Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 190

Văn bản gốc(Tây Tạng)

Trang 12 / 25 (50.000 ký tự/trang)
་ནི་དེ་ཉིད་དེའི་ཡུལ་མ་ཡིན་ནོ། །ཡང་ཅིག་ཤོས་ནི། འོན་ཀྱང་སྔགས་དང་སྨན་མེད་པར་ཞེས་བྱ་བ་ལ་

སོགས་པ་སྨོས་ཏེ། འདིའི་སྒྱུ་མ་མཁན་མེད་ན་གང་ལས་སྔགས་དང་སྨན་རྣམས་ཀྱི་དངོས་པོ་སློབ་པ་ན་གང་གིས་འགའ་ཞིག་སྔར་མེད་པའི་དངོས་པོ་སྐྱེད་པ་ཡང་མེད་ལ་སྔ་མ་འཇིག་པ་ཡང་མེད་ལ་ཅུང་ཟད་ཅིག་བར་དུ་ཆོད་པ་ཡིན་པ་དང་། གཞན་ཡང་རིང་པོ་མ་ཡིན་པ་
ཞེས་བྱ་བ་ནི་རེག་པར་འདོད་པ་ཡིན་པ་དེའི་ཕྱིར་སྐྱེས་བུའི་མངོན་སུམ་མ་ཚང་བ་མེད་པ་ལས་གཞན་པའི་ཤེས་པ་དང་ཡོད་པ་འགའ་ཞིག་མངོན་སུམ་གྱི་ཡུལ་དུ་གྱུར་པ་དང་། འགའ་ཞིག་ཁོང་དུ་ཆུད་པ་ཡང་མ་ཡིན་ཏེ། འགའ་ཞིག་ནི་རྗེས་སུ་དཔག་པའི་ཡུལ་ལ་འགའ་ཞིག་ནི་མངོན་
སུམ་དང་འགའ་ཞིག་ནི་ལུང་ལས་ཡིན་ནོ། །ཡང་ཅི་དེ་དག་ཐམས་ཅད་སྲིད་པར་མི་འགྱུར་རམ་ཞེ་ན། ཁྱད་པར་མེད་པ་དེ་ཉིད་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱས་པའི་རྣམ་པའི་བྱེ་བྲག་འདི་དང་ཁྱད་པར་མེད་པའི་དོན་འགལ་བར་འགྱུར་ཏེ། འདི་གཞན་དག་ན་རེ།
གལ་ཏེ་ཁྱད་པར་མེད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཅིག་ལ་ཁྱད་པར་དུ་བྱེད་པ་དགག་པའམ། གལ་ཏེ་གཞན་ཞིག་རྐྱེན་དེའི་ཐ་སྙད་ཐ་དད་པར་འགྱུར་རོ་ཞེའོ། །གྲུབ་པའི་མཐའ་སྨྲ་བས། ཁྱད་པར་དེའི་བདག་ཉིད་དུ་གྱུར་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
དེའི་ཁྱད་པར་ནི་དེའི་བདག་ཉིད་དུ་གྱུར་པའམ་ཅི་གཞན་དུ་གྱུར་པ་ཞིག་ཡིན་ན། བདག་ཉིད་དུ་གྱུར་པ་ཞིག་ཡིན་བདག་ཉིད་དུ་གྱུར་ན། རྗེས་སུ་འགྲོ་བ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པའི་སྐྱོན་སྨོས་སོ། །དེའི་ལྡོག་པའི་ཁྱད་པར་ནི་མ་ལུས་པ་ལྡོག་པར་འགྱུར་རོ། །འཇུག་
པ་ཡིན་ན་ཡང་སྔ་མ་དེ་ཉིད་ལས་སྐྱེ་བར་འགྱུར་རོ། །དེ་ལྟ་ན་དེ་ནི་བདེ་བ་དང་སྡུག་བསྔལ་བཞིན་དུ་ཇི་ལྟར་རང་བཞིན་ཐ་དད་པར་མི་རྟོགས། དེ་ལྟར་ནི་འགྱུར་ན་རྗེས་སུ་འགྲོ་བ་དང་བཅས་པ་ཉིད་འཇུག་པ་དང་ལྡོག་པར་འགྱུར་བ་ཡིན་ནོ་ཞེ་ན། རྗེས་སུ་འགྲོ་བ་དང་བཅས་པ་ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རྗེས་སུ་འགྲོ་བ་དང་བཅས་པ་ཉིད་ཀྱི་ཁྱད་པར་དུ་ཁས་བླངས་པ་ཡང་ཉམས་པ་ཡིན་ཏེ། དེ་ལྟ་ན་སུ་ཞིག་ཅི་འཇུག་པ་དང་ལྡོག་པ་ཡིན་ཞེས་བརྗོད་པར་འགྱུར་རམ། དེ་དག་གི་རྗེས་སུ་འགྲོ་བ་རྟོགས་པ་ཡང་མེད་པ་དེའི་ཕྱིར་འདི་ནི་ཅི་

ཡང་མ་ཡིན་ནོ། །ཡང་ན་གཞན་དུ་གྱུར་པའི་ཁྱད་པར་ཡིན་པ་དེའི་ཚེ་འབྲེལ་བ་མེད་པས་འདི་ནི་ཁྱད་པར་ཡིན་ནོ་ཞེས་སྒྲ་མེད་པ་འདིའི་ཕྱོགས་ཀྱང་རགས་པའི་ཕྱིར་ཉེ་བར་དགོད་པ་མ་ཡིན་ནོ། །གཞན་དག་གི་འདོད་པ་རང་ཉིད་ཀྱི་འདོད་པ་ཐ་མི་དད་པར་བསྟན་པ། གཞན་ཡང་འདི་
ལྟར་རང་བཞིན་འགའ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཁྱེད་ཀྱང་དོན་འགའ་ཞིག་ལ་འཇུག་པ་དང་། ལྡོག་པར་འདོད་ན་དེ་ཁོ་བོ་ཅག་གི་འདོད་པ་འདི་ཅི་སྟེ་ཁྱེད་ཁས་ལེན་པར་མི་བྱེད། རྗེས་སུ་བཀག་པའི་རྒྱུ་གཞན་མེད་པ་མ་ཡིན་ནོ་སྙམ་ནས། གལ་ཏེ་རྗེས་
སུ་འགྲོ་བ་མེད་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་པ་ཡང་རྗེས་སུ་འགྲོ་བ་མེད་པའི་སྐྱེ་བ་དང་འཇིག་པ་འདོད་པ་ཡིན་ནོ། །སངས་རྒྱས་པས་སྨྲས་པ། རྗེས་སུ་འགྲོ་བ་ཞེས་བྱ་བ་གང་ཡིན་ཞེས་བྱ་བ་ནི་རང་གི་ངོ་བོ་བརྗོད་པར་བྱའོ། །གཞན་གྱིས་སྨྲས་པ།
གལ་ཏེ་ཡོད་པའི་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་ནི་སྐྱེ་བའམ་རིགས་པར་ཉམས་སུ་མྱོང་བ་ནི་ཡོད་པའི་ནུས་པའི་ངོ་བོའི་གནས་སྐབས་ནི་རྗེས་སུ་འགྲོ་བ་ཡིན་ནོ། །དེ་ལྟར་ནི་འགྱུར་ན་དེའི་ཡང་སྐྱེ་བ་ཡིན་ནོ་ཞེ་ན། གལ་ཏེ་ཡོད་པའི་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་བ་ནི་སྔར་ཡོད་པ་ཡིན་
ནོ། །འགལ་བ་ཡང་སྔར་གནས་པ་མ་ཡིན་པ་དེའི་ཕྱིར་སྐྱེ་བ་ནི་དེའི་ཐམས་ཅད་དུ་སྐྱེ་བ་ཡང་མ་ཡིན་ལ་འཇིག་པ་ནི་མ་ལུས་པར་འཇིག་པ་ཡིན་ནོ། །ནུས་པ་ཐ་དད་པ་གཞན་ཡང་མ་མཐོང་ངོ་ཞེས་བསྟན་བཅོས་བྱེད་པས་སྨྲས་པ་ནི། གལ་ཏེ་རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་
པ་ནི། གལ་ཏེ་ནུས་པ་ཐམས་ཅད་དུ་ཕུལ་དུ་དབྱུང་དུ་མེད་པ་དེ་ལྟ་ན་ཕུལ་དུ་དབྱུང་བ་ནི་གཞན་སྐྱེ་བ་དང་འཇིག་པའི་ཐ་སྙད་དུ་བྱེད་པའི་རྒྱུ་མཚན་ཡིན་ནོ། །གཞན་གྱི་ཐ་སྙད་དུ་བྱེད་པའི་རྒྱུ་མཚན་ནི་གལ་ཏེ་གནས་སྐབས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནས་སྐབས་དེ་ནི་ཁྱད་པར་དུ་བྱེད་པ་དེའི་ཕྱིར་
ཐ་སྙད་གྲུབ་པ་ཡིན་ནོ། །བསྟན་བཅོས་བྱེད་པས་སྨྲས་པ། གནས་སྐབས་དེ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པ་གཞན་སྲིད་པ་ཡིན་ན་ནུས་པའི་གནས་སྐབས་ཡིན་པས་དེའི་ཕྱིར་གཞན་ལ་དྲིས་པ་ཡིན་ནོ། །དེ་ཁོ་ན་ཉིད་ཀྱི་ཕྱོགས་ལ་སྐྱོན་བསྟན་པ་ནི་གཅིག་ཡིན་ན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་

