Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 190

Văn bản gốc(Tây Tạng)

Trang 21 / 25 (50.000 ký tự/trang)
་བ་ཡང་གཞན་པ་ནི་མ་ཡིན་ནོ། །གཞན་ཡང་གང་དེ་དང་ཤེས་པའི་འདྲ་བ་ཡིན་པ་དེ། གལ་ཏེ་ཤེས་པའི་ཆོས་ཡིན་ན། དེའི་ཚེ་ཤེས་
པ་ཉིད་གསལ་བ་ཡིན་གྱི་དོན་ནི་མ་ཡིན་ནོ། །འོན་ཏེ་དོན་གྱི་ཆོས་ཡིན་ན་དེའི་དོན་སེམས་དང་ལྡན་པ་ཐམས་ཅད་ཀྱི་ཐུན་མོང་ཡིན་པའི་ཕྱིར་དེ་ཡང་ཐུན་མོང་དུ་འགྱུར་རོ། །དེ་བས་ན་གང་ཞིག་འགའ་ཞིག་གཅིག་གིས་མངོན་སུམ་དུ་བྱས་པས་སེམས་དང་ལྡན་པ་ཐམས་ཅད་ཀྱི་མངོན་སུམ་དུ་འགྱུར་ཏེ། བཙོ་

བླག་མཁན་གྱིས་གོས་གཅིག་བཙོས་པ་ན་དེ་ཉིད་དམར་པོར་འགྱུར་གྱི། དཀར་པོ་གཞན་ཐ་དད་པས་དམར་པོ་ཡིན་པར་ནི་མི་འགྱུར་རོ། །དེས་ནི་སྤྱོད་པ་པ་ཡང་བསལ་ཏེ། དོན་གྱི་ཆོས་གསལ་བ་ཉིད་ཤེས་པ་ལས་སྐྱེ་སྟེ། དེ་བས་ན་དོན་གསལ་བ་ཉིད་ཤེས་པས་གསལ་བ་ཡིན་ནོ་ཞེས་ལྷན་ཅིག་པར་སྨྲ་
བའི་ཕྱིར་རོ། །དེ་ལྟར་གསལ་བའི་སྔོན་པོ་ལ་སོགས་པ་ཤེས་པ་ལས་ཐ་མི་དད་པར་བདག་ཅག་ཀྱང་འདོད་དོ། །དེ་བསྒྲུབས་པས་དོན་ཀྱང་བཀག་པར་འགྱུར་བ་མ་ཡིན་ཏེ། དཔེར་ན་མེ་ལོང་ལ་གཟུགས་དེའི་གཟུགས་བརྙན་རྟོགས་པ་ཉིད་གཟུགས་རྟོགས་པ་ཡིན་པ་དེ་བཞིན་དུ་ཤེས་པའི་མེ་ལོང་ལ་
བཞིན་གྱི་རྣམ་པ་བྱུང་བ་རྟོགས་པ་ཉིད་དོན་རྟོགས་པ་ཞེས་བྱའོ་ཞེས་མདོ་སྡེ་པ་རྣམས་སྨྲའོ། །དེ་ཡང་བདེན་པ་མ་ཡིན་ཏེ། འདི་ལྟར་གང་གིས་ན་དོན་དེ་རྟོགས་པ་ཡིན་ཏེ། དོན་དང་འདྲ་བའི་ཕྱིར་རོ་ཞེས་ཟེར་ན། དུས་གཅིག་ལ་གར་དང་གྱད་དང་ཟླ་བ་རྣམས་ལ་ལྟ་བའི་ཚེ་གཅིག་ལ་གཅིག་གིས་ཤེས་པ་
རྣམས་ལྟ་བར་ཐལ་བར་འགྱུར་རོ། །དེ་ལས་བྱུང་བའི་ཕྱིར་རོ་ཞེས་ཟེར་ན་མིག་ཀྱང་རྟོགས་པར་འགྱུར་རོ། །དེ་ལས་བྱུང་བ་དང་དོན་དང་འདྲ་བ་གཉིས་ཀྱི་ཕྱིར་རོ་ཞེས་ཟེར་ན། འོ་ན་ནི་དེ་མ་ཐག་པའི་རྣམ་པར་ཤེས་པ་ཡང་དོན་དང་འདྲ་བས་ཡུལ་ཡིན་པ་འཐོབ་བོ། །བདག་ཉིད་ཐམས་ཅད་ཀྱིས་འདྲ་ན་
ཡང་རྣམ་པར་ཤེས་པ་མ་ཡིན་པར་འགྱུར་རོ། །ཆ་ཤས་ཀྱིས་འགའ་ཞིག་དང་འདྲ་ན་ནི་ཐམས་ཅད་ཀྱིས་ཐམས་ཅད་རྟོགས་པར་འགྱུར་རོ། །དེ་ལྟ་བས་ན་རྟོགས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་གསལ་བ་མ་ཡིན་པའི་བདག་ཉིད་ཐམས་ཅད་ལས་ལྡོག་པ་གྲུབ་པ་ན་མ་ངེས་པ་ཡང་མ་ཡིན་
ནོ། །དེ་བས་ན་རྟོགས་པ་ཉིད་ཀྱིས་སྔོན་པོ་ལ་སོགས་པ་རྟོགས་པར་བྱེད་པ་ལས་ཐ་མི་དད་པར་གྲུབ་བོ། །ཐ་མི་དད་པའི་ཡང་ཕྱིར་ཕྱིའི་དངོས་པོ་མི་རིགས་པས་དོན་ཡོད་པར་སྨྲ་བ་ཐམས་ཅད་བསལ་ཏོ། །དངོས་པོ་དང་དངོས་པོ་མེད་པའི་བདག་ཉིད་ཡིན་པར་འགལ་བའི་ཕྱིར་བརྫུན་པའི་རྣམ་པར་རིག་
པ་ཙམ་དུ་སྨྲ་བ་བསལ་ཏོ། །བརྫུན་པ་ཡང་སྔོན་པོ་ལ་སོགས་པ་ཡིན་པར་འདོད་ཅིང་། །དེའི་གསལ་བ་རྣམས་ཤེས་པ་དངོས་པོའི་དབང་གིས་ཡིན་པར་འདོད་ན། གཞན་དུ་ན་དེའི་རེས་འགའ་བ་ཉིད་དུ་འགལ་ཏེ། རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའམ་མེད་པར་འགྱུར། །ཞེས་པའི་

རིགས་པས་སོ། །དངོས་པོ་དང་དངོས་པོ་མེད་པ་དེའི་བདག་ཉིད་དུ་འགལ་བའི་ཕྱིར་སྔོན་པོ་ལ་སོགས་པ་ཡང་དངོས་པོ་ཉིད་དུ་གྲུབ་པས་ཐམས་ཅད་བརྫུན་པར་སྨྲ་བ་ཡང་སུན་ཕྱུང་ངོ་། །འདིར་ནི་སྔོན་པོ་ལ་སོགས་པའི་བྱེ་བྲག་དང་། ཀ་བ་དང་བུམ་པའི་བྱེ་བྲག་དང་། སྔོན་དང་ཕྱི་མ་དང་དབུས་
ལ་སོགས་པའི་ཆའི་བྱེ་བྲག་གི་དངོས་པོར་ཤེས་པ་དེ་དག་ཅི་རྣམ་པར་ཤེས་པ་གཅིག་ཡིན་ནམ། ཅི་དུ་མ་ཡིན་པ་འདིར་དཔྱད་པར་བྱ་སྟེ། བཙུན་པ་ཤེས་རབ་འབྱུང་གནས་སྦས་པ་ནི་འདི་དག་གཅིག་ཉིད་དེ། ལྷན་ཅིག་པར་སྣང་བའི་ཕྱིར་ཏེ། འདི་ལྟར་ཐ་དད་པ་ན་རང་རིག་པ་ནང་དུ་བལྟས་པས་ཕན་ཚུན་རྟོགས་
པ་མེད་དེ། རང་དང་གཞན་གྱི་ཤེས་པ་བཞིན་དུ་ལྷན་ཅིག་རྟོགས་པར་ག་ལ་འགྱུར། འོན་ཏེ་གཅིག་ཡིན་ན་ཇི་ལྟར་བྱེ་བྲག་ཏུ་སྣང་ཞེས་ཟེར་ན། འདིར་བྱེ་བྲག་ཀྱང་ཅི་ཞིག་ཡིན། འགལ་བའི་ཆོས་འདུ་བའི་ཕྱིར་རོ་ཞེས་ཟེར། འགལ་བ་འདི་གཉིས་ལས་གང་ཡིན། །ཕན་ཚུན་སྤངས་ཏེ་གནས་པའི་མཚན་
ཉིད་ཡིན་ནོ་ཞེས་ཟེར་ན། ལྷན་ཅིག་པས་སྣང་བ་ཇི་ལྟར་ཕན་ཚུན་སྤངས་ཏེ་གནས་པ་ཡིན་ནོ་ཞེས་སྨྲའོ། །གཉིས་སུ་སྨྲ་བ་ཉིད་ནི་ཡང་ལྷན་ཅིག་སྣང་བའི་ཕྱིར། ཇི་ལྟར་ཕན་ཚུན་སྤངས་ཏེ་གནས་པ་ཡིན་ཞེས་རེ་ཞིག་གང་སྨྲས་པ་དེ་རིགས་པ་མ་ཡིན་ཏེ། འདི་ལྟར་སྔོན་པོ་དང་སེར་པོ་ལ་སོགས་པ་གཅིག་གི་ངོ་བོ་
གང་ཡིན་པ་དེ་གཞན་ལ་དེ་མེད་པ་དེ་ཁོ་ན་ཉིད་བྱེ་བྲག་ཡིན་ནོ། །གཅིག་ལ་གཅིག་ཡིན་པར་ཅིག་ཅར་དངོས་པོ་དང་དངོས་པོ་མེད་པ་འགལ་བའི་ཕྱིར་རོ། །དེ་ཡང་མངོན་སུམ་གྱིས་འདི་དག་ཐ་དད་པར་གྲུབ་པས་གཅིག་ཉིད་ཡིན་པར་འདོད་དོ། །དེ་བས་ན་འདི་དག་ད་ལྟར་གཅིག་ཉིད་དུ་མེད་དོ། །ལྷན་
ཅིག་སོ་སོར་སྣང་བའི་ཕྱིར། །ཞེས་བྱ་བ་དེ་ཉིད་རྒྱུ་མཚན་དུ་མི་རིགས་སོ། །གཞན་ཡང་ལྷན་ཅིག་ཏུ་སྣང་བ་གཅིག་ཉིད་ཀྱི་རྒྱུ་མཚན་དུ་ཡང་མི་རིགས་པ་ཉིད་དེ། འདི་ལྟར་གཅིག་ཉིད་ཡིན་ན་བྱེ་བྲག་མེད་པའི་ཕྱིར་གང་ཞིག་གང་དང་ལྷན་ཅིག་སྣང་། འདི་དག་ཐམས་ཅད་གཅིག་ཏུ་རྟོགས་པ་ཉིད་མེད་ཅིང་།
རེ་རེ་རྟོགས་ན་ལྷན་ཅིག་སྣང་བར་ག་ལ་འགྱུར་ཞེས་ཟེར་ན། རྟོགས་པར་བྱེད་པའི་རང་གི་ངོ་བོ་ཉིད་དང་དེ་ཡང་གཅིག་པ་མ་ཡིན་པ་དེའི་ཚེ་དེ་ལྟ་ཡིན་ན་ཐ་མི་དད་པས་དེ་རྣམས་གཅིག་ཉིད་དུ་འགྱུར་བ་མངོན་སུམ་གྱིས་གནོད་དོ། །འོན་ཏེ་དེ་དག་ལ་ཐ་མི་དད་ན་དེའི་ཚེ་ཐ་དད་པ་ཉིད་དུ་ཇི་ལྟར་འགྱུར་ཏེ། ཐ་མི་དད་

པ་ནི་མ་ཡིན་ནོ། །དེ་བས་ན་ཐ་དད་པ་གཅིག་ཡིན་པ་སྤངས་ནས་ལྷན་ཅིག་སྣང་བའི་རྒྱུ་མཚན་དཔྱད་དེ། དེ་དག་ཀྱང་ཉེ་བར་ལེན་པ་ཐ་མི་དད་པ་ཉིད་ཅན་ཡིན་པའི་ཕྱིར་རྟོགས་པར་བྱ་བ་དེ་རྣམས་ཀྱི་ཉེ་བར་ལེན་པ་ཐ་མི་དད་པ་ཡིན་ཉིད་ཡིན་ལ་རྟོགས་པར་བྱེད་པ་དེ་རྣམས་ཀྱི་ཡང་དེ་ཉིད་དེ། རང་དང་གཞན་གྱི་
སེམས་ནི་ཉེ་བར་ལེན་པ་གཅིག་པ་ཅན་ཉིད་མ་ཡིན་པས་དེ་རྣམས་ཀྱི་ལྷན་ཅིག་སྣང་བ་མེད་དོ། །རེ་རེས་ཐམས་ཅད་རྟོགས་མིན་ཡང་། །སྡེ་ཡིས་སྡེ་རྟོགས་མིན་ནམ་ཅི། །ཉེར་ལེན་ཐ་དད་ཅན་ཉིད་ཕྱིར། །ཚོགས་རྣམས་ཀྱིས་ནི་བཀོད་མ་ཡིན། །རྣམ་པར་རིག་པ་ཙམ་ཉིད་དུ་གྲུབ་པ་ཞེས་བྱ་བ་
མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།བལ་ཡུལ་གྱི་པཎྜི་ཏ་ཤཱནྟི་བྷ་དྲའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་འབྲོ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་བའོ། །སླད་ནས་པཎྜི་ཏ་ཆེན་པོ་དེ་ཉིད་དང་། གློག་སྐྱ་ཤེས་རབ་བརྩེགས་ཀྱིས་གཏན་ལ་
ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཨནྟ་ར་བྱཱ་བ་ཏི། བོད་སྐད་དུ། ནང་གི་ཁྱབ་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །འདིར་ཡོད་པ་དོན་བྱ་བ་བྱེད་པ་ཡིན་ཏེ། དེ་ལས་གཞན་ཡོད་པའི་མཚན་ཉིད་དུ་མི་རིགས་པའི་ཕྱིར་རོ། །དེ་ཡང་རིམ་དང་
ཅིག་ཅར་དག་གིས་ཁྱབ་པ་ཡིན་ཏེ། དེ་དག་ཕན་ཚུན་རྣམ་པར་གཅོད་པའི་མཚན་ཉིད་ཡིན་པ་ཉིད་ཀྱིས་ན་རྣམ་པ་གཞན་མི་སྲིད་པའི་ཕྱིར་རོ། །སྐད་ཅིག་མ་མ་ཡིན་པ་ལ་རིམ་དང་ཅིག་ཅར་གྱི་དོན་བྱེད་པ་མེད་དོ། །དུས་སྔ་ཕྱིར་འགྱུར་བ་མེད་པའི་རང་བཞིན་གཅིག་པ་ནི་བྱེད་པ་པོ་ཉིད་དང་བྱེད་པ་པོ་མ་ཡིན་པ་ཉིད་འགལ་བའི་
ཆོས་གཉིས་མི་རིགས་པ་ཡིན་ནོ། །དེ་ལ་རེ་ཞིག་རིམ་གྱིས་མ་ཡིན་ཏེ། རིམ་པ་དང་བཅས་པ་རེ་རེ་དུས་སྔ་ཕྱི་ལ་བྱེད་པ་པོ་དང་བྱེད་པ་པོ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་ཐམས་ཅད་དུ་རིམ་པ་མེད་པའི་ཕྱིར་བྱ་བ་ཐམས་ཅད་ལ་ཅིག་ཅར་འབའ་ཞིག་ཏུ་ད་ལྟར་བར་གནས་པ་ཡིན་ཏེ།
དེ་ལ་དུས་སྔ་ཕྱིར་བྱེད་པ་པོ་ཉིད་དང་བྱེད་པ་པོ་ཉིད་མ་ཡིན་པར་ཤིན་ཏུ་འགལ་བར་ཐལ་བར་འགྱུར་རོ། །བྱེད་པ་པོ་ཉིད་དང་བྱེད་པ་པོ་ཉིད་མ་ཡིན་པ་འགལ་བས་ཆོས་ཅན་གཅིག་ལ་མི་སྲིད་པའི་ཕྱིར་རོ། །ངོ་བོ་གཅིག་པ་ཡང་དུས་དེ་སྲིད་ཀྱི་བར་དུ་སྐད་ཅིག་མ་ཡིན་པའི་ཕྱིར་འདི་ལ་རིམ་དང་ཅིག་ཅར་འབྲེལ་

