Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 190

Văn bản gốc(Tây Tạng)

Trang 13 / 25 (50.000 ký tự/trang)
འོན་ཏེ་གཞན་ལ་རྣམ་པར་གནས་ཀྱང་རུང་། རྣམ་པ་ཐམས་ཅད་དུ་
དེས་ནི་གཟུགས་མཐོང་བ་ལ་སོགས་པ་ཙམ་ཞིག་བྱ་བར་ཟད་པས་དེའི་ཕྱིར་འབྲས་བུ་བསྐྱེད་པར་བྱ་བ་ལ་ཁྱད་པར་མེད་དོ། །བསྟན་དུ་མེད་པའི་རང་གི་ངོ་བོ་ལ་ཞེས་བྱ་བ་ནི་གཞན་འདོད་པའི་དབང་པོའི་རང་གི་ངོ་བོ་ནི་དབང་པོས་མི་སོད་པའི་ཕྱིར་བརྟག་པར་མི་ནུས་སོ། །མ་བརྟགས་
པ་ཡང་བསྟན་པར་མི་ནུས་ཏེ། དེའི་ཕྱིར་གཞན་འདོད་པའི་དབང་པོ་ནི་བསྟན་དུ་མེད་པའི་རང་གི་ངོ་བོ་ཡིན་ནོ། །འོ་ན་དབང་པོའི་ནུས་པ་དེའི་རྒྱུ་གང་ཡིན་ཞེ་ན། མཇུག་བསྡུ་བའི་ཐབས་ཀྱིས་དེ་བསྟན་པའི་ཕྱིར། དེ་ལྟར་ཡུལ་གྱི་ངོ་བོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
ཇི་ལྟར་རྣམ་པར་ཤེས་པ་འདི་དབང་པོའི་ནུས་པ་ལས་སྐྱེ་བ་དེ་བཞིན་དུ། དབང་པོའི་ནུས་པ་འདི་ལ་ཡང་། །དབང་པོ་འཕེན་པར་བྱེད་པའི་རྣམ་པར་ཤེས་པ་ཡང་སྔ་མ་ལས་སྐྱེ་ལ། སྔོན་གྱི་རྣམ་པར་ཤེས་པ་དེ་ཡང་དབང་པོའི་ནུས་པ་ཡང་སྔ་མ་ལས་སྐྱེའོ། །དེ་ལྟར་

ན་འདི་ལྟ་སྟེ་དབང་པོའི་ནུས་པ་དང་། ཡུལ་གྱི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་འདི་གཉིས་ནི་ཕན་ཚུན་གྱི་རྒྱུ་ཅན་དུ་འཇུག་ལ། རྒྱུ་དང་འབྲས་བུ་བརྒྱུད་པ་འདིའི་དུས་ཀྱི་ཐོག་མ་ཡང་མེད་པས་འདི་གཉིས་ཐོག་མ་མེད་པའི་དུས་པར་བལྟ་བར་བྱའོ། །བསྟན་བཅོས་བྱེད་པས་
མདོའི་དོན་བསྟན་པའི་ཕྱིར། མིག་ཅེས་བྱ་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མིག་ཅེས་བྱ་བའི་དབང་པོའི་ནུས་པར་བསྟན་པ་གང་ཡིན་པ་དང་། ནང་གི་གཟུགས་ལྷན་ཅིག་སྐྱེས་པའམ། སྔར་བྱུང་བ་ལ་བརྟེན་ནས་མ་ངེས་པའི་དོན་གྱི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་
སྐྱེའོ། །ཇི་ལྟར་ཕྱི་རོལ་གྱི་དོན་དུ་སྨྲ་བ་ལྟར་ན་ངེས་པའི་དོན་ཁོ་ན་ལས་རྣམ་པར་ཤེས་པ་སྐྱེ་བ་ལྟར། འདི་ལ་ནི་དེ་ལྟ་མ་ཡིན་པས་དེའི་ཕྱིར་འདི་སྐད་དུ། རྣམ་པར་ཤེས་པ་དོན་དུ་སྣང་བ་དམིགས་ཀྱིས་མ་ཕྱེ་བ་སྐྱེའོ་ཞེས་བཤད་དོ། །གཞན་དག་ནི་བརྗོད་དུ་མེད་པའི་དོན་དུ་སྣང་བ་
ཞེས་ཟེར་ཏེ། དེ་ནི་དོན་ཤིན་ཏུ་འབྲེལ་པར་མི་སྣང་སྟེ། བརྗོད་དུ་མེད་པ་ཉིད་ནི་འདིར་ཅུང་ཟད་ཀྱང་མི་དགོས་སོ། །འདི་ལྟར་རང་གི་མཚན་ཉིད་ཐམས་ཅད་ནི་བརྗོད་དུ་མེད་པ་སྟེ། གལ་ཏེ་དེར་སྣང་བའི་ཤེས་པ་སྐྱེ་བ་ཡིན་ན་དེས་ན་དངོས་སུ་ཅི་ཞིག་འགྲུབ་པར་འགྱུར། འོན་
ཏེ་དོན་གྱི་རྣམ་པ་ཅན་གྱི་ཤེས་པ་སྐྱེ་བ་གང་ཡིན་པ་དེ་བརྗོད་པར་མི་ནུས་སོ་ཞེ་ན། དེ་ལ་ཡང་ཅི་མེད་པའི་ཕྱིར་བརྗོད་པར་མི་ནུས་སམ། འོན་ཏེ་རང་གི་མཚན་ཉིད་ཀྱི་ཕྱིར་རེ་ཞིག་གལ་ཏེ་མེད་པའི་ཕྱིར་རོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་མེད་པའི་རི་བོང་གི་རྭ་ལ་
སོགས་པ་ཡང་རྗོད་པར་བྱེད་དོ། །འོན་ཏེ་རང་གི་མཚན་ཉིད་ཀྱི་ཕྱིར་རོ་ཞེ་ན། འདི་ལ་ནི་ལན་བཏབ་ཟིན་ཏོ། །མིག་ཅེས་བྱ་བའི་ནུས་པ་ལ་བརྟེན་ནས་ཞེས་བྱ་བ་འདིར་སོགས་པ་ཞེས་བྱ་བའི་སྒྲ་ནི་མངོན་པར་རྟོགས་པར་བྱ་སྟེ། དེས་ནི་མིག་ལ་སོགས་པ་ཞེས་བྱ་བ་ལ་ཞེས་བཤད་པ་ཡིན་
ནོ། །འོ་ན་ནུས་པ་དེ་གང་ལས་སྐྱེ་ཞེ་ན། འདི་གཉིས་ཀྱང་ཕན་ཚུན་གྱི་རྒྱུ་ཅན་དང་ཞེས་བྱ་བ་སྨོས་ཏེ། ནུས་པ་དེ་ཡང་དབང་པོ་འཕེན་པར་བྱེད་པའི་རྣམ་པར་ཤེས་པ་སྔ་མ་ལས་སྐྱེ་ཞིང་། རྣམ་པར་ཤེས་པ་དེ་ཡང་ནུས་པ་ཡང་སྔ་མ་ལས་སྐྱེ་ལ། ནུས་པ་དེ་ཡང་དབང་པོ་འཕེན་པར་བྱེད་

པའི་རྣམ་པར་ཤེས་པ་ཞེས་སྔ་མ་ལས་སྐྱེ་བས། རྒྱུ་དང་འབྲས་བུའི་ངོ་བོ་བརྒྱུད་པ་འདི་ནི་ཐོག་མ་མེད་པའི་དུས་ཅན་ཉིད་ཡིན་ནོ། །དེ་ལྟར་ན་རེ་ཞིག་དབང་པོའི་ནུས་པ་དང་། རྣམ་པར་ཤེས་པ་རྒྱུ་དང་འབྲས་བུའི་དངོས་པོར་བསྟན་པ་ཡིན་ནོ། །འདི་གཉིས་ཀྱང་ཕན་ཚུན་
གྱི་རྒྱུ་ཅན་དང་། ཐོག་མ་མེད་པའི་དུས་པ་ཡིན་ཏེ། ཞེས་བྱ་བའི་ཚིག་འདི་ཁོ་ནས། ཡུལ་གྱི་ནུས་པ་དང་རྣམ་པར་ཤེས་པ་ཕན་ཚུན་རྒྱུ་མཚན་ཉིད་དང་། ཐོག་མ་མེད་པའི་དུས་ཅན་ཉིད་དུ་སྟོན་ཏོ། །ཕན་ཚུན་གྱི་རྒྱུ་ཅན་ཉིད་བསྟན་པའི་ཕྱིར། རེས་འགའ་ནི་ནུས་པ་ཡོངས་སུ་སྨིན་པ་ལས་ཞེས་བྱ་བ་
ལ་སོགས་པ་སྨོས་ཏེ། རེས་འགའ་ནི་སྤྲོས་པའི་བག་ཆགས་ཞེས་བྱ་བའི་ནུས་པ་ཡོངས་སུ་སྨིན་པ་ལས་རྣམ་པར་ཤེས་པའི་ཡུལ་གྱི་རྣམ་པ་ཉིད་དུ་འབྱུང་ལ། རེས་འགའ་ནི་ཡུལ་གྱི་རྣམ་པ་ཅན་གྱི་སེམས་ལས་ནུས་པ་སྐྱེའོ། །འདི་ལ་ཡང་རྒྱུ་དང་འབྲས་བུའི་བརྒྱུད་པ་འདིའི་རྒྱུན་ཆད་པ་མེད་པས་
ཐོག་མ་མེད་པའི་དུས་ཅན་ཉིད་དུ་ཤེས་པར་བྱའོ། །ཡང་ཅི་དབང་པོ་དང་ཡུལ་གྱི་ནུས་པ་འདི་དག་རྣམ་པར་ཤེས་པ་ལས་ཐ་དད་པ་ཞིག་ཡིན་ནམ། འོན་ཏེ་མ་ཡིན། གལ་ཏེ་ཐ་དད་པ་ན་དེའི་ཚེ་མིང་ཙམ་ཞིག་ལ་ལྡོག་པར་རྟོགས་པར་ཟད་ཀྱི་དོན་ནི་མཐུན་ཏེ། རྣམ་པར་ཤེས་པ་ལ་མ་
གཏོགས་པའི་དབང་པོ་དང་། དམིགས་པ་དག་ཁས་བླངས་པའི་ཕྱིར་རོ། །འོན་ཏེ་ཐ་མི་དད་ན་ནི་དེའི་ཚེ་ནུས་པ་འདི་ནི་དབང་པོའོ། །འདི་ནི་ཡུལ་ལོ་ཞེས་བྱ་བའི་རྣམ་པར་གཞག་པ་འདིར་མི་འགྱུར་རོ་ཞེ་ན། དེའི་ཕྱིར་རྣམ་པར་ཤེས་པ་དང་། དེ་གཉིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
གལ་ཏེ་དངོས་ཀྱི་ཚུལ་དཔྱད་ན་ནི། དེའི་ཚེ་ནུས་པ་རྣམས་གནས་སྐབས་ཀྱི་ཁྱད་པར་གྱི་བདག་ཉིད་ཡིན་པས་ཀུན་རྫོབ་ཏུ་ཡོད་པའི་ཕྱིར། རྣམ་པར་ཤེས་པ་ལས་གཞན་ཉིད་དམ། གཞན་མ་ཡིན་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ནོ། །དེའི་ཕྱིར་ཇི་སྐད་སྨྲས་པའི་ཉེས་པ་གཉི་གར་ཐལ་བ་མེད་
དོ། །འོན་ཏེ་འཇིག་རྟེན་གྱི་ཐ་སྙད་ལ་བརྟེན་ན་ནི། དེའི་ཚེ་ཅི་དགར་རེས་འགའ་ནི་རྣམ་པར་ཤེས་པ་དེ་དག་ལས་གཞན་པ་ཉིད་དུ་བརྗོད་པར་བྱ་ལ། རེས་འགའ་ནི་གཞན་མ་ཡིན་པ་ཉིད་དུའོ། །འདི་ལྟར་ཀུན་རྫོབ་ཏུ་ཡོད་པ་རྣམས་ནི་འཇིག་རྟེན་ན་རེས་འགའ་ནི་ཐ་དད་པར་ཐ་སྙད་འདོགས་ཏེ།

དཔེར་ན་ཙན་དན་གྱི་དྲི་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །རེས་འགའ་ནི་ཐ་མི་དད་པ་སྟེ། དཔེར་ན་གཟུགས་ལ་སོགས་པ་ལ་བུམ་པ་ཞེས་བྱ་བ་ལྟ་བུའོ། །དེ་ལྟར་ཕྱོགས་གཉི་ག་ལ་ཡང་དམིགས་པ་ནང་གི་ཡིན་པར་བསྟན་ནས་མཇུག་བསྡུ་བའི་ཕྱིར། དེ་ལྟར་ན་ནང་གི་ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། དེ་ལྟར་ན་བཤད་པའི་རྣམ་པས་རྣམ་པར་ཤེས་པ་དང་ཐ་མི་དད་པའི་དམིགས་པ་ལ་ཆོས་ཉིད་གཉིས་དང་ལྡན་པ་ཡོད་པས་ཡུལ་ཉིད་དུ་འཐད་པ་ཡིན་ནོ། །དམིགས་པ་ཡོངས་སུ་བརྟག་པ་ཡི། །རྣམ་པར་འགྲེལ་བ་གསལ་བྱས་པས། །དགེ་བ་ཐོབ་པ་གང་ཡིན་དེས། །འགྲོ་
བ་སངས་རྒྱས་ཉིད་ཐོབ་ཤོག །དང་པོའི་ལས་ཅན་དགའ་བྱའི་ཕྱིར། །རྒྱ་ཆེར་བཤད་པ་དུལ་བའི་ལྷས། །ཁམས་བཅུ་དང་ནི་བྲལ་བར་བྱས། །དེ་ཕྱིར་མཁས་རྣམས་བཟོད་པར་གྱིས། །ཉེས་པ་འཛིན་པ་ལྷུར་ལེན་པས། །འདི་ནི་འདོད་འདོད་དཔྱད་དུ་མེད། །རང་གི་རྣམ་རྟོག་དབང་
གིས་ན། །ཉེས་པ་མེད་པའམ་བློ་ལ་སྣང་། །དམིགས་པ་བརྟག་པ་རྒྱ་ཆེར་བཤད་པ་སློབ་དཔོན་དུལ་བའི་ལྷ་ཤེས་བྱའི་དམིགས་པ་མཐའ་དག་ལ་གཞོལ་བ་སྨྲ་བའི་སེང་གེ་མུ་སྟེགས་ཅན་གླང་པོ་ཆེའི་གླད་པ་འགིམས་པར་མཛད་པས་སྦྱར་བ་རྫོགས་སོ།། །།
རྒྱ་གར་གྱི་མཁན་པོ་ཤཱཀྱ་སིཾ་ཧ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ན་ཡཱ་ལོ་ཀཱ་སིདྡྷི། བོད་སྐད་དུ། རིགས་པ་གྲུབ་པའི་སྒྲོན་མ། འཕགས་པ་འཇམ་དཔལ་ལ་ཕྱག་
འཚལ་ལོ། །མ་རྟོགས་ལོག་རྟོགས་ཐེ་ཚོམ་ལས། །གྲོལ་ནས་ངེས་དོན་གནས་བྱའི་ཕྱིར། །ཕྱོགས་ཤེས་ང་རྒྱལ་བཅོམ་ནས་ནི། །བདེན་དང་འབྲེལ་བའི་མཚོན་བྱེད་དགོད། །གཞལ་བྱ་འཇལ་བྱེད་འཇལ་ཚུལ་དང་། །དགོས་ཆེད་བསྡུས་དོན་དབྱེ་བ་དང་། །འདུ་ས་འབྲས་བུས་
ལུས་གཞག་གོ། །སྣང་གྲགས་མྱོང་རིག་ཆོས་རྣམས་ལ། །བདེན་དང་འབྲེལ་པའི་མཚོན་བྱེད་ཀྱིས། །རང་གི་ངོ་བོ་རྒྱུ་འབྲས་དང་། །དེ་དག་སྒྲོ་སྐུར་བྲལ་བར་འཇལ། །དེས་ནི་རང་གི་ངོ་བོ་དང་། །བྱེད་དང་མངོན་པར་གྲུབ་པ་དང་། །རིགས་པའི་ཐེ་ཚོམ་སེལ་བ་དགོས། །བསྡུ་ན་ངོ་བོ་

ངེས་ཚིག་དང་། །ཚིག་དང་མི་མཐུན་ཕྱོགས་ཀྱིས་བསྡུ། །བདེན་དང་འབྲེལ་པ་མཚོན་པའི་ངོ་། །ངང་ཚུལ་ཇི་ལྟར་གནས་པ་དེ། །ལྡན་དང་འབྲེལ་ལེགས་འགྲིག་དང་ཐོབ། །ཚིག་དོན་གནས་ལུགས་མཚན་མ་དང་། །ངེས་པའི་ཤེས་པ་འབྲེལ་ལེགས་ཚིག །
རྟོགས་ནས་ལམ་ཞུགས་དོན་གྲུབ་པའོ། །དེ་བྲལ་ང་རྒྱལ་ཚན་ཁ་ཡིས། །མུ་ཅོར་འདོད་རྒྱལ་སྨྲ་བའོ། །དབྱེ་ན་གྲངས་དང་མཚན་ཉིད་དང་། །འཇལ་བའི་ཚད་དང་ཐལ་བའི་ས། །ཆོས་ཉིད་བྱ་བྱེད་ལྟོས་འཐད་སྒྲུབ། །དེ་ཡི་ཆ་ཡིས་ཁྱབ་པས་ན། །ཆོས་རྣམས་རྟེན་ཅིང་འབྲེལ་
བསྒྲུབ་པ། །མཚོན་པར་བྱ་བ་མཚོན་བྱེད་པ། །དེ་ཉིད་ཡིན་པར་སྒྲུབ་པའོ། །ཆོས་ཉིད་བྱེད་དང་མངོན་པར་གྲུབ། །རིགས་པའི་དངོས་གཞི་དྲི་མེད་ཅིང་། །དངོས་གཞིང་སྣང་བ་མ་ལོག་པ། །དེ་སྲིད་རིགས་པ་བཞིས་འཇལ་ཚད། །ཆོས་ཉིད་ཐལ་དྲགས་དངོས་པོར་འགྱུར། །
བྱ་བ་བྱེད་པ་རྒྱུར་སྨྲར་འགྱུར། །ལྟོས་པ་ལྟོས་དགོས་དབང་ཕྱུག་རྒྱུ། །འཐད་སྒྲུབ་མངོན་པའི་ང་རྒྱལ་འགྱུར། །འདུ་ས་ཐམས་ཅད་ཆོས་ཉིད་དེ། །ཇི་ལྟར་སྒྲུབ་ཀྱང་བྱ་བྱེད་དང་། །ལྟོས་པའི་རིགས་པས་གྲུབ་པ་ལ། །འཐད་པ་སྒྲུབ་པས་ངེས་མཚོན་པ། །ཆོས་ཉིད་ངང་ལས་མ་
འདས་པས། །གཏན་ཚིགས་གཏན་ལ་འབེབས་སྒྲུབ་ན། །རིགས་པ་ཐམས་ཅད་གཏན་ཚིགས་ཉིད། །གཏན་ལ་འབེབས་པར་འདུས་པ་ཡིན། །དེ་ལ་མངོན་སུམ་རྗེས་སུ་དཔག །རང་བཞིན་གཏན་ཚིགས་ཉིད་འདུས་ཏེ། །དེ་ཆོས་ཁྱབ་པ་མཚན་ཉིད་པས། །མ་འབེལ་ཁྱབ་
པ་མི་སྲེད་ལ། །ཐ་དད་འབྲེལ་པའང་མི་འཐད་དེ། །འདི་ལྟར་རྒྱུ་འབྲས་འབྲེལ་པ་ཡང་། །རྒྱུ་ཡི་རང་བཞིན་འབྲས་སྐྱེད་པའི། །བྱ་བ་བྱེད་པ་ལས་མི་འདའ། །འབྲས་བུའི་རང་བཞིན་རྒྱུ་ཉིད་ལ། །ལྟོས་ཏེ་འབྱུང་བ་ལས་མི་འདའ། །ཐ་དད་གྱུར་པའི་འབྲེལ་པ་ནི། །མཁས་པ་
ནམ་ཡང་མི་འདོད་ལ། །བྱ་བ་བྱེད་པ་ཚོགས་པ་ན། །ལྟོས་པ་མི་འབྱུང་མི་སྲིད་དེ། །ལྟོས་པའི་འབྲས་བུ་གཅིག་བྱུང་ན། །བྱེད་པ་ཚོགས་ལས་མ་བྱུང་མིན། །བྱེད་པ་ལོག་ན་ལྟོས་པ་ལྡོག །ལྟོས་མེད་བྱེད་པ་ཚོགས་པ་ཡང་། །གཤིས་ལ་སྲིད་པ་མ་ཡིན་པས། །མེད་ན་