ཚེ་ནུས་པའི་གནས་སྐབས་གཅིག་ཡིན་ན་དེའི་ཚེ་ཇི་ལྟར་འདི་གཅིག་གི་བདག་ཉིད་ཆ་ཤས་མེད་པར་གྲུབ་པ་ཕན་ཚུན་འགལ་བ་མཐོང་སྟེ། འདི་ལྟ་སྟེ་སྐྱེ་བ་དང་མི་སྐྱེ་བ་ཞེས་བྱ་བ་ལ་སོགས་པའོ། །གྲུབ་པ་ཞེས་བྱ་བ་ནི་ཅིག་ཅར་དུའོ། །འདི་ཕན་ཚུན་དུ་གལ་ཏེ་
གནས་སྐབས་དང་ནུས་པའི་དབྱེ་བ་ལ་སོགས་པ་སྨོས་སོ། །ཡོད་པའི་དབྱེ་བ་ནི་འདི་ལྟ་སྟེ་ནུས་པ་དང་ཞེས་བྱ་བ་ཡིན་ནོ། །གནས་སྐབས་ཞེས་བྱ་བ་ནི་དེའི་ཕྱིར་སྐྱེ་བ་དང་མི་སྐྱེ་བ་ལ་སོགས་པ་དབྱེ་བ་ཞེས་བྱ་བ་ཅུང་ཟད་ཅིག་ཙམ་གྱིས་རྣམ་པ་ཐ་དད་པ་ཡིན་ནོ། །གཞན་གྱི་ལྟག་ཆོད་ཡིན་
པ་བསྟན་པའི་ཕྱིར་བརྗེད་ངས་པའི་ངང་ཚུལ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནས་སྐབས་སུ་ཡོད་པ་མི་དྲན་པའོ། །འོ་ན་ནི་ནུས་པའི་གནས་སྐབས་རྣམ་པར་དབྱེ་བ་མེད་པའི་ཕྱོགས་འདི་ལ་འགལ་བས་གནོད་པ་ཡིན་ནོ། །འོན་ཏེ་ཉེས་པ་འདིར་མི་འགྱུར་ཏེ། གཞན་ཁས་
བླངས་པའི་ཕྱིར་རོ་སྙམ་ནས་གཞན་གྱིས་སྨྲས་པ། འོན་ཏེ་རྣམ་པར་དབྱེ་བ་མེད་པ་ཞེས་བྱ་བ་ལ་སོགས་པ་ནི་གང་གི་ཚེ་ནུས་པའི་གནས་སྐབས་གང་དག་ཐ་དད་པ་ཁས་བླངས་པ་དེའི་ཚེ་འགལ་བ་འགའ་ཞིག་ཀྱང་མེད་དོ། །སྐྱེ་བ་དང་མི་སྐྱེ་བ་ལ་སོགས་པ་ཐ་དད་པའི་དོན་གྱི་ཡུལ་ཡིན་
པའི་ཕྱིར་རོ། །འོན་ཀྱང་ཁྱེད་ལ་སྐྱེ་བ་དང་འཇིག་པའི་མཚམས་སྦྱོར་བ་གྲུབ་པ་ཡིན་ཏེ། རྒྱུ་མཚན་ཅི་ཡིན་ཞེ་ན། གང་གི་ཕྱིར་རང་གི་རྗེས་སུ་འགྲོ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་བ་དང་འཇིག་པའི་གནས་སྐབས་ཀྱི་མཚམས་སྦྱོར་བའི་ནུས་པའི་རྗེས་སུ་འགྲོ་བ་ནི་མེད་དེ།
དེའི་སྐྱེ་བ་དང་འཇིག་པ་ནི་མེད་དོ། །ཕ་རོལ་པོས་གཞན་ཡང་སྨྲས་པ། གལ་ཏེ་དེ་དག་ལ་ཐ་དད་པ་ཞེས་བྱ་བ་ལ་སོགས་པ་ནི་ནུས་པ་དང་གསལ་བ་དག་ཕན་ཚུན་ཐ་དད་པ་མེད་པའི་ཕྱིར་ཉེས་པ་འདི་ནི་མེད་དོ། །འདི་བྱེད་པའི་ནུས་པ་ནི་ཅིག་ཅར་ཨེ་མའོ་ལན་སྐྱོན་མེད་ཅེས་བྱ་བ་ལ་སོགས་
པ་སྨོས་ཏེ། ལན་འདི་ནི་སྐྱོན་དཀའ་ཞིང་རང་གི་ཕྱོགས་ལ་མངོན་པར་ཞེན་པས་ན་རབ་ཏུ་ཆགས་པར་གྱུར་པས་ཚོད་ཀྱང་མི་ཤེས་པ་ཡིན་ནོ། །འདིར་དགོས་པ་ཅི་ཡིན་ཞེ་ན། ཐ་དད་པ་མེད་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་མི་དད་པ་ཞེས་བྱ་བ་ནི་གཅིག་པར་བཤད་པ་ཡིན་

ནོ། །ཁྱེད་ཅེས་བྱ་བ་ནི་ཁྱེད་ཅག་ཡོད་པའི་ཐ་སྙད་དུ་བྱེད་པ་དེའི་ཐ་དད་པའི་རྒྱུ་མཚན་ནི་ཇི་ལྟར་མཐོང་བ་ཡིན་ནོ། །ལྡོག་པའམ་མི་ལྡོག་པའམ་སྐྱེ་བའམ་མི་སྐྱེ་བ་མ་ཡིན་པ་དེ་ལྟ་བུ་ལ་སོགས་པ་ཅི་དུ་མ་དང་འབྲེལ་པ་ཡིན་ནམ། ཡོད་པའི་ཐ་སྙད་ཇི་ལྟར་མཐོང་བ་ཡིན། གལ་ཏེ་
ནུས་པའི་གནས་སྐབས་ཐ་མི་དད་པ་འདོད་པ་ཡིན་ནོ་ཞེ་ན། ཡོད་དོ་ཞེས་བྱ་བ་ནི་དོན་དམ་པ་ཡིན་ལ་བརྟགས་པ་ནི་བླ་སྟེ་སེལ་བ་མ་ཡིན་ནོ། །ཐ་དད་པ་དང་ཐ་མི་དད་པ་མཐོང་བ་ཡིན་ཏེ། དེ་དག་ནི་དངོས་པོ་རྣམས་ཀྱི་ཐ་དད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྡོག་པ་དང་ལྡོག་པ་
མེད་པ་ཞེས་བྱ་བའོ། །དེ་ལྟ་ན་ཡང་གང་ལྡོག་པ་དང་སྐྱེ་བ་དང་སྐྱེ་བ་མེད་པ་དང་གནས་པ་དང་། གནས་པ་མེད་པ་དེ་དང་དེ་ནི་ཐ་དད་པ་ཡིན་ཏེ་དཔེར་ན་བདེ་བ་དང་སྡུག་བསྔལ་ལྟ་བུའོ། །དེ་དང་བྲལ་བ་ཞེས་བྱ་བ་ནི་གནས་པ་དང་མི་གནས་པ་ལ་སོགས་པའོ། །དེ་ནི་ཐ་མི་དད་པའི་མཚན་ཉིད་
ནུས་པའི་གནས་སྐབས་ཀྱི་བདག་ཉིད་གཅིག་པ་ནི་གང་གི་ཚེ་ནུས་པ་དང་གསལ་བ་གཅིག་གི་བདག་ཉིད་དུ་འདོད་ན་དེའི་ཚེ་འདི་དག་དཔེ་ཡིན་ནོ། །ཐ་དད་པ་དང་ཐ་མི་དད་པའི་རྒྱུ་མཚན་ཅན་ལ་འདིར་ཐ་དད་པ་དང་ཐ་མི་དད་པའི་སྒྲས་བཤད་ཀྱི་འདི་དག་ཐ་དད་པ་དང་ཐ་མི་དད་པའི་མཚན་
ཉིད་དུ་མི་འགྱུར་ན་ནུས་པ་ཅི་ཡོད་ཅེ་ན། རྣམ་པ་གཞན་དུ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འདི་དག་གི་མཚན་ཉིད་མི་འདོད་ན་དེའི་ཚེ་དངོས་པོ་ཐ་དད་པ་དང་ཐ་མི་དད་པར་རྣམ་པར་གཞག་པར་མི་འགྱུར་རོ། །གཞན་གྱིས་རང་ལ་གྲགས་པའི་ཐ་དད་པ་དང་ཐ་མི་དད་པའི་
མཚན་ཉིད་བསྟན་པ། ཐམས་ཅད་བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་གང་གི་ཚེ་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པ་དེའི་ཚེ་དེ་ནི་ཐ་དད་པ་མ་ཡིན་ནོ། །གང་ཡང་གང་ལས་གཞན་དུ་གྱུར་པ་དེ་ཡང་དེ་ལས་ཐ་དད་པ་ཡིན་ནོ། །དཔེ་ནི་དཔེར་ན་བུམ་པ་ནི་འཇིམ་པའི་བདག་
ཉིད་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུམ་པ་སྐྱེ་བ་ཡང་ཐམས་ཅད་དུ་སའི་བདག་ཉིད་ཡིན་ཏེ། དེ་ཡང་ས་ལས་ཐ་དད་དུ་བྱ་བ་མེད་དོ། །བདེ་བ་དང་སྡུག་བསྔལ་བ་དག་ཀྱང་ཕན་ཚུན་དུ་ཡོད་པའི་བདག་ཉིད་མ་ཡིན་ཏེ། དེ་དང་དེ་ནི་ཐ་དད་པས་འདིར་ཁོ་བོ་ཅག་ཀྱང་ཐ་དད་པ་དང་ཐ་མི་