པ་མེད་པར་འགྲུབ་པོ། །དེ་ལྟར་ན་སྐད་ཅིག་མ་མ་ཡིན་པ་ལ་ཁྱབ་པར་བྱེད་པ་མི་དམིགས་པ་ཡོད་པ་ཉིད་བཀག་པས་སྐད་ཅིག་མ་ཉིད་དུ་གནས་པའི་ཕྱིར་སྐད་ཅིག་མ་ཉིད་ཀྱིས་ཁྱབ་པ་ཡིན་ཏེ། དེ་ལ་དེས་ཁྱབ་པར་ཆོས་ཅན་གང་ལ་གྲུབ་པ་དེར་སྐད་ཅིག་ཉིད་དུ་གྲུབ་པར་བྱེད་དོ། །ད་ནི་འདི་
དཔྱད་པར་བྱ་སྟེ། དཔེའི་ཆོས་ཅན་ནམ་བསྒྲུབ་པར་བྱ་བའི་ཆོས་ཅན་གང་ལས་འདིར་ཁྱབ་པ་འཛིན་ཞེ་ན་ཁ་ཅིག་ནི་དཔེའི་ཆོས་ཅན་ལས་དུ་བ་བཞིན་ནོ་ཞེས་ཟེར་རོ། །གཞན་དུ་ན་སྒྲུབ་པར་བྱེད་པ་དོན་མེད་པའི་ཕྱིར་དང་། ཁྱབ་པ་གྲུབ་པས་ཆོས་གཉིས་གྲུབ་པ་མེད་ན་མི་འབྱུང་བའི་ཕྱིར། གང་གི་ཕྱིར་ཚང་བང་
དུ་མེ་དང་དུ་བའི་ཁྱབ་པ་གྲུབ་པ་ན་མེ་གྲུབ་པ་ན། ཡང་མེ་གྲུབ་པའི་ཕྱིར་རྟགས་དུ་བ་ལས་སྐྱེས་པའི་རྗེས་སུ་དཔག་པ་ཚོལ་བར་མི་བྱེད་དོ། །མི་འདྲ་བར་བཀོད་པ་ཡིན་ཏེ་འདི་ལྟར། དེ་ལ་ཆོས་གཉིས་མཐོང་བ་ཡིས། །དཔེ་ལ་ཁྱབ་པ་འཛིན་པ་ཡིན། །གཏན་ཚིགས་ཙམ་ནི་མཐོང་བ་ཡིས། །ཕྱོགས་
ལ་ཁྱབ་པ་འཛིན་པ་ཡིན། །དེ་ཡང་ཐམས་ཅད་ཉེར་བསྡུས་པས། །སྤྱི་ཉིད་ལ་ནི་དམིགས་པ་སྟེ། །དེ་ནི་ཆོས་ཅན་ལ་འཇུག་པས། །རྗེས་སུ་དཔག་པས་རྟོགས་པ་ཡིན། །མངོན་སུམ་གྱིས་མཐོང་བ་དག་གིས་མེ་དང་དུ་བ་རྒྱུ་དང་འབྲས་བུའི་ངོ་བོར་གྲུབ་ན་དེ་གཉིས་ཀྱི་ཁྱབ་པ་འགྲུབ་སྟེ། མངོན་སུམ་
གྱིས་མེ་དང་ལྡན་པར་འགྲུབ་པ་ནི་རྗེས་སུ་དཔག་པ་འབྲས་བུ་མེད་པ་ཡིན་ནོ། །ཁྱབ་པ་གྲུབ་པའི་སྔ་རོལ་དུ་ཚད་མ་གཞན་གྱི་ཆོས་ཅན་ལ་སྐད་ཅིག་མ་ཉིད་དུ་གྲུབ་པ་མ་ཡིན་ཏེ། འདིར་སྒྲུབ་པར་བྱེད་པའི་ཆོས་འདི་ཁོ་ན་འབའ་ཞིག་མཐོང་བས་བཟློག་ན་གནོད་པ་ཅན་གྱི་སྟོབས་ཀྱིས་དེ་ལ་སྐད་ཅིག་མ་གཉིས་ཀྱིས་
ཁྱབ་པར་རྟོགས་སོ། །དེ་ལ་གང་གིས་ན་སྒྲུབ་པར་བྱེད་པ་དེ་དོན་མེད་པ་ཡིན། དོན་མེད་པ་ཉིད་ཡིན་ཏེ་སྐད་ཅིག་མ་ཉིད་ཀྱིས་ཁྱབ་པ་ཡོད་པ་དེ་བཞིན་དུ་ཆོས་ཅན་ལ་རྟོགས་ན་སྐད་ཅིག་མ་ཉིད་དུ་ཡང་རྟོགས་སོ་ཞེས་ཟེར་ན། མ་ཡིན་ཏེ། ཐམས་ཅད་བསྡུས་པ་དང་ལྡན་པའི་ཁྱབ་པ་ནི་བསྒྲུབ་པར་བྱ་བ་འགྲུབ་པའི་
ཡན་ལག་ཡིན་ལ། དེ་བས་ན་འདི་ནི་ཆོས་ཅན་གྱི་ཁྱད་པར་ལ་ལྟོས་པ་མེད་པར་སྒྲུབ་པར་བྱེད་པའི་ཆོས་ཙམ་དམིགས་པ་སྟེ། གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་དོ་ཞེས་བྱ་བ་བཞིན་ནོ། །ཡང་གང་ན་ཚང་བང་གི་དུ་བ་ཡོད་པ་དེ་ན་མེ་ཡོད་དོ་ཞེས་བྱ་བ་ནི་མ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་གང་ཡོད་པ་དེ་ནི་སྐད་ཅིག་མ་

ཡིན་ནོ་ཞེས་བྱ་བས་ཁྱབ་པ་རྟོགས་ན་སྒྲུབ་པར་བྱེད་པའི་ཆོས་ཀྱང་ཆོས་ཅན་ལ་ཡོད་པའི་ནང་དུ་མི་འདུ་ན་བསྒྲུབ་པར་བྱ་བའི་ཆོས་ལྟ་ཅི་སྨོས། དེ་ལྟ་བས་ན་ཡོད་པའི་སྤྱི་སྒྲུབ་པར་བྱེད་པའི་ཆོས་ཕྱོགས་ཀྱི་ཆོས་ཉིད་ཁྱབ་པ་སོ་སོར་རྟོགས་ནས་དེ་གཉིས་ཀྱི་ནུས་པས་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་འཇུག་པའི་ཕྱིར་
གང་གིས་ན་རྗེས་སུ་དཔག་པ་འབྲས་བུ་མེད་པ་ཡིན་ཏེ། གལ་ཏེ་དེ་ལྟ་བུའི་ཁྱབ་པ་རྟོགས་ན་ཆོས་ཅན་ལ་མཆོག་ཏུ་འཛིན་པ་མེད་པས་ཁྱབ་པ་འཛིན་ན་དེ་ལ་མཐོང་བའི་ཡོད་པའི་ཁྱབ་པ་གང་དུ་རྟོགས་ཏེ། དཔེར་ན་ཚང་བང་དུ་མཐོང་བས་མེ་དང་དུ་བའི་ཁྱབ་པ་གཟུང་བས་དཔེའི་ཆོས་ཅན་ལ་ཁྱབ་པ་གཟུང་བ་མ་ཡིན་ནོ་
ཞེས་ཟེར་ན་མ་ཡིན་ཏེ། ཁྱབ་པར་འཛིན་པ་ནི་ཚང་བང་ལ་མཆོག་ཏུ་འཛིན་པ་མེད་དོ་ཞེས་བསྟན་ཏོ། །ཁྱབ་པ་དང་ཕྱོགས་ཀྱི་ཆོས་གཉིས་སོ་སོར་རྟོགས་པས་ཀྱང་། གང་ལ་ཕྱོགས་ཀྱི་ཆོས་ཉིད་རྟོགས་པ་དེ་ཉིད་ལ་བསྒྲུབ་པར་བྱ་བས་ཁྱབ་པར་རྟོགས་པའི་ཕྱིར་ཤུགས་ཀྱིས་བསྒྲུབ་པར་བྱ་བ་རྟོགས་པ་མ་ཡིན་
ནམ། ཇི་ལྟར་སྒྲུབ་པར་བྱེད་པ་དོན་མེད་པ་མ་ཡིན། འོན་ཀྱང་ཕྱོགས་ཀྱི་ཆོས་ཉིད་རྟོགས་པས་བསྒྲུབ་པར་བྱ་བ་རྟོགས་པ་མ་ཡིན་ཏེ། བསྒྲུབ་པར་བྱ་བའི་ཆོས་ལ་མ་རེག་པའི་ཕྱིར་རོ། །ཁྱབ་པ་རྟོགས་པ་ཉིད་ཀྱང་བསྒྲུབ་པར་བྱ་བ་གྲུབ་པ་ནི་མ་ཡིན་ཏེ། སྤྱི་ལ་དམིགས་པ་ཉིད་ཀྱི་ཆོས་ཅན་གྱི་ཁྱད་པར་གྱི་ཆོས་
དག་ཡོངས་སུ་མི་གཅོད་པའི་ཕྱིར་རོ། །གཞན་དུ་ན་ཁྱད་པར་གྱི་ཆོས་དག་གིས་ཁྱབ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་ཁྱབ་པའི་ཡུལ་འདིས་ཤུགས་ཀྱིས་གཏན་ཚིགས་བསྟན་ཏོ། །གལ་ཏེ་གཏན་ཚིགས་ཀྱི་ཚུལ་གསུམ་ཡོངས་སུ་བཅད་པའི་ཤུགས་ཀྱིས་བསྒྲུབ་པར་བྱ་བ་རྟོགས་པ་
འབྱུང་ངོ་ཞེས་ཟེར་ན། དེ་ལྟ་ན་ཁྱོད་ཀྱི་ཡང་གཏན་ཚིགས་དོན་མེད་པ་ཡིན་ཏེ། རང་གི་ངོ་བོ་ངེས་པས་བསྒྲུབ་པར་བྱ་བ་ངེས་པ་བསྐྱེད་པའི་ཕྱིར་རོ། །དེ་ཙམ་ལས་རྟགས་ཀྱི་བྱ་བ་འགའ་ཡང་མེད་དོ། །གཞན་ཡང་། ཕྱོགས་ཀྱི་ཆོས་ཉིད་གཟུང་བ་ལས། །འབྲེལ་པ་ཡང་ནི་དྲན་པ་ཡིས། །རྗེས་སུ་
དཔག་པ་བྱེད་འདོད་ན། །དེ་བཞིན་ནང་ཁྱབ་ཀྱང་འདོད་ཀྱིས། །ཕྱིའི་ཁྱབ་པ་སྨྲ་བ་ལ་ཡང་ཁྱབ་པ་བརྗེད་པས་རྗེས་སུ་དཔག་པས་འཇུག་པ་མེད་དོ། །དེ་ལ་གང་གི་ཕྱོགས་ཀྱི་ཆོས་ཉིད་རྟོགས་པས་དེ་ལ་བསྒྲུབ་པར་བྱ་བའི་ཆོས་ཀྱི་ཁྱབ་པ་དྲན་པའི་ཕྱིར། ཅིའི་ཕྱིར་རྗེས་སུ་དཔག་པ་ཐམས་ཅད་དོན་མེད་པ་

མ་ཡིན། བསྒྲུབ་པར་བྱ་བའི་ཆོས་ཅན་ལ་མཆོག་ཏུ་མི་འཛིན་པས་ཁྱབ་པ་དྲན་པའི་ཕྱིར་རོ་ཞེས་ཟེར་ན། བསྒྲུབ་པར་བྱ་བའི་ཆོས་ཅན་ལ་མཐོང་བ་ཉིད་ཀྱིས་ཁྱབ་པ་དྲན་པའི་ཕྱིར་ཇི་ལྟར་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་མཆོག་ཏུ་མི་འཛིན་པ་ཡིན། ཁྱབ་པ་སྤྱི་ལ་དམིགས་པ་ཡིན་པའི་
ཕྱིར་བསྒྲུབ་པར་བྱ་བའི་ཆོས་ཅན་ཡོངས་སུ་མི་གཅོད་དོ་ཞེས་ཟེར་ན། དེ་ལ་མཐོང་བས་མ་ཡིན་ནམ་ཇི་ལྟར་དེས་ཡོངས་སུ་མི་གཅོད། དེས་ཡོངས་སུ་གཅོད་ན་ཡང་ཐུན་མོང་མ་ཡིན་པའི་ཕྱིར་ཇི་ལྟར་ཁྱབ། མ་འབྲེལ་པ་རྣམ་པར་གཅོད་པའི་ཁྱད་པར་ཡིན་པའི་ཕྱིར་ཐུན་མོང་མ་ཡིན་པ་མ་ཡིན་ནོ་ཞེས་ཟེར་
ན། དེ་ལྟར་ན་ཡང་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་མཆོག་ཏུ་མི་འཛིན། གང་དང་གང་ན་རིའི་དུ་བ་ཡོད་པ་དེ་དང་དེ་ན་མེ་ཡོད་དོ། །དཔེར་ན་ཚང་བང་བཞིན་ནོ་ཞེས་བྱ་བ་ལྟ་བུའོ། །སྤྱི་ལ་འཛིན་པའི་ཁྱབ་པ་ཡོད་ན་ཆོས་ཅན་གྱི་ཁྱད་པར་ལ་མཆོག་ཏུ་འཛིན་པའི་ཡན་ལག་མ་ཡིན་པའི་ཕྱིར་ཞེས་ཟེར་ན། འདི་
ནི་རིགས་ཏེ་བསྒྲུབ་པའི་ཆོས་ཅན་དང་མ་འབྲེལ་པ་རྣམ་པར་གཅོད་པ་དང་། སྒྲུབ་པར་བྱེད་པའི་ཆོས་ཀྱི་ངོ་བོ་གཞན་ཉིད་ཕྱོགས་ཀྱི་ཆོས་ཉིད་དུ་བཤད་པ་ཡིན་གྱི། དེ་ལ་ཁྱབ་པའི་ཡན་ལག་མ་ཡིན་ཏེ། དེ་མེད་པས་ཀྱང་སྤྱི་ལ་དམིགས་པའི་ཁྱབ་པ་ཡོངས་སུ་གཅོད་པ་གྲུབ་པའི་ཕྱིར་རོ། །གཞན་དུ་ན་དཔེའི་
ཆོས་ཅན་ལ་ཁྱབ་པ་འཛིན་པའི་གཏན་དུ་ཇི་ལྟར་འགྱུར་ཏེ་དེའི་ཚེ་ཕྱོགས་ཀྱི་ཆོས་ཉིད་མི་འཛིན་པའི་ཕྱིར་རོ། །ཕྱོགས་ཀྱི་ཆོས་ཉིད་འཛིན་ན་ཡང་དེ་ཉིད་ཀྱི་ཚེ་བསྒྲུབ་པར་བྱ་བ་ཡང་ཤུགས་ཀྱིས་གྲུབ་པའི་ཕྱིར་རྗེས་སུ་དཔག་པ་ཐམས་ཅད་དོན་མེད་པར་ཐལ་བར་འགྱུར་རོ། །དུས་ཕྱིས་བྱུང་བའི་རྟགས་ཅན་གྱི་
ཤེས་པ་ཡང་དྲན་པ་ཉིད་ཡིན་གྱི་ཚད་མ་ནི་མ་ཡིན་ནོ། །དེ་བས་ན་ཁྱབ་པའི་ཡན་ལག་མ་ཡིན་པའི་ཕྱིར་ཕྱོགས་ཀྱི་ཆོས་ཉིད་ཁྱད་པར་འཛིན་པའི་ནང་དུ་འདུ་བར་མི་འགྱུར་བའི་ཕྱིར་ཐ་དད་པར་འཛིན་པ་དང་། དྲན་པའི་ཕྱོགས་ཀྱི་ཆོས་ཉིད་དང་ཁྱབ་པ་དག་གིས་ཤུགས་ཀྱིས་རྗེས་སུ་དཔག་པར་བྱ་བའི་
ཤེས་པ་འབྱུང་ངོ་། །དེ་ལྟ་བས་ན་སྒྲུབ་པར་བྱེད་པ་རྣམས་དོན་མེད་པར་འདོད་པ་མི་བྱ་སྟེ། རྗེས་སུ་དཔག་པ་འབྲས་བུ་བཅས་པའི་ཕྱིར་རོ། །དེ་བཞིན་དུ་ཐ་དད་པར་འཛིན་པ་དང་། དྲན་པའི་ཕྱོགས་ཀྱི་ཆོས་ཉིད་དང་། དྲན་པའི་ཤུགས་ཀྱིས་རྗེས་སུ་དཔག་པ་འབྱུང་བ་ནང་གི་ཁྱབ་པ་ལ་ཡང་ཅིའི་ཕྱིར་

འདོད། ཡང་དེ་འདོད་ན་སྒྲུབ་པར་བྱེད་པ་ཇི་ལྟར་དོན་མེད་པ་ཡིན། ཚུལ་གསུམ་རྟོགས་པའི་ཤུགས་ཀྱིས་རྗེས་སུ་དཔག་པར་བྱ་བ་རྟོགས་ཤེ་ན། དེ་སྐྱེད་པའི་ནུས་པ་ཉིད་ལས་ཤུགས་ཞེས་བཤད་དོ། །ཚུལ་གསུམ་པ་རྟོགས་པའི་ནང་དུ་བསྒྲུབ་པར་བྱ་བ་རྟོགས་པ་འདུ་བ་མ་ཡིན་ནོ་ཞེས་བྱ་བར་ཐམས་
ཅད་མཚུངས་སོ། །མཚུངས་པ་མ་ཡིན་ཏེ། ནང་གི་ཁྱབ་པ་ལ། ཁྱབ་པ་རྟོགས་པ་ཉིད་ཀྱིས་ཕྱོགས་ཀྱི་ཆོས་ཉིད་རྟོགས་པ་ཡིན་ཏེ། ཕྱོགས་ཀྱི་ཆོས་ཉིད་མ་རྟོགས་ན་ཁྱབ་པ་ཡང་མི་རྟོགས་པའི་ཕྱིར་རོ། །དེ་བས་ན་ནང་གི་ཁྱབ་པ་ལ་ཁྱབ་པ་ནང་དུ་འགྲོ་བའི་སྒྲུབ་པར་བྱེད་པའི་ཚིག་ལ་ཕྱོགས་ཀྱི་ཆོས་
དོན་མེད་པ་ཡིན་གྱི་ཕྱིའི་ཁྱབ་པ་ནི་དེ་ལྟ་མ་ཡིན་ཏེ། ཕྱི་རོལ་ཉིད་ཀྱི་ཁྱབ་པ་འཛིན་པའི་ཕྱིར་རོ་ཞེ་ན། འདིར་སྨྲས་པ། རིམ་པ་གང་ཡང་རུང་བས་འདིར། །སྒྲུབ་བྱེད་རབ་ཏུ་སྦྱོར་གྱུར་ན། །ཕྱོགས་ཀྱི་ཆོས་ཉིད་ཤེས་པ་ཡིས། །ཕྱིས་ནི་ཁྱབ་པ་རྟོགས་པར་འགྱུར། །ཁྱོད་ཕྱོགས་བཞིན་དུ་དཔེ་ལ་ནི། །
དེ་ལས་དེ་གཞན་ཇི་ལྟ་བུ། །གཉིས་མཐོང་ནས་ནི་ཤེས་ཤེ་ན། །ཁྱབ་སྔོན་གཉིས་མཐོང་ཇི་ལྟར་ཡིན། །ཁྱབ་པ་དང་ཕྱོགས་ཀྱི་ཆོས་རིམ་པ་གང་ཡང་རུང་བས་རབ་ཏུ་སྦྱོར་བའི་རང་གི་ཚིག་དག་གིས་བསྟན་གྱི། དེ་དག་མངོན་དུ་རྟོགས་པ་ནི་མ་ཡིན་ཏེ་ཚིག་གི་བདག་ཉིད་ནི་ཚད་མ་ཡིན་པའི་ཕྱིར་རོ། །རང་ཉིད་
ནུས་པ་མེད་ན་ཡང་། །གཏན་ཚིགས་ཀྱིས་ནི་ནུས་པ་སྟོན། །ཞེས་གསུངས་པ་ཡིན་ནོ། །དེ་དག་བརྗོད་པས་ཀྱང་དང་པོ་ཡོད་པའི་གཏན་ཚིགས་ལ། ཕྱོགས་ཀྱི་ཆོས་ཀྱི་ཡུལ་ཅན་ཉིད་ཀྱི་ཚད་མ་མངོན་དུ་འགྱུར་བ་ཡིན་ཏེ། ཚད་མ་དེས་ཆོས་ཅན་ལ་ཡོད་པ་གྲུབ་ན་ཕྱིས་ཁྱབ་པ་ཚད་མ་གཞན་གྱིས་འཛིན་ཏོ་
ཞེས་གང་གིས་ན་དོན་མེད་པ་ཡིན། ཁྱོད་ཀྱི་ཕྱོགས་ལ་ཡང་། དཔེའི་ཆོས་ཅན་ལ་དང་པོ་གཏན་ཚིགས་འཛིན་ཅིང་ཕྱིས་ནི་ཁྱབ་པའོ་ཞེས་བྱ་བའི་རིམ་པ་འདི་ཡིན་ནོ། །གཞན་དུ་དཔེའི་ཆོས་ཅན་ལས་ཁྱབ་པ་འཛིན་ཏོ་ཞེས་བྱ་བ་དེར་མི་འགྱུར་ཏེ། དཔེའི་ཆོས་ཅན་མ་མཐོང་བས་གཏན་ཚིགས་ཀྱི་ཁྱབ་པ་འཛིན་
པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་ཁྱབ་པ་འཛིན་པའི་རྟེན་ཆོས་ཅན་འཛིན་ན། བསྒྲུབ་པར་བྱ་བའི་ཆོས་ཀྱང་འཛིན་པ་ཉིད་དེ། མེ་དང་དུ་བ་བཞིན་ནོ་ཞེས་ཟེར་ན། མ་ཡིན་ཏེ། དེ་ལ་མཐོང་བའི་གཏན་ཚིགས་མི་མཐུན་པའི་ཕྱོགས་ལ་གནོད་པ་ཅན་ཞུགས་པ་ཙམ་ཉིད་ཀྱིས་ཁྱབ་པ་གྲུབ་པའི་ཕྱིར་རོ། །དེ་བས་ན་