མི་འབྱུང་རག་ལས་འབྲེལ། །ཁྱབ་པ་རང་བཞིན་ཉིད་དུ་བས། །དེས་ནི་མ་རྟོགས་ལོག་རྟོགས་དང་། །ཐེ་ཚོམ་ལས་གྲོལ་ངེས་དོན་གཤེས། །ཐམས་ཅད་མཁྱེན་པ་ཡུལ་མེད་ཅིང་། །སྟོང་ཉིད་བརྒྱན་པའི་སངས་རྒྱས་པའོ། །ཕྱོགས་ལྟ་གཅོད་པའི་རིགས་པའི་ཚིག །
སྐྱེས་ཐོབ་ཤེས་རབ་ལ་བརྟེན་ཏེ། །མདོར་བསྡུས་དགེ་བསྙེན་ངས་བཀོད་འདིས། །ཀུན་ཀྱང་རིགས་པའི་གནས་གྲོལ་ཤོག །རིགས་པ་གྲུབ་པའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཤྲཱི་སིཾ་ཧ་པྲ་བྷཱ་དང་། ལོ་ཙཱ་བ་དགེ་
སློང་བཻ་རོ་ཙ་ནས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། སརྦ་ཛྙ་སིདྡྷི་ཀཱ་རི་ཀཱ། བོད་སྐད་དུ། ཐམས་ཅད་མཁྱེན་པ་གྲུབ་པའི་ཚིག་ལེའུར་བྱས་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་ཕྱིར་གལ་ཏེ་དོན་ཀུན་རིག །ཉེས་སྤངས་འགའ་ཞིག་ཡོད་
ན་ནི། །དེ་ལས་རིག་བྱེད་དོན་འགྲུབ་ཀྱི། །གཞན་དུ་ལོང་བ་བརྒྱུད་པ་ཡིན། །ཐོས་ལས་ཤེས་པ་ཕུལ་ཕྱིན་དང་། །ལྡན་པའི་སྐྱེས་བུ་ཡོད་ཅེས་འབྱུང་། །དེ་ཕྱིར་ཤེས་ལྡན་སྐྱེས་བུ་ཀུན། །མི་ཤེས་པ་དང་འབྲེལ་པ་ཡིན། །འོན་ཏེ་དེ་ནི་དགོངས་པ་སྟེ། །གཞན་དུ་དགོངས་ནས་བསྟན་ཡིན་
ན། །དེ་ལྟར་སེམས་པ་སྤངས་པ་ཡི། །རྟག་ལ་ཇི་ལྟར་དགོངས་པ་ཡིན། །གལ་ཏེ་རིགས་པས་བསལ་ཕྱིར་ན། །ཐོས་པ་ཚད་མ་མ་ཡིན་འགྱུར། །དེ་ཕྱིར་མཆོད་སྦྱིན་སོགས་ཚིག་ལའང་། །ཚད་མའི་རྒྱུན་ནི་ཅི་ཞིག་ཡོད། །གལ་ཏེ་གང་ལ་རིགས་པ་ཡི། །གནོད་མེད་རིག་བྱེད་དེ་བླངས་ན། །
ཅི་ཕྱིར་རིགས་པས་མི་གནོད་པའི། །ནལ་བུའི་ཚིག་ཀྱང་བླང་མི་བྱ། །མངོན་སུམ་མིན་པའི་དགོངས་རྣམས་ལ། །རིགས་དང་དངོས་ལ་བརྟེན་མ་ཡིན། །ལུང་ལ་བརྟེན་པ་ཡིན་ཞེ་ན། །དེ་ཉིད་དངོས་སུ་རྟོག་པ་ཡིན། །དེ་ཕྱིར་ཐོས་པ་ཚད་མ་ན། །དོན་ཀུན་རིག་པའི་སྐྱེས་བུ་གྲུབ། །དེ་སྤོང་བ་ཡི་
གླེན་རྣམས་ལ། །མཆོད་སྦྱིན་མཐོ་རིས་སོགས་ཚིག་རྣམས། །ཚད་མ་ཡོད་པ་མ་ཡིན་ཏེ། །རིག་བྱེད་ཕྱོགས་གཅིག་གྱུར་པའི་ཕྱིར། །ཀུན་མཁྱེན་ཡོད་པའི་ཚིག་བཞིན་ནོ། །གལ་ཏེ་མེ་སོགས་ཡོད་ཚིག་དང་། །རིག་བྱེད་ཚད་མའང་དེ་ཡོད་དེ། །རིག་བྱེད་ཡན་ལག་གྱུར་པའི་ཕྱིར། །མེ་

བཞིན་སྲེག་སོགས་ཚིག་བཞིན་ན། །དེ་ཡང་ཀུན་ལ་རུང་བའི་ཕྱིར། །དོན་གཅིག་ངེས་ལ་དབང་ཕྱུག་མིན། །དེ་ཕྱིར་བརྗོད་འདོད་སྒྲ་རྣམས་ནི། །དོན་གཅིག་གནས་པའི་རྒྱུ་ཡིན་ནོ། །དོན་གང་བརྗོད་པར་འདོད་པ་ལ། །མི་ཡིས་སྒྲ་དེ་བརྗོད་པ་ནི། །དེ་ཉིད་སྒྲ་
དེའི་བརྗོད་བྱ་ཞེས། །མངོན་པར་བརྗོད་པར་བྱ་བ་ཡིན། །དེ་ཡང་བརྡ་ལས་ཤེས་བྱ་སྟེ། །དེ་ཕྱིར་གང་གིས་བསྔགས་བརྗོད་དང་། །མཆོད་སྦྱིན་སྙན་ངག་རིག་བྱེད་བྱས། །ཤེས་མཐུ་ལྡན་པ་འགའ་ཡོད་དོ། །གལ་ཏེ་བྱེད་པོ་ཤེས་ལྡན་ན། །ཇི་ལྟར་བདག་ལ་སོགས་པ་བསྟན། །བདག་
མེད་ཁོ་ན་ཞེས་བཤད་ལ། །དེ་ནི་གཞན་དུ་མི་སྨྲའོ། །དེ་ལྟའང་གཞན་དོན་གཉེར་བ་ནི། །འགའ་ཞིག་ཉན་པ་པོ་ལ་ལྟོས། །དགོངས་པའི་དབང་གིས་འགའ་ཞིག་ནི། །དེ་ནི་གཞན་དུ་སྟོན་པར་འགྱུར། །ཐ་སྙད་འདོགས་པའི་སེམས་ཅན་ནི། །བསམ་པ་སྣ་ཚོགས་སྣང་བས་ན། །
དེ་ཕྱིར་དེ་ཡི་བསམ་པ་ཡང་། །བདག་འདྲས་ཤེས་པར་མི་ནུས་སོ། །ཡང་ན་སེམས་རྒྱུན་ལ་དགོངས་ནས། །ལོག་པའི་ལྟ་བ་ཡོངས་སྤོང་བའི། །འབྲས་བུ་སྟེར་བར་འགྱུར་བ་ནི། །དེ་ནི་སེམས་ཅན་སྟོན་པ་ཡིན། །རིག་བྱེད་མཆོད་སྦྱིན་ལས་ལ་ནི། །སྲོག་གཅོད་ལ་སོགས་གང་བཤད་
དང་། །ཆོ་ག་ལ་ནི་མངོན་སྤྱོད་སོགས། །མ་བགྲུངས་སེམས་ཅན་གནོད་བྱེད་པ། །དེ་དག་དོན་བྱེད་ལ་ལྟོས་ནས། །འགའ་ཞིག་གིས་ནི་ཡི་རང་སྟེ། །དཔེར་ན་ཡུལ་འཁོར་བསྲུང་བའི་ཕྱིར། །སྡང་བའི་སེམས་ཅན་བཏང་བ་བཞིན། །ཡང་ན་ང་རྒྱལ་ཅན་གྱི་མི། །འགའ་ཞིག་
གིས་ནི་ཆེད་དུ་བསྟན། །ཆོ་ག་གཞན་གྱིས་མཉེས་པ་ཡི། །ལྷ་རྣམས་གསོལ་བའི་ལས་བྱེད་དོ། །ཡང་ན་སྔོན་ལས་རྣམ་སྨིན་གྱིས། །དེ་ནི་མཐུ་དང་ལྡན་པས་ན། །གང་ཞིག་སྲོག་གཅོད་བྱས་ན་ཡང་། །མཐུ་ལས་ཉམས་པར་མི་འགྱུར་རོ། །སྔགས་སྨན་གདོན་འདྲེའི་མཐུ་ལ་
སོགས། །རབ་ཏུ་སྟོན་པར་བྱེད་པའི་ཕྱིར། །དེ་ཤེས་སྐྱེས་བུ་འགའ་ཞིག་འབྱུང་། །མི་ཤེས་ཕྱིར་ན་ཇི་ལྟར་སྟོན། །འོན་ཏེ་རང་གི་བློས་བརྟགས་ནས། །འགའ་ཡིས་དེ་ནི་རབ་བསྟན་ཏེ། །འཇིག་རྟེན་འདི་ན་དེ་ཚུན་ཆད། །ལུང་ནི་རབ་ཏུ་གནས་ཤེ་ན། །དེ་རིགས་མ་ཡིན་གདོན་འདྲེ་

དང་། །གསང་སྔགས་ཆེད་དཔྱད་རིགས་པ་རྣམས། །མིང་ཙམ་གྱིས་ནི་ཇི་ལྟར་ཡང་། །ཤེས་པར་ནུས་པ་མ་ཡིན་ནོ། །ཆགས་ལ་སོགས་དང་འབྲེལ་པ་ནི། །མཁས་ལ་མངོན་པར་བརྩོན་ཡང་ནི། །གནོད་དང་གསང་སྔགས་མཐུ་ཡིས་ནི། །རྣམ་པ་ཀུན་དུ་ཤེས་དབང་མེད། །དེ་
ཕྱིར་གང་གིས་ལུང་བསྟན་ནས། །ད་དུང་ཤེས་པ་སྐྱེ་འགྱུར་བ། །མངོན་སུམ་མ་ཡིན་མཐོང་བ་ཡི། །འཇུག་པར་བྱེད་པའི་སྐྱེས་བུ་ཡོད། །ཐམས་ཅད་མཁྱེན་པ་གྲུབ་པའི་ཚིག་ལེའུར་བྱས་པ། སློབ་དཔོན་དགེ་སྲུངས་ཀྱིས་མཛད་པ་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། བཱ་ཧྱ་རྠ་སིདྡྷི་ཀཱ་རི་ཀཱ་ནཱ་མ། བོད་སྐད་དུ། ཕྱི་རོལ་གྱི་དོན་གྲུབ་པ་ཞེས་བྱ་བའི་ཚིག་ལེའུར་བྱས་པ། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་གིས་རང་དོན་བརྙེས་གྱུར་ནས། །གཞན་དོན་མ་
ལུས་རྣམས་ཀུན་མཛད། །དེ་ལ་དོན་ཀུན་གྲུབ་བྱའི་ཕྱིར། །ཕྱག་འཚལ་ནས་ནི་དོན་དཔྱད་དོ། །རྣལ་གནས་མིག་ལ་སོགས་པ་ཡི། །རྣམ་ཤེས་སྤྱོད་ཡུལ་ཕྱིའི་དོན་མིན། །ཤེས་ཕྱིར་དོན་དུ་སྣང་བའི་ཕྱིར། །རྨི་ལམ་ཟླ་བ་གཉིས་བློ་བཞིན། །དེ་ལྟར་བློ་ཙམ་སྨྲ་བ་ཡིས། །ཕྱི་ཡི་
དངོས་མེད་པར་བསྒྲུབས་པ། །དང་པོ་མི་སླུ་མཐོང་བའི་ཕྱིར། །དེ་ཡོད་སྨྲ་བ་མིན་ཞེས་སྨྲས། །ཤེས་པ་སླུ་བའི་ཕྱིར་རམ་ནི། །གཟུགས་སོགས་རུང་བ་མ་ཡིན་ཕྱིར། །དམིགས་པ་མེད་པར་འགྱུར་གྲང་ན། །དེ་གཉིས་ཀྱང་ནི་མི་བཟང་ངོ་། །རང་གི་ཡན་ལག་བཅད་ལ་སོགས། །
རྨི་ལམ་མཐོང་བ་དེ་དག་མེད། །གལ་ཏེ་དོན་རྣམས་གཏན་མེད་ན། །སད་ནའང་དེ་བཞིན་མི་འགྱུར་རམ། །ཁྱོད་ནི་སད་པའི་མགོ་བཅད་དང་། །ལུས་རྒྱས་པ་ཡང་རྨི་ལམ་བཞིན། །འདོད་ན་ཅིའི་ཕྱིར་དེ་སྤོང་དང་། །འཐོབ་ཕྱིར་ཁྱོད་ནི་འབད་དང་ལྡན། །གལ་ཏེ་འཁྲུལ་པས་
ཐམས་ཅད་དུ། །འཇུག་གོ་ཞེ་ན་མིང་ལྡོག་མེད། །ཤེས་པ་མི་སླུ་མ་འཁྲུལ་ཏེ། །སླུ་བ་དག་ནི་འཁྲུལ་པ་ཡིན། །ཡུལ་དང་དུས་དང་མི་གཞན་ལ། །ཤེས་པ་མི་སླུ་གང་ཡིན་པ། །དེ་ནི་མ་འཁྲུལ་ཡིན་པར་ཤེས། །མ་འཁྲུལ་མཚན་ཉིད་གཞན་མེད་དོ། །རིང་དང་ཕྲ་སོགས་ཤེས་

པ་ལས། །རྣལ་འབྱོར་ཅན་ཞེས་བྱེ་བྲག་དབྱེའི། །ཐམས་ཅད་མཁྱེན་མིན་ཐལ་འགྱུར་ཕྱིར། །གཉིས་ཀྱི་རྣམ་པ་ལས་གྲོལ་མིན། །སངས་རྒྱས་ཉིད་ནི་དེ་སླུ་བ། །ཡོད་དོ་ཞེས་ནི་ཇི་ལྟར་རྟོགས། །རྨི་ལམ་སོགས་བཞིན་ཐམས་ཅད་དུ། །ཅི་ཕྱིར་སླུ་བ་སྲིད་
མི་འགྱུར། །གལ་ཏེ་བག་ཆགས་བརྟན་ཕྱིར་ཞེས། །རྨི་ལམ་ཅི་ཕྱིར་ཡང་མི་བརྟན། །དེ་ལས་གྲོང་དང་ཀུན་དགའ་དང་། །གཞལ་བྱ་ཉིད་སོགས་མཐོང་བ་འདྲ། །དབང་དོན་མེད་ལ་སྐྱེས་པའི་བློ། །བག་ཆགས་སྐད་ཅིག་སྐད་ཅིག་ལ། །སྨིན་པ་ཐོབ་དང་བར་ཆད་དོ། །དབང་པོ་དོན་
དག་བསྟན་པའི་རྒྱུ། །གང་གི་ཤེས་པ་ངོ་གཅིག་ཅིང་། །དབང་པོ་དོན་ལས་མ་བྱུང་བ། །དེ་ཡི་དེ་ཡི་ངོ་བོ་ནི། །གཏན་དུ་བརྟན་པའམ་མི་བརྟན་འགྱུར། །གལ་ཏེ་གཉིད་སོགས་མཚུངས་ལྡན་ཕྱིར། །དེ་དེའི་སྨིན་བྱེད་མ་ཡིན་ནམ། །སྨིན་པའི་རྒྱུ་ནི་ཡོད་བཞིན་དུ། །སྨིན་པ་ཡང་
དག་ཟད་མི་རིགས། །གཉིད་ཀྱི་རྨི་ལམ་ན་མཐོང་བ། །དེ་ན་ཕྱི་ཕྱིར་མི་བརྟན་ཞིང་། །འཁྲུགས་འགྱུར་ཇི་ལྟར་དེ་ཡིས་ནི། །ཡོངས་སྨིན་བདག་ཉིད་ཡང་དག་ཟད། །གང་གིས་དབང་དོན་བྲལ་བའི་ཕྱིར། །བརྟན་པའི་རྒྱུ་ནི་མེད་པ་ལ། །སྨིན་པ་འཐོབ་དང་ཡང་དང་ཡང་། །
ཡོངས་སུ་ཟད་པས་རུང་བར་འགྱུར། །མི་སླུ་བག་ཆགས་བརྟན་པ་ཡིས། །བྱས་སོ་ཞེས་པ་གང་ལས་འདོད། །གལ་ཏེ་གཟུགས་སོགས་མི་རུང་ཕྱིར། །དེ་ལ་འོག་ནས་བརྗོད་པར་བྱ། །གལ་ཏེ་ཡོངས་སྨིན་བརྟན་པའི་ཕྱིར། །སད་པའི་ཚེ་ན་མི་སླུ་ན། །རབ་རིབ་ཇི་སྲིད་བརྟན་པའི་བར། །
དེ་སྲིད་མི་སླུ་ཅི་ཕྱིར་མིན། །དེ་བློས་རབ་ཏུ་བཅུག་པ་ཡང་། །སླུ་བ་དམིགས་པའི་ཕྱིར་བ་དང་། །དེ་བློ་མིན་ལའང་མི་སླུའི་ཕྱིར། །དེ་བློས་བྱས་པར་མི་འདོད་དོ། །འཇོག་དང་ཡོངས་སུ་སྨིན་པའི་མཐུ། །དངོས་པོ་གཞན་ལས་བྱུང་བའི་ཕྱིར། །བདག་ཉིད་ལས་སྐྱེས་ལས་མིན་ཏེ། །དཔེར་ན་མེ་
ཏོག་ལས་ཏིལ་དང་། །ཆུ་སོགས་ལས་ནི་ས་བོན་བཞིན། །གང་ཙམ་གང་ལས་སྐྱེས་པ་ཉིད། །དེ་དེར་རང་དང་མཐུན་པ་ཡི། །འབྲས་བུ་སྐྱེད་ཕྱིར་བག་ཆགས་དག །མི་འཇོག་མེ་དང་དུ་བ་བཞིན། །དོན་གཞན་ལས་ནི་བྱུང་བ་ཡི། །ལས་ལས་འགའ་ཞིག་བསྒོ་བར་བྱེད། །དཔེར་ན་སྣ་མའི་མེ་