དད་པའི་བདག་ཉིད་དུ་འདོད་པ་དེས་ན་འགའ་ཞིག་འགལ་བར་འགྱུར་རོ་ཞེས་བྱ་བ་ནི་ཕྱོགས་སྔ་མའོ། །གྲུབ་པའི་མཐའ་སྨྲ་བས། བུམ་པའི་རབ་ཏུ་སྐྱེ་བ་ནི་འཇིམ་པའི་བདག་ཉིད་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུམ་པ་ནི་ཕན་ཚུན་དུ་སའི་བདག་ཉིད་མ་ཡིན་གྱི་
འགའ་ཙམ་ཡིན་ནོ། །འོན་ཀྱང་སའི་ཁྱད་པར་འགའ་ས་ཆུ་འཛིན་པ་ལ་སོགས་པའི་དབྱིབས་ཀྱི་རྣམ་པ་ལ་བུམ་པ་ཞེས་གྲགས་པ་ཐོབ་པ་ཡིན་ནོ། །དེ་ལྟར་ནི་འགྱུར་ན་ས་ལས་ཁྱད་པར་འགའ་ཞིག་ཡོད་པ་མ་ཡིན་ནོ་ཞེ་ན་འཇིག་རྟེན་གསུམ་གྱི་འཇིམ་པའི་བདག་ཉིད་གཅིག་པ་མ་ཡིན་ཏེ་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀྱེ་འཇིག་རྟེན་གསུམ་གྱི་འཇི་བའི་བདག་ཉིད་དུ་གཅིག་པ་མ་ཡིན་ནོ་ཞེས་བྱ་བ་ག་ལས་ཤེས་ཤེ་ན། རྣམ་པར་རིག་པ་སོ་སོར་སྣང་བ་ཐ་དད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ན་རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་སོ་སོར་སྣང་བ་ཐ་དད་པས་སའི་རང་
བཞིན་ཐ་དད་པར་བལྟ་བར་བྱ་སྟེ། དེ་ལྟ་ན་སའི་རང་བཞིན་ཕྱེ་མར་གནས་པ་ལས་གཞན་གྱི་རྣམ་པ་སོ་སོར་སྣང་བ་ནི་རྟགས་ཀྱི་རྣམ་པ་དང་། མཆོད་རྟེན་གྱི་རྣམ་པ་དང་། གདུགས་ཀྱི་རྣམ་པ་དང་། བརྟེན་པའི་རྣམ་པའི་ངོ་བོ་ནི་གཞན་གྱི་རྣམ་པ་ཡིན་ནོ། །དེ་བཞིན་དུ་གནས་སྐབས་ནི་སོ་སོར་
གནས་པའི་རང་བཞིན་ཐ་དད་པར་ཁས་བླང་བར་བྱ་སྟེ། དེ་ལྟ་ན་མ་ཚོས་པའི་ས་ལས་གཞན་པ་ནུས་པ་དང་སྨིན་པ་དང་། ཚོས་པ་ཡང་གཞན་དེའི་དོན་བྱེད་པ་ཐ་དད་པ་དང་དོན་བྱེད་པ་ཐ་དད་པ་ཡང་སོ་སོའི་རང་བཞིན་ཐ་དད་པར་བལྟ་བར་བྱའོ། །དེ་ལྟ་ན་སའི་ཕྱེ་མ་ལས་གཞན་འབྲས་
བུའི་བྱ་བ་བྱེད་པ་རྟགས་ཀྱི་རྣམ་པ་ལ་སོགས་པའི་གཟུགས་གཞན་ཉིད་ཀྱི་དོན་བྱ་བ་བྱེད་པ་ལ་སོགས་པ་ཐ་དད་པའི་ས་ཐམས་ཅད་ནི་ཐ་དད་པ་ཡིན་ནོ། །གཞན་གྱིས་ཀྱང་འདི་དག་དེ་ལྟ་བུའི་རྒྱུ་ཡིན་ནོ་སྙམ་ནས། གལ་ཏེ་བདེན་མོད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །གཞན་
ཡང་སེམས་ཅན་བདེ་བ་ལ་སོགས་པའི་རྣམ་པ་ཐ་དད་པ་ཉིད་འཐད་པ་ཡིན་ཏེ། གལ་ཏེ་དོན་བྱེད་པ་ཐ་དད་པ་ལ་སོགས་པ་ཐ་དད་པར་ཁས་བླང་བར་བྱ་སྟེ། ནུས་པ་ཐ་དད་པ་མེད་པར་གཞན་གྱིས་དེ་ནི་བདེན་མོད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་ཡང་དོན་བྱེད་པ་ལ་སོགས་པ་ཐ་དད་པ་དེ་ལྟ་ན་ཡང་འགའ་ཞིག་པའི་རང་

བཞིན་ནི་སའི་བདག་ཉིད་ཀྱི་རྗེས་སུ་འགྲོ་བ་དེས་ན་ཐ་མི་དད་པ་འདོད་པ་ཡིན་ནོ། །བསྟན་བཅོས་པ་ལས་ཐལ་བར་འགྱུར་བར་བརྗོད་པ་ནི། བདེ་བ་ལ་སོགས་པ་དག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཉིད་དང་། བྱེད་པ་པོ་ཉིད་དང་ཟ་བ་པོ་ཉིད་ལ་སོགས་པ་རྣམས་ནི་དེའི་ཕྱིར་དེ་དག་
ཀྱང་ཕན་ཚུན་དེ་དག་གཅིག་ཏུ་ཐལ་བར་འགྱུར་རོ། །དེ་ལྟ་ན་ཡང་སེམས་ཅན་ནི་གང་ཡང་ཟ་བ་པོ་དང་བྱེད་པ་པོ་དང་། ཡོན་ཏན་ཅན་ལ་སོགས་པ་རྣམས་རྗེས་སུ་རྟོགས་པ་དེ་དང་དེ་དག་ཀྱང་ཐལ་བར་འགྱུར་རོ། །འདི་ནི་བདེ་བ་ལ་སོགས་པའང་གཞལ་བྱ་ཉིད་དང་ཡོད་པ་དང་། ཤེས་བྱ་ཉིད་ལ་སོགས་པ་རྣམས་རྗེས་སུ་རྟོགས་
པ་དེའི་ཕྱིར་དེ་དག་ཀྱང་གཅིག་ཏུ་བསྟན་པ་ཡིན་ནོ། །དེ་ལྟར་ནི་འགྱུར་ན་བདེ་བ་ལ་སོགས་པ་མ་ཡིན་པ་རྣམས་བདག་ཉིད་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་དེ་དང་དེ་དག་ཐ་མི་དད་པ་ཡིན་ནོ་ཞེ་ན། བུམ་པ་ལ་སོགས་པ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུམ་པ་ལ་སོགས་པ་རྣམས་ཀྱང་བདག་ཉིད་ཐམས་ཅད་ཀྱི་རྗེས་སུ་འགྲོ་
བ་མ་ཡིན་པ་དེ་དག་ཇི་ལྟར་ཐ་མི་དད་པར་འདོད་དོ། །དེ་དག་བདག་ཉིད་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་མ་ཡིན་ནོ་ཞེས་བྱ་བ་འདི་ལས་ཤེས་ཤེ་ན། རང་བཞིན་སྣ་ཚོགས་པ་ལྷན་ཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དེ་དག་བདག་ཉིད་ཐམས་ཅད་ཀྱི་རྗེས་སུ་འགྲོ་བར་འགྱུར་ན་ནི་དེའི་ཚེ་འདི་དག་དངོས་པོ་རྣམས་ཀྱི་རོ་དང་ནུས་པ་
དང་སྨིན་པ་ལ་སོགས་པའི་ནུས་པ་སོ་སོར་སྣང་བའི་སྣ་ཚོགས་པ་རྣམས་དུ་མ་གང་ཡིན་པ་དེར་མི་འགྱུར་རོ། །ལྷན་ཅིག་སྐྱེ་བ་དང་འགག་པ་ལ་སོགས་པ་ཡང་ཐལ་བར་འགྱུར་རོ། །ཉེ་བར་བསགས་པའི་རྒྱུ་བསྟན་པ་ནི། བུམ་པ་དང་འཇིམ་པའི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འགའ་ཞིག་བུམ་པའི་སའི་
བདག་ཉིད་ཀྱང་ཐ་དད་པར་ཉེ་བར་མཚོན་པ་མེད་དེ། བུམ་པ་འདི་དང་ས་ཡིན་ནོ་ཞེས་གང་གིས་དེ་ལྟར་ཁོང་དུ་ཆུད་པར་འགྱུར། དེའི་ས་ལས་བུམ་པ་འདི་སྐྱེ་བ་ཡིན་ཞེས་བྱ། དེ་ནི་དེ་ལྟར་ནི་འགྱུར་ན་ཐ་དད་པ་ཉེ་བར་མཚོན་པ་མེད་ན་རྟེན་དང་བརྟེན་པ་ཁོང་དུ་ཆུད་པར་འགྱུར་བ་ཡིན་ནོ་ཞེ་ན་རྟེན་དང་བརྟེན་པ་ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། རྟེན་དང་བརྟེན་པ་གང་ཇི་སྙེད་པ་རྟོགས་པར་མི་འགྱུར་བ་དེ་སྙེད་དུ་འདི་དང་འདི་ནུས་པར་ཁོང་དུ་ཆུད་པ་མ་ཡིན་ནོ། །གང་ལས་ཤིན་ཏུ་འདས་པ་ནི་རྟག་ཏུ་གནས་པས་རྟེན་ཡིན་ནོ། །དེ་གང་ལ་ཡོད་པ་དེ་ལ་དེ་བརྟེན་པ་ནི་བརྟེན་པའོ། །གཞན་གྱིས་ཐ་མི་དད་པའི་མཚན་ཉིད་ཀྱིས་བདག་ཉིད་བསྟན་

