར་ཡང་ངེས་པར་གཟུང་བར་བྱའོ་ཞེས་ཕྱིས་བཤད་པ་
ཉི་ཚེ་ངེས་པར་གཟུང་བར་བྱ་བ་ལ་བརྟེན་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན། རྒྱུར་མངོན་པར་འདོད་པ་འདིར་ཡོད་པ་ཉིད་དོ་ཞེས་ངེས་པར་གཟུང་བར་བལྟའོ། །དེ་བས་ན་ཚིག་གི་དོན་འདིར་འགྱུར་ཏེ། དེ་མ་ཐག་ཏུ་སྐྱེ་བའི་ཆོས་ཅན་གྱི་འབྲས་བུ་ལ་གདོན་མི་ཟ་བར་རྒྱུ་ཡོད་དེ། འདི་ལྟར་རྒྱུའི་རྒྱུ་ཉིད་ནི་འབྲས་བུ་དེ་
མ་ཐག་ཏུ་འབྱུང་བ་ལ་གདོན་མི་ཟ་བར་ཉེ་བ་ཡིན་ནོ། །འདིས་ནི་བཟློག་པ་ཡང་དོན་གྱིས་འདྲེན་ཏོ་ཞེས་བྱ་བ་ནི་ངེས་པར་གཟུང་བས་བཟློག་པ་དོན་གྱིས་འདྲེན་པར་རིག་པར་བྱའོ། །དེའི་ཕྱིར་དོན་འདིར་འགྱུར་ཏེ། ཡོད་པ་ཉིད་ཡིན་གྱི་མེད་པ་ནི་མ་ཡིན་ནོ། །དེས་ན་འདི་སྐད་བསྟན་ཏེ་རྒྱུར་མངོན་
པར་འདོད་པ་གདོན་མི་ཟ་བར་ཉེ་བ་ཡིན་གྱི་མི་ཉེ་བ་གང་ཡིན་པ་དེ་ནི་མ་ཡིན་ནོ། །རྒྱུར་མངོན་པར་འདོད་པ་ཡོད་པ་ཉིད་ན་ཡོད་པར་འགྱུར་བ་ནི་འབྲས་བུར་མངོན་པར་འདོད་པའི་འབྲས་བུ་ཉིད་དོ་ཞེས་བྱ་བ་ནི་འབྲས་བུར་མངོན་པར་འདོད་པའི་འབྲས་བུ་དེ་ཉིད་འདི་ལྟར་རྒྱུ་གང་ཡིན་པ་ཉེ་བ་ཉིད་ཡོད་ན་ཡོད་
པའོ། །རབ་ཏུ་གྲུབ་ཅེས་བྱ་བ་ནི་གྲགས་ཞེས་བྱ་བའི་དོན་ཏོ། །གང་གིས་གྲུབ་ཅེ་ན། མངོན་སུམ་མི་དམིགས་པ་དག་ལས་ཞེས་བྱ་བ་སྨྲས་ཏེ། མངོན་སུམ་གྱིས་དང་མི་དམིགས་པས་ཞེས་བྱ་བའི་དོན་ཏོ། །གང་གྲུབ་ཅེ་ན། རྒྱུ་འབྲས་ཞེས་བྱ་བ་སྨྲས་ཏེ། རྒྱུ་དང་འབྲས་བུ་ནི་

རྒྱུ་འབྲས་ཏེ། རྒྱུ་དང་འབྲས་བུ་ཞེས་བྱ་བའི་དོན་ཏོ། །དེ་གཉིས་ཀྱི་དངོས་པོ་ནི་རྒྱུ་དང་འབྲས་བུ་ཁོ་ནའོ། །དེ་ལ་རྒྱུ་ཡོད་ན་འབྲས་བུ་ཡོད་པ་ནི་མངོན་སུམ་གྱིས་ཤེས་སོ། །རྒྱུ་མེད་ན་འབྲས་བུ་མེད་པ་ནི་མི་དམིགས་པས་ཤེས་སོ། །གང་གི་ཕྱིར་མངོན་སུམ་དང་