ཏོག་དང་། །ཕྲད་པས་ཏིལ་ལས་དྲི་འབྱུང་བཞིན། །འདི་ལ་ལེན་པའི་རྣམ་ཤེས་ལས། །ཤེས་པ་བདུན་ནི་སྐྱེ་འགྱུར་ཞིང་། །དེ་ལ་དེ་ཡི་ས་བོན་འཇོག །གཞག་པའང་སྨིན་པར་བྱེད་པ་ཉིད། །དེ་ཕྱིར་དོན་གཞན་ལས་བྱུང་བའི། །དངོས་པོ་མེད་ཕྱིར་བག་ཆགས་ནི། །འཇོག་དང་རྒྱས་པར་མི་
རུང་ཞེས། །མཐུ་ལ་མཁས་པའི་སྐྱེ་བོ་སྨྲ། །འོན་ཏེ་གལ་ཏེ་རང་རྒྱུད་ལས། །རྟོགས་པའི་ཤེས་པ་སྐྱེས་ནས་དེར། །ས་བོན་འཇོག་ཅིང་སྨིན་པ་ལྟར། །བདག་གིའང་དེ་དང་འདྲ་ཞེ་ན། །ཕྱོགས་འདི་ལ་ནི་སྡང་བའི་ཕྱིར། །ལེན་པའི་ཤེས་ལ་ཡང་དག་བརྟེན། །གཉི་གའང་མཚུངས་པ་ཉིད་ཡིན་
ན། །གཅིག་ཏུ་གཅིག་ལ་བརྟེན་མི་རིགས། །གང་གི་དབང་དོན་ལས་སྐྱེས་པའི། །ཤེས་པས་མཐུ་རྣམས་འཇོག་བྱེད་ཅིང་། །ཡུལ་དུས་ལུས་ལ་སོགས་པ་ཡི། །ཁྱད་པར་གྱིས་ནི་རྒྱས་འགྱུར་བ། །དེ་ཡི་ཕྱོགས་ལ་ཉེས་པ་མེད། །གང་གི་ལེན་པ་ཞེས་བྱ་བའི། །ཤེས་པ་ལས་རྒྱུ་གཞན་
མེད་པ། །དེ་ཡི་ཤིན་ཏུ་འབྲེལ་པ་མེད། །བློ་ཙམ་ཉིད་དུ་བསྒྲུབས་པ་ལ། །ཤེས་ཕྱིར་ལ་སོགས་བསྒྲུབ་པ་གང་། །མི་མཐུན་རིགས་དང་མི་འགལ་ཕྱིར། །ཐམས་ཅད་ལྷག་དང་བཅས་ཤེས་བྱ། །ལེགས་དཔྱད་དགའ་མགུར་རབ་འཇུག་ཅིང་། །ཕན་དང་མི་ཕན་འཐོབ་གཏོང་བ། །སད་
པར་གྱུར་པའི་ཐ་སྙད་ནི། །རྨི་ལམ་ན་ནི་ཐམས་ཅད་མེད། །གནོད་པའི་དབང་གིས་འགའ་ཞིག་ཏུ། །དབང་པོ་ལས་སྐྱེས་ཤེས་འཁྲུལ་ན། །དེ་མེད་པར་ཡང་ཐམས་ཅད་དུ། །འཁྲུལ་ཞེས་བྱ་བ་མིང་སྤྲུལ་ལོ། །གཞན་དག་རྣམ་ཤེས་ཐམས་ཅད་ནི། །ཡུལ་ཡོད་རྟོག་པས་འཁྲུལ་
སེམས་ཀྱི། །ཤེས་བྱ་རང་སེམས་ལས་སྐྱེས་གང་། །གཟུགས་སམ་དེ་ཡི་མིང་ཡིན་ནོ། །དོན་མེད་ཡང་དག་བསྒྲུབ་པ་ལ། །རེ་རེ་ཡོངས་སུ་མི་ཆོད་ཕྱིར། །རྡུལ་ཕྲན་མི་སྣང་ཞེས་སྨྲས་པ། །སེམས་དང་སེམས་བྱུང་རྣམས་ཀྱིས་ཀྱང་། །ཐེ་ཚོམ་ཟ་བ་ཉིད་དུ་འགྱུར། །ཇི་ལྟར་སྐད་ཅིག་འཇིག་
པ་རྣམས། །རེ་རེ་ནས་མི་རྟོགས་པ་ལྟར། །དེ་བཞིན་གཤེགས་པས་ཡོངས་བཅད་ལའང་། །རྡུལ་ཕྲན་ངེས་པར་མི་འགྱུར་རོ། །འདྲ་བའི་སྐད་ཅིག་གཞན་འབྱུང་ཕྱིར། །ཇི་ལྟར་རྟག་པ་ཉིད་འཁྲུལ་ལྟར། །རྒྱུན་ཆགས་རིགས་མཐུན་འཛིན་པ་ལ། །སྔོན་པོ་ཉིད་དུ་འཁྲུལ་པ་སྐྱེ། །

བློ་ཡིས་རྟག་ཏུ་རྒྱུན་ཆགས་དང་། །རིགས་མཐུན་པ་ལ་འཛིན་མོད་ཀྱི། །རྣམ་པར་རྟོག་པའི་ཤེས་པ་ཡིས། །དེ་གཅིག་ཉིད་དུ་ངེས་པར་བྱེད། །དེ་ཕྱིར་རང་གི་མཚན་ཉིད་ཀྱིས། །རྣམ་པར་ཤེས་ལ་རྡུལ་ཕྲན་རྣམས། །མི་སྣང་ཞེས་ནི་སྨྲ་བ་གང་། །དེ་དག་
ཐམས་ཅད་སྒྲུབ་མ་ཡིན། །གང་ལྟར་སྣང་དེ་དེ་ལས་མིན། །རྫས་མེད་ཕྱིར་ཟླ་གཉིས་བཞིན་ཞེས། །སྨྲས་པའི་སྒྲུབ་པ་གང་ཡིན་པ། །དེ་ལའང་གཏན་ཚིགས་མ་ངེས་ཉིད། །རྡུལ་ཕྲན་གང་དག་ཕྲད་གྱུར་ཅིང་། །རིགས་མཐུན་བྱ་བ་གཅིག་བྱེད་པ། །དེ་དག་འདུས་པ་ཞེས་བརྗོད་ན། །
དེ་དག་རྫས་མེད་ག་ལ་ཞིག །གཅིག་གི་སྒྲར་བརྗོད་དེ་དག་ནི། །དེ་དག་ལ་ནི་གཅིག་མེད་དོ། །སྒྲ་ཡི་དོན་ནི་རྣམ་བརྟགས་ཏེ། །དབང་པོའི་སེམས་ལ་མི་སྣང་ངོ་། །གང་གི་བློ་ལ་ཆ་གཅིག་གི། །རྣམ་པ་སྣང་ངོ་ཞེས་སྨྲས་པ། །དེ་ནི་ངེས་པར་རི་མོ་ཡི། །གདིང་བ་མཐོང་བ་མ་
གཏོགས་སོ། །ལ་ལ་དག་ཏུ་གང་ཞིག་ལ། །གཟུགས་ཀྱི་རྣམ་པ་གཅིག་འཛིན་པ། །དེ་ཡང་མཐོ་དམན་རྟེན་པ་ཡི། །དབྱེ་བས་བཀྲ་བར་སྣང་བ་ཡིན། །ཤེས་གཅིག་སྣང་བའི་རྡུལ་ཕྲན་གང་། །ཕན་ཚུན་མེད་ན་མི་འབྱུང་ཕྱིར། །དེ་ལ་རྣམ་པར་བཅད་ནས་ནི། །ཇི་ལྟར་རེ་རེ་
སྣང་བར་འགྱུར། །རྡུལ་ཕྲན་རྣམས་ནི་རེ་རེ་ནས། །རང་དབང་འབྱུང་བ་མི་སྲིད་དོ། །དེ་ཕྱིར་ཕྲ་རབ་རྡུལ་རྣམས་ནི། །རེ་རེ་སྣང་བར་མི་འགྱུར་རོ། །རྡུལ་ཕྲན་ཕྱོགས་ཆ་ཐ་དད་ཕྱིར། །མེད་ཅེས་སྨྲས་གང་དེ་མ་འབྲེལ། །འགའ་ཡིས་ཁྱད་པར་དང་བཅས་པའི། །རྡུལ་ལ་ཕྱོགས་ཀྱི་སྒྲར་བསྟན་
བྱ། །དེ་ཕྱིར་ཕྱོགས་ཆའི་ཁྱད་པར་གྱི། །དེ་ནི་མང་པོས་ཡོངས་བསྐོར་བར། །བརྗོད་པར་ཟད་ཀྱི་རྡུལ་རྣམས་ནི། །ཆ་ཤས་བཅས་པའི་བདག་ཉིད་མིན། །རྡུལ་ཕྲན་ཚུ་རོལ་ངོས་ན་གཅིག །ཕ་རོལ་གཞན་རྣམས་གནས་པ་ནི། །ཚུ་རོལ་ཕ་རོལ་ཆ་གཉིས་ཀྱིས། །རྡུལ་དེ་གཉིས་སུ་ཐལ་བ་མེད། །
དུ་མའི་དབུས་ན་འདུག་པའི་ཕྱིར། །དུ་མ་ཉིད་དུ་རྣམ་རྟོག་ལ། །འདི་ལྟར་ལྡོག་པའི་སྒོ་དག་ནས། །མང་པོ་ཉིད་དུ་སྤྱིར་རྟོག་ཅིང་། །དེ་ལས་གཞན་པ་ལ་ལྟོས་ན། །ངོ་བོ་གཞན་ཡང་དཔེར་འཛིན་པ། །དེ་དེར་ཁོ་ནས་ཡོད་མིན་ཏེ། །ཚུ་རོལ་ཕ་རོལ་སོགས་དབྱེ་བཞིན། །གལ་ཏེ་མང་པོར་འདབ་

ཆགས་ཕྱིར། །ཆ་ཤས་བཅས་པར་འདོད་ན་ནི། །སྐད་ཅིག་སྔ་ཕྱི་འདབ་ཆགས་ལ། །ཅི་ཕྱིར་དེ་དང་འདྲ་མི་འགྱུར། །ཤེས་པའི་སྐད་ཅིག་གཉིས་དག་གིས། །འདབ་ཆགས་ཡིན་ཡང་དེ་ལ་ནི། །ཆ་ཤས་བཅས་གཟུགས་མི་འདོད་ལྟར། །རྡུལ་ཕྲན་རྣམས་ལའང་དེ་བཞིན་ནོ། །གང་ཞིག་དང་ནི་
ཉེ་བ་ལས། །འགྲོས་ལྡན་གང་གི་འགྲོས་འགག་པ། །དེས་དེའི་སྒྲིབ་པ་རབ་བཤད་པ། །ཆ་ཤས་གཞན་གྱི་མ་ཡིན་ནོ། །ཉི་མའི་སྒྲིབ་པ་ཡོད་ན་ནི། །གྲིབ་མ་ཀུན་དུ་འབྱུང་འགྱུར་གྱི། །གྲིབ་མ་ཉི་མ་རྡུལ་གཉིས་ཀྱི། །བར་ན་གནས་པར་མི་རིགས་སོ། །གྲིབ་མ་དང་ནི་སྒྲིབ་པ་ལ། །མང་
པོའི་མཐུ་ནི་སྐྱེ་བ་ལྟར། །དེ་བཞིན་རྡུལ་ཕྲན་རྣམས་ལ་ནི། །རེ་རེ་ནས་ནི་གཏན་དུ་མིན། །དེ་ཕྱིར་ཐ་དད་མ་ཡིན་ཕྱིར། །གོང་བུ་དེ་དག་མ་ཡིན་ཞེས། །གང་སྨྲས་དེ་ནི་རེས་འགའ་ཞིག །གལ་ཏེ་འགྱུར་བ་མེད་ལ་རིགས། །ཕན་ཚུན་བདག་ཉིད་མ་རེག་པ། །ཆ་ཤས་མེད་པར་
རྣམ་གནས་ཏེ། །དེ་ཕྱིར་ས་ཡི་དཀྱིལ་འཁོར་སོགས། །བསགས་པ་ལས་ནི་བྱུང་བ་ཡིན། །ཕན་ཚུན་དུ་ནི་ཕན་འདོགས་པའི། །བྱེ་བྲག་གིས་ནི་བརྒྱུས་པ་བཞིན། །རྡོ་རྗེ་ལ་སོགས་རྡུལ་ཕྲན་རྣམས། །དེ་དག་ཆད་པར་མི་འགྱུར་ཏེ། །ཇི་ལྟར་སྔགས་ཀྱི་མཐུ་ཡིས་ནི། །འདྲེ་སྦྲུལ་ལ་
སོགས་འཛིན་པ་བཞིན། །རྫས་ཀྱི་མཐུ་ཡིས་ཕན་ཚུན་དུ། །རྡུལ་ཕྲན་ཁ་ཅིག་སྲིད་འགྱུར་གྱི། །གཞན་དག་ནུས་པ་སྟོབས་ཆུང་ངོ་། །མི་གཡོ་སོགས་གནས་བློ་ལྡན་ནི། །གྲངས་ལ་སོགས་པའི་བྱེ་བྲག་གིས། །དམྱལ་སོགས་རྡུལ་ཕྲན་ལ་རྟོག་པས། །དེ་ཕྱིར་མེད་པར་མི་རུང་ངོ་། །གལ་ཏེ་དེ་
འཁྲུལ་དབང་ལས་གསུངས། །དྲུག་པ་བློ་ཙམ་རྟོགས་པ་ནི། །ཇི་ལྟར་བརྒྱད་པར་རྡུལ་ཕྲན་གྱི། །གྲངས་སོགས་འཁྲུལ་པ་སྐྱེ་བར་འགྱུར། །དེ་ཡི་དེ་ལྟར་རྟོགས་པ་དེ། །གལ་ཏེ་སེམས་ཅན་མཐུན་བྱའི་ཕྱིར། །དམྱལ་བ་ལ་སོགས་རྣམ་ཤེས་ལས། །ཕྲ་རབ་རྡུལ་རྣམས་མི་སྣང་ཕྱིར། གལ་
ཏེ་དེ་ཡི་རྟོགས་པ་དེ། །གཞན་གྱི་འཁྲུལ་པ་ལས་ཡིན་ན། །གཙོ་བོ་སྐྱེས་བུ་ལ་སོགས་ལ། །གྲངས་སོགས་རྣམ་པའི་མཚན་ཉིད་དུ། །ཅི་ཡི་ཕྱིར་ན་གསུངས་མ་གྱུར། །དེ་ཡི་གནས་སྐབས་ཐོབ་པ་སྟེ། །ཡོན་ཏན་ཕུལ་དུ་ཕྱིན་འདོད་པས། །ནོར་པར་རྣམ་པར་རྟོག་ན་ནི། །རྟོག་པ་སྔོན་དུ་

མ་བཏང་འགྱུར། །དེ་བས་རྡུལ་ཕྲན་ཡོད་པ་ཉིད། །མི་གཡོ་སོགས་གནས་བློ་ལྡན་ནི། །དེ་ལས་གཞན་ངེས་མ་བཟུང་བའི། །དེ་དག་ཤེས་ཕྱིར་ཡོངས་སུ་རྟོག །མི་གཉིས་པ་ལ་ལྷན་ཅིག་ཏུ། །དམིགས་པ་ངེས་པར་བསྟན་པ་གང་། །ཤེས་དང་ཤེས་བྱའི་རང་བཞིན་ནི། །
ངེས་ཕྱིར་ལྷན་ཅིག་མྱོང་བ་ཉིད། །ཤེས་པ་ལས་གཞན་འཛིན་པ་མེད། །ཡུལ་མེད་པར་ནི་དབང་བློ་མེད། །དེ་ཕྱིར་ལྷན་ཅིག་རིག་པས་ན། །སྔོན་པོའི་དེ་བློ་གཅིག་ཕྱིར་མིན། །གལ་ཏེ་རྣམ་ཤེས་མི་འཛིན་པའམ། །ཡུལ་མེད་པར་ཡང་ཤེས་ཡོད་ན། །དེ་ཚེ་དེ་ནི་དེ་སྐད་དུ། །བརྗོད་པར་རིགས་
ཀྱི་གཞན་དུ་མིན། །དུས་གཅིག་ཏུ་ནི་བརྗོད་འདོད་པས། །སངས་རྒྱས་མཁྱེན་བྱའི་སེམས་དང་ནི། །སེམས་དང་སེམས་བྱུང་རྣམས་ཀྱིས་ཀྱང་། །ཀུན་དུ་གཏན་ཚིགས་མ་ངེས་འགྱུར། །གལ་ཏེ་ལུང་ལས་གྲུབ་པའི་ཕྱིར། །སེམས་བྱུང་རྣམས་ཀྱི་འཁྲུལ་མིན་ན། །འདྲེ་དམྱལ་ལ་སོགས་རྣམ་
ཤེས་ཀྱིས། །ཅི་ཡི་ཕྱིར་ན་འཁྲུལ་པར་བརྗོད། །གལ་ཏེ་འབྲེལ་པ་མེད་པ་ལ། །ཁྱད་པར་དུ་ནི་འདོད་བྱེད་ན། །དེ་ནི་མ་གྲུབ་མི་འདོད་ནའང་། །འཁྲུལ་པའི་ཕྱིར་ནི་བསལ་བ་ཡིན། །འཇིག་རྟེན་འདི་ན་ལྷན་ཅིག་སྒྲ། །གཞན་མེད་པར་ནི་འགའ་ནའང་མིན། །གལ་ཏེ་ལྷན་ཅིག་མྱོང་ཡོད་ན། །
དེ་ཕྱིར་གཏན་ཚིགས་འགལ་བའང་ཡིན། །གལ་ཏེ་ལྷན་ཅིག་སྒྲ་གཅིག་དོན། །དེ་ལྟས་གཞན་ལ་མ་གྲུབ་ཉིད། །ཐུན་མོང་གི་ནི་དངོས་པོ་ལ། །གཅིག་པུས་ཇི་ལྟར་མཐོང་བ་ཡིན། །གལ་ཏེ་ཐམས་ཅད་མཁྱེན་པ་ཡི། །ཡེ་ཤེས་ཤེས་བྱ་སེམས་ཀུན་ནས། །དེ་ཚེ་གཅིག་པུ་ཁོ་ན་ཡིས། །དམིགས་
པ་གྲུབ་པ་གང་དུ་བརྗོད། །གཞན་གྱིས་དམིགས་པ་འགོག་པ་ནི། །ཚད་མ་མིན་པས་མི་འགྲུབ་སྟེ། །རང་བཞིན་བསྐལ་པ་ཡིན་པས་ན། །དེ་ཕྱིར་ཐེ་ཚོམ་མ་གྲུབ་པོ། །ཕྱིའི་དངོས་མེད་པས་གྲུབ་འགྱུར་ན། །རང་གི་ཆ་གཅིག་མཐོང་འགྱུར་ན། །བློ་ཙམ་དུ་ནི་སྨྲ་བ་ཡིས། །དེ་གྲུབ་གཏན་
ཚིགས་འདི་ཉིད་དོ། །སྣང་དང་ཐ་དད་མིན་སྒྲུབ་ན། །གྲུབ་པ་སྒྲུབ་པ་ཉིད་དུ་འགྱུར། །ཤེས་པ་རྣམ་བཅས་སྨྲ་བ་དང་། །དེ་ལ་རྩོད་པ་ཡོད་མ་ཡིན། །གལ་ཏེ་དོན་གཅིག་ཁོ་ན་ཞིག །དམིགས་པར་གལ་ཏེ་རྟོག་བྱེད་ན། །ཤེས་པའི་ངོ་བོས་དབེན་པ་ཡིས། །དེ་ནི་ཇི་ལྟར་ཀུན་དུ་མྱོང་། །དོན་