པ་ནི། ནུས་པ་དང་ནུས་པའི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་གང་དང་གང་གི་བདག་ཉིད་སྐྱེད་པ་དེ་དང་དེ་དག་ཐ་དད་པར་འདོད་པ་དེའི་ཚེ། ནུས་པ་དང་ནུས་པའི་བདག་ཉིད་ལས་སྐྱེ་བའི་དངོས་པོ་རང་ཉིད་མ་ཡིན་པའི་རང་གི་ངོ་བོ་ལས་ཐ་མི་དད་པ་མ་ཡིན་པར་
འདོད་ན་དེའི་ཚེ། ནུས་པ་དང་ནུས་པའི་བདག་ཉིད་རབ་ཏུ་སྐྱེ་བར་འགྱུར་གྱི། རང་ཉིད་ལས་ནི་མ་ཡིན་གྱི། རང་གི་ངོ་བོ་དེ་ཐ་མི་དད་པ་ལས་མི་འགྱུར་རོ། །དེ་ཡང་རང་གི་ངོ་བོ་འདི་ལས་ཐ་མི་དད་པ་དེའི་ཕྱིར། འདིའི་མཚན་ཉིད་ཐ་མི་དད་པ་ཡིན་ནོ། །དེ་དག་གིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་
ནི་གཞན་གྱིས་ཐ་མི་དད་པའི་མཚན་ཉིད་དགག་པ་འདིས་ཞེས་བྱ་བ་ཡིན་ནོ། །དེ་ཉིད་རྣམ་པར་འབྲེལ་པ་ནི་གང་ཡང་ཀུན་དུ་རྟོག་པར་འགྱུར་བ་གང་དང་གང་ཡོངས་སུ་གྱུར་པ་དེ་དང་དེ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཡང་ཞེས་བྱ་བ་ནི་འགའ་ཞིག་གིས་འདིར་གང་དང་གང་ཡོངས་སུ་གྱུར་པ་དེ་
དང་དེ་ལས་ཐ་མི་དད་པ་ཞེས་སྨས་པ་ཐ་མི་དད་པའི་མཚན་ཉིད་འདི་ཡང་གསལ་བར་རིག་པར་བྱའོ། །ཇི་ལྟར་ཡིན་ཞེ་ན། ནུས་པའི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་ནུས་པའི་བདག་ཉིད་ཡོངས་སུ་གྱུར་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །བསྟན་བཅོས་བྱེད་པས་ཡོངས་སུ་གྱུར་པའི་རང་
གི་ངོ་བོ་དྲིས་པ། ཡོངས་སུ་གྱུར་པ་ནི་ཞེས་བྱ་བ་ནི་ཅི་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་གོ་སླའོ། །གཞན་གྱིས་དེའི་རང་གི་ངོ་བོ་བསྟན་པ་ནི་རྫས་ཀྱི་གནས་སྐབས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྫས་ཀྱི་གནས་སྐབས་ཀྱི་ཆོས་གཅིག་པ་ལྡོག་པ་དང་ཆོས་གཞན་རབ་ཏུ་སྐྱེ་བ་ནི་ཡོངས་སུ་གྱུར་
པའི་སྒྲར་བརྗོད་དོ། །གྲུབ་པའི་མཐའ་སྨྲ་བས། ཆོས་གཞན་གང་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་ཆོས་གང་ལྡོག་པ་དང་རབ་ཏུ་སྐྱེ་བ་ཡིན་ན་དེ་ནི་དེའི་ཕྱིར་སྤྱི་རྫས་ཀྱི་གནས་སྐབས་ལས་གཞན་ཡིན་ནམ། གཉི་ག་ནི་མ་ཡིན་ཏེ་རྣམ་པ་གཞན་མི་སྲིད་པའི་ཕྱིར་རོ། །གཞན་ལ་ཡང་འདིར་བརྒལ་
ཞིང་བརྟག་པ་མཚུངས་པའི་ཕྱིར་རོ། །གནས་སྐབས་གཞན་ཡོད་ཀྱང་ཉེས་པ་ཅི་ཞིག་ཡོད་ཅེ་ན། གལ་ཏེ་དེ་ཉིད་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རྫས་ཀྱི་ཆོས་ལ་ཐ་མི་དད་པ་དེའི་ཚེ་རྫས་ཀྱི་གནས་སྐབས་ལྡོག་པ་དང་རབ་ཏུ་སྐྱེ་བ་ནི་འཐད་པ་མ་ཡིན་ནོ། །རྫས་ཀྱི་ཆོས་ཐ་མི་དད་པ་ཡིན་ནོ་ཞེས་བྱ་བ་ནི་