མི་དམིགས་པ་གཉིས་ཀྱི་ཡོད་པ་དང་མེད་པ་རྟོགས་པ་དེ་ལ་རྒྱུ་དང་འབྲས་བུའི་ཐ་སྙད་འཇུག་པར་བྱེད་པ་དེ་བས་ན་ཡོད་པ་དང་མེད་པ་ནི་རྒྱུ་དང་འབྲས་བུ་ཡིན་པ་ཁོ་ནར་གནས་ཏེ། དེ་ལྟར་ན་ཡོད་པ་དང་མེད་པ་ཉིད་རྒྱུ་དང་འབྲས་བུ་ཡིན་གྱི་གཞན་མ་ཡིན་ནོ་ཞེས་བྱ་བ་དེ་ནི་རྟོགས་པར་ཟད་དོ། །
དེ་བས་ན་རེ་ཞིག་དེ་ཙམ་ཡང་དག་དོན་ཞེས་བྱ་བ་ལ་དེ་བས་ན་ཞེས་བྱ་བ་ནི་གཏན་ཚིགས་ཀྱིས་སོ། །ལྷག་མ་ནི་རང་ཉིད་སྟོན་ཏེ། རེ་ཞིག་དེ་ཙམ་ཉིད་ཅེས་བྱ་བ་དེའི་བཤད་པ་ནི་ཡོད་པ་དང་མེད་པའོ་ཞེས་བྱ་བ་ཡིན་ནོ། །དེ་དག་ཉིད་ཡང་དག་པ་བདེན་པ་སྟེ། འདི་གང་གི་དོན་ཡིན་པ་དེ་
དག་ཉིད་ཡང་དག་པའོ། །དོན་དེ་ནི་གང་དག་རྣམ་པར་རྟོག་པ་རྣམས་ཀྱི་སྟེ། རེ་ཞིག་དེ་ཙམ་ཡང་དག་དོན། །ཞེས་བྱ་བ་ཡན་ལག་གི་དོན་རྣམས་ནི་གོ་སླའོ། །སྤྱི་དོན་བཤད་པ་ནི། རེ་ཞིག་དེ་ཙམ་ས་བོན་ནོ། །ཞེས་བྱ་བ་ཡིན་ཏེ། རེ་ཞིག་དེ་ཙམ་རྒྱུ་མཚན་ཡིན་ནོ། །འདི་སྐད་
བསྟན་ཏེ། རྒྱུ་དང་འབྲས་བུའི་རྣམ་པར་རྟོག་པའི་རྒྱུ་མཚན་ནི་དོན་དམ་པར་ཡོད་པ་དང་མེད་པ་ཙམ་ཡིན་ནོ། །རྒྱུ་དང་འབྲས་བུའི་སྤྱོད་ཡུལ་རྣམས་ཞེས་བྱ་བ་ནི་གང་དག་གི་སྤྱོད་ཡུལ་དང་འབྲས་བུ་ཞེས་བྱ་བར་བཟུང་སྟེ། རྒྱུ་དང་འབྲས་བུ་ཡུལ་ཞེས་བྱ་བའི་ཐ་ཚིག་གོ། །སྟོན་པ་དེ་ཡང་
འབྲེལ་པའི་དོན་བཞིན་སྟོན་ཏེ་ཞེས་བྱ་བ་འདིའི་བཤད་པ་ནི་འབྲེལ་པ་ཡོད་པ་བཞིན་དུའོ་ཞེས་བྱ་བ་ཡིན་ཏེ་རྟོགས་པར་སླའོ། །མ་འབྲེལ་བའི་དོན་ལ་ཡང་ཞེས་བྱ་བ་ནི་དོན་དམ་པར་འབྲེལ་པ་མེད་ཀྱང་རྣམ་པར་རྟོག་པས་ནི་འབྲེལ་པ་ཡོད་པ་འདྲ་བར་སྟོན་པར་བྱེད་དོ། །དེ་ལྟར་བྱེད་པས་
ན་ལོག་པའི་དོན་ཡིན་ནོ་ཞེས་བྱ་བ་ནི་གང་གི་ཕྱིར་དེ་ལྟར་དངོས་པོ་རྣམས་འབྲེལ་པ་མེད་ཀྱང་འབྲེལ་པ་ཡོད་པ་འདྲ་བར་སྟོན་པར་བྱེད་དེ། དེ་བས་ན་རྣམ་པར་རྟོག་པ་དེའི་དོན་ལོག་པ་ཡིན་ནོ། །འབྲེལ་པ་ཡང་དག་པ་མ་ཡིན་པའི་དོན་གཅིག་དེ་དག་གིས་བསྟན་ཏམ་ཅི་གང་གིས་ལོག་པའི་