ཡང་ཁྱབ་པ་འཛིན་པའི་སྔོན་དུ་སྐད་ཅིག་མ་ཉིད་དུ་ནམ་ཡང་གྲུབ་པ་མེད་དེ། དེ་རྗེས་སུ་དཔག་པར་བྱ་བའི་ཕྱིར་དང་། ཁྱབ་པ་མ་གྲུབ་ན་རྗེས་སུ་དཔག་པར་མི་འགྲུབ་པའི་ཕྱིར་དང་། སྒྲུབ་པར་བྱེད་པ་གཞན་ཡང་དེའི་རྗེས་སུ་མི་འབྲང་བའི་ཕྱིར་དང་། རྗེས་སུ་འབྲང་ན་ཡང་ཐུག་པ་མེད་པོར་ཐལ་
བར་འགྱུར་བའི་ཕྱིར་དང་། ཐུག་པ་ཡོད་ན་ཡང་དེ་ཙམ་གྱིས་རྩོལ་བ་དོན་མེད་པའི་ཕྱིར་དང་། བཟློག་ན་གནོད་པ་ཅན་གྱི་སྟོབས་ཉིད་ཀྱིས་ཁྱབ་པ་གྲུབ་པ་ལ་གནོད་པ་མེད་པའི་ཕྱིར་རོ། །མེ་དང་དུ་བ་མ་མཐོང་བར་ཡང་རྒྱུ་དང་འབྲས་བུའི་ངོ་བོ་གྲུབ་པ་མེད་དོ། །དེ་གྲུབ་པས་བཟློག་ན་གནོད་པ་ཅན་འཇུག་པ་གཉིས་
མཐོང་བ་ལ་ལྟོས་པ་མེ་དང་དུ་བའི་ཁྱབ་པ་གྲུབ་པོ། །ཡོད་པ་དང་སྐད་ཅིག་མ་གཉིས་ནི་དེ་ལྟར་མ་ཡིན་ཏེ། ཇི་སྐད་དུ་བསྟན་པའི་རིགས་པས་གྲུབ་པའི་ཕྱིར་རོ། །དེ་བས་ན་ཡོད་པ་ཙམ་ཆོས་ཅན་དེ་ལ་གྲུབ་པས་ཁྱབ་པ་གྲུབ་པའི་སྟོབས་ཀྱིས་གྲུབ་པར་འདོད་པར་བྱའོ། །དེ་བཞིན་དུ་ནང་གི་ཁྱབ་པ་ལ་ཡང་
ཡིན་ནོ། །ཁྱབ་པ་དང་ཕྱོགས་ཀྱི་ཆོས་དེ་ལ་ཡང་། རང་རང་གི་ཚད་མས་ཡོངས་སུ་གཅོད་པར་བྱེད་པའི་སྒྲུབ་པར་བྱེད་པའི་ངག་གིས་ངེས་པ་འབའ་ཞིག་བསྟན་པར་བྱ་བ་ཡིན་ནོ། །ངག་གཅིག་གིས་གཉི་ག་བསྟན་པར་མི་ནུས་པས། གང་གིས་ན་ངག་གཞན་དོན་མེད་པ་ཡིན། གཅིག་ཉིད་ཀྱིས་
ནི་གང་ཕྱིར་ཆོས། །རིམ་བཞིན་ཚུལ་གསུམ་ངེས་པ་ཡིས། །བརྗེད་པས་རྗེས་དཔག་མེད་པའི་ཕྱིར། །དེ་ཅིས་རྗེས་དཔག་དོན་མེད་ཡིན། །ཞེས་བྱ་བ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །གཞན་ཡང་། གནོད་པས་བསྒྲུབ་བྱ་གྲུབ་ཅེ་ན། །གཏན་ཚིགས་གཞན་གཟུང་དོན་མེད་ཡིན། །གནོད་པས་དེ་མ་
གྲུབ་ཅེ་ན། །ཆོས་གཞན་གཟུང་བ་དོན་མེད་ཡིན། །གལ་ཏེ་ཆོས་ཅན་ལ་ཁྱབ་པ་གྲུབ་པ་ཉིད་ཀྱིས་བསྒྲུབ་པར་བྱ་བ་ནང་དུ་འདུ་བར་འགྱུར་ན། རྙེད་པ་ཐོབ་པ་མ་ཡིན་ནམ། ཁྱབ་པ་སྒྲུབ་པར་བྱེད་པ་ཉིད་ཀྱི་ཚད་མ་ལས་བསྒྲུབ་བྱ་གྲུབ་པའི་ཕྱིར་དང་། ཡོད་པའི་གཏན་ཚིགས་ཀྱི་རྟེན་གྱི་འབད་པ་སེལ་
བའི་ཕྱིར་རོ། །གང་གི་ཕྱིར་རྟགས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་བ་ཞེན་པ་ནི་མ་ཡིན་ནོ། །འོན་ཏེ་ཁྱབ་པ་སྒྲུབ་པར་བྱེད་པ་ལས་བསྒྲུབ་བྱ་མ་གྲུབ་ན། དེའི་ཚེ་ནང་གི་ཁྱབ་པའི་གཏན་ཚིགས་དོན་མེད་པ་མ་ཡིན་པས་སྐབས་མ་ཡིན་པ་ལ་སྡང་བ་ཉིད་ཀྱི་ཤིན་ཏུ་སྡུག་བསྔལ་བ་མང་པོ་ལ་ཅིའི་ཕྱིར་འཇུག །ཁྱེད་ཀྱི་

བསྒྲུབ་པར་བྱ་བ་གཉིས་ཡིན་ཏེ། དཔེའི་ཆོས་ཅན་ལ་འཇུག་པ་དང་། བསྒྲུབ་པར་བྱ་བའི་ཆོས་ཅན་ལ་འཇུག་པ་སྟེ། རིམ་པ་ཇི་ལྟ་བ་བཞིན་དུ་ཁྱབ་པ་དང་། ཕྱོགས་ཀྱི་ཆོས་ཉིད་དག་གྲུབ་པའི་ཕྱིར་རོ། །ཡང་ཁྱོད་ལ་སོ་སོར་ངེས་པའི་ཆོས་ཅན་ལ་རྩོད་པ་དེ་ལས་ཕྱི་རོལ་དུ་གྱུར་པའི་ཡང་ཆོས་ཅན་ལ་ཁྱབ་
པ་འཛིན་པ་ནི་དེའི་ཚེ་དོན་མེད་པར་འགྱུར་རོ། །གང་གི་ཚེ་ཡང་དངོས་པོ་ཙམ་ལ་རྩོད་པ་དེའི་ཚེ། དངོས་པོ་ཐམས་ཅད་ལ་གཏན་ཚིགས་འཇུག་པ་ནི་ཁྱོད་དང་བདག་གིས་ཀྱང་བསྒྲུབ་པར་བྱ་བའི་ཕྱིར་ཆོས་ཅན་འགའ་ཞིག་ལ་གཏན་ཚིགས་འཇུག་པ་སྒྲུབ་པར་བྱེད་པ་དག་ལ་དོན་མེད་པར་ཇི་ལྟར་འགྱུར། རེ་ཞིག་
ཇི་ལྟར་སྤྱིའི་ཁྱབ་པ་ཡིན་ཞེ་ན། རྩོད་པའི་གཞིར་གྱུར་པ་ཉིད་ལས་གཞན་གང་ཡང་རུང་བ་ལ་ཁྱབ་པ་སྒྲུབ་པར་བྱེད་པའི་ཕྱིར། སྒྲུབ་པར་བྱེད་པའི་ཆོས་ཅན་དེ་ཙམ་གྱིས་མཚན་ཉིད་མ་ཡིན་པའི་ཕྱིར་གནོད་པ་ཅན་གྱི་ཚད་མ་འཇུག་པས་ནང་དུ་ཆུད་པའི་ཡང་ཆོས་ཅན་ཡང་ཕྱི་རོལ་དུ་བྱེད་དོ་ཞེས་ཟེར་ན། དེ་དེ་
ཉིད་ཡིན་པར་ཇི་ལྟར་འགྱུར། གནོད་པ་ཅན་ཞུགས་པ་ཉིད་ཀྱི་ཆོས་ཅན་དེ་ལ་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པའི་ཕྱིར་དང་། བསྒྲུབ་པར་བྱ་བའི་རང་གི་ངོ་བོ་རྟོགས་ན་བསྒྲུབ་པར་བྱ་བའི་ཆོས་ཅན་གྱི་མཚན་ཉིད་ལས་འདས་པའི་ཕྱིར་རོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། གནོད་པ་ཅན་ཙམ་གྱིས་བསྒྲུབ་
པར་བྱ་བ་མ་གྲུབ་པོ་ཞེས་བྱ་བ་ཕྱོགས་འདི་ལ་གཞན་ཡོངས་སུ་འཛིན་པ་དོན་མེད་དོ་ཞེས་བརྗོད་པའི་ཕྱིར་རོ། །གནོད་པ་ཅན་གྱིས་བསྒྲུབ་བྱ་གྲུབ་པོ་ཞེས་བྱ་བའི་ཕྱོགས་འདི་ལ་ཡང་སྒྲུབ་པར་བྱེད་པ་དོན་མེད་དོ་ཞེས་བསྟན་ཟིན་ཏོ། །དེ་ལྟ་བས་ན་གནོད་པ་ཅན་ཙམ་གྱིས་བསྒྲུབ་བྱ་གྲུབ་ན་འགའ་ལ་ཡང་ཐེ་
ཚོམ་མི་ལྡོག་པར་མི་འགྱུར་རོ། །ཐེ་ཚོམ་ལོག་ན་ཕྱི་རོལ་དུ་བྱེད་པའང་མ་ཡིན་དང་། བསྒྲུབ་པར་བྱ་བའི་ཆོས་ཅན་ལས་ཀྱང་ཕྱི་རོལ་དུ་བྱས་པ་མ་ཡིན་པས་དེ་ལ་ཁྱབ་པ་ནི་ནང་གི་ཁྱབ་པ་ཉིད་དེ། ད་ནི་ཕྱིའི་ཁྱབ་པ་བརྗོད་པ་ཙམ་ཡང་མེད་དོ། དེ་བས་ན་ཕྱིའི་ཁྱབ་པ་འདིའི་ཕྱོགས་སུ་ཇི་ལྟར་འགྱུར།
གལ་ཏེ་ཡང་སོ་སོར་ངེས་པའི་ཆོས་ཅན་ལ་རྩོད་པ་དང་། དེ་ལས་ཕྱི་རོལ་དུ་གྱུར་པའི་ཆོས་ཅན་ལ་ཁྱབ་པ་འཛིན་པར་འགྱུར་ན། དེ་ལ་ཡང་ཆོས་གཞན་ཡོངས་སུ་འཛིན་པ་དོན་མེད་པའི་ཉེས་པ་བསལ་བའི་བཀའ་སྟེ། གནོད་པ་ཅན་ཙམ་གྱིས་བསྒྲུབ་བྱ་གྲུབ་ན་གཏན་ཚིགས་གཞན་དོན་མེད་པ་ཁོ་ནའོ། །

གཞན་ཡང་། ཡོད་པའི་གཏན་ཚིགས་ཁྱད་པར་གྱིས། །ཕྱི་ཡི་ཁྱབ་པ་མི་སྲིད་དེ། །ཆོས་ཅན་ཡོད་པ་མི་གྲུབ་ན། །རྩོད་པ་འཇུག་པར་མི་འགྱུར་རོ། །དེ་ལ་གྲུབ་པས་ཁྱབ་པ་ཡང་། །འཛིན་ན་བསྒྲུབ་བྱའི་ཆོས་ཅན་ལ། །ཁྱབ་པ་འཛིན་པར་ཅིས་མི་འགྱུར། །ཡང་ན་དཔེ་ལ་
འགྱུར་མ་ཡིན། །ཆོས་ཅན་འགའ་ཞིག་ལ་མཐོང་བའི་གཏན་ཚིགས་ཀྱི་ཁྱབ་པ་རྟོགས་པ་དེ་ལ་དེའི་ཁྱབ་པ་འཛིན་པར་བསྟན་ཏོ། །བསྒྲུབ་པར་བྱ་བའི་ཆོས་ཅན་ལ་ཡང་ཁྱབ་པ་མཐོང་སྟེ། གཞན་དུ་ན་ལོག་པར་རྟོགས་པ་མི་རིགས་པའི་ཕྱིར་ཇི་ལྟར་ཕྱིའི་ཁྱབ་པ་ཡིན། དེ་ལྟ་ན་ཡང་སྒྲུབ་པར་བྱེད་པ་དོན་
མེད་པས་ཕྱི་རོལ་ཉིད་ཀྱི་ཁྱབ་པ་གཟུང་བར་བྱའོ་ཞེ་ན། དེ་བས་ན་ད་ལྟར་གྱི་ཁྱོད་ཀྱི་འདོད་པའི་ངོར་ཆོས་ཅན་ལ་གཏན་ཚིགས་མ་མཐོང་བར་ཇི་ལྟར་འགྱུར། ཡང་ན་མཐོང་བ་ལ་ཁྱད་པར་མེད་ན་ཡང་། ཕྱི་རོལ་ཉིད་ཀྱི་ཁྱབ་པ་གཟུང་བར་རྣམ་པར་གཞག །གཉི་ག་ལ་མཐོང་བའི་ཁྱབ་པ་འཛིན་པ་ཡང་ཕྱི་
རོལ་གྱི་ཁྱབ་པའི་ཆ་ཡོད་དོ་ཞེ་ན། ཅིའི་ཕྱིར་ཁྱབ་པ་ཙམ་འབད་པས་སྲུང་། གཏན་ཚིགས་དོན་མེད་པར་མ་གྱུར་ཅིག་ཅེས་སྨོན་ཏེ། གནོད་པ་ཅན་ཞུགས་པ་ཙམ་གྱི་ཁྱབ་པ་འཛིན་པའི་གཞི་ཆོས་ཅན་ལ་བསྒྲུབ་བྱ་སྒྲུབ་པའི་ཕྱིར་ནང་གི་ཁྱབ་པ་ལ་སྒྲུབ་པར་བྱེད་པ་དོན་མེད་པ་མ་ཡིན་ནམ་ཞེ་ན། དེ་ནི་ནང་གི་དང་
ཕྱིའི་ཁྱབ་པ་ལ་ཡང་མཚུངས་པ་མ་ཡིན་ནོ། །དེ་བས་ན་ཕྱིའི་ཁྱབ་པ་འཛིན་པ་ནི་ཡོད་པའི་གཏན་ཚིགས་ཀྱི་ཁྱད་པར་ལ་ཞེན་པ་ཙམ་མོ། །དཔེ་ལ་ལྟོས་པའི་སྒྲུབ་པར་བྱེད་པའི་སྦྱོར་བ་ནི་རྨོངས་པའི་བློ་ཅན་འབའ་ཞིག་ཁོ་ན་ངེས་པར་དགའ་བ་སྐྱེད་པ་ཡིན་ནོ། །དེ་དག་རྗེས་སུ་གཟུང་བའི་དོན་དུ་སློབ་དཔོན་གྱིས་
གང་ཡོད་པ་དེ་ནི་སྐད་ཅིག་མ་ཡིན་ཏེ། བུམ་པ་བཞིན་ནོ་ཞེས་དཔེ་ཉེ་བར་བསྟན་ཏོ། །བློ་གཡེར་བག་ཅན་ནི་ཡང་དཔེའི་སྦྱོར་བ་ལ་ལྟོས་པ་མ་ཡིན་ནོ། །དེ་ཕྱིར་དཔེ་ལ་ཆགས་རྣམས་ལ། །བུམ་པའི་དཔེ་ནི་བསྟན་པ་མཛད། །དེ་མི་དགོས་ལ་དོན་མེད་ཡིན། །ནང་གི་ཁྱབ་པ་བློ་ལྡན་ལའོ། །ཞེས་བྱ་བ་ནི་བར་སྐབས་
ཀྱི་ཚིགས་སུ་བཅད་པའོ། །ད་ནི་ཇི་ལྟར་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང་། མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་དང་། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་ཞེས་བྱ་བ་ཇི་ལྟར་རྟོགས་པར་བྱ་ཞེ་ན། བསྒྲུབ་བྱའི་ཆོས་ལྡན་མི་ལྡན་ལས། །མཐུན་ཕྱོགས་མི་མཐུན་ཕྱོགས་སུ་འདོད། །དེ་ལ་