མ་གྲུབ་པ་ཡིན་ནོ། །རྒྱུ་ཅི་ཡིན་ཞེ་ན། དེ་ཉིད་ལྟོས་པ་མེད་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གཞན་གྱི་ཆོས་ཅན་དང་ཆོས་ཡོད་པ་ལ་མི་ལྟོས་པ་ཡིན་ན་ཐ་དད་པ་ལ་བརྟེན་པར་ནི་མི་འགྱུར་རོ། །ལྟོས་པར་གྱུར་པ་ནི་དཔེར་ན་སྒྲའི་བྱས་པ་ལ་སོགས་པ་ནི་ཆོས་གང་མ་བྱས་པ་ལ་སོགས་པ་ལས་ལྡོག་པ་ལ་ལྟོས་
པའི་གནས་སྐབས་བཞིན་ནོ། །གཞན་དུ་ཁས་བླངས་པའི་སྐྱོན་བསྟན་པ་ནི། ཡང་ན་རྫས་ལས་དོན་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་རྫས་ལས་ཐ་དད་པའི་ཆོས་ཡིན་པ་དེའི་ཚེ་ཆོས་ཀྱི་ལྡོག་པ་དང་སྐྱེ་བ་རྣམས་ཀྱི་ཡོངས་སུ་འགྱུར་བར་གྲུབ་པ་ནི་མ་ཡིན་ནོ། །རྒྱུ་ཅི་ཡིན་ཞེ་ན། དོན་གཞན་
དུ་འགྱུར་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་གནས་སྐབས་གཞན་དུ་གྱུར་པའི་ལྡོག་པ་དང་རབ་ཏུ་སྐྱེ་བ་དག་ནི་གནས་སྐབས་གཞན་གྱི་ཡོངས་སུ་གྱུར་པར་འདོད་པ་དེ་ལྟ་ན་ནི། སེམས་པ་ཅན་ལ་ཡང་ཡོངས་སུ་འགྱུར་བར་འདོད་པར་བྱའོ། །གཞན་ཡང་རྫས་ཀྱི་ཆོས་ཞེས་བྱ་
བ་ལ་སོགས་པ་སྨོས་པ་འདི་ནི་གོ་སླའོ། །ཅིའི་ཕྱིར་མི་འགྲུབ་པ་ཡིན་ཞེ་ན། འབྲེལ་པ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པ་དེ་ལྟ་བུའི་སྒྲ་ལ་སོགས་པའི་རྒྱུ་མཚན་འགའ་ཞིག་དང་འབྲེལ་པ་ཡོད་པ་ནི་མ་ཡིན་ནོ། །དེ་ལྟར་ནི་འགྱུར་ན་རྟེན་དང་བརྟེན་པའི་མཚན་ཉིད་ཀྱི་
འབྲེལ་བ་ཡོད་པ་ནི་མ་ཡིན་ནོ་ཞེ་ན་རྒྱུ་དང་འབྲས་བུའི་འབྲེལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་དང་འབྲས་བུའི་མཚན་ཉིད་ཀྱི་འབྲེལ་པ་བཤད་པ་ལས་གཞན་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། འབྲེལ་པ་མི་འཐད་པའི་ཕྱིར་རོ། །དེ་ཉིད་དེ་ལྟ་ཡིན་ནོ་ཞེ་ན། འདི་ལ་ཡང་ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་ཡང་འདི་ལ་འཐད་པ་མ་ཡིན་ནོ། །རྒྱུ་ཅི་ཡིན་ཞེ་ན། རང་ཉིད་དེའི་བདག་ཉིད་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་གང་གི་བདག་ཉིད་མ་ཡིན་པ་འདི་ནི་དེའི་རྒྱུ་མ་ཡིན་ནོ་ཞེས་བྱ་བ་འདི་ཁྱེད་ཀྱི་གྲུབ་པའི་
མཐའ་ཡིན་ནོ། །དེ་ལྟ་ན་ཞོའི་བདག་ཉིད་དུ་གྲགས་པ་ནི་འོ་མ་ཞོའི་རྒྱུ་ཡིན་ཏེ། ཞོའི་བདག་ཉིད་ཀྱི་བ་ལང་གི་ལྕི་བ་ལ་སོགས་པ་ནི་མ་ཡིན་ནོ། །རྫས་ལས་ཀྱང་དོན་གཞན་པའི་ཆོས་དེ་ཇི་ལྟར་དེ་དག་རྒྱུ་དང་འབྲས་བུའི་དངོས་པོར་འགྱུར་ཏེ། དེ་ལྟར་འདོད་པར་གྱུར་པ་ཡིན་ན་གཞན་

ལ་ཡང་རྒྱུ་དང་འབྲས་བུར་འགྱུར་བ་ཡིན་ནོ་ཞེ་ན། དོན་གཞན་ཡིན་དུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་གཞན་ཡང་ཆོས་གཞན་གྱི་རྫས་ཡིན་པར་འདོད་ན་ནི་དེའི་ཚེ་ཆོས་སྐྱེད་པར་འགྱུར་ཏེ། རྫས་ཡོངས་སུ་གྱུར་པའོ་ཞེས་ཁས་བླང་བར་བྱའོ། །
དེ་དག་ཀྱང་ཁོ་བོ་ཡང་འདོད་པ་ཉིད་དེ། དེ་ཉིད་འདོད་པ་བསྟན་པ་ཡིན་ནོ་ཞེ་ན། འདི་ལ་ཡང་རྒྱུ་དང་འབྲས་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ན་ཡང་དཔེར་ན་སའི་རྫས་ཀྱི་རྒྱུ་དང་འབྲས་བུར་འབྲེལ་པར་རྣམ་པར་གནས་པར་གྱུར་པ་དེའི་ཚེ། སྔ་མའི་སའི་གོང་བུའི་རྫས་ནི་རྒྱུ་བྱེད་
པ་ཡིན་ལ།། །།༄༅༅། །རྒྱ་གར་སྐད་དུ། ཨ་ལཾ་བྷ་ན་པ་རཱི་ཀྵ་ཊཱི་ཀཱ། བོད་སྐད་དུ། དམིགས་པ་བརྟག་པའི་འགྲེལ་བཤད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཐུགས་རྗེས་ཟིན་
པའི་དགོངས་པ་ཅན། །ཐམས་ཅད་མཁྱེན་ལ་སྤྱི་བོ་ཡིས། །ཕྱག་འཚལ་དམིགས་པ་བརྟག་པ་ཡི། །རྣམ་པར་བཤད་པ་རབ་ཏུ་བྱ། །གང་དག་མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཞེས་བྱ་བའི་ཚིག་དང་པོ་འདིས་ནི་རབ་ཏུ་བྱེད་པ་འདིའི་བརྗོད་པར་བྱ་བ་དང་། ཕྱིན་ཅི་ལོག་གི་རྒྱུ་
མཚན་བསྟན་ཏོ། །དགོས་པ་དང་འབྲེལ་པ་དག་ནི་ཤུགས་ཀྱིས་དཔག་པར་བྱ་སྟེ། ཤུགས་ཀྱང་སྐབས་སུ་བབ་ནས་བསྟན་པར་བྱའོ། །རབ་ཏུ་བྱེད་པ་འདིའི་འབྲེལ་པ་དང་། བརྗོད་པར་བྱ་བ་དང་དགོས་པ་རྣམས་ནི་གདོན་མི་ཟ་བར་བརྗོད་དགོས་སོ། །དེ་ལྟ་མ་ཡིན་ན་འབྲེལ་པ་མེད་པ་དང་བརྗོད་པར་
བྱ་བ་མེད་པ་དང་དགོས་པ་མེད་པའི་རབ་ཏུ་བྱེད་པ་ནི་ཉན་པ་པོ་རྟོག་པ་སྔོན་དུ་གཏོང་བ་དག་ཁས་མི་ལེན་ཏོ། །དེ་ལྟ་བས་ན་འདིར་གང་དག་མིག་ལ་སོགས་པའི་རྣམ་པར་ཤེས་པའི་དམིགས་པ་ཕྱི་རོལ་གྱི་དོན་ཡིན་པར་འདོད་པ་དེ་དག་རྡུལ་ཕྲ་རབ་རྣམས་ཡིན་པའམ། དེ་འདུས་པ་ཡིན་པར་རྟོག་
གྲང་ན་ཞེས་བྱ་བ་འདིས་ནི་སྤང་བར་བྱ་བའི་རང་བཞིན་གྱི་བརྗོད་པར་བྱ་བ་བསྟན་ཏོ། །དེའི་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བ་དང་། དེར་སྣང་བའི་ཤེས་པ་སྐྱེ་བའི་ཕྱིར་ཞེས་བྱ་བ་འདིས་ནི་ཕྱིན་ཅི་ལོག་གི་རྒྱུ་མཚན་བསྟན་ཏོ། །དགོས་པ་དང་འབྲེལ་བ་དག་ནི་ཤུགས་ཀྱིས་བསྟན་ཏོ། །དེ་ལ་ཤུགས་