དམིགས་ཚེ་ན་གདུང་བ་དང་། །དགའ་བའི་ཚོར་བ་དེ་དག་ནི། །གལ་ཏེ་ཤེས་པའི་ངོ་བོ་ཡི། །ཚོར་བ་མེད་པར་མི་སྲིད་དོ། །གལ་ཏེ་རྟོག་པ་རང་ངོ་བོ། །འགའ་ཞིག་ཁོ་ན་མྱོང་ཞེ་ན། །ཤེས་དག་ངོ་བོ་མི་མྱོང་བས། །དེ་ཡི་ཕྱིར་ན་དེ་མི་རིགས། །དེ་བས་མྱོང་དངོས་གཉིས་ཡིན་ཡང་། །ཟླ་
བའི་ངོ་བོ་གཉིས་བཞིན་དུ། །བསྟན་བཅོས་བྱེད་པས་གཅིག་གོ་ཞེས། །རབ་ཏུ་གྲུབ་པ་དེ་མི་རིགས། །གང་གིས་ལྷན་ཅིག་མྱོང་འགྱུར་བ། །ཚོགས་པ་སྔ་མ་ཁོ་ན་ལས། །ཤེས་པ་ཡུལ་བཅས་སྐད་ཅིག་སྟེ། །སྣང་བ་དང་བཅས་གཟུགས་བཞིན་ནོ། །གང་ཚེ་ཤེས་པ་དང་དོན་དག །
སྔ་ཕྱི་ཀུན་དུ་འབྱུང་དེའི་ཚེ། །དེ་དང་འདྲ་ཕྱིར་དེ་མིང་གི །དངོས་སུ་ལྷན་ཅིག་མྱོང་མ་ཡིན། །མྱོང་བར་བྱ་ཕྱིར་རྣམ་ཤེས་ལས། །དོན་གཞན་མ་ཡིན་གཟུང་བ་ཡི། །ཆ་བཞིན་ཤེས་བསྒྲུབ་སྨྲ་བ་གང་། །དེ་ལ་གཏན་ཚིགས་མ་ངེས་ཉིད། །ཤེས་པ་མྱོང་བར་རང་བཞིན་ཕྱིར། །མྱོང་བར་བྱ་
བ་ཞེས་བརྗོད་དོ། །ཡུལ་ནི་རབ་ཏུ་སྣང་བ་ཡི། །ཤེས་པ་སྐྱེད་ཕྱིར་མྱོང་བ་ཡིན། །མྱོང་བར་བྱ་བའི་སྒྲར་འདྲ་ཡང་། །དེ་ཡི་དོན་ནི་ཐ་དད་ཉིད། །དཔེར་ན་བ་ལང་ཉིད་ཀྱི་ཕྱིར། །བ་ལང་དག་ལ་སོགས་པ་རྣམས། །དེ་བཞིན་རྣམ་པར་མི་འགྲུབ་ཕྱིར། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི། །
མྱོང་བར་བྱ་བ་རྒྱུད་གཞན་ལ། །དགོས་པའི་ཆོས་རྣམས་གང་དག་ཡིན། །དེ་དག་གིས་ཀྱང་མ་ངེས་ཏེ། །རྟོག་མེད་ཇི་ལྟར་ཐམས་ཅད་མཁྱེན། །ཤེས་པ་རྣམ་བཅས་ཕྱོགས་ལ་ནི། །དེ་ལྟར་སྣང་བ་མྱོང་བྱ་ཉིད། །དེ་དང་ཐ་དད་མིན་སྒྲུབ་ན། །གྲུབ་པ་སྒྲུབ་པ་ཉིད་དུ་འགྱུར། །གཟུགས་
དང་འདྲ་བའི་བྱེད་པའི་དོན། །འབྲས་བུའི་སྒོ་ནས་མྱོང་བྱར་འདོད། །དེ་དངོས་མྱོང་བྱ་མ་ཡིན་པས། །ཐ་དད་མིན་པར་མི་འགྱུར་རོ། །དེ་འཛིན་བྱེད་དེ་ཇི་ལྟར་ཞེས། །དེ་ནི་ཡོངས་སུ་གཅོད་པ་ཡི། །མཚན་ཉིད་ཡིན་ཏེ་དེ་ཡི་ཕྱིར། །དེ་ནི་ཇི་ལྟ་ཅི་འདྲ་ཞེས། །ཐེ་ཚོམ་ཟ་བར་མི་བྱའོ། །རྣམ་
ཤེས་ངོ་བོ་གཞན་གྱིས་ནི། །རྣམ་པར་གཞག་ནས་སྒྲོ་བཏགས་ཏེ། །ཇི་ལྟ་བུར་ནི་དེ་ཡི་དོན། །ཡོངས་སུ་གཅོད་ཅེས་བརྗོད་པར་བྱ། །གང་གི་ཚེ་ན་རྣམ་ཤེས་དོན། །ཡོངས་གཅོད་ཙམ་དུ་འདོད་དེའི་ཚེ། །ཤེས་པས་ཇི་ལྟར་རང་གི་ཡུལ། །རིག་པར་འགྱུར་ཞེས་སྨྲས་མ་འབྲེལ། །

རྣམ་ཤེས་དེ་ནི་བྱེད་པོ་མིན། །དམ་པའི་དོན་དུ་བྱ་བའང་མིན། །རིག་པ་ཙམ་དུ་ཟད་མོད་ཀྱི། །བྱེད་པ་ཉིད་དུ་སྒྲོ་བཏགས་གསུངས། །ཇི་ལྟར་ཐོགས་མེད་གཟིགས་པ་ཡི། །མཁྱེན་པ་ཀུན་དུ་འཇུག་པ་ལྟར། །དེ་བཞིན་ཅུང་ཟད་མཐོང་བ་ཡི། །ཤེས་པ་གཟུགས་ལ་སོགས་ལ་
འཇུག །ཐམས་ཅད་མཁྱེན་དང་གཞན་དག་ཏུ། །ཤེས་པ་ཙམ་དུ་ཁྱད་པར་མེད། །ཀུན་དུ་ཐམས་ཅད་རྣམ་མཁྱེན་པས། །བདག་ཉིད་ཆེ་རྣམས་བྱེ་བྲག་དབྱེ། །རྣམ་པ་བཅས་སམ་ཅི་རྣམས་མེད། །དུས་མཉམ་མི་མཉམ་ལས་སྐྱེས་ཤེས། །སངས་རྒྱས་མཁྱེན་ལའང་ཅི་ཡི་ཕྱིར། །བྱིས་པ་རབ་
ཏུ་འཇུག་མི་བྱེད། །ཁྱོད་ཀྱིས་དེ་ལ་རྣམ་པ་གང་། །སྲིད་པ་ཤེས་པ་དེ་ཉིད་ཀྱི། །རྣམ་པས་གཟུགས་ལ་སོགས་པ་ལ། །ངེད་ཀྱང་རབ་ཏུ་རྟོག་པར་བྱེད། །སྒྲིབ་པ་སྤངས་ཕྱིར་ཤེས་བྱ་ལ། །མི་རིགས་ཞེས་པ་འབྲེལ་པ་མེད། །ཇི་ལྟར་དེ་ནི་ཤེས་བྱ་ལ། །འཇུག་པ་དེ་ཙམ་མཐུན་པར་བསྒྲེ། །ཡོད་
དམ་མེད་པའི་དོན་ལ་ཡོད། །བློ་ནི་དཔྱོད་པའི་བདག་ཉིད་དོ། །དོན་ཡོད་གང་ལ་མི་སླུ་བ། །དོན་མེད་རབ་རིབ་ལ་སོགས་ལ། །ཇི་ལྟར་རབ་ཏུ་དཔྱད་བཞིན་གཟུགས། །སྔོན་པོ་ཉམས་སུ་མྱོང་སྙམ་དུ། །བློ་ལ་སྒྲོ་བཏགས་ནས་བརྗོད་ཀྱི། །རྣམ་པ་འགའ་ཡང་ཡོད་མ་ཡིན། །ཡོད་དམ་ཡང་ན་མེད་
རྟོག་ཀྱང་། །རྣམ་ཤེས་རྟོག་པའི་བདག་ཉིད་དེ། །དོན་རབ་དཔྱོད་པའི་བྱེ་བྲག་གིས། །ཤེས་པ་ཐ་དད་པར་བརྗོད་དོ། །ཇི་ལྟར་ཁྱོད་ཀྱི་ཤེས་པ་ནི། །ཡང་དག་དུ་ན་རྣམ་མེད་ཀྱང་། །ཡང་དག་མིན་རྣམས་མྱོང་བ་ལྟར། །ཁོ་བོའི་ཡང་དག་དོན་དེ་བཞིན། །ཤེས་པ་དེ་ཡི་བདག་ཉིད་མིན། །གཉིས་
མིན་བདག་ཉིད་འགལ་ཕྱིར་རོ། །ཡང་དག་མིན་ནི་མྱོང་མ་ཡིན། །དེ་ནི་མ་འཁྲུལ་ཐལ་འགྱུར་རོ། །ཇི་ལྟར་ནོར་པས་བརྟགས་པ་ལྟར། །རྣམ་པར་གཞག་འདི་བྱས་ཤེ་ན། །འཁྲུལ་པའི་རྣམ་པ་ངེས་གཟུང་བ། །མེད་ན་ཇི་ལྟར་རྟོག་པར་འགྱུར། །དེ་བས་རྣམ་ཤེས་ཡང་དག་ཏུ། །རྣམ་པ་
མེད་ཀྱང་མིག་ལ་སོགས། །འགྱུར་བ་ལས་ན་ཡོད་པ་འམ། །མེད་ཀྱང་རུང་སྟེ་ཡོངས་སུ་གཅོད། །གལ་ཏེ་མར་མེ་བདག་དང་གཞན། །ཇི་ལྟར་སྣང་བར་བྱེད་པ་ལྟར། །དེ་བཞིན་རྣམ་པར་ཤེས་ཡིན་ནའང་། །དམིགས་པ་གཉིས་ཀྱི་ངོ་བོ་སྟེ། །འགའ་ཡང་འགལ་བ་ཡོད་མ་ཡིན། །

གཟུགས་སྒྲ་ལ་སོགས་དོན་རྣམས་ནི། །དབང་པོ་ཐ་དད་སྤྱོད་ཡུལ་ལོ། །དེས་ན་དེ་དག་གཅིག་པུ་ཡི། །མྱོང་བར་བྱ་བ་མ་ཡིན་འདིར། །ཐ་དད་པ་ཡི་རྒྱུ་མ་ཡིན། །ཤེས་པ་དམིགས་པའི་མཚན་ཉིད་ནི། །གང་ལས་སྐྱེ་ཞིང་གང་འདྲ་བ། །དེ་མ་ཐག་པའི་ཤེས་པ་གང་། །ཡུལ་མཚུངས་ཡུལ་
དུ་འགྱུར་རོ་ཞེས། །འཁྲུལ་པ་ཉིད་དུ་བཤད་པ་ནི། །དེ་ནི་བརྟགས་པ་མ་ཡིན་ནོ། །གང་ཕྱིར་ཡུལ་དུ་སྣང་བ་ལས། །འདྲ་བ་རང་རིག་མེད་ཕྱིར་རོ། །ཤེས་པའི་རྣམ་པར་འདྲ་བ་ནི། །སེམས་པ་ཐམས་ཅད་ལ་ཡང་ཡོད། །དེ་ལྟར་འདོད་ན་ཡུལ་འདྲ་ཞེས། །ཁྱད་པར་བརྗོད་པར་མི་བྱའོ། །
གཟུང་བར་སྣང་བ་འདི་ལ་ནི། །དེ་མ་ཐག་པའི་ཤེས་མི་སྣང་། །ཡུལ་ནི་མཚུངས་པ་ཉིད་ཀྱི་ཕྱིར། །སྔོན་པོ་ལ་སོགས་ཁོ་ན་སྣང་། །སྔོན་པོ་ལ་སོགས་སྣང་བའི་ཤེས། །གལ་ཏེ་དེ་མ་ཐག་ཡིན་ན། །དེ་ཚེ་དེ་ཡུལ་དེ་ཡིན་ན། །དེ་ཚེ་དེ་ཡང་དོན་མི་མཚུངས། །ཡོད་པ་ཉིད་བདེན་མཚུངས་མ་
ཡིན། །ཇི་ལྟར་མི་རྟག་མི་སྡུག་སོགས། །དེ་བཞིན་གཤེགས་པས་དེ་ལ་ཡང་། །གཟུང་བར་སྣང་བ་མ་ཡིན་ནོ། །ཕྱི་རོལ་དམིགས་པ་མི་རུང་ཕྱིར། །ཡུལ་ནི་གཟུང་བའི་ཆར་འདོད་ན། །དེ་ཡང་མཚན་ཉིད་མི་འཐད་པར། །བློ་ཡིས་ཅི་ཕྱིར་རྣམ་མི་རྟོག །དེ་ཉིད་སེམས་ཀྱི་སྣང་བ་
ཡིན། །དེར་སྣང་བ་ཡི་བློ་མ་ཡིན། །ཡུལ་ནི་ཐ་དད་མ་ཡིན་ཕྱིར། །སྐྱེད་པར་བྱེད་པའང་མ་ཡིན་ན། །ཇི་ལྟར་དེ་ནི་འདོད་པར་བྱེད། །ཕྱི་ཡི་རྡུལ་ཕྲན་འདུས་པ་ནི། །ཡན་ལག་རེ་རེ་མ་ཚང་ཕྱིར། །དམིགས་པ་མིན་ན་ཇི་ལྟ་བུར། །གཉི་གའང་མེད་པར་འདོད་པར་བྱེད། །འཛིན་
པའི་རྣམ་པའི་ཤེས་པ་ནི། །མཚན་ཉིད་གཉི་གའི་རྣམ་སྤངས་ན། །ཇི་ལྟར་དམིགས་པ་མ་ཡིན་བཞིན། །གཟུང་བའི་རྣམ་པའང་མི་འདོད་དོ། །ཤེས་པ་འདྲ་བ་སྔ་མ་ལ། །དམིགས་པར་འདོད་པ་གང་ཡིན་པ། །དེ་ཡང་མི་རིགས་ཤེས་པ་ལ། །ཤེས་པ་དེ་མ་ཐག་མི་སྣང་། །གལ་ཏེ་
སྒྲ་ཤེས་མཇུག་ཐོགས་སུ། །གཟུགས་ཀྱི་རྣམ་པར་ཤེས་འབྱུང་ན། །ཤེས་པ་དམིགས་དང་དེ་དང་ནི། །ཇི་ལྟ་བུར་ན་འདྲ་བ་ཡིན། །ཁ་ཅིག་ཤེས་པ་མཚུངས་སྐྱེད་པའི། །ནུས་པ་དམིགས་པ་ཡིན་པར་འདོད། །དེ་ཡང་མི་རིགས་གང་གི་ཕྱིར། །དབང་པོ་སེམས་ལ་ནུས་མི་སྣང་། །