གཏན་ཚིགས་ཡོད་མེད་ནི། །གང་ཡིན་དེ་རུ་གཟུང་བར་བྱ། །བསྒྲུབ་པར་བྱ་བའི་ཆོས་དང་ལྡན་པ་ཐམས་ཅད་ནི་སྤྱིར་མཐུན་པའི་ཕྱོགས་ཡིན་ལ་དེ་དང་མི་ལྡན་པ་ནི་མི་མཐུན་པའི་ཕྱོགས་ཡིན་ནོ། །མཐུན་པའི་ཕྱོགས་དེ་ཉིད་ལ་ཡོད་པ་དང་། མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དེ། རིམ་པ་ཇི་ལྟ་བ་བཞིན་དུ་
རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཡིན་ནོ། །དེ་དག་ཀྱང་གང་ཡང་རུང་བའི་ཆོས་ཅན་དེར་གཟུང་བར་བྱ་སྟེ། གང་དུ་གཟུང་བར་ནུས་པར་རོ། །གང་འདིར་ཡོད་པ་སྐད་ཅིག་མ་མ་ཡིན་པ་ཐམས་ཅད་ལས་ལོག་པར་གནོད་པ་ཅན་གྱི་ཚད་མའི་སྟོབས་གྲུབ་ན་གང་ཡོད་པ་དེ་ནི་སྐད་ཅིག་མ་ཉིད་ཡིན་ནོ་ཞེས་བྱ་བའི་
རྗེས་སུ་འགྲོ་བ་སྒྲུབ་པའི་ཆོས་ཅན་ལ་བཟུང་བ་ཡིན་ཏེ། དེ་ལ་མཐོང་བའི་གཏན་ཚིགས་ཀྱི་ཁྱབ་པ་གཟུང་བའི་ཕྱིར་དང་། ཆོས་གཞན་མི་སྲིད་པའི་ཕྱིར་དང་། སྲིད་ན་ཡང་དེའི་རྗེས་སུ་འབྲང་བའི་དོན་ཡོད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ན་ཐུན་མོང་མ་ཡིན་པའི་མ་ངེས་པ་ཡིན་པར་ཇི་སྐད་སྨྲ། ཐུན་མོང་མ་ཡིན་
གཏན་ཚིགས་ཀྱི། །ཉེས་པ་རྨོངས་ལ་ལྟོས་པ་ཡིན། །ཁྱབ་པ་མི་འཛིན་ཕྱིར་བསྟན་བྱའི། །ཐམས་ཅད་བསྡུས་ལ་མ་ཡིན་ནོ། །འདི་སྐད་བསྟན་ཏེ། བློ་རྨོངས་པ་དག་ཆོས་གཞན་ཉིད་ལ་ཞུགས་པ་དེའི་མངོན་པའི་ང་རྒྱལ་ལ་ལྟོས་ནས། མཉན་པར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ཐུན་མོང་མ་ཡིན་པའི་མ་
ངེས་པ་ཡིན་པར་བསྟན་ཏོ། །དཔེ་མེད་པའི་ཕྱིར་དང་། བསྒྲུབ་པར་བྱ་བའི་ཆོས་ཅན་ལ་ཁྱབ་པ་མི་འདོད་པའི་ཕྱིར་དང་། ཁྱབ་པ་མ་བཟུང་ན་གཉི་ག་ཐེ་ཚོམ་ཟ་བས་མ་ངེས་པར་བྱེད་པའི་ཕྱིར་རོ། །ཡང་ན་མཉན་པར་བྱ་བ་ཉིད་ཀྱི་ཐུན་མོང་མ་ཡིན་པ་ཉིད་དུ་རྨོངས་པའི་མངོན་པའི་ང་རྒྱལ་གྱིས་བསྟན་པ་ཡིན་
ཏེ། གང་གི་ཕྱིར་ཆོས་ཅན་ལ་སྒྲའི་གསལ་བ་ཉིད་མཐོང་བ་ཉིད་རྩོད་པའི་གཞི་ཡིན་པའི་ཕྱིར་རོ། །གཞན་དུ་ན་ཆོས་ཅན་མ་གྲུབ་པར་ཐལ་བར་འགྱུར་རོ། །མཐོང་བ་དང་མ་མཐོང་བའི་སྒྲའི་གསལ་བ་གཉིས་མཉན་པའི་གཏན་ཚིགས་ཡིན་ཏེ་དུ་བའི་སྤྱི་ཡིན་ནོ། །དེ་བས་ན་ཐམས་ཅད་བསྡུས་པ་དང་ལྡན་པའི་
ཁྱབ་པ་སྲིད་པའི་ཕྱིར་ཡོད་པ་ལ་སོགས་པ་བཞིན་དུ་མཉན་པར་བྱ་བ་ཉིད་སྒྲུབ་པར་བྱེད་པ་སྐྱོན་མེད་པར་བཤད་དོ། །འདིར་རིམ་དང་ཅིག་ཅར་མི་དམིགས་པ་ཉིད་གནོད་པ་ཅན་གྱི་ཚད་མ་ཡིན་ལ། མཉན་པའི་ཤེས་པ་སྐྱེད་པར་བྱེད་པ་ཉིད་ནི་མཉན་པར་བྱ་བ་ཉིད་དོ། །དེ་ལྟ་བས་ན་རྨོངས་པ་ལྟོས་ན་མཉན་པར་བྱ་བ་

ཉིད་ཐུན་མོང་མ་ཡིན་པའི་ཕྱིར་དང་། ཐུན་མོང་མ་ཡིན་པ་ལ་ཡང་ཐམས་ཅད་ཉེ་བར་བསྡུས་པ་མི་རིགས་པའི་ཕྱིར་དང་། བསྒྲུབ་པར་བྱ་བའི་ཆོས་ཅན་ཁྱབ་པ་རྟོགས་པས་བསྒྲུབ་བྱ་རྟོགས་པའི་ཕྱིར་སྒྲུབ་པར་བྱེད་པ་དོན་མེད་པ་ཉིད་དུ་འགྱུར་རོ། །འབྲས་བུ་མེད་པར་མ་གྱུར་ཅིག་ཅེས་
སྨོས་པས་ཁྱབ་པ་མི་འཛིན་ནོ། །དེ་མ་བཟུང་ན་གཉི་ག་ལ་ཐེ་ཚོམ་ཟ་བས་མ་ངེས་པ་ཉིད་དུ་འགྱུར་རོ། །ཐམས་ཅད་ཉེ་བར་བསྡུས་པས་ཁྱབ་པ་བཟུང་ན་ཇི་སྐད་བསྟན་པའི་རིགས་པས་སྒྲུབ་པར་བྱེད་པ་འབྲས་བུ་ཡོད་པའི་ཕྱིར་ཡོད་པ་ལ་སོགས་པའི་སྒྲུབ་པར་བྱེད་པའི་སྐྱོན་མེད་པ་རིག་པར་བྱའོ། །དེ་ལྟར་ན་
རྣམ་པ་གཉིས་ཀྱིས་ཐུན་མོང་མ་ཡིན་པའི་མ་ངེས་པ་བསྟན་ཏོ། །ཕྱི་རོལ་ཁྱབ་པར་སྨྲ་བ་ལ་ཡང་སྒྲུབ་པར་བྱེད་པ་དེ་ཉིད་ཡིན་ནོ། །གལ་ཏེ་མི་རྨོངས་པའི་བསམ་པ་ལ་ལྟོས་ནས་མཉན་པར་བྱ་བ་ཉིད་ཀྱི་གཏན་ཚིགས་སྐྱོན་མེད་པ་ཡིན་ཏེ། ཡོད་པ་ལ་སོགས་པ་བཞིན་ནོ། །ངེས་པ་དང་ལྡན་པའི་སྒྲ་རྣམས་ལ་བརྩོན་ན་སྒྲ་
གཞན་དཔེ་ཡིན་ནོ། །སྒྲ་ཐམས་ཅད་ལ་ཡང་ལོག་པར་རྟོགས་པ་ཡོད་ན། དཔེ་མེད་པའི་ཕྱིར་དེ་ལ་དཔེ་གང་ཞིག་གཞག་པར་བྱ། གནོད་པ་ཅན་གྱི་ཚད་མ་ཞུགས་པས་ཇི་ལྟར་ཐུན་མོང་མ་ཡིན་པའི་མ་ངེས་པ་ཡིན། ནང་གི་ཁྱབ་པ་སློབ་དཔོན་ཆེན་པོ་མཁས་པ་དཔལ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་
སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཀ་ལ་ཤ་དང་། དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཧེ་ཏུ་ཏཏྟྭ་ཨུ་པ་དེ་ཤ །བོད་སྐད་དུ། གཏན་ཚིགས་ཀྱི་དེ་ཁོ་ན་ཉིད་བསྟན་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་
འཚལ་ལོ། །བསྒྲུབ་དང་སུན་ནི་འབྱིན་པ་དང་། །ལྟར་སྣང་བཅས་པས་གཞན་རིག་བྱེད། །མངོན་སུམ་དང་ནི་རྗེས་དཔག་གཉིས། །ལྟར་སྣང་བཅས་པས་བདག་རིག་བྱེད། །འདི་ནི་བསྟན་བཅོས་ཀྱི་དོན་བསྡུས་པའོ། །རྒོལ་བ་བདག་ཉིད་ཀྱིས་བསྒྲུབ་པར་འདོད་པའི་དོན་ནི་བསྒྲུབ་པར་བྱའོ། །གང་གིས་
སྒྲུབ་པར་བྱེད་པ་དེ་ནི་བསྒྲུབ་པ་ཡིན་ཏེ། གཏན་ཚིགས་ཀྱི་ཚུལ་གསུམ་བརྗོད་པའོ། །ཚུལ་གསུམ་པོ་དེ་དག་ཀྱང་གང་ཞེ་ན། ཕྱོགས་ལ་ཡོད་པ་ཉིད་ནི་ཚུལ་གཅིག་གོ། །མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཞེས་བྱ་བ་ནི་ཚུལ་གཉིས་པའོ། །མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་དུ་ངེས་པ་ཞེས་བྱ་བ་ནི་

ཚུལ་གསུམ་པའོ། །དེ་ལ་ཕྱོགས་ནི་རབ་ཏུ་གྲུབ་པའི་ཆོས་ཅན་ནོ། །རབ་ཏུ་གྲུབ་པའི་ཁྱད་པར་གྱི་བྱེ་བྲག་བདག་ཉིད་སྒྲུབ་པར་འདོད་པ་མངོན་སུམ་ལ་སོགས་པ་དང་འགལ་བ་མེད་པ་ཡིན་ཏེ། དཔེར་ན་ཆོས་ཅན་སྒྲ་མི་རྟག་པའི་ཁྱད་པར་གྱི་བྱེ་བྲག་དང་ལྡན་པ་ནི་བསྒྲུབ་པར་བྱའོ། །བྱས་པའི་ཕྱིར་རོ་ཞེས་བྱ་
བ་ནི་གཏན་ཚིགས་ཡིན་པ་བཞིན་ནོ། །མཐུན་པའི་ཕྱོགས་གང་ཞེ་ན། བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས་མཐུན་པ་ནི་མཐུན་པའི་ཕྱོགས་ཏེ། དཔེར་ན་བུམ་པ་ལ་སོགས་པ་ལྟ་བུའོ། །གཏན་ཚིགས་ཀྱི་མི་མཐུན་པའི་ཕྱོགས་གང་ཞེ་ན། གང་དུ་བསྒྲུབ་པར་བྱ་བ་མེད་པས་གཏན་ཚིགས་མེད་པར་ངེས་པར་
སྟོན་པ་ཡིན་ཏེ། དཔེར་ན་ནམ་མཁའ་ལ་སོགས་པ་བཞིན་ནོ། །གཏན་ཚིགས་ཀྱི་ཚུལ་གསུམ་པ་བསྟན་པ་དེ་ཉིད་ཀྱིས་གཞན་ཁོང་དུ་ཆུད་པའི་ཆེད་དུ་སྦྱོར་བར་བྱས་པ་ནི་གཞན་གྱི་དོན་རྗེས་སུ་དཔག་པ་ཞེས་བསྟན་ཏོ། །དཔེར་ན་སྒྲ་མི་རྟག་གོ་ཞེས་བྱ་བ་ནི་ཕྱོགས་བརྗོད་པའོ། །བྱས་པའི་ཕྱིར་རོ་ཞེས་བྱ་བ་ནི་གཏན་
ཚིགས་བརྗོད་པའོ། །བུམ་པ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་བརྗོད་པའོ། །ནམ་མཁའ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་བརྗོད་པའོ། །དེ་ཡང་རྣམ་པ་གཉིས་སུ་སྣང་སྟེ། ཆོས་མཐུན་པ་དང་ཆོས་མི་མཐུན་པའོ། །དེ་ལ་རེ་ཞིག་ཆོས་མཐུན་པ་ནི། གང་བྱས་
པ་དེ་ཐམས་ཅད་ནི་མི་རྟག་པར་མཐོང་བ། དཔེར་ན་བུམ་པ་ལ་སོགས་པའོ། །སྒྲ་ཡང་བྱས་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །ཡང་ཆོས་མི་མཐུན་པ་ནི་མི་རྟག་པ་ཉིད་མེད་ན་བྱས་པ་ཉིད་མེད་དེ། དཔེར་ན་ནམ་མཁའ་ལ་སོགས་པ་བཞིན་ཏེ། སྒྲ་ཡང་བྱས་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །གང་ཕྱོགས་ལྟར་
སྣང་བ་ཡང་གང་ཞེ་ན། ཕྱོགས་ལྟར་སྣང་བ་ནི་དངོས་སུ་ཕྱོགས་མ་ཡིན་པ་ཡིན་ཏེ། མངོན་སུམ་ལ་སོགས་པས་གནོད་པའི་ཕྱིར་རོ། །དེ་ནི་ཕྱོགས་ལྟར་སྣང་བ་སྟེ། དཔེར་ན་དུ་བ་ལ་སོགས་པའི་ཆོས་ཅན་བློ་དང་ལྡན་པའི་རྒྱུས་བསྐྱེད་པ་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བ་མངོན་སུམ་དང་འགལ་བས་ཕྱོགས་
ལྟར་སྣང་བ་ཡིན་ཏེ། མངོན་སུམ་གྱིས་མེ་ལས་དུ་བ་སྐྱེ་བ་མཐོང་བའི་ཕྱིར་རོ། །རྗེས་སུ་དཔག་པ་དང་འགལ་བ་ནི་དཔེར་ན། རིག་བྱེད་ཀྱི་ཚིག་ནི་ཆོས་ཅན་སྐྱེས་བུས་བྱས་པ་མ་ཡིན་ཏེ་ཞེས་བསྒྲུབ་པར་བྱ་བ་ལ། སྒྲ་ནི་བརྩལ་མ་ཐག་ཏུ་བྱུང་བ་ཡིན་པས་སྐྱེས་བུས་བྱས་པར་གྲུབ་པའི་ཕྱིར་རོ། །རང་གི་ཚིག་

དང་འགལ་བ་ནི་དཔེར་ན་རྗེས་སུ་དཔག་པ་ནི་ཚད་མ་མ་ཡིན་ནོ་ཞེས་བྱ་བ་ནི། གཞན་གྱི་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཚིག་བརྗོད་པ་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །འཇིག་རྟེན་དང་འགལ་བ་ནི་དཔེར་ན་མི་མགོའི་ཐོད་པ་ནི་གཙང་བ་ཡིན་ཏེ་སྲོག་ཆགས་ཀྱི་
ཡན་ལག་ཡིན་པའི་ཕྱིར་དུང་ཆོས་དང་ཉ་ཕྱིས་བཞིན་ནོ་ཞེས་བྱ་བ་ལྟ་བུའོ། །རྟོགས་པ་དང་འགལ་བ་ནི་དཔེར་ན། གང་དུས་ཇི་སྲིད་གནས་པར་བྱས་པ་ནི་མི་རྟག་པ་ཡིན་ནོ། །གང་དུས་ཇི་སྲིད་གནས་པར་ཡང་བྱས་པ་ཐམས་ཅད་ནི་རྟག་པ་ཡིན་ནོ་ཞེས་འཇིག་རྟེན་པས་རྟོགས་པའི་ཕྱིར་རོ། །ཁྱད་པར་མ་གྲུབ་པ་
ནི་དཔེར་ན། བྱེ་བྲག་པས་གྲངས་ཅན་པ་ལ་སྒྲ་འཇིག་པ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །ཁྱད་པར་དུ་བྱ་བ་མ་གྲུབ་པ་ནི། དཔེར་ན་གྲངས་ཅན་པས་སངས་རྒྱས་པ་ལ་བདག་སེམས་དང་བཅས་པ་ཡིན་ནོ་ཞེས་བསྒྲུབ་པ་ལྟ་བུའོ། །གཉི་ག་མ་གྲུབ་པ་ནི་དཔེར་ན། བྱེ་བྲག་པས་སངས་རྒྱས་པ་ལ་སྡུད་པར་བྱེད་པ་ནི་བདག་
ཉིད་ཡིན་ནོ་ཞེས་བྱ་བ་ལྟ་བུའམ། ལུས་ནི་བརྟན་པའི་རང་བཞིན་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །ཕྱོགས་ལྟར་སྣང་བ་བཤད་ཟིན་ཏོ། །གཏན་ཚིགས་ལྟར་སྣང་བ་ཅི་འདྲ་བ་ཞིག་ཅེ་ན། གང་ཞིག་གཏན་ཚིགས་ལྟར་སྣང་བ་ཡིན་གྱི་གཏན་ཚིགས་སུ་གྲུབ་པ་ནི་མ་ཡིན་པའོ། །གཏན་ཚིགས་ལྟར་སྣང་བ་ནི་གསུམ་སྟེ།
མ་གྲུབ་པ་དང་འགལ་བ་དང་མ་ངེས་པའོ། །དེ་ལ་ཕྱོགས་ལ་མ་གྲུབ་པའི་ཕྱིར་མ་གྲུབ་ཅེས་བྱ་བའི་གཏན་ཚིགས་ལྟར་སྣང་བ་ཡིན་ནོ། །ཕྱོགས་དང་མཐུན་པའི་ཕྱོགས་ལ་ནི་མེད་པ་མི་མཐུན་པའི་ཕྱོགས་ལ་ཡོད་པ་དེ་ནི་འགལ་བ་ཞེས་བྱ་བའི་གཏན་ཚིགས་ལྟར་སྣང་བ་ཡིན་ཏེ། བསྒྲུབ་པར་བྱ་བ་ལས་ཕྱིན་
ཅི་ལོག་བསྒྲུབ་པའི་ཕྱིར་རོ། །མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་གཉི་ག་ལས། ཡོད་པའམ་མེད་པའམ་ཐེ་ཚོམ་ཟ་བ་ལའམ་འབྲེལ་པ་མ་གྲུབ་པའི་གཏན་ཚིགས་གང་ཡིན་པ་དེ་ནི་མ་ངེས་པའི་གཏན་ཚིགས་ལྟར་སྣང་བ་ཞེས་བྱ་བ་ཡིན་ཏེ། རྒོལ་བ་དང་ཕྱིར་རྒོལ་བས་བསྒྲུབ་པར་འདོད་པ་ངེས་
པ་མི་འགྲུབ་པའི་ཕྱིར་རོ། །དཔེར་ན་གཉིས་ལ་མ་གྲུབ་པ་ནི་སྒྲ་མི་རྟག་པ་ཉིད་དུ་གྲུབ་པར་བྱ་བ་ལ། གཏན་ཚིགས་མིག་གིས་གཟུང་བ་ནི་རྒོལ་བ་དང་། ཕྱིར་རྒོལ་བ་དག་ལ་མ་གྲུབ་པ་ལྟ་བུའོ། །ཤིང་སེམས་དང་ལྡན་པར་བསྒྲུབ་པར་བྱ་བ་ལ་ཤུན་ལྤགས་ཐམས་ཅད་བཤུས་ན་འཆི་བའི་ཕྱིར་རོ་ཞེས་བྱ་བའི་