དོན་ཡིན་ཞེ་ན་ཞེས་བྱ་བ་ནི་རྣམ་པར་རྟོག་པ་རྣམས་ཀྱིས་འབྲེལ་པ་མེད་པའི་དོན་ཁོ་ན་ཞིག་བསྟན་ཏམ་ཅེ་ན། གང་གིས་ན་དེ་དག་མི་བདེན་པའི་དོན་དུ་འདོད། དེ་དེ་བཞིན་ཏེ་ཞེས་བྱ་བ་ནི་དེ་ཡང་དག་པ་མ་ཡིན་པའི་འབྲེལ་པ་རྟོག་པར་བྱེད་པ་གང་ཡིན་པ་དེ་བདེན་ནོ། །ཅིས་
མངོན་ཞེ་ན། དེའི་ཕྱིར་འདི་ལྟར་འདིར་བརྟག་པར་བྱ་བ་གཉིས་ཏེ། རྒྱུ་དང་འབྲས་བུ་ཡང་དག་པར་དོན་ཐ་དད་པའམ། ཐ་དད་པ་མ་ཡིན་པ་ཞིག་འབྲེལ་ཞེས་བྱ་བ་སྨོས་ཏེ། གང་རྒྱུ་དང་འབྲས་བུའི་དོན་ཡང་དག་པར་འབྲེལ་པ་འདི་ཁས་ལེན་ན་དེ་ཅི་དངོས་སུ་ཐ་དད་དམ། འོན་ཏེ་ཐ་
དད་པ་མ་ཡིན་ཞེས་རྟོག་པ་གཉིས་སུ་སྟོན་ཏོ། །ཅི་སྟེ་ཐ་དད་ན་ཞེས་བྱ་བ་ནི་ཇི་སྟེ་རེ་ཞིག་རྒྱུ་དང་འབྲས་བུ་གཉིས་ངོ་བོ་ཐ་དད་པ་ཡིན་ན་དེའི་ཚེ་ཐ་དད་པ་ཡིན་ན་ཅི་ཞིག་འབྲེལ་ཏེ། ངོ་བོ་ཐ་དད་པ་དེ་ལ་འབྲེལ་པ་གང་ཞིག་ཡིན། མ་ཡིན་པ་ཉིད་དེ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཅིའི་
ཕྱིར་མ་ཡིན་ཞེ་ན། དེའི་ཕྱིར་རང་གི་ངོ་བོ་ལ་གནས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། བདག་བདག་རང་གི་ངོ་བོ་ལ་གནས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་ཐ་དད་པ་མ་ཡིན་ན་ནི་ཞེས་བྱ་བ་ནི་འོན་ཏེ་ཡང་ཐ་དད་པ་མ་ཡིན་པར་འདོད་ན་དེའི་ཚེ། ཐ་དད་མིན་ན་རྒྱུ་འབྲས་གང་། །
ཞེས་བྱ་བ་ནི་ཐ་དད་པ་མ་ཡིན་པ་ཡང་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་དུ་མི་སྲིད་དོ། །མ་ཡིན་པ་ཉིད་དེ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཅིའི་ཕྱིར་མི་སྲིད་ཅེ་ན། དེའི་ཕྱིར་བསྐྱེད་པར་བྱ་བ་མ་སྐྱེས་པ་ལ་བྱེད་པའི་ཕྱིར་ལ་ཐ་དད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་ཐ་དད་པ་མེད་