གཟུང་བར་བྱ་ལ་ཡུལ་ཉིད་དུ། །ངེས་པས་ཡུལ་དུ་གནས་ཡིན་ན། །འཇིག་རྟེན་ལས་ནི་དོན་གྲུབ་ཕྱིར། །མཚན་ཉིད་ཡོད་པ་ཉིད་མི་བརྗོད། །ཤེས་དང་མཐུ་ནི་འཇིག་རྟེན་ན། །དོན་དུ་ངེས་པར་བྱས་མིན་ལ། །མཚན་ཉིད་ཀྱང་ནི་ཡོད་མིན་ན། །དེ་ནི་ཇི་ལྟར་
དམིགས་པ་ཡིན། །འཇིག་རྟེན་རིགས་པ་ལུང་བསྟན་ནས། །ཕྱི་རོལ་དམིགས་པ་ཉིད་དུ་ནི། །ཡོངས་སུ་བརྟག་པར་བྱ་རིགས་ཀྱི། །ཤེས་བྱ་གཏན་དུ་མ་ཡིན་ནོ། །འདོད་དང་མི་འདོད་ལ་སོགས་གཟུགས། །ཡང་དག་ཏུ་ན་ཕྱི་གཅིག་མིན། །དེ་ལྟར་འདི་ནི་བློ་ཙམ་ཞེས། །བྱ་
བ་དེ་ནི་འབྲེལ་མ་ཡིན། སྡུག་ལ་སོགས་པ་གཟུགས་གཅིག་ལ། །ཡོན་ཏན་སོགས་གོམས་རྒྱུ་བཅས་ཏེ། །རྒྱུ་ཡི་དབྱེ་བས་འབྲས་བུ་ཡང་། །ཕན་འདོགས་པ་ཡི་བྱེ་བྲག་དབྱེ། །དོན་ལ་སྔོན་པོར་སྣང་བ་ཡི། །ཤེས་པ་དེ་ཡི་དེ་མ་ཐག །གོམས་པ་ལས་ནི་སྡུག་སོགས་གཟུགས། །དེ་བཞིན་
གཞན་ལས་གཞན་འབྱུང་ངོ་། །དགའ་དང་གདུང་གཉིས་གོམས་པ་ཡི། །ཁྱད་པར་གྱིས་ནི་བྱེ་བྲག་དབྱེ། །དོན་གྱི་རྣམ་པ་ལས་མིན་པར། །འདོད་ན་དེ་ནི་ཅི་ཡི་ཕྱིར། །སྒྲོ་བཏགས་ནས་ནི་སུན་འབྱིན་བྱེད། །དེ་བས་དམིགས་པ་མེད་པའི་དངོས། །ཇི་ལྟ་བུར་ཡང་མི་འཐད་དོ། །དོན་བྱེད་སྣང་
ཕྱིར་གྲུབ་པ་ཡིན། །དེ་མེད་ཕྱིར་ན་དེ་མེད་དོ། །རྨི་ལམ་གནོད་བཞིན་དོན་རྣམས་ནི། །མེད་པར་ཡང་ནི་བྱེད་འདོད་པས། །དེ་ཕྱིར་དོན་བྱེད་ཡོད་པའི་ཕྱིར། །གལ་ཏེ་ཕྱི་རོལ་མེད་འདོད་ན། །ཁོ་བོ་བྱེད་པ་ཙམ་གྱིས་ནི། །ཕྱི་དོན་གྲུབ་པར་མི་སྨྲ་སྟེ། །ལོག་པར་ཤེས་པའི་རང་བཞིན་ལས། །བྱེད་པར་
འགྲུབ་པར་མཐོང་ཕྱིར་རོ། །འོན་ཀྱང་དོན་ངེས་ཐོབ་པ་ཡིས། །ལུས་ལ་ཕན་དང་གནོད་བྱེད་པ། །འཁྲུལ་པ་ལ་ནི་དེ་མེད་ཀྱི། །བྱེད་པ་ཙམ་ཞིག་ཡོད་ཕྱིར་རོ། །རྨི་ལམ་ན་ནི་འདོད་སྤྱོད་པ། །དེ་ཡི་ངེས་པ་སྐྱེ་འགྱུར་བ། །ཁུ་བ་འབྱུང་ཙམ་མ་ཡིན་ན། །འདོད་པའི་དོན་ཐོབ་ག་ལ་ཞིག །ཁུ་བ་
འདོད་ཆགས་འབྲས་ཡིན་ཕྱིར། །རྨི་ལམ་ལས་གཞན་དག་ཏུའང་འབྱུང་། །འདོད་པས་བུད་མེད་རེག་ཡིན་ན། །ཇི་ལྟ་བུར་ནི་མི་སླུ་ཡིན། །གལ་ཏེ་བུད་མེད་སྣང་བ་ལ། །འདོད་པ་བསྟེན་ལས་བྱུང་ཡིན་ན། །རྨི་ལམ་གནོད་བཞིན་སེན་མོ་དང་། །ཅི་ཕྱིར་སོས་བཏབ་ལ་སོགས་མིན། །གལ་

ཏེ་བུད་མེད་མེད་པར་ཡང་། །དེ་ལ་བརྟེན་པ་འབྱུང་ན་ནི། །རྨི་ལམ་གནོད་བཞིན་སེན་མོ་དང་། །ཇི་ལྟར་སོས་བཏབ་ལ་སོགས་མིན། །ཆགས་ལས་ཁུ་བ་བྱུང་བ་ལ། །བློ་ཡི་དོན་ནི་བྱས་སོ་ཞེས། །བྱ་བ་དེ་ནི་བཟང་མ་ཡིན། །ཇི་ལྟར་བྱ་བ་ཙམ་མི་བརྗོད། །བུ་རྙེད་ལ་སོགས་གང་དག་ཏུ། །རྨི་
ལམ་བདེན་པ་མཐོང་བ་ནི། །མཐོང་བ་དེ་ཡང་སླུ་བ་ཡིན། །རྗོད་པར་བྱེད་པ་ལས་ལས་སྐྱེས། །དེ་བཞིན་དམྱལ་བའི་སྲུང་ལ་སོགས། །ཡོད་ཕྱིར་རྣམ་ཤེས་རྣམ་པ་ཙམ། །དོན་བྱེད་གང་ཡང་མ་ཡིན་ནོ། །དེ་ཕྱིར་སེམས་ཙམ་མ་གྲུབ་པོ། །ཐ་དད་ལུས་སུ་སྣང་བ་ལ། །རྒྱུད་གཞན་དུ་ནི་གྲུབ་
ཡིན་ན། །དམྱལ་བ་པ་ཡང་དེ་བཞིན་ཡོད། །ཅི་ཕྱིར་སེམས་ཅན་གཞན་མ་ཡིན། །དེ་བཞིན་དཀྱིལ་འཁོར་ངེས་རྟོགས་བའི། །ཆོ་གས་དུག་རྣམས་འཇིག་འགྱུར་བ། །ལྷ་ཡིས་རྗེས་སུ་འཛིན་མཛད་ཅིང་། །རང་གི་དམ་ཚིག་ལ་གནས་བ། །སྔོན་གྱི་ཆོ་ག་དང་བྲལ་བ། །གང་ཕྱིར་
དོན་བྱེད་མི་ནུས་པས། །དེ་ཕྱིར་སེམས་ཀྱིས་དེ་མ་བྱས། །གཞན་སེམས་ཤེས་པའི་ཤེས་པ་ནི། །ཇི་བཞིན་དོན་མིན་ཇི་ལྟ་བུར། །གང་ཚེ་གཞན་གྱི་སེམས་ཡོད་ན། །ཤེས་པ་དེ་ནི་རྣམ་པར་འཇུག །དོན་ཡོད་དེ་ཡི་རྣམ་པ་ཡི། །རྣམ་པར་ཤེས་པ་འཛིན་པར་འདོད། །རང་གི་ཡུལ་གྱི་
དྲུང་སོང་ནས། །བྱ་བ་བཞིན་དུ་འཛིན་མ་ཡིན། །གང་གིས་མཇུག་ཐོགས་སུ་འབྱུང་བ། །རང་སེམས་ཤེས་པའང་དེ་བཞིན་ནོ། །ཇི་སྐད་བཤད་པའི་མཚན་ཉིད་ཀྱིས། །འཛིན་པར་བྱེད་པ་སེམས་དེ་ཡིན། །འདས་པར་གྱུར་བའི་སེམས་དྲན་པ། །ཡང་དག་འཇུག་པ་གང་ཡིན་པ། །
སེམས་དེ་དེ་ཡི་རྒྱུ་ལས་ནི། །བྱུང་བ་མིན་ཕྱིར་འཛིན་མ་ཡིན། །སངས་རྒྱས་སྤྱོད་ཡུལ་མི་གཉིས་པའི། །ངོ་བོ་རབ་ཏུ་མ་ཤེས་ཕྱིར། །དོན་བཞིན་མིན་ཞེས་གང་སྨྲས་པ། །དེ་བཟང་མིན་གཉིས་མིན་པའི་ཕྱིར། །ཤེས་པ་འཛིན་པ་ཁོ་ན་ཡིས། །དེ་གཟུང་མ་ལུས་འཛིན་པའི་ཕྱིར། །
ཐམས་ཅད་མཁྱེན་པར་བཤད་པ་ཡིན། །གཉིས་མིན་རྣམ་པར་རིག་ཕྱིར་མིན། །བསྟན་པར་བྱ་མིན་ངོ་བོ་ཞིག །རིག་གོ་ཞེས་ནི་གང་སྨྲས་པ། །གཞན་གྱི་རིག་བྱ་གང་ཡིན་པ། །དེ་ཅི་རབ་ཏུ་བསྟན་ནུས་སམ། །ཕ་རོལ་སེམས་ནི་ཡོངས་ཤེས་ཕྱིར། །དེ་ཕྱིར་དམིགས་པ་ཡོད་པའི་

ཕྱིར། །ཡིད་ཀུན་དམིགས་མེད་མ་ཡིན་ནོ། །གལ་ཏེ་དེ་དག་གང་དུ་ཡང་། །ཕྱི་ཡི་གཟུང་བ་མིན་ཞེ་ན། །ཐམས་ཅད་མཁྱེན་པ་ཇི་ལྟ་བུ། །རང་སེམས་ཙམ་ཞིག་རྣམ་ཤེས་པས། །རང་རིག་ཁོ་ནར་ཟད་ན་གོ། །རང་སེམས་ཙམ་ཞིག་རྣམ་ཤེས་ཕྱིར། །ཐམས་ཅད་
མཁྱེན་ཞེས་བརྟག་པར་ཟད། །ལོགས་ཤིག་པ་ཞིག་ཤེས་ན་ནི། །བློ་ཙམ་ལྟ་བར་མི་འགྱུར་རོ། །མི་གཉིས་ཁོ་ན་ཤེས་པའི་ཕྱིར། །གལ་ཏེ་ཉེས་པ་མེད་འདོད་ན། །ཇི་ལྟར་དེ་བཞིན་རྣམ་ཤེས་ཀྱང་། །དེ་ཡུལ་དམིགས་པ་ཡོད་པ་ཉིད། །གཉིས་རྣམ་གྲོལ་བའི་ཤེས་པ་ལ། །རྣམ་པ་
ཀུན་དུ་ཀུན་རིག་ཅེས། །བྱ་བ་དེ་ནི་ཡ་མཚན་ཆེ། །དེ་ཕྱིར་འཛིན་པའི་ངོ་བོར་ཡོད། །ཐམས་ཅད་མཁྱེན་ཡང་དམིགས་པ་གཞན། །ཅུང་ཟད་མེད་ཅེས་བྱ་བ་ནི། །མཁས་པ་རྣམས་ཀྱིས་མཁྱེན་གྲང་གི །བདག་གི་བློ་ངན་དེ་རྡུགས་སོ། །སྔོན་དུ་རྒྱུ་ཕྱིར་རེས་འགའ་ཞིག །གཉེན་པོ་
གོམས་པ་སྲིད་པའི་ཕྱིར། །འདོད་ཆགས་ལ་སོགས་ཉེས་པའི་ཚོགས། །གཏན་དུ་ཡོངས་སུ་ཟད་སྲིད་ཀྱི། །བྱིས་པའི་སེམས་ནི་ཐམས་ཅད་དུ། །གཉིས་ཀྱི་རྣམ་པ་ཡིན་པས་ན། །གང་ཞིག་གོམས་པས་ཡོངས་ཟད་པ། །གཉེན་པོའི་སྐབས་ནི་ཡོད་མ་ཡིན། །སྟོང་ངོ་སྙམ་
པའི་ཤེས་པ་གང་། །བརྗོད་པའི་རྣམ་པར་འཇུག་པ་ཡིན། །གཉིས་ཀྱི་ངོ་བོ་དང་ལྡན་ན། །ཇི་ལྟར་དེ་ནི་གཉེན་པོ་ཡིན། །འདོད་ཆགས་ངོ་བོ་གོམས་པ་ལས། །ཇི་ལྟར་འདོད་ཆགས་མི་ཟད་ལྟར། །དེ་བཞིན་གཉིས་ཀྱི་ངོ་བོ་ལ། །གོམས་པས་གཉིས་ཟད་མི་འགྱུར་རོ། །བློ་ལ་དངོས་
ཆ་སྒྲོ་བཏགས་ནས། །བདག་མེད་པ་ལ་སོགས་པ་བསྒོམ། །གཉིས་མེད་པ་ལ་སྒྲ་ཙམ་སྟེ། །དོན་མེད་དེ་དག་བསྒོམ་མ་ཡིན། །རྟག་པར་དམིགས་པ་ཀུན་ཉོན་མོངས། །མི་རྟག་མྱུར་དུ་མྱ་ངན་འདས། །དམིགས་པ་ཐམས་ཅད་མེད་པ་ལས། །སངས་རྒྱས་ཉིད་ཐོབ་གདོན་མི་
ཟ། །དམིགས་པ་ཐམས་ཅད་མེད་པ་ནི། །ཐམས་ཅད་དུ་ཡང་བྱ་བ་མེད། །འབད་དང་སྦྱོར་བ་མེད་པར་ཡང་། །སངས་རྒྱས་ཉིད་དུ་འདོད་པར་འགྱུར། །དེ་ཕྱིར་སེམས་ཅན་སྙིང་རྗེ་དང་། །དེ་ལ་ཕན་དང་ཐབས་དང་ནི། །འདུས་བྱས་མི་རྟག་བསྒོམས་པ་ལས། །བདེ་བར་གཤེགས་

པའི་གོ་འཕང་འཐོབ། །བློ་སྒྲ་ཙམ་ལ་ཇི་ལྟ་བུར། །སྦྱིན་པ་ལ་སོགས་ཡོངས་སུ་རྫོགས། །སྦྱིན་བྱ་མེད་པས་དེ་ཡི་ཕྱིར། །སངས་རྒྱས་ཉིད་ཀྱང་མི་སྲིད་དོ། །གལ་ཏེ་ཕན་ཚུན་དབང་གིས་ན། །རྣམ་པར་རིག་པར་ངེས་པ་ལས། །སྦྱིན་དང་ལེན་པའི་རྣམ་པ་ཡིས། །བློ་ཞིག་
གལ་ཏེ་སྐྱེ་ཞེ་ན། །དེ་ནི་མངོན་སུམ་རྗེས་དཔག་དང་། །ཡིད་ཆེས་ལུང་གིས་རབ་མ་བསྒྲུབས། །དེ་ནི་རྟོག་པ་ཁོ་ན་ཙམ། །འབའ་ཞིག་ཡོངས་སུ་བསྒྲགས་པར་ཟད། །རྣམ་ཤེས་སྦྱིན་པའི་རྣམ་པ་ཅན། །བརྒྱ་ཕྲག་རྣམས་སུ་གོམས་བྱས་ཀྱང་། །འོན་ཀྱང་སེམས་ཅན་འགའ་
ཞིག་གི །དབུལ་དང་བྲལ་བར་མི་འགྱུར་རོ། །རྣལ་འབྱོར་རྣམས་ཀྱི་ཡིད་ལ་བྱེད། །གང་ཚེ་ཚད་མེད་སྒོམ་ན་ཡང་། །དེ་ཚེ་བདེ་དང་སྡུག་བསྔལ་བ། །འཐོབ་དང་ཡང་དག་ཟད་མི་འགྱུར། །ཀུན་ལ་ཐམས་ཅད་སྦྱིན་པ་དང་། །སྙིང་རྗེས་སྦྱིན་པ་ཡོངས་རྫོགས་པ། །དོན་བདོག་པ་
དང་བྱེ་བྲག་མེད། །དེ་ལ་མི་སྦྱིན་དགག་པ་ཡིན། །ཡོངས་སུ་མྱ་ངན་འདས་པ་ཡི། །སྐུ་གདུང་དང་ནི་ཤི་བའི་རོ། །ཁྱིམ་དང་ལྷ་གང་མཐོང་བ་དག །ཇི་ལྟར་གཞན་གྱི་དབང་ལས་སྐྱེ། །གལ་ཏེ་དེ་རང་རྒྱུད་སྨིན་ལས། །ཇི་ལྟར་འདས་པ་རྗེས་སུ་དཔག །གལ་ཏེ་འདས་པ་རྗེས་མི་
དཔོགས། །དེ་ནི་ཤིན་ཏུ་འཇིག་རྟེན་ཐལ། །ཉན་ཐོས་གྲོལ་བས་རྣམ་དག་གི །སྐུ་གདུང་མཐོང་བ་ཆགས་བྲལ་བའི། །གལ་ཏེ་རྗེས་སུ་དཔག་མེད་པར། །ཇི་ལྟ་བུར་ན་གུས་པ་སྐྱེ། །གལ་ཏེ་བརྒྱུད་པས་ཡིན་ཞེ་ན། །གསོན་པོ་དུམ་བུར་བཅད་མཐོང་བ། །དེ་ནི་དེ་ཡི་དབང་མིན་ན། །
ཡོངས་སུ་འདས་པ་ཇི་ལྟ་བུར། །འཇིག་རྟེན་པ་ཡི་ཚུལ་གནས་པ། །ས་བོན་སོགས་ལས་མྱུ་གུ་སོགས། །འབྱུང་ཞེས་བྱ་འདི་སེམས་ཙམ་དུ། །སྨྲ་ལ་རུང་བ་མ་ཡིན་ནོ། །གལ་ཏེ་ཤེས་གང་མཇུག་ཐོགས་སུ། །ཤེས་པ་ངེས་པར་སྐྱེ་འགྱུར་བ། །རྒྱུ་དེ་དེ་ཡི་འབྲས་བུ་དེ། །ངེས་པའང་
ཡོད་པ་མ་ཡིན་ཏེ། །འདི་ལྟར་མེ་ཡི་རྣམ་པར་ཤེས། །མེད་པར་དུ་བའི་བློ་སྐྱེའོ། །ས་བོན་མེད་པའི་སེམས་ལ་ཡང་། །མྱུ་གུར་སྣང་བའི་བློ་ཡོད་དོ། །མེ་ཡི་བློ་ཡིས་བསྒོས་པའི་སེམས། །དུ་བའི་སེམས་ཀྱི་རྒྱུ་ཡིན་ན། །ནུས་པ་དུ་མ་ཡོད་པ་ལ། །བྱེ་བྲག་རྟོགས་པ་ག་ལ་ཞིག །མེའི་