གཏན་ཚིགས་ནི། ཕྱིར་རྒོལ་བ་སངས་རྒྱས་པ་ལ་མ་གྲུབ་པས་ཕྱིར་རྒོལ་བ་ལ་མ་གྲུབ་པ་ཞེས་བྱ་སྟེ། སེམས་ལ་སོགས་པ་འགགས་པ་ལ་སངས་རྒྱས་པ་འདོད་པའི་ཕྱིར་རོ། །བདེ་བ་ལ་སོགས་པ་སེམས་མེད་པར་བསྒྲུབ་པར་བྱ་བ་ལ་སྐྱེ་བ་དང་ལྡན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི། གྲངས་ཅན་
པ་རྒོལ་བ་བདག་ཉིད་ལ་མ་གྲུབ་པས། རྒོལ་བ་ལ་མ་གྲུབ་པ་ཞེས་བྱའོ། །བྱེ་བྲག་པས་ཕྱིར་རྒོལ་བ་སངས་རྒྱས་པ་ལ། ས་ལ་སོགས་པའི་ཆོས་ཅན་བྱ་བ་ཡིན་ནོ་ཞེས་བསྒྲུབ་པར་བྱ་བ་ལ། སྐད་ཅིག་རེ་རེ་འདྲ་བ་གཞན་དང་གཞན་འབྱུང་ངོ་ཞེས་བྱ་བ་ནི་རྒོལ་བ་བདག་ཉིད་ལ་མ་གྲུབ་པ་ཡིན་ཏེ། སྐྱེ་བ་
གྲུབ་ཀྱང་སྐད་ཅིག་རེ་རེ་འདྲ་བ་གཞན་དང་གཞན་འབྱུང་ངོ་ཞེས་པ་ནི་མ་གྲུབ་པའོ། །ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་པ་ནི་དཔེར་ན་ཤིང་རྣམས་ནི་སེམས་དང་ལྡན་པ་ཡིན་ཏེ། གཉིད་ལོག་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ནི་ཕྱོགས་ཀྱི་གོས་ཅན་རྒོལ་བ་བདག་ཉིད་ལ་ཕྱོགས་ཀྱི་གཅིག་ལ་མ་གྲུབ་སྟེ།
ཤིང་ཐམས་ཅད་མཚན་མོ་ལོ་མ་འཁུམ་པ་ལ་བརྟེན་པ་མ་ཡིན་ནོ། །དེ་བཞིན་དུ་ས་ལ་སོགས་པའི་ཆོས་ཅན་བློ་དང་ལྡན་པ་ལས་སྐྱེས་པ་ཡིན་ནོ་ཞེས་བསྒྲུབ་པར་བྱ་བ་ལ་འབྲས་བུ་ཡིན་ནོ་ཞེས་བྱ་བའི་གཏན་ཚིགས་ནི་སངས་རྒྱས་པ་ལ་མ་གྲུབ་སྟེ། མངོན་སུམ་དང་མི་དམིགས་པ་རྒྱུ་དང་འབྲས་བུའི་འབྲེལ་
པ་བསྒྲུབ་པའི་ངོ་བོས་ས་ལ་སོགས་པ་ལ་གྲུབ་པའི་ཕྱིར་རོ། །གལ་ཏེ་གནས་དང་བཟའ་བ་ལ་སོགས་པ་གྲུབ་པོ་ཞེས་ཟེར་ན། དེའི་ཚེ་ཕྱོགས་ཀྱི་ཕྱོགས་གཅིག་མ་གྲུབ་པོ། །ཐེ་ཚོམ་ཟ་བའི་མ་གྲུབ་པ་ནི། དཔེར་ན་གལ་ཏེ་འདི་དུ་བ་ཡིན་ན་འདི་ན་མེ་ཡོད་དོ་ཞེས་བསྒྲུབ་པར་བྱ་བ་ལ། གཏན་ཚིགས་ཉིད་
མ་ངེས་པའི་ཕྱིར་རོ། །ཆོས་ཅན་ཐེ་ཚོམ་ཟོས་མ་གྲུབ་པས་ནི། །དཔེར་ན་རི་སུལ་དུ་མ་འདི་དག་ལས། །རི་སུལ་འགའ་ཞིག་ན་རྨ་བྱ་ཡོད་དེ་ཞེས་བསྒྲུབ་པར་བྱ་བ་ལ་རྨ་བྱའི་སྒྲ་གྲགས་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཡིན་པ་ལྟ་བུའོ། །ཆོས་ཅན་མ་གྲུབ་པ་ཡང་མ་གྲུབ་པ་ཡིན་ཏེ། དཔེར་ན་ཆོས་ཅན་
བདག་ཐམས་ཅད་དུ་ཁྱབ་པར་བསྒྲུབ་པར་བྱ་བ་ལ། ཡོན་ཏན་ཐམས་ཅད་ནི་དམིགས་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཡིན་པ་ལྟ་བུའོ། །བཅུ་པོ་འདི་དག་ནི་མ་གྲུབ་པ་ཞེས་བྱ་བའི་གཏན་ཚིགས་ལྟར་སྣང་བའོ། །མ་ངེས་པའི་གཏན་ཚིགས་ལྟར་སྣང་བ་ཡང་ཅི་འདྲ་བ་ཞིག་ཅེ་ན། སྨྲས་པ། དཔེར་ན་སྒྲ་

རྟག་པ་ལ་སོགས་པའི་ཆོས་བསྒྲུབ་པར་བྱ་བ་ལ། གཞལ་བྱ་ཡིན་པའི་ཕྱིར་ཞེས་པའི་གཏན་ཚིགས་ནི། མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལ་འཇུག་པའི་ཐུན་མོང་གི་མ་ངེས་པའི་ཞེས་བྱའོ། །དེ་བཞིན་དུ་སྒྲ་རྟག་པར་བསྒྲུབ་པར་བྱ་བ་ལ། མཉན་པར་བྱ་བ་ཡིན་པའི་
ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་མི་འཇུག་པའི་ཕྱིར་ཐུན་མོང་མ་ཡིན་པའི་མ་ངེས་པ་ཡིན་ནོ། །དེ་བཞིན་དུ་སྒྲ་བརྩལ་མ་ཐག་ཏུ་བྱུང་བའི་མ་ཡིན་པ་ཉིད་བསྒྲུབ་པར་བྱ་བ་ལ་མི་རྟག་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ནི། མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་
ལ་འཇུག་ལ། མི་མཐུན་པའི་ཕྱོགས་ལ་ཁྱད་པར་འཇུག་པའི་མ་ངེས་པ་ཡིན་ཏེ། བརྩལ་མ་ཐག་ཏུ་བྱུང་བ་མ་ཡིན་པའི་སྒྲ་མཐུན་པའི་ཕྱོགས་ནི་གློག་དང་། ནམ་མཁའ་ལ་སོགས་པ་སྟེ། དེ་ལ་མཐུན་པའི་ཕྱོགས་ལ་ཕྱོགས་གཅིག་གློག་ལ་སོགས་པ་ལ་ནི་མི་རྟག་པ་འཇུག་ལ། ནམ་མཁའ་ལ་སོགས་
པ་ལ་ནི་མ་ཡིན་ནོ། །མི་མཐུན་པའི་ཕྱོགས་བརྩལ་མ་ཐག་ཏུ་བྱུང་བ་ལ་སོགས་པ་ཐམས་ཅད་ཡིན་ཏེ་དེ་ཐམས་ཅད་ལ་འཇུག་པ་ཡིན་ནོ། །དེ་བཞིན་དུ་སྒྲ་ནི་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ཡིན་ཏེ་ཞེས་བསྒྲུབ་པར་བྱ་བ་ལ་མི་རྟག་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི། བུམ་པ་ལ་སོགས་པ་ཐམས་ཅད་
ལ་ནི་ཡོད་ལ་བརྩལ་མ་ཐག་ཏུ་བྱུང་བ་མ་ཡིན་པ་མི་མཐུན་པའི་ཕྱོགས་ཡང་གློག་དང་ནམ་མཁའ་ལ་སོགས་པ་དེ་ལས་ཕྱོགས་གཅིག་གློག་ལ་སོགས་པ་ལ་ནི་འཇུག་ལ། ནམ་མཁའ་ལ་སོགས་པ་ལ་ནི་མ་ཡིན་ལ། དེའི་ཕྱིར་འདི་མི་མཐུན་པའི་ཕྱོགས་གཅིག་ལ་འཇུག་ལ། མཐུན་
པའི་ཕྱོགས་ལ་ཁྱབ་པའི་མ་ངེས་པའི་གཏན་ཚིགས་ཡིན་ནོ། །ཕྱོགས་གཉི་གའི་ཕྱོགས་གཅིག་ལ་འཇུག་པའི་མ་ངེས་པ་ནི་དཔེར་ན། ཆོས་ཅན་ལ་སྒྲ་རྟག་པར་བསྒྲུབ་པར་བྱ་བ་ལ། ལུས་ཅན་མ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི། མཐུན་པའི་ཕྱོགས་རྡུལ་ཕྲ་རབ་དང་ནམ་མཁའ་
ལ་སོགས་པ་དེ་ལ་མཐུན་པའི་ཕྱོགས་གཅིག་ནམ་མཁའ་ནི་ལུས་ཅན་མ་ཡིན་པ་འཇུག་ལ། རྡུལ་ཕྲ་རབ་ནི་མ་ཡིན་ཏེ་རྡུལ་ཕྲ་རབ་རྣམས་ལུས་ཅན་ཡིན་པའི་ཕྱིར་རོ། །བུམ་པ་དང་བདེ་བ་ལ་སོགས་པ་མི་རྟག་པ་མི་མཐུན་པའི་ཕྱོགས་གཅིག་བདེ་བ་ལ་སོགས་པ་ལ་འཇུག་ལ། བུམ་པ་ལ་སོགས་པ་

མ་ཡིན་པ་ལྟ་བུའོ། །དེ་བཞིན་དུ་མི་མཐུན་པའི་ཕྱོགས་ལ་ལྡོག་པ་ལ་ནི་ཐེ་ཚོམ་ཟ་ལ། མཐུན་པའི་ཕྱོགས་ལ་ཁྱབ་པའི་མ་ངེས་པའི་གཏན་ཚིགས་ནི། དཔེར་ན་སེར་སྐྱ་ལ་སོགས་པའི་ཆོས་ཅན་ཐམས་ཅད་མཁྱེན་པ་མ་ཡིན་ཏེ་ཞེས་བསྒྲུབ་པར་བྱ་བ་ལས་སྨྲ་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་
ནི། ལམ་པོ་ཆེའི་སྐྱེས་བུ་ལ་སོགས་པ་དང་མཐུན་པའི་ཕྱོགས་ལ་ནི་ཡོད་ལ། མི་མཐུན་པའི་ཕྱོགས་ཐམས་ཅད་མཁྱེན་པ་ལ་ནི་ཐེ་ཚོམ་ཟ་སྟེ། ཐམས་ཅད་མཁྱེན་པ་ནི་དབང་པོ་ལས་འདས་པའི་ཕྱིར་སྨྲ་བ་ཡོད་དམ་མེད་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །དེ་བཞིན་དུ་མཐུན་པའི་ཕྱོགས་ལ་འཇུག་པ་ལ་
ནི། ཐེ་ཚོམ་ཟ་ལ་མི་མཐུན་པའི་ཕྱོགས་ལ་ཁྱབ་པའི་མ་ངེས་པའི་གཏན་ཚིགས་ནི་དཔེར་ན། ཁྱུ་མཆོག་དང་འཕེལ་བ་ལ་སོགས་པའི་ཆོས་ཅན་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་བསྒྲུབ་པར་བྱ་བ་ལ་བསྟན་བཅོས་འབའ་ཞིག་བྱེད་པའི་ཕྱིར་ཞེས་བྱ་བ་ལ་གཏན་ཚིགས་ནི་མཐུན་པའི་ཕྱོགས་ཐམས་ཅད་
མཁྱེན་པ་ལ་ནི་ཐེ་ཚོམ་ཟ་སྟེ། ཐམས་ཅད་མཁྱེན་པ་ནི་དབང་པོ་ལས་ཤིན་ཏུ་འདས་པའི་ཕྱིར། བསྟན་བཅོས་འབའ་ཞིག་བྱེད་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །མི་མཐུན་པའི་ཕྱོགས་པ་ར་ཧ་དང་མ་ཧ་རེ་ལ་སོགས་པ་ཐམས་ཅད་མཁྱེན་པ་མ་ཡིན་པ་ལ་ཡོད་པ་ལྟ་བུའོ། །རྗེས་སུ་འགྲོ་བ་དང་ལྡོག་པ་ལ་
ཐེ་ཚོམ་ཟ་བའི་མ་ངེས་པའི་གཏན་ཚིགས་ནི་དཔེར་ན་གསོན་པོའི་ལུས་ནི་བདག་དང་བཅས་པ་ཡིན་ཏེ་སྲོག་ཆགས་ལ་སོགས་པ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ནི་གསོན་པོའི་ལུས་དང་འབྲེལ་བ་ཅན་སྲོག་ལ་སོགས་པ་བདག་དང་བཅས་པའམ་བདག་མེད་པ་ལ་འཇུག་པའམ་ལྡོག་པ་མ་ངེས་པ་
ཡིན་ཏེ། དེ་བས་ན་རྗེས་སུ་འགྲོ་བ་འབའ་ཞིག་པའི་གཏན་ཚིགས་ཡིན་ཏེ་དཔེ་མེད་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གཉིས་པ་ལ་ཡང་ལྡོག་པ་འབའ་ཞིག་ཡིན་ཏེ། གསོན་པོའི་ལུས་འདི་ནི་བདག་མེད་པ་མ་ཡིན་ཏེ་སྲོག་ལ་སོགས་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །དཔེ་
མེད་པ་ཉིད་ཀྱི་ཕྱིར་རྗེས་སུ་འགྲོ་བ་ངེས་པ་མེད་པ་དང་། ལྡོག་པ་ཡང་ངེས་པ་འདི་ནི་ཐེ་ཚོམ་ཟ་བའི་གཏན་ཚིགས་སོ། །བཅུ་པོ་འདི་དག་ནི་མ་ངེས་པའི་གཏན་ཚིགས་ལྟར་སྣང་བ་ཞེས་བསྟན་ཏོ། །འགལ་བའི་གཏན་ཚིགས་ལྟར་སྣང་བ་ཅི་འདྲ་བ་ཞིག་ཅེ་ན། དཔེར་ན་ཆོས་ཅན་སྒྲ་རྟག་སྟེ་ཞེས་བྱ་བ་ནི་

བསྒྲུབ་པར་བྱ་བའི་ཆོས་སོ། །བྱས་པའི་ཕྱིར་ནམ་མཁའ་ལ་སོགས་པ་བཞིན་ནོ་ཞེས་བྱ་བའི་གཏན་ཚིགས་འདི་ནི་བུམ་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཉིད་ལ་ཡོད་ལ་མཐུན་པའི་ཕྱོགས་ལ་ནི་མ་ཡིན་པ་ལྟ་བུའོ། །དེ་བཞིན་དུ་ཆོས་ཅན་སྒྲ་རྟག་སྟེ་ཞེས་བསྒྲུབ་པར་བྱ་བ་ལ།
བརྩལ་མ་ཐག་ཏུ་བྱུང་བ་ཡིན་པའི་ཕྱིར་ཞེས་བྱ་བའི་ཕྱིར་གཏན་ཚིགས་མཐུན་པའི་ཕྱོགས་ནམ་མཁའ་ལ་སོགས་པ་ལ་མེད་ཕྱོགས་གཅིག་བུམ་པ་ལ་སོགས་པ་ལ་ནི་ཡོད་ལ། གློག་ལ་སོགས་པ་ལ་ནི་མེད་པ་ལྟ་བུའོ། །གཏན་ཚིགས་འདི་གཉིས་ནི་ཆོས་ཀྱི་རང་གི་ངོ་བོ་ཕྱིན་ཅི་ལོག་ཏུ་བསྒྲུབ་པ་དང་། ཆོས་
ཅན་རང་གི་ངོ་བོ་ཕྱིན་ཅི་ལོག་ཏུ་བསྒྲུབ་པ་ལ་རྣམ་པ་གཉིས་ཡིན་ཏེ། དཔེར་ན་ཆོས་མིག་ལ་སོགས་པ་འདི་དག་གཞན་གྱི་དོན་དུ་བསྒྲུབ་པར་བྱ་བའི་ཆོས་སོ། །བསགས་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །ཁྲི་དང་སྟན་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་བསྟན་པའོ། །འདི་
ལྟར་གཏན་ཚིགས་འདིས་མིག་ལ་སོགས་པ་གཞན་གྱི་དོན་དུ་སྒྲུབ་པར་བྱེད་ལ། དེ་བཞིན་དུ་བསགས་པ་ཉིད་གཞན་གྱིར་སྒྲུབ་པར་བྱེད་དེ། ཁྲི་དང་སྟན་ལ་སོགས་པ་བསགས་པས་ལྷ་སྦྱིན་ལ་སོགས་པ་གཞན་གྱི་དོན་བྱེད་པར་མཐོང་བའི་ཕྱིར་རོ། །ཆོས་ཅན་གྱི་རང་གི་ངོ་བོ་ཕྱིན་ཅི་ལོག་ཏུ་བསྒྲུབ་པ་ནི།
དཔེར་ན་ཆོས་ཅན་ལ་སོགས་པ་ནི་བློ་དང་ལྡན་པའི་རྒྱུ་ལས་སྐྱེས་པ་ཡིན་ཏེ་ཞེས་བྱ་བར་བསྒྲུབ་པར་བྱ་བ་ལ་རྟེན་པ་དང་བཅས་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །བུམ་པ་ལ་སོགས་པ་བཞིན་ནོ་ཞེས་བྱ་བས་ནི། མཐུན་པའི་ཕྱོགས་བསྟན་ཏོ། །འདི་ལྟར་གཏན་ཚིགས་འདིས་ནི་བློ་དང་ལྡན་པའི་རྒྱུ་
ལས་སྐྱེས་པ་ཉིད་སྒྲུབ་པར་བྱེད་པ་ཡིན་ལ། དེ་བཞིན་དུ་བློ་དང་ལྡན་པའི་བྱེད་པའི་རྟེན་པ་དང་བཅས་པ་ཡང་སྒྲུབ་པར་བྱེད་དོ། །ཆོས་ཅན་གྱི་ཁྱད་པར་ཕྱིན་ཅི་ལོག་ཏུ་བསྒྲུབ་པ་ནི་དཔེར་ན། བྱེ་བྲག་པས་དཔྱོད་པ་པ་ལ་ཆོས་བདག་ནི་སེམས་དང་ལྡན་པ་ཡིན་ནོ་ཞེས་བསྒྲུབ་པར་བྱ་བ་ལ་སེམས་ཀྱིས་བྱིན་གྱིས་བརླབས་
པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི། བདག་སེམས་མེད་པ་ལ་ཇི་ལྟར་སེམས་དང་ལྡན་པར་སྒྲུབ་པར་བྱེད་པ་དེ་བཞིན་དུ་གཏན་ཚིགས་འདིས་མི་རྟག་པ་ཡང་སྒྲུབ་པར་བྱེད་དེ། རྣམ་པར་ཤེས་པ་ནི་མི་རྟག་པའི་ཕྱིར་རོ། །ལྔ་པོ་དེ་དག་གིས་ནི་འགལ་བའི་གཏན་ཚིགས་ལྟར་སྣང་བ་བསྟན་ཏོ། །འགལ་