ནི་འདི་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། ཕྱི་རོལ་གྱི་དམིགས་པ་དག་དགག་པའི་ཕྱིར་དང་། ནང་གི་རབ་ཏུ་སྒྲུབ་པའི་ཕྱིར་རབ་ཏུ་བྱེད་པ་འདི་བརྩམ་མོ། །དེ་ལྟ་བས་ན་ཕྱི་དང་ནང་གི་དོན་དག་དགག་པ་དང་། རབ་ཏུ་སྒྲུབ་པའི་ཕྱིར་རབ་ཏུ་བྱེད་པ་འདི་རྩོམ་པས་ཤུགས་ཀྱིས་ན་འགོག་པ་དང་རབ་ཏུ་
སྒྲུབ་པ་དག་ནི་དགོས་པ་ཉིད་ཡིན་ལ། རབ་ཏུ་བྱེད་པ་ནི་ཐབས་ཉིད་ཡིན་པར་བསྟན་པར་འགྱུར་ཏེ། འདི་ལྟར་རྟོག་པ་སྔོན་དུ་གཏོང་བ་རྣམས་ནི་དགོས་པ་མེད་པ་ལ་ཡང་འཇུག་པར་མི་འགྱུར་ལ། ཐབས་མ་ཡིན་པ་ལ་ཡང་མ་ཡིན་ནོ། །འདིར་རིགས་པས་ཕྱི་རོལ་གྱི་དམིགས་པ་དགག་
པ་དང་། ནང་གི་རབ་ཏུ་སྒྲུབ་པ་འདི་ནི་བརྗོད་པར་བྱ་བ་ཡིན་ནོ། །དེ་ཉིད་འགོག་པ་དང་རབ་ཏུ་སྒྲུབ་པ་དག་ནི་དགོས་པ་ཡིན་ནོ། །དགོས་པ་དེ་ཡང་རབ་ཏུ་བྱེད་པ་འདིས་བྱེད་པས་རབ་ཏུ་བྱེད་པ་ནི་དགོས་པ་འདིའི་ཐབས་ཡིན་ནོ། །དེའི་ཕྱིར་རབ་ཏུ་བྱེད་པ་དང་། དགོས་པ་དག་ཐབས་དང་ཐབས་
ལས་བྱུང་བའི་མཚན་ཉིད་ཀྱིས་འབྲེལ་པ་ཡིན་ནོ། །དེ་ལྟ་བས་ན་ཕྱི་དང་ནང་གི་དོན་དག་དགག་པ་དང་། རབ་ཏུ་སྒྲུབ་པའི་ཕྱིར་རབ་ཏུ་བྱེད་པ་འདི་བརྩམ་མོ་ཞེས་བྱ་བར་གནས་སོ། །དེ་ལྟར་གནས་པ་ལ་བརྒྱ་ལ་འགའ་ཞིག་འགོག་པ་དང་། རབ་ཏུ་སྒྲུབ་པ་འདི་དག་གིས་ཅི་ཞིག་བྱ་སྟེ།
དེ་དག་ནི་གང་དུ་ཡང་མི་མཁོའོ་ཞེས་གླེང་བར་བྱེད་ན་འདིར་སྨྲས་པ། དོར་བ་དང་། བླང་བ་དག་འགོག་པ་དང་རབ་ཏུ་སྒྲུབ་པར་བྱེད་པ་གང་དག་ཡོད་པ་དེ་དག་ནི། དེ་གཉིས་འདོར་བ་དང་ལེན་པར་བྱེད་པ་ཡིན་ནོ། །འདི་ལྟར་ཕྱི་རོལ་གྱི་དོན་དོར་བར་བྱ་བའི་ཕྱིར་འགོག་པར་བྱེད་དེ། ཅི་ནས་
ཀྱང་འགོག་པ་ལས་ཕྱི་རོལ་གྱི་དོན་དོར་བར་བྱ་བ་ཉིད་ཡིན་པར་ཤེས་ནས་དོར་བར་བྱའོ་སྙམ་སྟེ་འགོག་པར་བྱེད་དོ། །དེ་བཞིན་དུ་རབ་ཏུ་སྒྲུབ་པ་ལས་ནང་གི་དོན་བླང་བར་བྱ་བ་ཉིད་ཡིན་པར་ཤེས་ནས་བླང་བར་བྱའོ་སྙམ་སྟེ། རབ་ཏུ་སྒྲུབ་པར་བྱེད་དོ། །དེ་བས་ན་ཕྱི་དང་ནང་དོར་བར་བྱ་བ་དང་།
བླང་བར་བྱ་བ་དག་དོར་བར་བྱ་བ་དང་བླང་བའི་ཕྱིར་འགོག་པ་དང་། རབ་ཏུ་སྒྲུབ་པར་བྱེད་པས་དགོས་པ་ཡང་བཤད་པ་ཡིན་ནོ། །དེ་ལྟ་ན་འོ་ན་ནི་ཇི་ལྟར་ཚིག་དང་པོ་འདིས་སྤང་བར་བྱ་བའི་རང་བཞིན་གྱི་བརྗོད་པར་བྱ་བ་བསྟན་པ་དེ་བཞིན་དུ། བླང་བར་བྱ་བའི་རང་གི་ངོ་བོ་ཡང་བསྟན་

དགོས་སོ་ཞེ་ན། འདིར་སྨྲས་པ། ཕྱི་རོལ་གྱི་དོན་དུ་སྨྲ་བ་རྣམས་ནི་ཕྱི་རོལ་གྱི་དོན་དུ་ཡོངས་སུ་རྟོགས་པས་ཤིན་ཏུ་གནོད་དེ། དེའི་ཕྱིར་དེ་ཁོ་ན་ཚིག་དང་པོས་བསྟན་ནས་གཙོར་དེ་དག་དགག་པར་བྱའོ། །ཕྱིས་ནི་ཞར་ལ། ནང་གི་ངོ་བོའི་ཤེས་བྱ་ནི། །ཕྱི་རོལ་
ལྟར་སྣང་གང་ཡིན་ཏེ། །དོན་ཡིན་ཞེས་བྱ་བ་འདིས་ནང་གི་ལེན་པར་བྱེད་དེ། རེ་ཞིག་འདི་ནི་སྤྱིའི་དོན་ཡིན་ནོ། །ཡན་ལག་གི་དོན་བརྗོད་པར་བྱ་སྟེ། གང་དག་མིག་ལ་སོགས་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་རྒོལ་བ་རིལ་གྱིས་དམིགས་པ་ཕྱི་རོལ་གྱི་དོན་ཡིན་པར་འདོད་པ་ནི་མ་
ཡིན་པས་དེའི་ཕྱིར་གང་དག་ཅེས་བྱ་བ་སྨོས་སོ། །དབང་པོ་གང་དག་ལ་མིག་ལ་སོགས་པ་ཡོད་པ་དེ་དག་ནི་མིག་ལ་སོགས་པ་སྟེ། སོགས་པ་སྨོས་པས་ནི་རྣ་བ་ལ་སོགས་པ་ཡིད་ལ་ཐུག་པའི་བར་གཟུང་ངོ་། །འདི་ལྟར་ཡིད་ཀྱང་ཕྱི་རོལ་གྱི་དོན་གྱི་དམིགས་པ་ཅན་དུ་འདོད་པ་
ཉིད་དེ། དེའི་ཕྱིར་དེའི་དམིགས་པ་ཡང་འདིར་ཚར་གཅིག་ཏུ་དགག་པར་བྱའོ། །དེ་གཞག་པས་ཅི་ཞིག་བྱ་སྟེ། བསྟན་བཅོས་བྱེད་པ་གང་གིས་ནི་དེ་གཞག་པར་བྱ་བ་དེའི་ཡུལ་ལོགས་ཤིག་ཏུ་འགོག་པར་ནི་མི་བྱེད་དོ། །དེའི་ཕྱིར་སློབ་དཔོན་ཆོས་སྐྱོང་གིས་རང་གི་འགྲེལ་བཤད་
ལས། ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་གཞག་པའི་ཕྱིར་མང་པོ་ཞིག་སྨོས་པ་གང་ཡིན་པ་དེ་ནི་དེ་ཉིད་ཤེས་གྲང་། བདག་གིས་ནི་དེའི་བསམ་པ་ཟབ་པའི་ཕྱིར་མི་རིག་གོ། །མིག་ལ་སོགས་པ་དག་གི་རྣམ་པར་ཤེས་པ་ནི། མིག་ལ་སོགས་པའི་རྣམ་པར་ཤེས་པའོ། །མིག་
ལ་སོགས་པའི་རྣམ་པ་མང་པོ་ཉིད་ཁོ་ནས་རྣམ་པར་ཤེས་པའི་རྣམ་པ་ཡང་མང་བ་ཉིད་དུ་བསྟན་པར་འགྱུར་བས་རྣམ་པར་ཤེས་པ་ལ་མང་པོའི་ཚིག་བསྟན་པར་བྱ་སྟེ་དཔེར་ན། ཟངས་དང་ལོ་མ་དག་ལ་དམར་པོར་གྱུར་པ་ཞེས་བྱ་བ་ལྟ་བུའོ། །དམིགས་པ་ཕྱི་རོལ་གྱི་དོན་ཞེས་བྱ་བ་ལ།
ཕྱི་རོལ་གྱི་དོན་ནི་ཕྱི་རོལ་གྱི་སྟེ། རྣམ་པར་ཤེས་པ་ལ་མ་གཏོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །རྟོགས་པར་བྱ་བས་ན་དོན་ཏེ་ཤེས་པར་བྱ་ཞིང་གཟུང་བར་བྱ་བའོ་ཞེས་བྱ་བའི་ཐ་ཚིག་གོ། །དོན་ཞེས་བྱ་བའི་སྒྲ་ནི་འདིར་ཡུལ་གྱི་རྣམ་གྲངས་ཡིན་པར་བསྟན་པར་བྱའི་རྫས་ཡོད་པར་བྱེད་པ་ནི་མ་ཡིན་ཏེ།