བློ་དེ་མ་ཐག་པའི་རྒྱུ། །དུ་བའི་སེམས་ཀྱི་རྒྱུ་ཡིན་ན། །དེ་ཡང་བཟང་མིན་དུ་བ་ཡི། །སེམས་ལ་མེ་ཡི་ཡིད་མ་ངེས། །འབྲེལ་པ་རབ་ཏུ་མ་གྲུབ་ན། །ཇི་ལྟར་འདི་དང་འདི་ལས་མིན། །རྒྱུ་ལ་ཐ་སྙད་མ་འདྲེས་པ། །ཇི་ལྟ་བུར་ན་འཇུག་པར་འགྱུར། །དེ་ཕྱིར་བརྟགས་པ་ལ་
བརྟེན་ནས། །ཁམས་གསུམ་པ་ནི་སེམས་ཙམ་ཞེས། །ཐམས་ཅད་རབ་ཏུ་བཤད་ཡིན་གྱི། །གཟུགས་སོགས་མེད་ཕྱིར་མ་ཡིན་ནོ། །གང་ལ་ཆགས་ལ་སོགས་འབྱུང་བ། །བརྟགས་པ་མངོན་སུམ་མཛད་ནས་ནི། །ཉེས་པ་ཞི་བར་བྱ་བའི་ཕྱིར། །དེ་ཕྱིར་ཡུལ་ལ་བདག་མེད་བསྟན། །དེ་
བཞིན་གཞན་དུའང་ཇི་ལྟ་བུར། །བྱིས་པ་རྣམས་ཀྱིས་རྣམ་བརྟགས་ལྟར། །ཕྱི་དངོས་ཡོད་པ་མིན་ཞེས་གསུངས། །ཅི་ཡི་ཕྱིར་ན་ཁྱད་པར་མཛད། །དེ་མ་ཐག་ཏུ་བསྟན་པ་ལས། །བྱེད་པར་མངོན་པར་ཞེན་པ་ལས། །བྱ་བ་རྣམས་སུ་ཡོངས་སུ་ཤེས། །དེ་ཕྱིར་བདག་ནི་བཀག་ཅེས་
གསུངས། །དེ་བཞིན་གཞན་དུའང་བསྟན་པ་ལས། །བརྟགས་དང་རྣམ་པར་བརྟགས་པ་དང་། །ཆོས་ཉིད་གཟུགས་ཞེས་བཀའ་སྩལ་ཏེ། །ཆོས་ཉིད་རང་གི་མཚན་ཉིད་དོ། །དངོས་པོ་ཙམ་ནི་བརྟགས་པའོ། །རྣམ་པར་བརྟགས་པ་ཁྱད་པར་དུའོ། །ཆོས་ཉིད་ཀྱི་ནི་དབྱེ་བ་འདི། །དངོས་པོ་
མེད་ན་མི་རུང་ངོ་། །གལ་ཏེ་གཟུགས་སྟོང་གསུངས་ཤེ་ན། །དེ་ལ་གཟུགས་སྒྲ་ཇི་ལྟ་བུར། །བརྟགས་ཏེ་བསྟན་པ་ཡིན་ན་ནི། །འབྲས་བུ་འདོད་པ་ཅི་ཞིག་ཡིན། །གང་དུ་མི་སླུ་སྲིད་པ་ཡི། །དེ་བས་དེ་དངོས་ཡོད་པ་ཉིད། །ཐམས་ཅད་མེད་པ་ཁོ་ན་ལས། །རྨི་ལམ་བཞིན་དུ་དམིགས་མ་
ཡིན། །ཕྱི་རོལ་དོན་དུ་སྨྲ་རྣམས་ཀྱིས། །བློ་ཙམ་སྨྲ་ལ་དེ་སྐད་སྨྲས། །འདི་ཅི་རིགས་པའམ་འོན་ཏེ་མིན། །མཁས་པ་རྣམས་ཀྱིས་དཔྱད་དུ་གསོལ། །རིགས་དང་མི་རིགས་དཔྱོད་པ་ལ། །བདག་ལ་མཁས་བློ་མཚར་བཅས་མེད། །འོན་ཀྱང་གཞན་སྨྲས་བདེན་པ་ནི། །མང་པོར་མདོར་
བསྡུས་ནས་བསྟན་གྱིས། །ཤེས་པའི་སྣང་བས་གཏི་མུག་གི །མུན་བཅོམ་མཁས་པས་མངོན་མཛད་ཅིང་། །དེ་རིང་ཕྱིན་ཚད་ཆེ་རྣམས་ཀྱི། །ལམ་དུ་སྐྱེ་བོ་གླེན་དེངས་ཤིག །ཕྱི་རོལ་གྱི་དོན་གྲུབ་པ་ཞེས་བྱ་བའི་ཚིག་ལེའུར་བྱས་པ། །སློབ་དཔོན་དགེ་སྲུངས་ཀྱིས་མཛད་པ་

རྫོགས་སོ།། །།ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཆེན་པོ་ཛི་ན་མི་ཏྲ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཱཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲུ་ཏི་པ་རཱི་ཀྵ་ཀཱ་རི་ཀཱ། བོད་སྐད་དུ། ཐོས་པ་བརྟག་པའི་
ཚིག་ལེའུར་བྱས་ལ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་ལྟར་དོན་དང་སྒྲ་འགའ་ཡང་། །དངོས་སུ་འབྲེལ་པ་མེད་པའི་ཕྱིར། །ཇི་ལྟ་བུར་ན་འབྲེལ་པ་ནི། །དངོས་པོ་ལས་བྱུང་ཡིན་པར་འགྱུར། །གཞན་ཡང་རུང་བའི་རང་བཞིན་ཕྱིར། །སྒྲ་ཡི་བདག་ཉིད་དོན་གསལ་བྱེད། །
སྒྲོན་མ་ལ་སོགས་བཞིན་འདོད་ན། །དེ་ལྟ་ཡིན་ན་བརྡ་དོན་མེད། །སྒྲ་ཡི་བདག་ཉིད་མ་བཟུང་ཡང་། །དོན་གསལ་བྱེད་པར་འགྱུར་ཞེས་ཏེ། །གལ་ཏེ་དབང་པོ་བཞིན་དུ་དེ། །དོན་དང་འབྲེལ་པར་རྟོགས་བྱེད་ན། །དཔེར་ན་དུ་བ་ལས་མེའམ། །བུམ་པ་སོགས་ལ་སྣང་བ་བཞིན། །གཞན་
གསལ་བྱེད་པར་འདོད་པ་གང་། །རྒྱུ་དེའམ་འབྲས་བུར་འགྱུར་གྲང་ན། །སྒྲ་ནི་དོན་སྐྱེད་བྱེད་མིན་ཞིང་། །དོན་གྱིས་སྐྱེད་པའང་མ་ཡིན་ནོ། །ཁྱད་མེད་འདོགས་པའང་མི་འདོད་ན། །ཇི་ལྟར་དེ་དོན་གསལ་བྱེད་ཡིན། །རང་གི་ངོ་བོ་བརྗོད་པ་ཡི། །བློ་རྒྱུ་གསལ་བར་བྱེད་འདོད་ན། །སྒྲ་
ནི་དོན་ལ་དེ་བཞིན་མིན། །ཐ་དད་དུས་སུ་དམིགས་ཕྱིར་རོ། །དེ་ཉིད་ཕྱིར་ན་མཁས་རྣམས་ཀྱིས། །མེད་ན་མི་འབྱུང་འབྲེལ་པར་བརྗོད། །དེ་དེའི་བདག་ཉིད་ངོ་བོ་འམ། །དེ་ཡི་འབྲས་བུ་ཉིད་དུ་འགྱུར། །བློ་གང་དོན་ཉིད་བདག་འབྲས་ཕྱིར། །ཚིག་ནི་དེ་གསལ་བྱེད་པ་ཡིན། །ཕྱི་རོལ་
གནས་པའི་ངོ་བོ་ཡིས། །འགའ་ཡང་འབྲེལ་པ་ཡོད་མ་ཡིན། །འདི་ནི་ཐ་སྙད་ཤེས་པ་ལ། །དོན་གྱི་རྣམ་པ་ཉི་ཚེ་ཞིག །རྣམ་པར་རྟོག་པ་སྐྱེད་བྱེད་ཀྱི། །དོན་ནི་གསལ་བར་བྱེད་མ་ཡིན། །དེ་ལྟར་རིགས་པ་མེད་ཕྱིར་དོན། །ཇི་ལྟར་ཡང་ནི་གསལ་བྱེད་མིན། །འདིའོ་ཞེས་བརྟགས་
ལ་བརྟེན་ནས། །དེ་ནི་གསལ་བར་བྱེད་འདོད་ན། །སྒྲ་དག་དོན་ནི་དུ་མའི་ཕྱིར། །དོན་གང་གསལ་བར་བྱེད་པ་ཡིན། །གལ་ཏེ་བསྟན་བཅོས་ལས་རྣམ་ཕྱེ། །དེ་ནི་མ་ངེས་ཉིད་མིན་ནམ། །དེ་ནི་ཀུན་ལ་རུང་བའི་ཕྱིར། །ངེས་པ་པ་དང་བྲལ་ཕྱིར་རོ། །སྒྲ་ནི་མི་འདོད་པ་ལ་ཡང་། །འཇུག་

པར་རྟག་ཏུ་དོགས་པ་ཡིན། །གལ་ཏེ་སྐབས་ཀྱི་དོན་གྲུབ་ན། །གལ་ཏེ་དེ་ལ་ངེས་པར་འགྱུར། །དེ་ལ་དོན་ནི་མ་གྲུབ་པའང་། །དེ་ནི་གཞན་དུ་མ་ངེས་ཉིད། །གལ་ཏེ་འཇིག་རྟེན་བརྗོད་ལས་འགྲུབ། །ཡུལ་དང་དུས་སོགས་བྱེ་བྲག་གིས། །འཇིག་རྟེན་སྒྲ་དོན་དུ་
མའི་ཕྱིར། །དེས་ན་དེ་ཡང་མ་ངེས་པ། །སྒྲ་བརྗོད་པ་ཡི་སྒོ་ནས་ནི། །དོན་ལ་བློ་གྲོས་སྐྱེ་མིན་ནམ། །བདེན་ཏེ་དེ་ཉིད་ཇི་ལྟ་བུར། །སྐྱེ་སྙམ་དེ་ལ་བསམ་པ་འཇུག །ཅི་དེ་སྒྲ་དེ་རུང་ཕྱིར་རམ། །འོན་ཏེ་བརྡ་ལ་བརྟེན་པ་ལས། །རུང་བ་ཉིད་ན་བརྡ་དོན་མེད། །འགའ་ལའང་ཐེ་ཚོམ་མི་
འགྱུར་རོ། །བརྡ་ནི་མི་ལ་རག་ལུས་མིན། །མི་རྣམས་རྟག་ཏུ་ཉེས་དང་བཅས། །ཅི་བརྡ་འདི་རིགས་ལ་བརྟགས་སམ། །གཞན་དུ་ཡིན་སྙམ་ངེས་པ་མེད། །རང་གི་ངོ་བོ་རུང་ན་ཡང་། །ལོག་པ་ཉིད་ནི་ཟློག་པ་མེད། །འདི་ལྟར་ཨུཏྤལ་སྔོན་པོ་ལ། །མར་མེས་དམར་པོར་གསལ་
བར་བྱེད། །འཇིག་རྟེན་གྲགས་པ་བཟླ་ན་ནི། །དོན་གཞན་བརྗོད་པའི་སྒྲ་འགའ་ཞིག །ཡོངས་སུ་རྟོག་པར་བྱེད་པ་ལྟར། །དེ་བཞིན་འདིར་ཡང་ཅིས་མི་འདོད། །ཐོས་པ་བརྟག་པའི་ཚིག་ལེའུར་བྱས་པ། །སློབ་དཔོན་དགེ་སྲུངས་ཀྱིས་མཛད་པ་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། ཨ་ནྱཱ་པོ་ཧ་བི་ཙ་ར་ཀཱ་རི་ཀཱ། བོད་སྐད་དུ། གཞན་སེལ་བརྟག་པའི་ཚིག་ལེའུར་བྱས་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་ཕྱིར་རང་བཞིན་ཐ་དད་ལ། །འབྲས་སོགས་མཚུངས་པ་མཐོང་བའི་ཕྱིར། །བློ་ཡི་གཅིག་
ཏུ་སྒྲོ་བཏགས་ནས། །ཐ་སྙད་རྣམས་ལ་རབ་ཏུ་འཇུག །གང་དག་རྟག་པར་དུས་གཅིག་ཏུ། །དོན་གྱི་བྱ་བ་གཅིག་བྱེད་པ། །དེ་དག་འདུས་པའི་སྒྲར་བརྗོད་དོ། །ཁྱིམ་དང་དམག་དང་ནགས་ཚོགས་བཞིན། །གང་དག་དུས་དང་རྣམ་རྟོག་གིས། །འབྲས་བུ་གཅིག་ནི་བྱེད་པ་
རྣམས། །དེ་དག་རིགས་སྒྲར་བརྗོད་བྱ་སྟེ། །དཔེར་ན་བདེ་སྡུག་ལ་སོགས་བཞིན། །གང་དག་རིམ་གྱིས་འབྲེལ་པར་ནི། །སྐྱེ་ཞིང་དོན་བྱེད་བཟོད་པ་རྣམས། །དེ་དག་རྒྱུན་སྒྲར་བརྗོད་བྱ་སྟེ། །རྒྱུན་དང་རང་བཟོའི་རྒྱུན་བཞིན་ནོ། །གཅིག་ཡིན་དུ་མར་རུང་ཡིན་ཞིང་། །བློ་ཡིས་

ཆར་ནི་རྣམ་བརྟགས་ནས། །གནས་སྐབས་བྱེ་བྲག་བསྟན་བྱ་སྟེ། །གནས་དང་སྐྱེ་དང་རྣམ་འཇིག་བཞིན། །གང་ཡང་དངོས་གཅིག་ཡུལ་ཅན་ནི། །ཉི་ཟླ་ནམ་མཁའི་སྒྲ་བཞིན་ནོ། །མཆུ་དུས་ཆ་ཤས་བྱེ་བྲག་ལ། །དེ་ཡང་བྱེ་བྲག་མེད་པར་འཇུག །གང་དག་དངོས་སྒྲ་དེར་དེ་བཞིན། །དངོས་མེད་ལ་
ནི་གང་དག་ཡིན། །དེ་དག་ཕྱི་ལ་མི་ལྟོས་པར། །བློ་ཡིས་རྣམ་བརྟགས་དོན་བརྗོད་བྱ། །གལ་ཏེ་སྒྲའི་དོན་རྣམ་ཤེས་ལ། །རང་གི་མཚན་ཉིད་མི་སྣང་ན། །དེ་ལ་སྣང་བ་མ་ཡིན་པ། །དེར་ནི་ངེས་པ་ག་ལ་ཡོད། །འདི་ལྟར་བྱེ་བྲག་དོན་མེད་ཅིང་། །བྱེ་བྲག་མཐོང་བ་སྔོན་འགྲོའི་ཕྱིར། །བྱེ་བྲག་
རྣམས་སུ་སྒྲོ་བཏགས་སྨྲས། །ཁོ་ན་ཉིད་དུ་འཁྲུལ་པ་ཡིན། །དབང་དོན་སྒྲ་ཡི་དོན་མ་ཡིན། །དེ་མེད་བཞིན་དུ་སྣང་ཕྱིར་དང་། །ཐ་དད་རྣམ་པར་དམིགས་ཕྱིར་རོ། །གཅིག་དང་དུ་མའི་གཟུགས་ལྡན་མིན། །མངོན་སུམ་གྱིས་ནི་དོན་གཟུགས་གཅིག །མཐོང་སྟེ་སྒྲ་དང་ཉེར་གྱུར་ན། །དེ་ཉིད་
བྱེད་པོ་ལ་སོགས་གཟུགས། །སྣ་ཚོགས་སུ་ནི་འཛིན་པར་འགྱུར། །ལྕེ་ཡི་དབང་པོས་གཞན་དུ་མྱང་། །སྒྲ་ཡི་མངར་བར་བརྗོད་པ་གཞན། །དེ་ཕྱིར་དབང་དོན་རྣམ་ཀུན་དུ། །སྒྲ་ཡི་སྤྱོད་ཡུལ་མ་ཡིན་ནོ། །སྒྲ་ཡི་དོན་གསལ་བྱེད་པ་ནི། །རྣམ་པར་རྟོག་པས་སྒྲོ་བཏགས་ཉིད། །དེ་
ཉིད་ཕྱིར་ན་བྱེད་པོ་རྣམས། །བརྗོད་འདོད་སྒོ་ནས་འཇུག་པར་འདོད། །གང་དུ་བ་ལང་ལྟོས་ཞེས་སྨྲ། །མིག་ནི་རིག་རིག་བྱེད་འགྱུར་བ། །དེ་སྒྲའི་དོན་གྱི་རྣམ་ཤེས་ནི། །རང་མཚན་ཉིད་ལ་བལྟ་བར་འདོད། །བལྟ་བའི་བྱ་བ་སྦྱོར་བ་ནི། །དེར་རུང་རབ་ཏུ་སྟོན་བྱེད་ན། །དགའ་དང་བཅས་
པའི་རྒྱུད་ལ་ནི། །བལྟ་བར་འདོད་པར་བྱེད་པར་འགྱུར། །འོན་ཏེ་དེར་ནི་དོན་གྱི་གཟུགས། །སྒྲ་ཡིས་རབ་ཏུ་གསལ་འདོད་ན། །གང་གི་མིང་ནི་འཇུག་འགྱུར་བ། །བལྟ་བྱ་ལྷག་པ་དེ་ཅི་ཞིག །མཐོང་བཞིན་དུ་ནི་མི་རྣམས་ཀྱིས། །འགའ་ཞིག་གིས་ནི་སྒྲ་བརྗོད་གང་། །དེ་མཐོང་བཏགས་
པ་མི་ཕྱེད་པ། །རྨོངས་ཤིང་ཤིན་ཏུ་གཡོ་རྣམས་ཀྱིས། །གཉིས་ཀའི་རྣམ་པར་རྟོག་པ་ལ། །དོན་ཡོད་ན་ནི་གཟུགས་གཞན་ཞིག །སྣང་བ་གང་ཡིན་དོན་གཅིག་ལ། །ཞེན་པས་དེ་ལ་བརྡར་འདོགས་སོ། །བརྡས་བསྒོས་འདི་ནི་ཅི་ཞིག་ཡིན། །ཅིག་ཤོས་ཀྱིས་ཀྱང་འདི་ཡིན་ཞེས། །ཇི་