བ་མི་འཁྲུལ་བ་ཞེས་བྱ་བ་ནི་གང་དུ་ཡང་གཏན་ཚིགས་ཀྱི་སྐྱོན་མ་ཡིན་པས་དེའི་དཔེ་བརྗོད་པ་མི་རིགས་ཏེ། དེའི་དཔེ་བརྗོད་ན་གང་ཕྱོགས་ཐམས་ཅད་ན་གནས་པ་དང་། བདག་ཉིད་རང་དང་གཅིག་པར་མངོན་པར་འབྲེལ་པ་ཅན་དེ་ནི་ཐམས་ཅད་དུ་འགྲོ་བ་ཡིན་ཏེ། དཔེར་ན་ནམ་མཁའ་
བཞིན་ཕྱོགས་ཐམས་ཅད་ན་གནས་པ་ནི་རང་དང་འབྲེལ་པས་ཅིག་ཅར་སྤྱི་དང་མངོན་པར་འབྲེལ་པ་ཡིན་ནོ་ཞེས་བྱ་བ་ནི་པེ་ལུ་ཀའི་རང་བཞིན་གྱི་གཏན་ཚིགས་ཀྱི་སྦྱོར་བའོ། །ཡང་སྦྱོར་བ་གཉིས་པ་ནི་དཔེ་ཐ་རའི་ཡིན་ཏེ་གང་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་གང་དུ་མི་དམིགས་པ་དེ་ནི་མེད་དོ། །
དཔེར་ན་ཕྱོགས་འགའ་ཞིག་ན་བུམ་པ་མེད་དེ་ཞེས་བྱ་བ་ལྟ་བུའོ། །དམིགས་པའི་མཚན་ཉིད་ཀྱིར་གྱུར་པའི་སྤྱི་གསལ་བ་དང་། གསལ་བའི་བར་ན་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །མི་དམིགས་པའི་གཏན་ཚིགས་འདི་དང་སྔར་བསྟན་པའི་རང་བཞིན་གྱི་གཏན་ཚིགས་འདི་ཕན་ཚུན་
གནོད་པས་ཐེ་ཚོམ་བསྐྱེད་པའི་ཕྱིར་རོ། །མཐུན་པའི་ཕྱོགས་དང་གཞན་པའི་དཔེ་ཞེས་བྱ་བ་ནི་འགའ་ཡང་མེད་དེ་མཐུན་པའི་ཕྱོགས་འདི་ཉིད་ཆོས་མཐུན་པའི་དཔེ་ཡིན་ནོ། །དེ་ལ་དཔེ་ལྟར་སྣང་བ་ཅི་ལྟ་བུ་ཞིག་ཅེ་ན། ཆོས་མཐུན་པའི་རེ་ཞིག་འདི་ལྟ་བུ་སྟེ། སྒྲ་ནི་རྟག་སྟེ་ལུས་ཅན་མ་ཡིན་པའི་ཕྱིར་
ལས་བཞིན་ནོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་མ་ཚང་བ་ཡིན་ཏེ་ལས་ནི་མི་རྟག་པའི་ཕྱིར་རོ། །སྒྲ་ནི་རྟག་སྟེ་ལུས་ཅན་མ་ཡིན་པའི་ཕྱིར་རྡུལ་ཕྲ་རབ་བཞིན་ནོ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པ་མ་ཚང་བ་ཡིན་ཏེ། རྡུལ་ཕྲ་རབ་ནི་ལུས་ཅན་ཡིན་པའི་ཕྱིར་རོ། །སྒྲ་རྟག་སྟེ་ལུས་ཅན་མ་ཡིན་པའི་ཕྱིར་བུམ་པ་
བཞིན་ནོ་ཞེས་བྱ་བ་སྒྲུབ་པར་བྱེད་པ་གཉི་ག་མ་ཚང་བ་ཡིན་ནོ། །དེ་བཞིན་དུ་བསྒྲུབ་པར་བྱ་བའི་ཆོས་ལ་ཐེ་ཚོམ་ཟ་བའི་དཔེ་ལྟར་སྣང་བ་ནི་དཔེར་ན་ཆོས་ཅན་སྐྱེས་བུ་འགའ་ཞིག་འདོད་ཆགས་ལ་སོགས་པ་དང་ལྡན་པ་ཡིན་ཏེ། སྨྲ་བའི་ཕྱིར་ལམ་པོ་ཆེའི་སྐྱེས་བུ་བཞིན་ནོ་ཞེས་བྱ་བ་ལ། ལམ་པོ་ཆེའི་སྐྱེས་
བུའི་དཔེ་ལས་འདོད་ཆགས་ལ་སོགས་པ་དང་ལྡན་པ་ལ་ཐེ་ཚོམ་ཟ་སྟེ། གཞན་གྱི་སེམས་ནི་རྗེས་སུ་རྟོགས་པར་དཀའ་བའི་ཕྱིར་རོ། །སྒྲུབ་པར་བྱེད་པའི་ཆོས་ལ་ཐེ་ཚོམ་ཟ་བ་ན་དཔེར་ན་སྐྱེས་བུ་གང་ཞིག་འཆི་བའི་ཆོས་དང་ལྡན་པ་ཡིན་ཏེ་ཞེས་བསྒྲུབ་པར་བྱ་བ་ལ་འདོད་ཆགས་ལ་སོགས་པ་དང་ལྡན་པ་

ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི་ལམ་པོ་ཆེའི་སྐྱེས་བུའི་དཔེ་ལ་ཐེ་ཚོམ་སྟེ། འདོད་ཆགས་དང་བྲལ་བ་ཡང་འདོད་ཆགས་དང་བཅས་པ་བཞིན་དུ་གཡོ་བའི་ཕྱིར་རོ། །ཆོས་གཉི་ག་ལ་ཐེ་ཚོམ་ཟ་བའི་དཔེ་ལྟར་སྣང་བ་དཔེར་ན་ཆོས་ཅན་སྐྱེས་བུ་འགའ་ཞིག་ཐམས་ཅད་
མཁྱེན་པ་མ་ཡིན་ཏེ་ཞེས་བསྒྲུབ་པར་བྱ་བ་ལ་འདོད་ཆགས་ལ་སོགས་པ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ནི་ལམ་པོ་ཆེའི་སྐྱེས་བུའི་དཔེ་ལ་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པ་ལ་ཐེ་ཚོམ་ཟ་བ་ཡིན་ནོ། །རྗེས་སུ་འགྲོ་བ་མེད་པ་དང་། རྗེས་སུ་འགྲོ་བ་མ་བསྟན་པ་དང་། རྗེས་སུ་འགྲོ་བ་ཕྱིན་
ཅི་ལོག་གི་དཔེ་ལྟར་སྣང་བ་ནི། དེ་ལ་རྗེས་སུ་འགྲོ་བ་མེད་པ་ནི་དཔེར་ན་གང་སྨྲ་བ་དེ་ནི་འདོད་ཆགས་ལ་སོགས་པ་དང་ལྡན་པ་ཡིན་ཏེ་ལམ་པོ་ཆེའི་སྐྱེས་བུ་བཞིན་ནོ། །སྨྲ་བར་བྱེད་པ་དང་འདོད་ཆགས་ལ་སོགས་པ་དང་ལྡན་པ་དག་བྱ་བ་བྱེད་པའི་ངོ་བོ་བཀག་པའི་ཕྱིར་རོ། །རྗེས་སུ་འགྲོ་བ་མ་བསྟན་པ་ནི་
དཔེར་ན་སྒྲ་ནི་མི་རྟག་སྟེ་བྱས་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །འདི་ལ་རྗེས་སུ་འགྲོ་བ་ཡོད་མོད་ཀྱི་ཁྱབ་པ་མ་བསྟན་པ་ཞེས་བྱ་བ་སྟེ། དེ་ནི་སྨྲ་བའི་ཉེས་པས་དཔེ་ལྟར་སྣང་བ་བཞིན་ནོ། །རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་ནི། དཔེར་ན་གང་རྟག་པ་དེ་ནི་བྱས་པ་ཡིན་ཏེ། བུམ་པ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་
ནི་འདིར་མི་རྟག་པ་ནི་བསྒྲུབ་པར་བྱ་བ་ཡིན་ཏེ་བསྒྲུབ་པར་བྱ་བས་སྒྲུབ་པར་བྱེད་པ་ལ་ཁྱབ་པ་བསྟན་པར་བྱ་བ་ཡིན་གྱི། སྒྲུབ་པར་བྱེད་པས་བསྒྲུབ་པར་བྱ་བ་ལ་ཁྱབ་པ་བསྟན་པར་བྱ་བ་མ་ཡིན་ནོ། །དེའི་ཕྱིར་རྗེས་སུ་འགྲོ་བ་ཕྱིན་ཅི་ལོག་གི་དཔེ་ལྟར་སྣང་བ་ཡིན་ནོ། །དེ་དག་ནི་ཆོས་མཐུན་པའི་དཔེ་ལྟར་སྣང་
བ་དགུ་བསྟན་པ་ཡིན་ནོ། །ཆོས་མི་མཐུན་པའི་དཔེ་ལྟར་སྣང་བ་བསྟན་པར་བྱ་སྟེ། བསྒྲུབ་པར་བྱ་བ་ལྡོག་པ་མེད་པའི་དཔེ་ལྟར་སྣང་བ་ནི། དཔེར་ན་སྒྲ་རྟག་སྟེ་ལུས་ཅན་མ་ཡིན་པའི་ཕྱིར། རྡུལ་ཕྲ་རབ་བཞིན་ནོ་ཞེས་བྱ་བ་ནི་འདིར་རྡུལ་ཕྲ་རབ་ནི་ཆོས་མི་མཐུན་པའི་དཔེ་ཡིན་པའི་ཕྱིར་ལུས་ཅན་མ་ཡིན་པ་སྒྲུབ་
པར་བྱེད་པའི་ཆོས་ལྡོག་པ་ཡིན་ཏེ། རྡུལ་ཕྲ་རབ་ནི་ལུས་ཅན་ཡིན་པའི་ཕྱིར་རོ། །བསྒྲུབ་པར་བྱ་བའི་ཆོས་རྟག་པ་ནི་ལོག་པ་མ་ཡིན་རྡུལ་ཕྲ་རབ་ནི་རྟག་པའི་ཕྱིར་རོ། །སྒྲུབ་པར་བྱེད་པ་ལྡོག་པ་མེད་པ་ནི་དཔེར་ན་སྒྲ་རྟག་སྟེ་ལུས་ཅན་མ་ཡིན་པའི་ཕྱིར་ལས་བཞིན་ནོ་ཞེས་བྱ་བ་ནི་འདིར་བསྒྲུབ་པར་བྱ་བའི་ཆོས་རྟག་

པ་པ་ཉིད་ལྡོག་པ་ཡིན་ཏེ། ལས་ནི་མི་རྟག་པའི་ཕྱིར་རོ། །སྒྲུབ་པར་བྱེད་པའི་ཆོས་ནི་ལྡོག་པ་མ་ཡིན་ཏེ། ལས་ནི་ལུས་ཅན་མ་ཡིན་པའི་ཕྱིར་རོ། །གཉི་ག་ལྡོག་པ་མེད་པ་ནི་དཔེར་ན་སྒྲ་ནི་རྟག་སྟེ་ལུས་ཅན་མ་ཡིན་པའི་ཕྱིར་ནམ་མཁའ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་འདིར་ནམ་མཁའ་ལ་སོགས་
པའི་ཆོས་མི་མཐུན་པའི་དཔེ་ལས་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པ་ལྡོག་པ་མེད་པ་ཡིན་ནོ། །དེ་བཞིན་དུ་བསྒྲུབ་པར་བྱ་བ་དང་ལྡོག་པ་ལ་ཐེ་ཚོམ་ཟ་བ་དང་། སྒྲུབ་པར་བྱེད་པ་ལྡོག་པ་ལ་ཐེ་ཚོམ་ཟ་བ་དང་། གཉི་ག་ལྡོག་པ་ལ་ཐེ་ཚོམ་ཟ་བ་ལས་བསྒྲུབ་པར་བྱ་བ་ལྡོག་པ་ལ་ཐེ་ཚོམ་ཟ་བའི་དཔེ་
ལྟར་སྣང་བ་ནི། དཔེར་ན་སེར་སྐྱ་ལ་སོགས་པ་ནི་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། ཐམས་ཅད་མཁྱེན་པའི་རྟགས་སུ་གྱུར་པའི་བསྟན་བཅོས་འབའ་ཞིག་བྱས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་འདིར་ཆོས་མི་མཐུན་པའི་དཔེར་བརྗོད་པ་གང་ཐམས་ཅད་མཁྱེན་པ་མ་ཡིན་པ་དེས་ནི་སྐར་མ་ཤེས་པ་ལ་
སོགས་པའི་བསྟན་བཅོས་ཏེ་དཔེར་ན་ཁྱུ་མཆོག་དང་འཕེལ་བ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ལ་འདིར་ཆོས་མི་མཐུན་པའི་དཔེར་བརྗོད་ལ། ཁྱུ་མཆོག་དང་འཕེལ་བ་ལ་སོགས་པ་ལས་ཐམས་ཅད་མཁྱེན་པ་མ་ཡིན་པ་ལ་ལོག་གམ་མི་ལོག་ཐེ་ཚོམ་ཡིན་ནོ། །སྒྲུབ་པར་བྱེད་པ་ལྡོག་པ་ལ་ཐེ་ཚོམ་
ཟ་བ་ནི། དཔེར་ན་འདིར་གསུམ་རིག་པའི་བྲམ་ཟེ་སེར་སྐྱ་དང་གཟེགས་ཟན་ལ་སོགས་པའི་སྐྱེས་བུའི་ཚིག་གཟུང་བར་བྱ་བ་མ་ཡིན་ཏེ། འདོད་ཆགས་ལ་སོགས་པ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་འདིར་ཆོས་མཐུན་པའི་དཔེ་བརྗོད་པ་ནི་གང་གི་ཚིག་གཟུང་བར་བྱ་བ་དེ་ནི་འདོད་ཆགས་ལ་སོགས་པ་
དང་ལྡན་པ་མ་ཡིན་ཏེ། དཔེར་ན་གཽ་ཏ་མ་ལ་སོགས་པའི་ཆོས་ཀྱི་བསྟན་བཅོས་རྩོམ་པ་ལྟ་བུ་སྟེ། གཽ་ཏ་མ་ལ་སོགས་པ་ལས་འདོད་ཆགས་ལ་སོགས་པ་དང་ལྡན་པའི་ཆོས་ལྡོག་པ་ལ་ཐེ་ཚོམ་ཟ་བའོ། །གཉི་ག་ལྡོག་པ་ལ་ཐེ་ཚོམ་ཟ་བ་ནི་དཔེར་ན་སེར་སྐྱ་ལ་སོགས་པ་ནི་འདོད་ཆགས་དང་བྲལ་
བ་མ་ཡིན་ཏེ། ཡོངས་སུ་འཛིན་པ་དང་ཀུན་དུ་འཛིན་པ་དང་ལྡན་པའི་ཕྱིར་ཞེས་བྱ་བ་ལ། འདིར་ཆོས་མཐུན་པའི་དཔེར་བརྗོད་པ། གང་འདོད་ཆགས་དང་བྲལ་བ་དེ་ནི་ཡོངས་སུ་འཛིན་པ་དང་། ཀུན་དུ་འཛིན་པ་དང་ལྡན་པ་མ་ཡིན་ཏེ། དཔེར་ན་ཁྱུ་མཆོག་དང་འཕེལ་བ་ལ་སོགས་པ་བཞིན་

ནོ་ཞེས་བྱ་བ་ལ། ཁྱུ་མཆོག་ལ་སོགས་པ་ཆོས་མི་མཐུན་པའི་དཔེ་ལས་འདོད་ཆགས་དང་བྲལ་བ་ཉིད་བསྒྲུབ་པར་བྱ་བའི་ཆོས་དང་ཡོངས་སུ་འཛིན་པ་དང་། ཀུན་དུ་འཛིན་པ་སྒྲུབ་པར་བྱེད་པའི་ཆོས་ལྡོག་གམ་མི་ལྡོག་ཐེ་ཚོམ་ཟའི། སྔར་མ་རྙེད་པ་དངོས་པོ་རྙེད་པ་ནི་ཡོངས་སུ་
འཛིན་པའོ། །རྙེད་པ་ཡོངས་སུ་མི་གཏོང་བ་ནི་ཀུན་དུ་འཛིན་པའོ། །གཉིས་པོ་དེ་དག་ཀྱང་ཁྱུ་མཆོག་ལ་སོགས་པ་ལ་སྲིད་དེ། གདུགས་དང་། རྔ་ཡབ་དང་། རྔ་བོ་ཆེ་རྣམས་ཡོངས་སུ་འཛིན་པ་དང་། ཀུན་དུ་འཛིན་པ་ཐོས་པའི་ཕྱིར་རོ། །ལྡོག་པ་མེད་པའི་ཆོས་མི་མཐུན་པའི་དཔེ་ལྟར་སྣང་བ་
དང་། ལྡོག་པ་རབ་ཏུ་མ་བསྟན་པ་དང་། ལྡོག་པ་ཕྱིན་ཅི་ལོག་ཅེས་བྱ་བ་ལས། ལྡོག་པ་མེད་པ་ནི་དཔེར་ན་སེར་སྐྱ་ལ་སོགས་པ་འདོད་ཆགས་དང་བྲལ་བ་མ་ཡིན་ཏེ། སྨྲས་པའི་ཕྱིར་རོ། །གང་དུ་འདོད་ཆགས་དང་བྲལ་བ་མེད་པ་མ་ཡིན་པ་དེ་ནི་སྨྲ་བ་མ་ཡིན་ཏེ། དཔེར་ན་རྡོའི་དུམ་བུ་བཞིན་
ནོ་ཞེས་བྱ་བ་ལ་གལ་ཏེ་འདི་རྡོའི་དུམ་བུ་ལས་ལོག་མོད་ཀྱི། འོན་ཀྱང་འདོད་ཆགས་དང་བྲལ་བས་ཐམས་ཅད་ལས་སྨྲ་བ་ལོག་པ་མ་ཡིན་ཏེ་ཐེ་ཚོམ་ཟ་བའི་ཕྱིར་རོ། །ལྡོག་པ་མ་བསྟན་པ་ནི་དཔེར་ན་སྒྲ་མི་རྟག་སྟེ་བྱས་པའི་ཕྱིར་ནམ་མཁའ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ནི་དོན་དམ་པར་ཡང་དག་
པ་དཔེ་ཡིན་ཡང་། སྨྲ་བ་པོའི་ཉེས་པས་དཔེ་ལྟར་སྣང་བ་ཡིན་ཏེ། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ལ་སྨྲ་བ་པོའི་ཡོན་ཏན་དང་། ཉེས་པ་གཉིས་རྣམ་པར་དཔྱད་པར་བྱ་བ་ཡིན་པའི་ཕྱིར་རོ། །འདི་ལྟར་གང་རྟག་པ་དེ་ཐམས་ཅད་ནི་ངེས་པར་མ་བྱས་པར་མཐོང་སྟེ། དཔེར་ན་ནམ་མཁའ་ལ་སོགས་
པ་བཞིན་ནོ་ཞེས་བྱ་བའི་ཚིག་གིས་རྣམ་པར་དབྱེ་སྟེ་སྨྲ་བ་པོས་ཁྱབ་པ་སྔོན་དུ་འགྲོ་བའི་ལྡོག་པ་མ་བསྟན་པའི་ཕྱིར། ལྡོག་པ་རབ་ཏུ་མ་བསྟན་པ་ཞེས་བྱའོ། །ལྡོག་པ་ཕྱིན་ཅི་ལོག་ནི་དཔེར་ན། གང་མ་བྱས་པ་དེ་ནི་རྟག་པར་མཐོང་སྟེ་ཞེས་བྱ་བ་ལ་འདིར་ནི་སྒྲུབ་པར་བྱེད་པ་ལོག་པ་ལ་ཁྱབ་པར་བསྟན་པར་བྱ་བ་ཡིན་
ནོ། །དེས་ན་གང་དང་གང་བསྒྲུབ་པར་བྱ་བ་ལོག་པ་དེ་དང་དེས་ངེས་པར་སྒྲུབ་པར་བྱེད་པ་ལྡོག་པར་འགྱུར་རོ། །དཔེ་ལྟར་སྣང་བ་བཅོ་བརྒྱད་བཤད་ཟིན་ཏོ། །ཕྱོགས་དང་གཏན་ཚིགས་དང་། དཔེ་ལྟར་སྣང་བ་དེ་དག་ཉིད་ཀྱིས་རྒོལ་བས་སྒྲུབ་པར་མི་བྱེད་པའི་ཕྱིར་བསྒྲུབ་པ་ལྟར་སྣང་བར་འགྱུར་བ་ཡིན་ནོ། །