པའི་ཕྱོགས་ལ་གང་བསྐྱེད་ནས་རྒྱུ་དང་འབྲས་བུར་འགྱུར་བའི་མ་སྐྱེས་པའི་བསྐྱེད་པར་བྱ་བ་མེད་དོ། །གཉིས་འབྲེལ་པ་ག་ལ་ཡོད་ཅེས་བྱ་བ་ནི་གཉིས་འབྲེལ་པའི་གོ་སྐབས་ཐག་བསྲིངས་སོ། །བརྒྱ་ལ་ཕ་རོལ་པོ་དག་ཅི་སྟེ་དེ་ཉི་ཚེ་ཐ་དད་པའམ་ཐ་དད་པ་མ་ཡིན་པ་འབྲེལ་པ་
མ་ཡིན་གྱི་ཞེས་བྱ་བ་ནི་གང་གིས་ན་ཐ་དད་པ་དང་ཐ་དད་པ་མ་ཡིན་པའི་ཕྱོགས་ལ་ཡོད་པའི་སྐྱོན་དུ་གྱུར་པ་འབྲེལ་པ་ཅན་ཉི་ཚེ་འབྲེལ་པའི་སྒྲར་བརྗོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འབྲེལ་པ་ཞེས་བྱ་བ་གཅིག་དང་འབྲེལ་པའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་ནི་འོན་ཀྱང་གང་གི་ཚེ་འབྲེལ་

པ་ཞེས་བྱ་བ་གཅིག་དང་། རྒྱུ་དང་འབྲས་བུ་གཉིས་སུ་སྦྱོར་བ་དེའི་ཚེ་དེ་གཉིས་འབྲེལ་པར་འདོད་པའོ། །འདིར་ཡང་ཞེས་བྱ་བ་ནི་དེ་ལྟར་རྟོག་པ་ལའོ། །ཡོད་དེ་ཞེས་བྱ་བ་འདིའི་བཤད་པ་ནི་ཡོད་པ་ཡིན་ན་ཡང་ཞེས་བྱ་བ་ཡིན་ཏེ། བདོག་ན་ཞེས་བྱ་བའི་བར་
དུའོ། །གཞན་ཞིག་ཅེས་བྱ་བ་འདིའི་བཤད་པ་ནི་འབྲེལ་པ་ཞེས་བྱ་བ་ཡིན་ཏེ། འབྲེལ་པའི་མིང་ཅན་ཞེས་བྱ་བའི་དོན་ཏོ། །མ་འབྲེལ་པ་གཉིས་ཞེས་བྱ་བ་ནི་སོ་སོ་ན་འདུག་པ་ཞེས་བྱ་བའི་དོན་ཏོ། །མ་འབྲེལ་པ་གང་ཞེ་ན་རྒྱུ་དང་འབྲས་བུར་མངོན་པར་འདོད་པ་ཞེས་བྱ་བ་སྨྲས་ཏེ།
དེ་ནི་གོ་སླའོ། །དེ་གཉིས་འབྲེལ་པར་ཇི་ལྟར་བྱེད། །ཅེས་བྱ་བ་ནི་དེ་གཉིས་འབྲེལ་པར་ཇི་ལྟར་འགྱུར་ཞེས་བྱ་བའི་དོན་ཏོ། །འདི་བསྟན་ཏེ། དངོས་པོ་དོན་གཞན་ཞིག་ཉེ་བ་ན་དངོས་པོའི་དོན་མ་འབྲེལ་པ་རྣམས་འབྲེལ་པའི་རང་གི་ངོ་བོར་ཇི་ལྟར་འགྱུར་ཞེས་བྱ་བའོ། །འབྲེལ་