འདི་ལྟར་འདུས་པ་ཡང་ཡུལ་ཉིད་དུ་འཆད་པར་འགྱུར་མོད་ཀྱི། འདི་རྫས་སུ་ཡོད་པ་ནི་མ་ཡིན་ནོ། །དམིགས་པ་ཡིན་པར་འདོད་པ་ཞེས་བྱ་བ་ནི་གཟུང་བ་ཡིན་པར་ཁས་ལེན་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་རྡུལ་ཕྲ་རབ་དག་ཡིན་པའམ་ཞེས་བྱ་བ་ནི་རྒོལ་བ་དེ་དག་རྣམ་པར་
ཤེས་པའི་ཡུལ་རྡུལ་ཤིན་ཏུ་ཕྲ་བ་དག་ཡིན་པར་ཁས་ལེན་པར་འགྱུར་བའམ་ཞེས་བྱའོ། །དེ་དག་ནི་རྡུལ་ཡང་ཡིན་ལ་ཕྲ་རབ་ཀྱང་ཡིན་པས། རྡུལ་ཕྲ་རབ་དག་སྟེ། གང་ཕན་ཆད་ཆེས་ཕྲ་བ་གཞན་མེད་པའི་ཕྱིར་ཤིན་ཏུ་ཕྲ་མོ་ཞེས་བྱ་བའི་ཐ་ཚིག་གོ། །རྡུལ་ཕྲ་རབ་འདུས་པ་ཁོ་ན་
སྐྱེ་ཞིང་འགག་མོད་ཀྱི། འོན་ཀྱང་གཞན་དག་འདི་དག་འདུས་པ་རེ་རེ་ཡང་དམིགས་པ་ཉིད་ཡིན་པར་འདོད་དེ། ཇི་ལྟར་དབང་པོ་རྣམས་ཀྱི་ནུས་པ་སོ་སོར་ངེས་པའི་ཕྱིར་གཟུགས་དང་རོ་ལ་སོགས་པ་གཅིག་ཏུ་འདུས་པ་དག་ཀྱང་སོ་སོར་ངེས་པའི་དབང་པོའི་གཟུང་བ་ཡིན་པ་དེ་བཞིན་
དུ་རྣམ་པར་ཤེས་པ་ཡང་རྫས་ཡོངས་སུ་གཅོད་པ་ལ་ནུས་པ་ངེས་པའི་ཕྱིར། རྡུལ་རེ་རེ་ཞིང་དམིགས་པ་ཡིན་གྱི་སྤྱི་ནི་མ་ཡིན་ནོ་ཞེས་གྲག་གོ། །འདུས་པ་ཡིན་དུ་ཟིན་ཀྱང་འོན་ཀྱང་ཤིན་ཏུ་ཕྲ་མོ་དེ་དག་ཇི་ལྟར་དམིགས་པར་འགྱུར་ཞེ་ན་དེའི་ཕྱིར་དེའི་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ།
དེ་དག་ཕྲ་མོད་ཀྱི། འོན་ཀྱང་གང་གི་ཕྱིར་རྫས་སུ་ཡོད་པས་རྣམ་པར་ཤེས་པའི་རྒྱུའི་དངོས་པོར་འགྱུར་བ་དེའི་ཕྱིར་དམིགས་པར་འདོད་དོ། །འདིའི་བསམ་པ་ནི་དམིགས་པའི་དོན་ནི་རྒྱུའི་དོན་ཏོ་སྙམ་པ་ཡིན་ཏེ། རྐྱེན་རྣམས་ནི་ནང་དུ་དམིགས་པ་བསྟན་པའི་ཕྱིར་དང་། རྐྱེན་ཡང་རྒྱུ་
ཡིན་པའི་ཕྱིར་རོ། །རྒྱུ་ཉིད་ཡིན་པ་འདི་ཡང་གཞན་གྱི་ལྟར་རྡུལ་ཕྲ་རབ་རྣམས་དམིགས་པ་ཉིད་དུ་ཡོངས་སུ་བརྟག་པ་ལ་ཕྱིན་ཅི་ལོག་གི་རྒྱུ་མཚན་ཡིན་ཏེ། འདི་ལྟར་དེ་དག་རྣམ་པར་ཤེས་པའི་རྒྱུའི་དངོས་པོར་འགྱུར་བ་ན་ཕྱི་རོལ་གྱི་དོན་དུ་སྨྲ་བ་རྣམས་དམིགས་པ་ཡིན་པར་འདོད་དོ། །
དེའི་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བ་ལ། དེ་ཞེས་བྱ་བའི་སྒྲས་ནི་རྣམ་པར་ཤེས་པ་དང་སྦྱར་རོ། །ཕྱོགས་གཉིས་པ་ཉེ་བར་དགོད་པའི་ཕྱིར། དེ་འདུས་པ་ཡིན་པར་རྟོག་གྲང་ན་ཞེས་བྱ་བ་སྨོས་ཏེ། རྣམ་པར་ཤེས་པའི་དམིགས་པ་རྡུལ་ཕྲ་རབ་འདུས་པ་ཡིན་པར་རྟོག་གྲང་ནའོ། །དེ་དག་

འདུས་པ་ནི་དེ་འདུས་པའོ། །དེ་ཞེས་བྱ་བའི་སྒྲས་ནི་འདིར་རྡུལ་ཕྲ་རབ་དག་དང་སྦྱར་ཏེ། དེས་ན་རྡུལ་ཕྲ་རབ་འདུས་པ་ཞེས་བཤད་པ་ཡིན་ནོ། །ཡང་ཅིའི་ཕྱིར་དེ་དག་འདུས་པ་དམིགས་པ་ཡིན་པར་འདོད་ཅེ་ན། དེར་སྣང་བའི་རྣམ་པར་ཤེས་པ་སྐྱེ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ།
གང་གི་ཕྱིར་མིག་ལ་སོགས་པའི་རྣམ་པར་ཤེས་པ་ནི་རྟག་ཏུ་འདུས་པར་སྣང་བར་སྐྱེ་བ་དེའི་ཕྱིར་འདུས་པ་དམིགས་པར་འདོད་དོ། །འདིར་ཡང་འདུས་པ་དམིགས་པ་ཉིད་ཡིན་པར་ཡོངས་སུ་བརྟག་པ་ལ་ཕྱིན་ཅི་ལོག་གི་རྒྱུ་མཚན་ནི་འདུས་པར་སྣང་བ་ཉིད་ཡིན་ནོ། །གང་གི་ཕྱིར་རྣམ་པར་ཤེས་
པ་འདུས་པར་སྣང་བ་དེའི་ཕྱིར་གཞན་འདུས་པ་དམིགས་པ་ཡིན་ནོ་སྙམ་དུ་སེམས་ཏེ། འདི་ལྟར་རྣམ་པར་ཤེས་པ་གང་ལྟར་སྣང་བར་སྐྱེ་བ་དེ་ནི་དེའི་ཡུལ་ཡིན་པར་འདོད་དོ་ཞེས་བཤད་དོ། །རྣམ་པར་ཤེས་པ་འདི་ལ་དེ་ལྟ་བུར་སྣང་བ་ཡོད་པས་འདི་ནི་དེར་སྣང་བའོ། །འདིར་ཡང་
དེར་ཞེས་བྱ་བའི་སྒྲས་ནི་འདུས་པ་དང་སྦྱར་རོ། །དེ་ནི་དེར་སྣང་བ་ཡང་ཡིན་ལ་རྣམ་པར་ཤེས་པ་ཡང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་ཏེ། དེར་སྣང་བའི་ཤེས་པ་སྐྱེ་བ་ཞེས་ཚིག་བསྡུའོ། །དེ་ལྟར་ན་འདིར་གཞན་དག་དམིགས་པའི་མཚན་ཉིད་དུ་འཐད་པའི་ཕྱིར་རྡུལ་ཕྲ་རབ་
དང་། འདུས་པ་དག་དམིགས་པ་ཉིད་ཡིན་ནོ་སྙམ་དུ་སེམས་སོ་ཞེས་བྱ་བ་ནི་ཕྱོགས་སྔ་མ་ཡིན་ནོ། །དེ་ལ་རེ་ཞིག་ཕྱོགས་སྔ་མ་བསལ་བའི་ཕྱིར། དབང་པོའི་རྣམ་པར་རིག་པའི་རྒྱུ། །ཕྲ་རབ་རྡུལ་དག་ཡིན་མོད་ཀྱི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྡུལ་ཕྲ་རབ་
རྣམས་ནི་ཡང་དག་པའི་དོན་དུ་ན་རྫས་སུ་ཡོད་པ་མ་ཡིན་ཏེ། ཆ་ཤས་དང་བཅས་པ་ཉིད་དུ་རྟོག་ན་ནི་ཀུན་རྫོབ་ཏུ་ཡོད་པ་ཉིད་དུ་ཐལ་བར་འགྱུར་ལ། ཆ་ཤས་མེད་པ་ཉིད་དུ་རྟོག་ན་ཡང་གྲིབ་མ་དང་སྒྲིབ་པ་ལ་སོགས་པ་མེད་པ་ཉིད་དུ་ཐལ་བར་འགྱུར་ཏེ། དེའི་ཕྱིར་འདི་དག་རྒྱུ་ཉིད་ལྟ་
ག་ལ་ཡིན། འོན་ཀྱང་རྡུལ་ཕྲ་རབ་རྣམས་རྒྱུ་ཉིད་དུ་ཁས་བླངས་ནས། དམིགས་པ་ཉིད་ཡིན་པ་དག་གོ། །རྡུལ་ཕྲ་རབ་རྣམས་རྣམ་པར་ཤེས་པའི་རྒྱུའི་ངོ་བོར་འགྱུར་མོད་ཀྱི། འོན་ཀྱང་གང་གི་ཕྱིར་དེ་དག་རྡུལ་ཕྲ་རབ་ཀྱི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་མི་སྐྱེ་བ་དེའི་ཕྱིར་དམིགས་