འདི་ལྟར་ཡང་ཕྱིར་རྒོལ་བས་སུན་འབྱིན་པ་ཉིད་ཉེ་བར་བཀོད་པ་དེ་དག་སུན་འབྱིན་པར་འགྱུར་བ་ཡིན་ཏེ། ཕྱོགས་སྔ་མ་རྒོལ་བའི་མངོན་པར་འདོད་པའི་དོན་འགྲུབ་པ་ལ་གགས་བྱེད་པའི་ཕྱིར་རོ། །སྒྲུབ་པར་བྱེད་པ་མ་ཚང་བར་བརྗོད་པ་ཉིད་སུན་འབྱིན་པ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལྟ་བས་ན་སྒྲུབ་པར་བྱེད་པ་
བཞིན་དུ་སུན་འབྱིན་པའི་མཚན་ཉིད་རྣམ་པར་ཕྱེ་སྟེ་ལོགས་ཤིག་ཏུ་མ་བསྟན་ཏོ། །སུན་འབྱིན་པ་ལྟར་སྣང་བ་ནི་སུན་འབྱིན་པ་དེ་དག་ཉིད་ཕྱིར་རྒོལ་བས་སྨྲས་པ་ཡིན་ནོ། །གང་གི་ཚེ་ཕྱོགས་སྔ་མ་རྒོལ་བ་ཡང་དག་པ་མ་ཡིན་པའི་སྐྱོན་བརྗོད་པ་དེ་སུན་འབྱིན་པ་ལྟར་སྣང་བ་ཡིན་ཏེ། ལྟག་ཆོད་ཅེས་བྱའོ། །
ཡང་དག་པ་མ་ཡིན་པའི་སྐྱོན་བརྗོད་པ་ནི་ཕྱིན་ཅི་ལོག་གི་ལན་ཏེ་ལྟག་ཆོད་ཡིན་ནོ་ཞེས་བསྟན་ཏེ། དཔེར་ན་ཕྱོགས་སྐྱོན་མེད་པ་ལ་ཕྱོགས་ཀྱི་སྐྱོན་བརྗོད་པ་དང་། གཏན་ཚིགས་སྐྱོན་མེད་པ་ལ་གཏན་ཚིགས་ཀྱི་སྐྱོན་བརྗོད་པ་དང་། དཔེ་སྐྱོན་མེད་པ་ལ་དཔེའི་སྐྱོན་བརྗོད་པ་ནི་སུན་འབྱིན་པ་ལྟ་བ་སྣང་
བ་ཞེས་བྱ་བར་རིག་པའི་ཕྱིར་རོ། །དེ་ལ་གཞན་དག་ནི་དམ་བཅའ་བ་དང་། གཏན་ཚིགས་དང་དཔེ་དང་། ཉེ་བར་སྦྱོར་བ་དང་མཇུག་བསྡུ་བ་དང་། ཡན་ལག་ལྔ་དང་ལྡན་པ་ནི་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་ཟེར་ཏེ། དཔེར་ན་སྒྲ་མི་རྟག་སྟེ་ཞེས་བྱ་བ་ནི་དམ་བཅའ་བའོ། །བྱས་པའི་ཕྱིར་ཞེས་བྱ་བ་ནི་
གཏན་ཚིགས་སོ། །གང་བྱས་པ་དེ་ཐམས་ཅད་ནི་མི་རྟག་པར་མཐོང་སྟེ། དཔེར་ན་བུམ་པ་ལ་སོགས་པ་ལྟ་བུ་ཞེས་བྱ་བ་ནི་དཔེའོ། །དེ་བཞིན་དུ་སྒྲ་ཡང་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་ཉེ་བར་སྦྱོར་བའོ། །དེ་བས་ན་མི་རྟག་པ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་སྟེ། དཔེ་ལ་རྟོགས་པའི་ནུས་པ་ཅན་གྱི་
གཏན་ཚིགས་ཆོས་ཅན་ལ་ཉེ་བར་སྦྱོར་བ་ནི་ཉེ་བར་སྦྱོར་བ་ཞེས་བྱའོ། །དམ་བཅའ་བ་ཡང་ཟློས་པ་ནི་མཇུག་བསྡུ་བ་ཞེས་བསྟན་ཏོ། །དེ་ལྟ་བུ་ནི་མེད་དེ་རྗེས་སུ་འགྲོ་བ་དང་། ལྡོག་པ་དང་ཕྱོགས་ཀྱི་ཆོས་ཞེས་བྱ་བ་ཡང་གསུམ་པ་ཉིད་ཀྱིས་བསྒྲུབ་པར་བྱ་བའི་དོན་འགྲུབ་པའི་ཕྱིར་རོ། །འདི་ལྟར་
རྩོད་པའི་དུས་སུ་ཁྱབ་པ་སྔོན་དུ་འགྲོ་བ་ཉིད་ཀྱི་སྦྱོར་བ་ཞེས་བྱ་སྟེ། གང་བྱས་པ་དེ་ཐམས་ཅད་ནི་མི་རྟག་པར་མཐོང་སྟེ། དཔེར་ན་བུམ་པ་བཞིན་ན་ཞེས་བྱ་བ་ནི། དཔེ་ལ་བསྒྲུབ་པར་བྱ་བས་སྒྲུབ་པར་བྱེད་པ་ལ་ཁྱབ་པ་བསྟན་པ་ནི་རྗེས་སུ་འགྲོ་བ་ཞེས་བསྟན་ཏོ། །མི་མཐུན་པའི་ཕྱོགས་ལ་ཡང་བསྒྲུབ་

པར་བྱ་བ་ལོག་པར་སྒྲུབ་པར་བྱེད་པ་ལ་ནི་ལྡོག་པ་ཞེས་བསྟན་ཏོ། །དཔེར་ན་མི་རྟག་པ་མེད་པས་བྱས་པ་ཉིད་དུ་མི་འགྱུར་ཏེ། དཔེར་ན་ནམ་མཁའ་ལ་སོགས་པ་བཞིན་ནོ། །སྒྲ་ཡང་བྱས་པའི་ཕྱིར་ཞེས་བྱ་བ་ལས་ཕྱོགས་ཀྱི་ཆོས་བསྟན་ཏོ། །དམ་བཅའ་བ་དང་མཇུག་བསྡུ་བ་ནི་
རྣམ་པ་ཐམས་ཅད་དུ་བརྗོད་པར་མི་བྱའོ། །དེ་བཞིན་དུ་ཆོས་མཐུན་པ་ཉིད་ཅན་དག་གི་སྦྱོར་བ་ལ་རྗེས་སུ་འགྲོ་བ་བརྗོད་པ་ཤུགས་ཉིད་ཀྱིས་ལྡོག་པ་ཁོང་དུ་ཆུད་པས་འདི་ལོགས་ཤིག་ཏུ་མ་བསྟན་ཏོ། །དཔེར་ན་གང་བྱས་པ་དེ་དག་ཐམས་ཅད་ནི་མི་རྟག་པར་མཐོང་སྟེ། དཔེར་ན་བུམ་པ་ལ་སོགས་པ་
ལྟ་བུའོ། །སྒྲ་ཡང་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་ཆོས་མཐུན་པ་ཉིད་ཅན་གྱི་སྦྱོར་བའོ། །ཆོས་མི་མཐུན་པ་ཉིད་ཅན་གྱི་སྦྱོར་བ་ནི་ལྡོག་པ་བསྟན་པའི་ཤུགས་ཉིད་ཀྱིས་རྗེས་སུ་འགྲོ་བ་རྟོགས་པའོ། །འདིར་ཡང་རྗེས་སུ་འགྲོ་བ་བརྗོད་པར་མི་བྱའོ། །གང་རྟག་པ་དེ་ནི་མ་བྱས་པར་མཐོང་སྟེ། དཔེར་ན་
ནམ་མཁའ་ལ་སོགས་པ་བཞིན་ནོ། །སྒྲ་ཡང་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་སྦྱོར་བའོ། །བསྒྲུབ་པ་ལྟར་སྣང་བ་དང་། སུན་འབྱིན་པ་ལྟར་སྣང་བ་བཤད་ཟིན་ཏོ། །མངོན་སུམ་ཅི་འདྲ་བ་ཞིག་ཡིན་ཞེ་ན། མངོན་སུམ་ནི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པ་སྟེ་དབང་པོ་ལ་སོ་
སོར་གནས་པ་ནི་རྟེན་པའོ། །རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་མངོན་སུམ་སྟེ། དབང་པོ་ལྔ་ལ་བརྟེན་པའི་ཤེས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཤིན་ཏུ་ལ་སོགས་པ་གནན་པ་ལ་སོགས་པའི་དོན་ལ་གཉིས་པ་ཞེས་བྱ་བ་བྱེད་པ་པོའི་བསྡུ་བས་མངོན་སུམ་གྱི་སྒྲ་ནི་བརྗོད་པར་བྱ་བའི་
རྟགས་སུ་གྲུབ་སྟེ་མངོན་སུམ་རྟོགས་པ་དང་། མངོན་སུམ་བློ་དང་། མངོན་སུམ་ཤེས་པ་ཞེས་བྱ་བ་ནི་རིགས་པར་གྱུར་པ་ཡིན་ནོ། །མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་ཞེས་བྱ་བ་ནི་དབང་པོ་ལྔ་སྟེ། དེ་ལ་བརྟེན་པའི་ཤེས་པ་ལྔ་ནི་གཟུང་བའི་ཡུལ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་
བྱ་དང་ཞེས་བྱ་བ་གཞལ་བྱ་ལྔ་ཉིད་ལ་ཚད་མ་ཡིན་ནོ། །མངོན་སུམ་དེ་ཡང་མིང་དང་རིགས་ལ་སོགས་པའི་རྟོགས་པ་དང་བྲལ་བ་རྣམ་པར་མི་རྟོག་པ་དང་གལ་ཏེ་ཡང་འཁྲུལ་པར་མ་གྱུར་པ་ཡིན་ན་ཚད་མར་བཤད་དེ། བསྟན་པའི་དོན་ལ་མི་སླུ་བའི་ཕྱིར་རོ། །དེ་ལ་མིང་གི་རྣམ་པར་རྟོག་པ་ནི་འདི་ནི་

ལྷ་སྦྱིན་ནོ་ཞེས་བྱ་བར་ཤེས་པའོ། །རིགས་ཀྱི་རྣམ་པར་རྟོག་པ་ནི་འདི་ནི་བ་ལང་ངོ་སྙམ་དུ་ཤེས་པའོ། །ཁྱད་པར་དང་ཁྱད་པར་དུ་བྱ་བའི་རྣམ་པར་རྟོག་པ་ནི་ཨུཏྤལ་སྔོན་པོ་ཞེས་པའོ། །གཞན་ཡང་རྣམ་པར་རྟོག་པ་དང་བཅས་པའི་མངོན་སུམ་ལྟར་སྣང་བ་དང་། ཡང་དོན་ལ་འཁྲུལ་པ་རབ་རིབ་
ཀྱིས་ཟླ་བ་གཉིས་སུ་ཤེས་པ་དང་། ཉ་ཕྱིས་ལ་དངུལ་དུ་ཤེས་པ་དང་། འདི་ནི་སྡོང་དུམ་མམ་སྐྱེས་བུའོ་ཞེས་ཤེས་པ་ཡིན་ནོ། །ཤེས་པ་གཞན་ཡང་མངོན་སུམ་ལྟར་སྣང་བ་ཡིན་ཏེ་བསྟན་པའི་དོན་དང་ཕྲད་པར་མི་བྱེད་པའི་ཕྱིར་རོ། །དེ་ལ་མངོན་སུམ་ནི་རྣམ་པ་གསུམ་སྟེ། ཐ་སྙད་འདོགས་པའི་
དབང་པོའི་ཤེས་པ་དང་། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་རང་གི་ངོ་བོ་རིག་པ་ནི་རང་རིག་པ་དང་། ཡང་དག་པའི་དོན་བསྒོམས་པས་གསལ་བ་རབ་རིབ་ཀྱི་མཐར་ཐུག་པ་ནི་རྣལ་འབྱོར་གྱི་ཤེས་པའོ། །དེའི་ཡུལ་ནི་རང་གི་མཚན་ཉིད་དེ། དོན་བྱེད་པར་ནུས་པ་སྟེ། རང་གི་
མཚན་ཉིད་ལ་བྱའོ། །སྤྱིས་ནི་དོན་བྱེད་པར་ནུས་པ་མ་ཡིན་ནོ། །དེ་དག་ཉིད་ཀྱང་མངོན་སུམ་གྱི་ཚད་མ་ཡིན་ནོ། །དོན་རྟོགས་པའི་ངོ་བོ་ཡིན་པའི་ཕྱིར་འབྲས་བུ་ཡང་ཡིན་ཏེ་དེ་དང་འདྲ་བ་ཚད་མ་ཉིད་ཀྱི་ཕྱིར། ཚད་མ་དང་འབྲས་བུ་ལ་བྱེ་བྲག་ཅུང་ཟད་ཀྱང་མེད་དོ། །རྗེས་སུ་དཔག་པ་ནི་རྣམ་པ་གཉིས་
ཏེ། རང་གི་དོན་དང་གཞན་གྱི་དོན་ཏོ། །དེ་ལ་རང་གི་དོན་ནི་རེ་ཞིག་ཕྱོགས་ཀྱི་ཆོས་བཟུང་ནས། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་འབྲེལ་པ་དྲན་པའི་རྗེས་ལ་རྟོགས་པ་པོས་དོན་ཇི་ལྟ་བ་བཞིན་དུ་རྟོགས་པ། གང་ཡིན་པ་དེ་ཉིད་རང་གི་དོན་གྱི་རྗེས་སུ་དཔག་པ་ཡིན་ནོ། །ཕྱོགས་ཀྱི་ཆོས་ནི་
རྣམ་པ་གསུམ་ཉིད་དུ་འགྱུར་ཏེ། འབྲས་བུ་དང་རང་བཞིན་དང་མི་དམིགས་པའོ། །རྒྱུ་དང་འབྲས་བུར་གྲུབ་ན་འབྲས་བུའི་གཏན་ཚིགས་ཡིན་པར་ལྟ་སྟེ། དཔེར་ན་གང་ན་དུ་བ་ཡོད་པ་ན་མེ་ཡོད་དེ། དཔེར་ན་ཚ་བ་ལ་སོགས་པ་བཞིན་ནོ། །འདི་ན་གང་དུ་བ་ཡོད་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །མེ་
མེད་ན་དུ་བ་ཡང་མེད་དེ། དཔེར་ན་ཆུ་དང་བཅས་པའི་ཕྱོགས་ལྟ་བུའོ། །འདི་ན་ཡང་དུ་བ་ཡོད་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །རང་བཞིན་གྱི་གཏན་ཚིགས་ནི་འདི་ནི་ཤིང་ཡིན་ཏེ། ཤིང་ཤ་པ་ཡིན་པའི་ཕྱིར་སྔོན་ཐ་སྙད་ཞུགས་པའི་ཤིང་ཤ་པ་བཞིན་ནོ། །ཤིང་མེད་ན་ཤིང་ཤ་པ་མེད་དེ། དཔེར་ན་ཤིང་