སྲིད་རྣམ་རྟོག་མི་དམིགས་པ། །དེ་སྲིད་བརྡ་ནི་མི་འབྱུང་ངོ་། །དེ་ཕྱིར་སྨྲ་པོ་ཉན་པ་པོའི། །བློ་གཉིས་མཚུངས་སྣང་སྤྱོད་ཡུལ་གཅིག །ཁོ་ན་ཉིད་དུ་ཕྱི་རོལ་དོན། །སྒྲ་ཡི་སྤྱོད་ཡུལ་འགའ་ཡང་མེད། །རང་གི་བློ་ལ་སྣང་བ་ནི། །རིག་པ་ཡིན་ཡང་ཕྱི་རོལ་དང་། །གཅིག་
པར་འཛིན་པའི་ང་རྒྱལ་སྐྱེ། །རབ་རིབ་ཅན་དུ་མཚུངས་བློ་བཞིན། །རང་གི་མཚན་ཉིད་མཐའ་ཡས་ཕྱིར། །བརྗོད་བྱ་མིན་ཕྱིར་དེ་ལ་ནི། །བརྡར་འདོགས་མི་འདོད་བློ་ལ་ནི། །སྣང་བའི་ཕྱིར་ན་སྤྱི་ལའང་མིན། །དེ་ཕྱིར་བློ་ཡི་དོན་ལ་ནི། །བརྡར་འདོགས་ཕྱི་རོལ་གནས་ལ་མིན། །གང་ལ་སྐྱེས་
བུ་བརྡར་འདོགས་པ། །ཐ་སྙད་ལ་ཡང་དེ་རྟོགས་སོ། །ཕྱིའི་དོན་ཡོད་དམ་མེད་ཀྱང་རུང་། །བློ་ཡིས་བརྟན་པའི་གཟུགས་གང་ཡིན། །དེ་ཉིད་ཉན་པོའི་སེམས་ལ་ནི། །སྒྲ་དེ་རྣམས་ཀྱིས་གོ་བར་བྱེད། །ཀུན་ལས་བཟློག་པའི་ངོ་བོ་ནི། །འགའ་ཞིག་ལས་ནི་རྣམ་ལྡོག་པ། །མི་རྣམས་ཀྱིས་
ནི་རབ་བསྒྲུབས་པར། །སྒྲ་ནི་ཡང་དག་སྦྱོར་བར་བྱེད། །འགའ་ཞིག་ལས་ནི་རྣམ་ལྡོག་པ། །ལྡོག་པ་ལ་ནི་ཡང་ལྟོས་ནས། །ཁྱད་པར་ཁྱད་པར་གཞི་ཉིད་དེ། །དེ་ལྟར་སྒྲ་དོན་ཐ་དད་དོ། །འགའ་ལས་ལྡོག་པའི་བྱེ་བྲག་གིས། །བརྡ་ཡི་རྗེས་སུ་བྱེད་པའི་སྒྲ། །ཐ་དད་དོན་ཏེ་དེ་ཉིད་དུ། །
དངོས་མིན་གཞན་ཡང་གཅིག་པ་མིན། །དེ་ཕྱིར་མང་ལས་ལྡོག་སྲིད་ན། །དེ་ལ་ཇི་ལྟར་བརྡ་གཅིག་ཏུ། །འདོགས་ཞེས་སྨྲ་བ་གང་ཡིན་པ། །དེ་ནི་དཔྱད་པ་མ་ཡིན་ནོ། །ཐམས་ཅད་ལས་ནི་ལྡོག་པ་ཡི། །གཅིག་པོ་དེ་ནི་གང་གང་ལས། །རྣམ་པར་ལྡོག་པའི་སེམས་བྱེད་པ། །ངོ་བོ་
དེས་ནི་སྒྲ་སྦྱོར་རོ། །མེད་ཀྱང་མཐོང་བ་གང་ཡིན་དང་། །གང་ཡང་ཡོད་ཀྱང་མ་མཐོང་བ། །དེ་གཉི་ག་ཡང་བོར་ནས་ནི། །དེ་ཡི་ལྡོག་པ་བསམ་པར་བྱ། །ལྡོག་རྣམས་དེ་ལ་སྔོན་པོ་དང་། །སེར་པོ་བཞིན་དུ་མི་སྣང་གི །དེ་ལ་ལྡོག་པའི་ངོ་བོ་ཡི། །དོན་གཅིག་འབའ་ཞིག་སྣང་བར་
འགྱུར། །གང་གི་སྤྱི་ནི་གཅིག་ཡིན་ཞིང་། །མངོན་སུམ་གྱིས་ནི་ངེས་འགྱུར་དེའི། །ཇི་ལྟར་བ་ལང་ཞེས་བྱའི་བརྡས། །བ་ལང་ཉིད་ནི་འབའ་ཞིག་བརྗོད། །ཀུན་ལ་འབྲེལ་བ་མ་མཐོང་བའི། །བྱིས་པས་བརྡ་འདོགས་ཇི་ལྟ་བུ། །དེ་ཕྱིར་འབྲེལ་བརྟག་གོ་ཞེས། །ཁ་ཅིག་སྨྲ་བ་དེ་མི་བཟང་། །

གང་ཞིག་ཉེ་ན་སྒྲ་གང་ཞིག །རྟོགས་ཤིང་མ་རྟོགས་གཞན་དུ་ནི། །མཐོང་དང་མ་མཐོང་གོམས་པ་ལས། །བདག་ཉིད་ཀྱིས་ནི་བརྡ་ངེས་སོ། །སྒྲ་རྗེས་འགྲོ་དང་ལྡོག་གཉིས་ཀྱིས། །དངོས་པོ་གཅིག་པུ་ལ་ཡང་འདི། །ཁྱད་པར་སྤྱི་ཡི་ངོ་བོར་ནི། །ཡང་དག་འཇོག་པར་བྱེད་པ་ཡིན། །
ཐམས་ཅད་ལ་ནི་བརྡ་ཀུན་གྱིས། །ས་བོན་ཁོང་ན་ཡོད་མོད་ཀྱི། །གང་དུ་བློ་ཡོངས་སྨིན་འགྱུར་བ། །དེར་དེ་རབ་ཏུ་རྟོགས་པར་འགྱུར། །རང་གི་རྐྱེན་གྱི་སྟོབས་ཀྱིས་ནི། །མི་རྣམས་ཀྱིས་ནི་བརྡར་འདོགས་སོ། །གཞན་ལ་དེ་ཡི་མཚན་མ་སྟེ། །དེ་ཕྱིར་དེ་ཞེས་རྗོད་པར་བྱེད། །འབྲེལ་པ་
བརྟག་པ་ཡིན་ན་ནི། །སྐྱེས་བུའི་འདོད་ལ་རག་ལས་ནས། །གཞན་གྱིས་གཞན་ལ་སྦྱོར་བྱེད་པའི། །བརྡ་ནི་དོན་ལ་མི་སྲིད་དོ། །ཐ་སྙད་ལ་ནི་བྱང་གྱུར་པ། །སྒྲ་ཙམ་འཛིན་པར་བྱེད་པས་ན། །བརྗོད་པར་བྱ་ལ་དྲན་པ་སྐྱེ། །དུ་བ་ལས་ནི་མེ་བཞིན་ནོ། །ལྐོག་གི་དོན་ལ་བརྡར་འདོགས་
པ། །དེ་ཡི་མཚན་ཉིད་འདི་འདྲའོ་ཞེས། །མཐོང་བ་བསྟན་ནས་རྗོད་བྱེད་དེ། །མཐོ་རིས་ལ་སོགས་སྒྲ་བཞིན་ནོ། །དེ་ཕྱིར་སྒྲ་དོན་ཐམས་ཅད་དུ། །ནོར་བ་ཡིན་ཏེ་བརྡ་བསྒོས་པ། །ཡང་དག་མིན་དོན་སྟོན་བྱེད་དེ། །རྩྭ་མཆོག་ལ་ནི་གླང་ཚོལ་བཞིན། །དོན་ཉིད་ལོག་པ་ཡིན་ཡང་ནི། །
གང་ལ་བརྒྱུད་དོན་འབྲེལ་ཡོད་པ། །དེ་མི་སླུ་སྟེ་གཞན་མ་ཡིན། །རྨི་ལམ་བདེན་དང་བརྫུན་སོགས་བཞིན། །ནོར་བུ་རིན་ཆེན་འོད་གཉིས་ལ། །རིན་ཆེན་བློས་ནི་མངོན་རྒྱུག་པ། །ཤེས་པ་ནོར་པར་ཁྱད་མེད་ཀྱང་། །དོན་བྱ་བ་ལ་ཁྱད་པར་ཡོད། །གང་ཕྱིར་བྱེ་བྲག་དོན་བྱེད་ཅིང་། །བྱེ་བྲག་
མཐོང་བ་སྔོན་འགྲོ་བ། །དེ་ཕྱིར་བྱེ་བྲག་རྣམས་ལ་ནི། །སྒྲ་དོན་སྒྲོ་བཏགས་ནས་འཇུག་གོ། །བྱེ་བྲག་ཡོངས་སུ་མ་ཤེས་ཕྱིར། །སྐྱེས་པ་དག་ནི་སྒྲ་དོན་ལ། །ཕྱི་རོལ་སྙམ་དུ་རློམ་བྱེད་ཅིང་། །ཕྱི་རོལ་ཉིད་ལ་རྒྱུག་པར་བྱེད། །བློ་ཡིས་བསྟན་པའི་ངོ་བོ་ལ། །སྨྲ་བ་པོ་ནི་སྒྲ་དག་གིས། །
ཡོད་དང་འགོག་པ་ཐམས་ཅད་བྱེད། །ཇི་ལྟར་ཡང་ནི་ཕྱི་ལ་མིན། །ཡོད་པ་བསགས་པའི་ངོ་བོའི་དོན། །འགོག་པ་མེད་པའི་བདག་ཉིད་དེ། །སྨྲ་བ་པོ་ཡི་བྱེ་བྲག་གིས། །སྒྲ་ལས་ཅིག་ཅར་གཅིག་ལ་ངེས། །རང་རྐྱེན་དབང་གིས་གཅིག་པ་དང་། །དུ་མའི་ངོ་བོར་ངེས་འགྱུར་ཏེ། །ཉེ་བས་

ཁ་དོག་བསྒྱུར་བ་ཡིས། །ནོར་བུ་རྣམས་དང་ཤེལ་བཞིན་ནོ། །དེ་ཕྱིར་བསྟན་བཅོས་བྱེད་པ་རྣམས། །དངོས་པོ་གཅིག་པུ་ལ་ཡང་ནི། །བློ་གྲོས་ཐ་དད་གཞན་དུ་ན། །ཐམས་ཅད་མཚུངས་པར་འཛིན་པར་འགྱུར། །བརྡ་ཡིས་རྗེས་སུ་མཐུན་བྱེད་པ། །ནོར་བའི་ས་བོན་
མཚུངས་པའི་ཕྱིར། །སྨྲ་བ་པོ་དང་ཉན་པའི་བློ། །དོན་གཅིག་འཛིན་པར་སྣང་བར་མཚུངས། །ཐོག་མེད་བག་ཆགས་གོམས་ཕྱིར་ཞིང་། །དེ་ཡང་རང་བཞིན་གྱིས་གནས་ཕྱིར། །སྒྲ་དོན་ཡུལ་ལ་དེ་ལྟ་བུར། །བློ་ནི་འཁྲུལ་པས་རབ་ཏུ་འཇུག །ཀུན་དུ་ཐ་དད་མི་སྣང་ལ། །བློ་ཡི་སྒྲ་དོན་དེ་ཉིད་
ལ། །སྤྱིའོ་སྙམ་དུ་རློམ་བྱེད་ཅིང་། །དེ་བཞིན་བྱེ་བྲག་སོགས་མཚན་ཉིད། །གཞན་ལས་ལོག་པའི་ངོ་བོ་ཡིས། །དངོས་པོའི་ངོ་བོ་གཞན་དུ་སྣང་། །དེ་ཕྱིར་གཞན་སེལ་ཞེས་བཤད་དེ། །དེ་བཞིན་དུ་ནི་དངོས་པོའི་ཆ། །དེ་ཕྱིར་སྒྲ་འདི་དེ་དེ་མིན། །འཇུག་དང་མི་འཇུག་འབྲས་བུ་ཡིན། །དེ་ཕྱིར་
གཞན་རྣམས་བཅད་པ་ནི། །དངོས་པོའི་ཆར་ནི་རབ་ཏུ་བསྟན། །གང་ལས་ལོག་པའི་དངོས་དེ་དག །དེ་དག་དེ་བཞིན་ཁོ་ནར་སྣང་། །སྤྱིར་ནི་བྱེ་བྲག་རྣམས་ལ་མིན། །བློ་ལ་སྣང་བ་མ་ཡིན་ནོ། །ཤེས་བྱ་མིན་སོགས་ལས་ལོག་པ། །ཐ་སྙད་འདོགས་པ་རྣམས་ལ་སྣང་། །དེ་ཕྱིར་ཤེས་བྱ་
སོགས་ཚིག་ལའང་། །གཞན་སེལ་རབ་ཏུ་བསྒྲུབས་པ་ཡིན། །ཤེས་བྱ་མིན་པའི་སྒྲ་དོན་གང་། །དེ་ཉིད་རྣམ་པར་ལོག་བྱེད་དེ། །ཤེས་བྱའི་སྒྲ་དང་འགལ་བའི་ཕྱིར། །སེང་ལྡེང་ཤིང་ཤ་པ་སོགས་བཞིན། །འོན་ཏེ་ཤེས་བྱ་མིན་དོན་མེད། །སྒྲ་ནི་ཇི་ལྟར་རབ་ཏུ་འཇུག །གལ་ཏེ་ཤེས་བྱ་
མེད་ལ་དེ། །དེ་ཉིད་རྣམ་པར་ཟློག་པར་བྱེད། །གང་ཕྱིར་མེད་པར་དགག་པ་ཡང་། །ལྡོག་པར་བྱས་པ་ཡིན་པས་ན། །དེ་མེད་པ་ཡི་སྒོ་ནས་ནི། །བསྒྲུབ་བྱ་སྒྲུབ་བྱེད་གཏན་ཚིགས་ཡིན། །གཞན་དངོས་རྣམ་པར་བཅད་པ་ལ། །བརྡ་རུ་འདོགས་པར་བྱེད་ན་ནི། །ཤིང་དང་ཤིང་མིན་དངོས་པོ་
དག །ཕན་ཚུན་རྟེན་པ་ཉིད་དུ་འགྱུར། །ཤིང་མིན་ལྟོས་ནས་ཤིང་མ་ཡིན། །ཤིང་ལ་བརྟེན་ནས་ཤིང་མིན་མིན། །ཕན་ཚུན་རྣམ་པར་དབེན་པ་ཡིས། །དེ་དེ་མིན་དབྱེ་རིག་སྒོ་ནས། །དེའི་དངོས་མིན་པར་བོར་ནས་སུ། །དེ་ལྟ་བུ་ལ་ཅི་ནས་ཀྱང་། །མི་ནི་འཇུག་པར་འགྱུར་སྙམ་ནས། །ཐ་སྙད་

འདོགས་པས་བརྡར་འདོགས་སོ། །བརྡར་འདོགས་པ་ལ་རིགས་མི་མཐུན། །རྣམ་པར་བཅད་ནས་འདི་ཉིད་ཅེས། །བྱ་བར་གདོན་མི་ཟ་བར་འདོད། །གསལ་བ་ངེས་ལ་བརྟེན་ཕྱིར་རོ། །གཞན་ལ་ཡིན་ན་དེ་ལྟ་ན། །དེ་དོན་ངེས་པ་ཉིད་མི་འགྱུར། །ངག་གི་འབྲས་བུ་རྣམ་གཅོད་དེ། །དེ་
མེད་ན་ནི་འབྲས་བུ་མེད། །ཤིང་ནི་ཤིང་མིན་རྣམ་གཅོད་དོ། །ཤིང་ལ་བརྟེན་ནས་ཤིང་མིན་མིན། །ཤིང་མིན་མེད་པ་མ་རྟོགས་པ། །ཤིང་དེ་ཕན་ཚུན་ལྟོས་མ་ཡིན། །སྒྲ་ཡི་བྱེད་པའི་བྱེ་བྲག་གིས། །བྱེ་བྲག་འདིར་ནི་རབ་བསྒྲགས་ཀྱིས། །དངོས་པོའི་བྱེ་བྲག་གིས་མིན་ན། །ཅི་ཕྱིར་དེ་སྒྲོ་
བཏགས་སུན་འབྱིན། །ཤིང་མིན་མེ་ཡི་ངོ་བོ་ཡི། །ཤིང་ལ་སོགས་པ་སེལ་བའི་ཕྱིར། །ཤིང་དངོས་བྱེ་བྲག་གིས་མིན་ཏེ། །དེ་ཕྱིར་ཕན་ཚུན་རྟེན་མ་ཡིན། །སྒྲ་ཡི་དོན་ཡང་གཞན་ཡིན་ལ། །དངོས་པོའི་དོན་ཡང་གཞན་དུ་འདོད། །ཤིང་ནི་སྒྲ་སོགས་སོགས་པ་སྟེ། །སྒྲ་དོན་འབྲེལ་བ་
མེད་པ་ཉིད། །རྟགས་དང་གྲངས་དང་རྣམ་དགེ་སོགས། །ཐམས་ཅད་འདྲེས་པའི་བདག་ཉིད་དེ། །མིག་གིས་གསལ་བྱ་སྒྲ་ཡིས་ནི། །སྐྱེས་བུ་ལ་སོགས་བསྟན་པ་ཡིན། །དེ་ལྟར་བྱེ་བྲག་ལྡོག་མཚན་ཉིད། །བདག་ཉིད་གཅིག་ཏུ་གོ་བ་ཡིན། །ཐ་དད་མིན་ཕྱིར་དེ་བཞིན་དུ། །རིགས་དང་བྱེ་
བྲག་སོགས་བརྗོད་མིན། །འདིས་ནི་གཞན་སེལ་ཞེས་བྱ་ལ། །བ་ལང་སོགས་རྟོགས་བྱ་བའི་ཕྱིར། །སྒྲ་གཞན་བཙལ་བར་བྱའོ་ཞེས། །སྨྲས་པ་གང་ཡིན་དེ་བསལ་ཏོ། །ལྡོག་པ་དང་ནི་ལོག་པ་གཉིས། །ཐ་དད་ན་ནི་འདིར་འགྱུར་ན། །ཐ་དད་མིན་ན་སྒྲ་གཞན་ཞིག །ཅི་ཡི་ཕྱིར་ན་ཡོངས་སུ་
རྟོག །དེ་ལ་སོགས་པ་གཞན་སེལ་ལ། །ཉེས་པ་བསྟན་པ་གང་དག་ཡིན། །དེ་དག་གིས་ནི་གནས་མི་ཐོད། །མཁལ་ལ་ལྕག་གིས་རྡོབ་པ་བཞིན། །འདི་ནི་ཁོ་ན་ཉིད་བསམ་པ། །སྒྲ་ཡི་དོན་ཡང་གནས་པར་བྱ། །འཇིག་རྟེན་ཐ་སྙད་རྣམས་ལ་ནི། །རང་གི་བསམ་པའི་རྗེས་སུ་འཇུག །
དོན་དེ་ཇི་ལྟར་གོ་འགྱུར་བ། །དེ་དེ་བཞིན་དུ་གཏན་ལ་འབེབས། །ཐ་སྙད་ཀྱིས་ནི་གཉེར་བའི་ཕྱིར། །དེ་དེ་བཞིན་དུ་གཞན་དུ་མིན། །ཀུན་མཁྱེན་ཁོ་ནའི་དོན་ལ་ནི། །གླང་པོ་མིག་འཛུམས་བཞིན་མཛད་ནས། །ཐ་སྙད་ལ་ནི་རྣམ་གནས་ནས། །འཇིག་རྟེན་བཞིན་དུ་དོན་སྟོན་མཛད། །ཀ་ཏམ་