པ་ཞེས་བྱ་བའི་ངོ་བོ་དེ་ཉིད་གཞན་ཞིག་ཡོད་པར་ཟད་པའི་ཕྱིར་གཞན་དེ་ཡོད་པས་དངོས་པོ་གང་ཡང་འདྲེས་པར་གྱུར་པ་མེད་པའི་ཕྱིར་ཡང་དག་པར་ཇི་ལྟར་འབྲེལ་པ་ཡོད་ཅེས་བྱ་བ་ནི་གང་ན་གཉིས་འདུག་པ་དེའི་ནང་དུ་གསུམ་པ་འོངས་ན་དེ་དེར་ལྷག་པ་ཡིན་གྱི་དེ་ཉེ་བས་གཉིས་ཀྱི་ངོ་བོ་
འདྲེས་པར་འགྱུར་བ་ནི་མེད་དོ། །གང་གི་ཚེ་དེ་ལྟར་གྱུར་པ་དེའི་ཚེ་དོན་དམ་པར་དངོས་པོ་རྣམས་འབྲེལ་པ་ལྟ་ག་ལ་ཡོད། དེ་ལྟར་རེ་ཞིག་རྒྱུ་དང་འབྲས་བུའི་དངོས་པོའི་མཚན་ཉིད་རྣམས་འབྲེལ་པ་མེད་དོ་ཞེས་བསྟན་ཟིན་ཏོ། །སྦྱོར་བ་དང་འདུ་བ་ལ་སོགས་པ་སེལ་བར་བྱེད་པར་འདོད་
ནས། སྦྱོར་བ་ཅན་དང་འདུ་ཅན་སོགས། །ཞེས་བྱ་བ་སྨོས་ཏེ། སྦྱོར་བ་ཅན་དང་འདུ་བ་ཅན་ནམ་སྦྱོར་བ་ཅན་དང་འདུ་བ་ཅན་ནོ། །དེ་ཐོག་མར་བྱས་པ་གང་ཡིན་པ་ནི་སྦྱོར་བ་ཅན་དང་འདུ་བ་ཅན་ལ་སོགས་པའོ། །སོགས་པ་སྨོས་པས་རྗེ་ཁོལ་ལ་སོགས་པ་ཡོངས་སུ་བཟུང་ཞེས་
བྱ་བའི་ཚིག་གི་ལྷག་མའོ། །ཐམས་ཅད་ཅེས་བྱ་བ་ནི་མ་ལུས་པའོ། །དེས་ཀྱང་ཞེས་བྱ་བ་འདིའི་བཤད་པ་ནི་བཤད་མ་ཐག་པའི་ཕྱིར་འབྲེལ་པ་འགོག་པའི་གཞུང་གིས་དཔྱད་པ་ཡིན་ཏེ་ཞེས་བྱ་བ་ནི་གང་ཡང་སྤྱིར་འབྲེལ་པ་སེལ་བ། གཞན་ཞིག་ཡོད་ན་མ་འདྲེས་གཉིས། །དེ་གཉིས་

འདྲེས་པར་ཇི་ལྟར་བྱེད། །ཅེས་བྱ་བའི་ངོ་བོ་དེས་སྦྱོར་བ་དང་རྗེ་ཁོལ་ལ་སོགས་པའི་འབྲེལ་བ་ཐམས་ཅད་བསལ་བར་རིག་པར་བྱའོ། །སྦྱོར་བ་ལ་སོགས་པའི་མཆན་ཉིད་ཀྱི་འབྲེལ་པ་ནི་དངོས་སུ་མེད་དོ་ཞེས་བྱ་བ་ནི་གཞན་གྱི་དབང་ཅན་ལ་སོགས་པའི་འབྲེལ་པ་དོན་དམ་པར་མི་འཐད་
པར་མ་ཟད་ཀྱི་འོ་ན་ཅི་ཞེ་ན། སྦྱོར་བ་ལ་སོགས་པ་ཡང་དོན་དམ་པར་མི་འཐད་པ་ཁོ་ན་ཡིན་ནོ། །རེ་ཞིག་འདུ་བ་ཅན་ཡང་འབྲེལ་པ་མ་ཡིན་ཏེ་ཞེས་བྱ་བ་ནི་རེ་ཞིག་འདུ་བ་ཞེས་བྱ་བ་སེལ་བར