གིས་དབེན་པའི་ཕྱོགས་བཞིན་ནོ། །འདིར་ཡང་ཁྱབ་པར་བྱེད་པའི་ངོ་བོ་དེས་ན། ཁྱབ་པར་བྱ་བ་ནི་གཏན་ཚིགས་ཡིན་པར་ལྟའོ། །མི་དམིགས་པའི་གཏན་ཚིགས་ནི། འདི་ནི་བུམ་པ་མེད་དེ། དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མི་དམིགས་པའི་ཕྱིར་ཏེ། རི་བོང་གི་རྭ་
ལ་སོགས་པ་བཞིན་ནོ། །འདིར་ཡང་དམིགས་སུ་རུང་བ་དམིགས་པ་ལ། དམིགས་སུ་རུང་བ་མེད་པས་ཁྱབ་པར་གལ་ཏེ་དེས་ན་དེའི་ཚེ་གཏན་ཚིགས་འདི་རྟོགས་པར་བྱེད་པ་ཡིན་ནོ། །རྗེས་སུ་དཔག་པ་ལྟར་སྣང་བ་ཅི་འདྲ་ཞིག་ཅེ་ན། སྔ་མ་དང་ལྡན་པ་དང་། ལྷག་མ་དང་ལྡན་པ་དང་། སྤྱི་མཐོང་
བ་སྟེ། གཞན་གྱིས་བརྟགས་པའི་རྗེས་སུ་དཔག་པ་ཐམས་ཅད་ནི་རྗེས་སུ་དཔག་པ་ལྟར་སྣང་བ་ཡིན་ཏེ། དེ་རྣམས་ལ་དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་མེད་པའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་འབྲེལ་པ་དང་། ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་འབྲེལ་བ་གྲུབ་པ་
ཉིད་དུ་གྱུར་ན། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་འབྲེལ་པ་ཡིན་གྱི། གཞན་དུ་ནི་མ་ཡིན་ཏེ་སླུ་བ་མེད་པའི་ཕྱིར་རོ། །དཔེར་ན་སྤྲིན་འདི་ཆར་ལྟར་བཅས་པ་ཡིན་ཏེ། འབྲུག་སྒྲ་ཟབ་མོ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ལ། སྒྲ་ཟབ་མོ་དང་ལྡན་པའི་སྤྲིན་ལས་ཆར་མི་འབྱུང་བ་སྲིད་པའི་
ཕྱིར་རོ། །དཔེར་ན་སྟོད་དུ་ཆར་བབ་པ་ཡིན་ཏེ། གཙང་པོ་རྒྱས་པ་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ལ། གཙང་པོ་འགགས་པ་ལས་ཀྱང་ཆུ་བོ་རྒྱས་པར་མཐོང་བའི་ཕྱིར་རོ། །དེ་བཞིན་དུ་འབྲས་འདི་དག་ནི་ཚོས་པ་ཡིན་ཏེ། ཕྲུ་བ་གཅིག་གི་ནང་ན་ཡོད་པའི་ཕྱིར་མཐོང་བའི་འབྲས་བཞིན་ནོ། །འབྲས་
བུ་འདི་དག་ནི་སྨིན་པ་ཡིན་ཏེ། ཡལ་ག་གཅིག་ལས་སྐྱེས་པའི་ཕྱིར་ཟོས་པའི་འབྲས་བུ་བཞིན་ནོ་ཞེས་བྱ་བ་ལ་འདིར་ཕལ་ཆེར་དེ་ལྟར་མཐོང་བ་ཡང་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པ་དག་ལ་ནི་སླུ་བ་ཡོད་པ་ཁོ་ནའོ། །དཔེར་ན་གང་ས་ལས་སྐྱེས་པ་དེ་དག་ཐམས་ཅད་ནི། ལྕགས་ཀྱིས་གཅོད་
པར་མཐོང་སྟེ། དཔེར་ན་ཤིང་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ལ་རྡོ་རྗེ་ཡང་ས་ལས་སྐྱེས་པ་ཡིན་ནོ། །གང་སྲོག་ཆགས་ཡིན་པ་དེ་དག་ཐམས་ཅད་ནི་མགྲིན་པ་དང་བཅས་པ་ཡིན་ཏེ། དཔེར་ན་རྔ་མོ་ལ་སོགས་པ་བཞིན་ནོ། །བསྟན་བྱ་བ་ལ། ཀུ་ལི་ར་ཡང་སྲོག་ཆགས་ཡིན་ནོ། །དཔེར་ན་གང་

ཞུ་བའི་རྫས་དེ་ནི་རླན་གྱིས་བྱས་པར་མཐོང་སྟེ། དཔེར་ན་ཆུ་བཞིན་ནོ་ཞེས་བྱ་བ་ལ། རྔུལ་ཆུ་ཡང་ཞུ་བའི་རྫས་ཡིན་ནོ། །དེ་བཞིན་དུ་གཞན་དག་ཀྱང་རྗེས་སུ་དཔག་པ་ལྟར་སྣང་བ་ཡིན་པར་བལྟ་བར་བྱའོ། །གཏན་ཚིགས་ཀྱི་དེ་ཁོ་ན་ཉིད་བསྟན་པ། མཁས་པ་ཆེན་པོ་ཛེ་ཏཱ་རིའི་ཞལ་སྔ་ནས་མཛད་
པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཀུ་མཱ་ར་ཀ་ལ་ཤ་དང་། ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། དྷརྨ་དྷརྨི་བི་ནིཤྩ་ཡ། བོད་སྐད་དུ། ཆོས་དང་ཆོས་ཅན་གཏན་ལ་དབབ་པ། འཇམ་
དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྡོམ་ལ། ངོ་བོ་དང་ནི་རྣམ་གྲངས་དང་། །དེ་ཡི་རྒྱས་པར་དབྱེ་བ་དང་། །བྱེ་བྲག་རྣམ་གཞག་ངེས་པའི་ཚིག །རྣམ་པ་ལྔ་ཡིས་ཤེས་པར་བྱ། །དེ་ལ་ཆོས་དང་ཆོས་ཅན་གྱི་རང་གི་ངོ་བོ་ནི་དོན་རྣམས་ཀྱི་ཁྱད་པར་དང་ཁྱད་པར་གྱི་གཞི་སྟེ། དེ་ཡང་
སྤྱིར་ནི་འདོད་རྒྱལ་གྱི་སྒྲ་དང་ཤེས་པ་དང་། དོན་སྟོན་པ་དང་། འཇམ་པའི་སྒྲ་དང་། ཤེས་པའི་ཡུལ་ལོ། །དོན་སྟོན་པ་དེ་ཡང་དོན་ཙམ་སྟོན་པའི་སྒྲ་དང་། དོན་གྱི་ཁྱད་པར་སྟོན་པའི་སྒྲའི་ཚུལ་གཉིས་ལས་སྒྲ་གཉིས་པའི་བརྗོད་བྱའོ། །དེ་ལ་དོན་ཙམ་སྟོན་པ་ནི་གཟུགས་ལ་བདག་ཡོད་དམ་
མེད་ཅེས་ཐེ་ཚོམ་ཟ་བ་ལ་མི་རྟག་པའི་ཕྱིར་རོ་ཞེས་བདག་མེད་པར་བསྟན་པ་ནི་གཏན་ཚིགས་མི་རྟག་པའི་དོན་ཙམ་མམ། དངོས་པོ་ཙམ་ལ་ཐེ་ཚོམ་ཟ་བ་ལ་མི་རྟག་པ་ནི་གློ་བུར་བའོ། །རིང་དུ་མི་གནས་པའོ་ཞེས་བྱ་བ་ལ་སོགས་པ་རྣམ་གྲངས་ཙམ་གྱིས་བསྟན་པ་སྟེ། ཐབས་གཞན་མེད་པའི་
ཕྱིར་རོ། །དེར་ངེས་པར་གཟུང་བར་སྦྱར་ཡང་དངོས་པོའི་རྐྱེན་ཞེས་ཏེ་དོན་མེད་པ་ཉིད་ཡིན་ནོ། །ཆོས་དང་ཆོས་ཅན་དེ་ནི་ཚིག་གི་མཐའ་བཞི་ཆར་ལ་བརྟེན་པ་སྟེ། ལུང་བསྒོ་བ་ལ་སོགས་པ་ལ་ཡང་སྐྱེས་བུ་ལ་བསྒོ་བ་ལ་སོགས་པ་གཙོར་སྦྱར་ཡང་ཆོས་དང་ཆོས་ཅན་ལས་མི་འདའོ། །དེ་ལ་མིང་
གི་རྣམ་གྲངས་ནི་ཁྱད་པར་དང་ཁྱད་པར་གྱི་གཞི་ལ་སོགས་པའོ། །དེ་ལ་དབྱེ་བ་ནི་ཀུན་བརྟགས་པའི་ཆོས་དང་ཡོངས་སུ་གྲུབ་པའི་ཆོས་ལས་ཡོངས་སུ་གྲུབ་པའི་ཆོས་དཔྱད་པར་བྱ་སྟེ། དེ་ཡང་ཆོས་ཉིད་དང་། རྣམ་པར་གཞག་པ་དང་། གནས་སྐབས་ཀྱི་དབྱེ་བས་རྣམ་པ་གསུམ་དུ་སྦྱར་

བར་བྱའོ། །དེ་ལ་ཆོས་ཉིད་ཀྱི་ཆོས་དང་། ཆོས་ཅན་ནི་དོན་གཞན་ལ་མི་ལྟོས་པས་མེའི་ཚ་བ་བཞིན་དུ་ཆོས་ཉིད་ཀྱི་གྲུབ་པ་སྟེ། དེ་ཡང་ཆོས་ཉིད་དེ་ཉིད་པ་དང་། མཚན་ཉིད་པའི་དབྱེ་བས་གཉིས་སུ་གཟུང་ངོ་། །དེ་ལ་དེ་ཉིད་པ་ནི་བུམ་པ་ལ་སོགས་པ་དང་། མི་རྟག་པ་དང་།
སྣམ་བུ་མ་ཡིན་པ་ལ་སོགས་པ་དོན་གང་ལ་ཇི་ལྟར་གྲགས་པ་དེ་ཉིད་ཡིན་པར་བསྒྲུབ་པ་རང་གི་སྒྲས་བསྟན་པ་སྟེ། དངོས་པོ་དང་མཚན་ཉིད་ཀྱི་སེལ་བ་སྟོན་པ་བུམ་པ་ནི་བུམ་པ་ཉིད་དོ། །མི་རྟག་པ་ནི་མི་རྟག་པ་ཉིད་དོ། །སྣམ་བུ་མ་ཡིན་པ་ཉིད་ནི་སྣམ་བུ་མ་ཡིན་པ་ཉིད་དོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །
དེ་ལ་བུམ་པ་ནི་ཞེས་བྱ་བའི་ཆོས་ཅན་གྱི་སྒྲ་ནི་བཀར་བ་དང་རྣམ་པར་གཅོད་པའི་མཚམས་སྦྱོར་བའི་རྐྱེན་ཅན་གྱིས་ནི་ཁྱད་པར་གཞན་མི་སྤོང་བ་ཡིན་ལ། བུམ་པ་ཉིད་དོ་ཞེས་བྱ་བའི་ཆོས་ཅན་གྱི་སྒྲ་ནི་བཀར་བ་དང་རྣམ་པར་གཅོད་པ་ཡིན་གྱི་རྐྱེན་ཅན་ཡིན་པས་ཁྱད་པར་གཞན་སྤངས་པ་སྟེ། དེས་
ན་བུམ་པ་བུམ་པ་ཉིད་ཡིན་པར་བསྟན་པས་དངོས་པོའི་ཁྱད་པར་གཞན་སྣམ་བུ་ལ་སོགས་པ་རིགས་མཐུན་པ་ལས་ནི་བཀར། མཚན་ཉིད་ཀྱི་ཁྱད་པར་གཞན་བུམ་པ་མ་ཡིན་པ་རྣམ་པར་གཅད་དེ་སྤངས་པ་ཡིན་ནོ། །དེས་ནི་དངོས་པོ་དང་མཚན་ཉིད་གཞན་དང་མ་འདྲེས་པ་བསལ་བ་བྱས་པ་
ཡིན་ནོ། །དེ་ཡང་ལུང་བསྟན་པ་ཉེ་བར་བསྟན་པའི་མཐའ་ཅན་ནོ། །ཆོས་ཉིད་མཚན་ཉིད་པ་ནི་སྒྲ་གཞན་གྱིས་དོན་གྱི་ཁྱད་པར་ཇི་ལྟར་གྲགས་པ་དེ་ལས་གཞན་པ་བསྟན་པ་སྟེ། བུམ་པ་མི་རྟག་པ་དང་། བྱས་པ་དང་བདག་མེད་པ་ལ་སོགས་པར་བསྟན་པའི་ཡུལ་ལོ། །སྣམ་བུ་མ་ཡིན་པ་དང་། རྟག་
པ་མ་ཡིན་པ་ལ་སོགས་པ་ཡང་སྦྱོར་ཏེ། དེ་ཡང་དགག་བྱ་ལ་ལྟོས་པས་རྣམ་པར་གཞག་པའི་ཆོས་ཡིན་གྱི་གཞན་ཉིད་ཀྱི་ཆོས་ནི་མ་ཡིན་ནོ། །དེས་ན་མི་རྟག་པ་ལ་སོགས་པ་ཡང་མཚན་ཉིད་ཙམ་དུ་གྲུབ་ཀྱི། བུམ་པ་ནི་འབྲུ་ཡོད་ཅེས་བྱ་བ་ལ་སོགས་པ་ལྟར་བསྒྲུབ་པར་བྱ་བ་ལ་ལྟོས་པ་ནི་མ་ཡིན་ནོ། །
ཅིའི་ཕྱིར་མཚན་ཉིད་པ་ཞེས་བྱ་ཞེ་ན། སྤྱི་དང་རང་གི་མཚན་ཉིད་དེས་དངོས་པོ་དེ་མཚོན་པར་བྱེད་པའི་མཚན་ཉིད་ཀྱིས་གཞག་པའི་ཕྱིར་རོ། །མཚན་ཉིད་དེ་ཡང་ལྟོས་པའི་བྱེ་བྲག་གིས་ཁྱད་པར་གཅིག་ཀྱང་གཉི་གའི་བདག་ཉིད་ཡིན་ནོ། །ཆོས་ཉིད་མཚན་ཉིད་པ་ལ་སོགས་པ་འོག་ནས་འབྱུང་བའི་སྒྲ་རྣམས་ལ་ངེས་

པར་གཟུང་བའི་རྐྱེན་རྣམ་པར་གཞག་པ་ནི་གསལ་བའི་བྱེ་བྲག་གིས་ཏེ། ཉན་པ་པོའི་བུམ་པ་ལ་སོགས་པའི་དོན་ལ་མི་རྟག་པ་ཙམ་དུ་གྲུབ་ཀྱང་རྟག་པའི་ལྷག་མ་ལུས་པར་དོགས་པ་ལ་ཆོས་ཀྱི་སྒྲ་ལ་ངེས་པར་གཟུང་བར་བྱས་པས་རང་དང་མི་ལྡན་པ་དང་། ཆོས་གཞན་དང་ལྡན་པ་རྣམ་པར་གཅད་པ་བྱས་
པ་ཡིན་ནོ། །གང་གི་ཚེ་བུམ་པ་ལ་ལྟོ་ཡངས་པ་མགྲིན་པ་ཞུམ་པ་ཙམ་དུ་གྲུབ་ཀྱང་སྣོད་གཞན་ལ་ཡང་མཚན་ཉིད་དེ་སྲིད་པར་དོགས་པའི་ཚེ་ཆོས་ལ་ངེས་པར་གཟུང་བར་སྦྱར་བས་ཆོས་དེ་ཆོས་ཅན་གཞན་དང་ལྡན་པ་དང་། རང་དང་མི་ལྡན་པའི་ལྷག་མ་ལུས་པ་རྣམ་པར་གཅོད་པ་ཡིན་ཏེ། དེ་དག་ནི་དེ་ལ་
ཕན་པའི་རྐྱེན་ཅན་ཞེས་བྱའོ། །གང་གི་ཚེ་འདོད་པ་དེ་དག་མེད་པའི་ཚེ་ནི་གནས་གཉི་གར་ངེས་པར་བཟུང་བ་སྦྱར་ཡང་དངོས་པོའི་རྐྱེན་ཙམ་སྟེ་དོན་མེད་པ་ཉིད་དོ། །ཆོས་ཉིད་མཚན་ཉིད་པ་དེ་ཡང་གཉུག་མ་དང་གློ་བུར་བའི་དབྱེ་བས་གཉིས་སུ་གཟུང་སྟེ། གསེར་གྱི་ཁ་དོག་སེར་བ་ཉིད་དང་། གཡའ་
སྔོན་པོ་ལྟ་བུའོ། །ཅིའི་ཕྱིར་གློ་བུར་བ་ཡིན་ཞེ་ན། མེ་ལ་སོགས་པའི་གཞན་བསྟེན་པས་རང་གི་བྱེད་པ་ལས་འདས་ཤིང་མཚན་ཉིད་དེ་ལས་གྲོལ་བར་འགྱུར་བའི་དོར་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །ཅིག་ཤོས་ནི་དེ་ལས་བཟློག་པ་ཡིན་ནོ། །གློ་བུར་བ་དེ་ཡང་ཁ་ཅིག་ཏུ་ནི་གྲུབ་པ་དང་བདེ་བ་ཐོག་མ་
དང་ཐ་མ་གཉིས་ཀ་ཉམས་པ་ལས་ཤེས་པར་བྱ་སྟེ། ཆུའི་རྙོག་མ་བཞིན་ནོ། །ཁ་ཅིག་ཏུ་ནི་བདེ་བ་ཉམས་པ་ཐ་མ་ཞིག་ལས་ཤེས་པར་བྱ་སྟེ། གསེར་གྱི་གཡའ་འམ་ལྕགས་ཀྱི་ཚ་ཚ་བཞིན་ནོ། །རྣམ་པར་གཞག་པའི་ཡང་དམིགས་པ་རྣམ་པར་གཞག་པ་དང་། དོན་རྣམ་པར་གཞག་པ་
གཉིས་སུ་གཟུང་ངོ་། །དེ་ལ་དམིགས་པ་རྣམ་པར་གཞག་པ་ནི་དམིགས་པ་འཇུག་ལྡོག་གོ། །དོན་རྣམ་པར་གཞག་པ་ནི་དོན་འཇུག་ལྡོག་སྟེ། དེ་དག་གློ་བུར་གྱི་ཁྱད་པར་འགའ་ཞིག་ལ་ལྟོས་པས་གྲུབ་པ་ཡིན་ནོ། །དེ་ལ་དང་པོ་ནི་དམིགས་པ་པོ་ཤེས་པ་ལྟོས་པ་ཡིན་ལ། གཉིས་པ་ནི་འབྲེལ་
ཟླ་དང་འགལ་ཟླའི་དོན་ལ་ལྟོས་པའོ། །དེ་ཉིད་ཀྱིས་ན་དོན་རྣམ་པར་གཞག་པ་ཞེས་དོན་བྱེ་བྲག་ཏུ་བྱའོ། །དམིགས་པ་རྣམ་པར་གཞག་པ་ཡང་དེ་དམིགས་པ་དང་། དེ་ལ་དམིགས་པའི་དབྱེ་བས་གཉིས་སུ་གསུངས་ཏེ། དམིགས་པ་དེ་ཡང་བུམ་པ་ལ་སོགས་པ་ཉིད་དངོས་སུ་མྱོང་བས་

དམིགས་པ་དང་། མ་མྱོང་ཡང་མ་བསྐལ་བས་དམིགས་པར་གཞག་ལ། མ་མྱོང་ཡང་མ་བསྐལ་བས་དམིགས་པ་དེ་ནི་མ་བསྐལ་ཡང་མ་མྱོང་བ་ལ་ལྟོས་པས་མི་དམིགས་པར་ཡང་གཞག་གོ། །གཞན་ཡང་བསྐལ་པ་གསུམ་གྱི་བསྐལ་པ་དེ་