ཀར་ཀོ་ཏ་ཀ་པ་ཏ་སོགས། །ཕན་ཚུན་རྣམ་ལྡོག་དངོས་པོ་གང་དག་ཡིན། །དེ་དག་བློས་དངོས་གཅིག་ཏུ་ཡོངས་བརྟགས་ནས། །ཤིང་དང་ལྗོན་ཤིང་སྒྲར་ནི་བཏགས་པ་ཡིན། །གཅིག་པ་ཡིན་ཡང་དུ་མར་ཡོངས་བརྟགས་ནས། །སྐྱེ་འཇིག་གནས་དང་གཟུགས་ཅན་
གཟུགས་ཅན་མིན། །བདག་ཉིད་ཐ་དད་སྒྲ་རྣམས་རབ་ཏུ་སྦྱོར། །དེ་ཕྱིར་སྒྲ་ནི་དངོས་པོ་མི་སྨྲ་ཡིན། །གཞན་སེལ་བརྟག་པའི་ཚིག་ལེའུར་བྱས་པ། །སློབ་དཔོན་དགེ་སྲུངས་ཀྱིས་མཛད་པ་རྫོགས་སོ།། །།༄༅༅། །རྒྱ་གར་སྐད་དུ། ཨཱི་ཤྭ་ར་བཱཾ་ག་ཀཱ་རི་ཀཱ། བོད་སྐད་དུ།
དབང་ཕྱུག་འཇིག་པའི་ཚིག་ལེའུར་བྱས་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གང་གིས་ཡང་དག་མཁྱེན་གྱུར་ཅིང་། །སེམས་ཅན་རྣམས་ལ་སྟོན་བྱེད་པ། །འགྲོ་མགོན་དེ་ལ་ཕྱག་འཚལ་ཏེ། །ཡང་དག་གཏན་ལ་དབབ་པར་བྱ། །ལས་དང་ཉོན་མོངས་ལས་སྐྱེས་ཤིང་། །
སྐད་ཅིག་མ་དང་དེ་བདག་མེད། །ཐམས་ཅད་མཁྱེན་དང་འདོད་ཆགས་བྲལ། །བསྡུས་ཏེ་འདིར་ནི་བརྗོད་པར་བྱ། །གླེན་བློ་གང་ཞིག་འདི་དག་ཀུན། །དབང་ཕྱུག་གིས་ནི་བྱས་སོ་ཞེས། །སྨྲ་བ་དེ་ཡང་མི་ཤེས་པ། །གཞོམ་ཕྱིར་འཁོར་དུ་གསལ་བར་བརྗོད། །ལུས་དང་དབང་པོ་ས་ལ་
སོགས། །ཐམས་ཅད་དབང་ཕྱུག་གིས་མ་བྱས། །ལུས་འབྲས་རྟོགས་པ་ཐ་དད་ཕྱིར། །དཔེར་ན་རྒྱུ་ལས་སྐྱེས་མཐོང་བཞིན། །དེ་ཡང་དབང་ཕྱུག་བསྐྱེད་བྱ་ན། །བློ་ལྡན་སྐྱེ་ལས་གྲུབ་འགྱུར་ཏེ། །ཇི་ལྟར་བུམ་པ་དེ་བཞིན་དུ། །གཞན་ཞེས་གཏམ་དུ་བརྗོད་མི་བྱ། །བྱེད་པ་ལ་སོགས་
རྟག་པ་ཡི། །རྒྱུ་ལས་སྐྱེས་པ་མ་ཡིན་ཏེ། །རིམ་འཇུག་ཕྱིར་ན་དཔེར་བློ་བཞིན། །བདག་དང་དབང་ཕྱུག་སེལ་བར་བལྟ། །གལ་ཏེ་དེ་ཡང་དབང་ཕྱུག་ལས། །ལོག་པའི་ཤེས་པ་བཟློག་པའི་ཕྱིར། །བསྟན་བཅོས་རྩོམ་པ་དོན་མེད་དེའི། །རྒྱུ་ཡོད་པ་ལས་སྐྱེ་ཕྱིར་རོ། །དངོས་པོ་
དབྱངས་དང་ལྡན་པ་རྣམས། །བློ་དང་ལྡན་པས་བྱས་འགྲུབ་པ། །དེ་ཡང་ཆོས་ཀྱི་ཁྱད་པར་ལས། །ཕྱིན་ཅི་ལོག་ཏུ་སྒྲུབ་པ་ཡིན། །ལུས་སོགས་དབྱིབས་དང་ལྡན་པའི་ཕྱིར། །མི་རྟོག་དུ་མས་བསྐྱེད་བྱ་བར། །གཟུང་སྟེ་དཔེར་ན་ཁྱིམ་སོགས་ལ། །དེ་བཞིན་དུ་ནི་མཐོང་ཕྱིར་རོ། །

བློ་དང་ལྡན་པའི་རྒྱུ་ཅན་དུ། །འོན་ཏེ་སྤྱིར་ནི་སྒྲུབ་བྱེད་ན། །གྲུབ་པ་སྒྲུབ་སྟེ་གང་གི་ཕྱིར། །ཐམས་ཅད་ལས་ལས་སྐྱེས་པར་འདོད། །དངོས་རྣམས་བརྒྱན་པ་ཉིད་དོ་ཞེས། །གཏན་ཚིགས་ཡོངས་སུ་བསྒྲགས་པ་གང་། །དེ་ཡང་མ་གྲུབ་དངོས་པོ་ཀུན། །དེ་ཡི་ངོ་བོར་འབྱུང་ཕྱིར་རོ། །གང་
ཕྱིར་ཐ་དད་གྲུབ་དངོས་རྣམས། །བཀོད་པ་བརྒྱན་པ་ཞེས་བྱ་ན། །དེ་ཡང་མིག་ལ་སོགས་རྣམས་ལ། །ཁྱིམ་ལ་སོགས་བཞིན་མི་སྣང་ངོ་། །དབང་ཕྱུག་འདོད་པའི་དངོས་པོ་དེ། །དབང་སོགས་ཡོན་ཏན་མི་ལྡན་ཏེ། །མི་སྐྱེ་བ་དང་མི་འཇིག་བཞིན། །ཁྱབ་ཕྱིར་ནམ་མཁའི་བདག་ཉིད་
བཞིན། །རྒྱུ་ལྡན་ཕྱིར་ན་གཞན་གྱིས་བསྐྱེད། །དཔེར་ན་བུམ་པ་ལ་སོགས་བཞིན། །རི་བོང་རྭ་ནི་མ་སྐྱེས་ལ། །རྒྱུ་ཉིད་ཡོད་པ་མ་ཡིན་ནོ། །དགོས་པ་མེད་པར་བྱེད་པ་ནི། །སྨྱོན་པ་རྣམས་དང་མཚུངས་པར་འགྱུར། །འོན་ཏེ་དགོས་པའི་ཕྱིར་ཡིན་ན། །དེ་ལ་དབང་ཕྱུག་ཡོད་མི་འགྱུར། །
གལ་ཏེ་དབང་ཕྱུག་གཞན་དག་དང་། །ལས་ལ་ལྟོས་པ་ཡིན་ན་ནི། །དེ་ལ་ལྟོས་ན་དེ་ལ་ནི། །དད་པ་ཁོ་ནས་དམིགས་པར་ཟད། །གལ་ཏེ་ལུས་སོགས་གཟུགས་ཡིན་ན། །ཐམས་ཅད་བྱེད་པ་མ་ཡིན་ཏེ། །ལུས་ལྡན་དབང་པོ་ལྡན་པའི་ཕྱིར། །བྱེད་ཕྱིར་དེ་ལས་གཞན་པ་བཞིན། །ཇི་སྐད་
བཤད་པའི་གཏན་ཚིགས་ལས། །དབང་ཕྱུག་སྐྱེ་དང་ལྡན་པ་དང་། །འཇིག་དང་ཁྱབ་པ་ཉིད་དུ་ནི། །རྣམ་པ་ཀུན་དུ་ཐལ་བར་འགྱུར། །དབང་ཕྱུག་འདོད་པས་བྱེད་པོ་ན། །ལ་ལར་ཀུན་དུ་ཅི་ཕྱིར་མིན། །ཡོན་ཏན་སྐྱོན་དག་རྣམ་དཔྱད་ནས། །ལ་ལར་འདོད་པ་རབ་འཇུག་གོ། །ཡོན་ཏན་
སྐྱོན་སྐྱེ་གང་ཡིན་པ། །དབང་ཕྱུག་སྔོན་དུ་འགྲོ་ཡིན་ན། །དེས་ན་དེ་དག་ཐམས་ཅད་དུ། །སྐྱེ་བ་ཉིད་དུ་ཐལ་བར་འགྱུར། །དེ་ཙམ་ལས་ནི་སྐྱེ་བའི་ཕྱིར། །འདོད་པ་ཅིག་ཅར་སྐྱེ་བར་འགྱུར། །སྔར་སྐྱེས་མ་ཡིན་གང་ཡིན་ཏེ། །ཕྱིས་ནི་ཇི་ལྟར་སྐྱེ་བར་འགྱུར། །འོན་ཏེ་ཤེས་པའི་ངོ་བོ་ན། །དབང་
པོ་མེད་པར་ག་ལ་ཞིག །མ་སྤྲུལ་པ་ཡི་སྔོན་རོལ་དུ། །ཤེས་བྱ་མེད་པར་ཇི་ལྟར་ཤེས། །འོན་ཏེ་མི་གསལ་རང་བཞིན་ན། །རང་དབང་ཅན་དུ་ཇི་ལྟར་སྔོན། །འདོད་པ་སྐྱེ་བའི་རྒྱུ་ཙམ་སྟེ། །དཔེར་ན་ཆུ་ལ་སོགས་བཞིན་ན། །རྒྱུ་ཡིན་ན་ཡང་རྟག་པ་དང་། །ངོ་བོ་གཅིག་ཏུ་རྣམ་གནས་ཕྱིར། །དངོས་

པོ་རྣམས་ནི་ཐམས་ཅད་དུ། །རྟག་ཏུ་སྐྱེ་བ་ཉིད་དུ་འགྱུར། །རིགས་པའི་ལམ་གྱི་རྗེས་འབྲངས་པའི། །མཁས་པའི་ཚུལ་ནི་འདི་ཉིད་ཀྱིས། །ཁྱབ་འཇུག་ཚངས་པ་ལ་སོགས་པའང་། །གསལ་བར་ཁོང་དུ་ཆུད་པར་བྱ། །དབང་ཕྱུག་འཇིག་པའི་ཚིག་ལེའུར་བྱས་པ། །
སློབ་དཔོན་དགེ་སྲུངས་ཀྱིས་མཛད་པ་རྫོགས་སོ།། །།༄༅༅། །རྒྱ་གར་སྐད་དུ། པྲ་མཱ་ཎ་པ་རཱིཀྵ། བོད་སྐད་དུ། ཚད་མ་བརྟག་པ། བམ་པོ་དང་པོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཐ་མལ་མ་ཡིན་མིག་གྲུབ་པས་ཀྱང་རིག་མིན་དེ་ཡི་རང་བཞིན་
ལས་ལྡོག་པ། །རིག་པ་དང་ལྡན་འཁྲུལ་པ་རྣམས་ཀྱིས་མི་ཐོབ་སྣ་ཚོགས་སྡུག་བསྔལ་ཟད་པ་ནི། །གང་གིས་འགྲོ་བ་མ་ལུས་གསལ་བར་བསྟན་ནས་དོན་དུ་གཉེར་བས་ཐོབ་མཛད་པ། །ཚད་མ་རབ་བརྗོད་བདེ་གཤེགས་དེ་ལ་ཕྱག་འཚལ་ནས་ནི་ཚད་མ་རབ་བཤད་བྱ། །སྐྱེས་བུའི་
སེམས་ཀྱི་རྣམ་པར་གཡེང་བའི་མུན་པ་ནི། །སེལ་བར་མཛད་ཅིང་འཇིག་རྟེན་གསུམ་ན་གནས་པ་ཡི། །དངོས་པོ་མ་ལུས་གསལ་བའི་ཚིག་གི་འོད་ཟེར་གྱིས། །རྣམ་པར་འགོད་མཛད་ཆོས་ཀྱི་གྲགས་པ་ཉི་མ་བཞིན། །ཚད་མ་འཇུག་ཡུལ་ངེས་པའི་ཐོབ་པ་སྒྲུབ་པར་བྱེད་པ་
ཡིན་པར་བརྗོད། །ཐོབ་པ་འཇུག་པ་སྔོན་འགྲོ་ཅན་ཏེ་འཇུག་པའི་གཞི་ནི་ཤེས་པ་ཡིན། །ཡུལ་རབ་སྟོན་པས་གཙོ་བོ་ཡིན་ཕྱིར་ངེས་བྱེད་འཇུག་པར་བྱེད་པ་ཅན། །དེའི་ཕྱིར་ངེས་པའི་ཐ་དད་དངོས་ངེས་དེ་ཡིན་དེ་ཡང་ཐོབ་པར་ནུས། །སྐྱེས་བུའི་དོན་འགྲུབ་པའི་རྒྱུ་མཚན་ནི་ཚད་མ་ཡིན་
པའི་ཕྱིར་རྟོག་གེ་བའི་བསྟན་བཅོས་ལས་དེའི་མངོན་སུམ་ལ་སོགས་པའི་རང་བཞིན་གྱི་རབ་ཏུ་དབྱེ་བ་དང་། དེའི་མཚན་ཉིད་རྗེས་སུ་རྟོག་པར་བྱེད་དོ། །ཚད་མའི་སྒྲ་འདི་རྒྱུ་མཚན་ལ་ལྟོས་པ་མེད་པར་འདོད་པ་ཙམ་གྱིས་མངོན་སུམ་ལ་སོགས་པའི་ཤེས་པའི་བྱེ་བྲག་རྣམས་ལ་འཇུག་
པ་ནི་མ་ཡིན་ཏེ། གང་གི་ཕྱིར་མུ་སྟེགས་བྱེད་གཞན་གྱིས་བརྟགས་པའི་ཚད་མ་ལ་འདི་ནི་ཚད་མ་མ་ཡིན་ནོ་ཞེས་འགོག་པའི་ཕྱིར་རོ། །རྒྱུ་མཚན་མེད་པར་ཚད་མའི་སྒྲས་བརྗོད་པར་བྱ་བ་ཡིན་ན་ནི་ཤེས་པ་ཚད་མ་མ་ཡིན་པར་ཇི་ལྟར་འགྱུར། འདི་སྐད་དུ་འདི་ནི་ཚད་མ་ཡིན་མོད་ཀྱི་

འོན་ཀྱང་། དོན་འགྲུབ་པའི་རྒྱུ་མ་ཡིན་ནོ་ཞེས་ནི་བརྗོད་པར་རིགས་སོ། །འདི་ལྟར་རྣམ་པར་རྟོག་པའི་ཤེས་པ་ལ་གནས་པ་གང་ཡིན་པ་དེ་ནི་མིང་གི་སྒྲས་བརྗོད་པར་བྱ་བར་ནུས་པ་ཡིན་ཏེ། དཔེར་ན་བུམ་པ་ལ་སོགས་པ་བཞིན་ནོ། །གཞན་གྱིས་མངོན་པར་འདོད་པའི་ཤེས་པ་ཡང་དེ་
བཞིན་ནོ། །རྣམ་པར་རྟོག་པས་བཀོད་པ་ཡང་བརྗོད་པར་བྱ་བ་མ་ཡིན་ན་ནི་འགའ་ཡང་བརྗོད་པར་བྱ་བར་མི་འགྱུར་རོ། །མངོན་པར་བརྗོད་པ་དང་འབྲེལ་པར་རུང་བ་ཉིད་ཀྱིས་ནི། རྣམ་པར་རྟོག་པའི་ཡུལ་ལ་ཁྱབ་པ་ཡིན་གྱི། དེ་ཡང་བརྗོད་པར་བྱ་བ་ཡིན་པ་ལ་ཡོད་པ་མ་ཡིན་ནོ། །མིང་
དང་འབྲེལ་པར་བྱེད་པའི་རྒྱུ་ནི་དེ་ཉིད་ཡིན་ཏེ། དེ་ཡོད་ན་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་མི་འགྱུར་རོ། །དེས་ན་བརྗོད་པར་བྱ་བ་མ་ཡིན་པ་རྣམས་ལས་མངོན་པར་བརྗོད་པ་དང་འབྲེལ་བ་རུང་བ་ཉིད་ལྡོག་པ་ན་རྣམ་པར་རྟོག་པ་ལ་གནས་པ་ཉིད་ཀྱང་ལྡོག་པར་འགྱུར་རོ། །དེ་ལྟར་ཡིན་ན་
གང་ལ་བརྗོད་པར་བྱ་བ་གཞན་འགོག་པ་ཡང་ཡིན་པ་དེ་ནི་རྒྱུ་མཚན་དང་བཅས་པ་ཉིད་དེ། དཔེར་ན་བ་ལང་གི་སྒྲ་འཁྲུལ་བ་རྟ་ལ་སྦྱར་བ་བཀག་པ་ན་དེ་དང་འབྲེལ་པ་བཞིན་ནོ། །རྒྱུ་མཚན་ལ་ལྟོས་པ་ཡང་བྱེ་བྲག་ཏུ་བཤད་པའི་ལས་ལ་བརྟེན་པ་གང་ཡིན་པ་དེ་ཉིད་དམ། ཡང་ན་མངོན་
པར་བརྗོད་པའི་དུས་སུ་བརྟེན་པ་མངོན་པར་འདོད་པའི་འབྲས་བུ་ཐོབ་པའི་རྒྱུ་མཚན་ཡིན་པར་འགྱུར་གྲང་། དེ་ལ་བྱེ་བྲག་ཏུ་བཤད་པ་ལ་བརྟེན་པ་ནི་བྱེད་པ་སྒྲུབ་པའི་ཚད་མ་གྲུབ་པའི་སྒྲའི་བརྗོད་པར་བྱ་བ་བྱེད་པའི་དངོས་པོར་རྟོགས་པ་ཡིན་ལ། དེ་ཉིད་ཀྱང་སྒྲ་པ་རྣམས་ཀྱིས་བརྗོད་
བར་བྱ་བར་རྟོགས་པ་ཡིན་ཏེ། གང་གི་ཕྱིར་དེ་ནི་འཇིག་རྟེན་པ་ཉིད་ཀྱི་ཡིན་གྱི། རྣམ་པར་བཤད་པའི་དོན་གཞན་མི་རིགས་པ་དེས་ན་ཚད་མའི་སྒྲ་ནི་འཇལ་བར་བྱེད་པ་བྱེད་པ་པོའི་དངོས་པོའི་རྒྱུ་མཚན་ཡིན་ནོ་ཞེའོ། །ཕྱོགས་འདི་ལ་ནི་ཤེས་པ་ཐམས་ཅད་འཇལ་བར་བྱེད་པ་པོའི་
དངོས་པོར་རྟོགས་པ་ཉིད་ཀྱིས་ཚད་མར་འགྱུར་བའི་ཕྱིར་ཚད་མ་དང་ཚད་མ་མ་ཡིན་པའི་རྣམ་པར་དབྱེ་བ་མེད་པར་འགྱུར་རོ། །གང་གི་ཕྱིར་གང་ཁོ་ནའི་རྒྱུས་གང་ལ་བྱེད་པའི་ཐ་སྙད་གང་ཡིན་པ་དེ་ནི་དེ་ཡོད་ན་དེ་ལ་འཇུག་པར་བྱེད་པ་ཉིད་ཡིན་ཏེ། དཔེར་ན་དབྱིབས་ཀྱི་ཁྱད་པར་ཅན་

གྱི་འབྲས་བུ་སྒྲུབ་པའི་ནུས་པ་ཙམ་གྱི་རྒྱུ་མཚན་གྱིས་འཇིམ་གོང་ལ་བུམ་པར་ཐ་སྙད་བྱེད་པ་བཞིན་ནོ། །དེ་བཞིན་དུ་ཚད་མའི་ཐ་སྙད་ཀྱང་འཇལ་བར་བྱེད་པ་པོ་དངོས་པོ་ཙམ་གྱི་རྒྱུ་མཚན་གྱི་ཤེས་པ་ལ་བྱེད་པ་ཡིན་ནོ། །དེ་ཡོད་ཀྱང་མི་འཇུག་ན་ནི་རྒྱུ་དང་ལྡན་པའི་ཐ་སྙད་རྒྱུ་
གཞན་ལ་ལྟོས་པས་ཁྱབ་ལ། རྒྱུ་གཞན་དང་ལྡན་པ