པ་མ་ཡིན་ཏེ། དཔེར་ན་དབང་པོ་བཞིན་ནོ། །དབང་པོའི་རྣམ་པར་ཤེས་པའི་རྒྱུའི་དངོས་པོར་འགྱུར་མོད་ཀྱི་དེ་དེའི་ཡུལ་ཡིན་པར་ནི་ཕ་རོལ་པོ་མི་འདོད་དོ། །འདི་ལྟར་རྣམ་པར་ཤེས་པ་དབང་པོའི་རྣམ་པ་ཅན་དུ་མི་སྐྱེ་བས་སོ། །དབང་པོའི་རྣམ་པར་རིག་པའོ་ཞེས་བྱ་བ་ལ།
དབང་པོ་སྨོས་པས་ནི་ཡིད་ལ་ཐུག་པའི་བར་དབང་པོ་དྲུག་ཅར་གཟུང་སྟེ། འདིར་གཏན་ཚིགས་ནི་བཤད་ཟིན་ཏོ། །ཕྲ་རབ་རྡུལ་དག་ཅེས་བྱ་བ་འདི་ནི་དོན་གོ་བར་ཟད་དོ། །ཡིན་མོད་ཀྱི་ཞེས་བྱ་བ་འདིས་ནི་ཁས་ལེན་པའི་རྒོལ་བ་སྟོན་ཏེ། དེར་མི་སྣང་ཕྱིར་ཞེས་བྱ་བ་ལ། གང་
ལ་དེ་དག་ལྟ་བུར་སྣང་བ་ཡོད་པ་དེ་ནི་དེར་སྣང་བ་སྟེ། དེར་ཞེས་བྱ་བའི་སྒྲས་ནི་རྡུལ་ཕྲ་རབ་དག་དང་སྦྱར་རོ། །དེར་མི་སྣང་བ་ནི་དེར་མི་སྣང་བ་སྟེ། གསུམ་པ་ནི་འདིར་གཏན་ཚིགས་ལ་བལྟ་བར་བྱ་སྟེ། དེ་བས་རྡུལ་ཕྲ་རབ་ཀྱི་རྣམ་པ་ཅན་མ་ཡིན་པའི་ཕྱིར་ཞེས་བཤད་པ་ཡིན་ནོ། །
དེའི་ཞེས་བྱ་བ་ནི་དབང་པོའི་རྣམ་པར་རིག་པའིའོ། །ཡུལ་ནི། རྡུལ་ཕྲན་མ་ཡིན་དབང་པོ་བཞིན། །ཞེས་བྱ་བ་ནི་ཇི་ལྟར་དབང་པོ་རྣམས་ཡུལ་མ་ཡིན་པ་ལྟར་རྡུལ་ཕྲ་རབ་རྣམས་ཀྱང་དེ་དང་འདྲའོ་ཞེས་བྱ་བའི་ཐ་ཚིག་གོ། །དབང་པོ་ཞེས་བྱ་བའི་སྒྲས་ནི་འདིར་དབང་བྱེད་པ་རྣམས་
བརྗོད་དོ། །གལ་ཏེ་རྣམ་པར་ཤེས་པ་རྡུལ་ཕྲ་རབ་ཀྱི་རྣམ་པ་ཅན་དུ་མ་གྱུར་ན་དེ་ནི་དེ་ཉིད་ཀྱིས་ཉེས་པར་འགྱུར་གྲང་། རྡུལ་ཕྲ་རབ་རྣམས་གོ་སྐྱེད་པར་བྱེད་པ་ཡིན་བཞིན་དུ། ཅིའི་ཕྱིར་ཡུལ་དུ་མི་འགྱུར་ཞེ་ན། དེའི་ཕྱིར་ཡུལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཡུལ་ནི་
གང་གི་རང་གི་ངོ་བོ་དེའི་རྣམ་པར་སྐྱེ་བར་ངེས་པར་འཛིན་པ་དེ་ལ་བྱའོ། །ནི་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །རང་གི་ངོ་བོ་ངེས་པར་འཛིན་པ་ཞེས་བྱ་བ་ལ། རང་གི་ངོ་བོ་སྨོས་པས་ནི་རང་དང་སྤྱིའི་མཚན་ཉིད་དུ་བསམས་པ་ཡིན་ནོ། །དེ་ངེས་པར་འཛིན་པ་ནི་རྟོག་
པ་སྟེ། ཡོངས་སུ་གཅོད་ཅིང་འཛིན་པ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་རྣམ་པར་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་ནི་ཡུལ་གྱི་རྣམ་པར་སྐྱེ་བ་མ་གཏོགས་པར་གཞན་དུ་རྣམ་པར་ཤེས་པས་ཡུལ་ངེས་པར་གཟུང་བར་མི་ནུས་ཏེ། དེའི་ཕྱིར་སྔོན་པོ་ལ་སོགས་པའི་རྣམ་པར་སྐྱེ་བའི་རྣམ་པར་ཤེས་

པས་སྔོན་པོ་ལ་སོགས་པའི་དོན་ངེས་པར་འཛིན་ཏོ་ཞེས་བྱའོ། །འདི་ལ་གང་ཞིག་བྱེད་ན། རྣམ་པར་ཤེས་པ་འདིས་ཡུལ་ངེས་པར་འཛིན་ཏོ་ཞེས་ཐ་སྙད་གདགས་པར་བྱ་བ་ངེས་པར་འཛིན་པའི་མཚན་ཉིད་ཀྱི་བྱེད་པ་ནི་འགའ་ཙམ་ཡང་མེད་དོ། །ཇི་ལྟར་ཕའི་རྣམ་པའི་
རྗེས་སུ་བྱེད་པར་སྐྱེ་བའི་བུས་ཕའི་གཟུགས་འཛིན་ཏོ་ཞེས་བྱ་བ་དེ་བཞིན་དུ། རྣམ་པར་ཤེས་པ་ཡུལ་གྱི་རྣམ་པའི་རྗེས་སུ་བྱེད་པར་སྐྱེ་བས་ཀྱང་ཡུལ་འཛིན་ཏོ་ཞེས་ཐ་སྙད་གདགས་སོ། །དེ་ལ་འདི་སྙམ་དུ་རྡུལ་ཕྲ་རབ་རྣམས་ཀྱི་ཡང་དེ་བཞིན་དུ་དེའི་རྣམ་པར་སྐྱེ་བས་རང་གི་ངོ་བོ་ངེས་པར་འཛིན་
ཏོ་སྙམ་དུ་སེམས་ན། དེའི་ཕྱིར་རྡུལ་ཕྲ་མོ་དག་ནི་དེའི་རྒྱུ་ཉིད་ཡིན་དུ་ཟིན་ཀྱང་དེ་ལྟ་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡུལ་ཕྲ་རབ་རྣམས་ནི་དེའི་རྒྱུ་ཉིད་ཡིན་དུ་ཟིན་ཀྱང་། རྣམ་པར་ཤེས་པ་སོ་སོར་ངེས་པའི་རྣམ་པའི་རྗེས་སུ་མི་བྱེད་ན་དེ་ནི་ཇི་ལྟར་དེ་དག་གི་རང་གི་ངོ་བོ་འཛིན་པར་འགྱུར།
ངེས་པར་མི་འཛིན་ན་ཡང་ཇི་ལྟར་ཡུལ་དུ་འགྱུར། དེའི་རྒྱུ་ཉིད་ཡིན་དུ་ཟིན་ཀྱང་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་རྒྱུ་ཉིད་ཡིན་དུ་ཟིན་ཀྱང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་དཔེར་དབང་པོ་བཞིན་ནོ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་དབང་པོ་རྒྱུའི་དངོས་པོར་འགྱུར་ཡང་། དེའི་རྣམ་པར་སྐྱེ་བའི་རྣམ་
པར་ཤེས་པས་རང་གི་ངོ་བོ་ངེས་པར་མི་འཛིན་པས། ཡུལ་ཉིད་དུ་མི་འདོད་པ་ལྟར་རྡུལ་ཕྲ་རབ་རྣམས་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ། །དབང་པོ་ཡང་དམིགས་པ་ཉིད་དུ་ཐལ་བར་འགྱུར་དུ་འོང་བས་དམིགས་པ་ནི་རྒྱུ་མཚན་ཉིད་ཙམ་འབའ་ཞིག་ནི་མ་ཡིན་ནོ། །དེ་ལྟར་རྡུལ་ཕྲ་རབ་
རྣམས་དམིགས་པ་ཉིད་ཡིན་པ་བཀག་ནས་མཇུག་བསྡུ་བའི་ཕྱིར། དེ་ལྟར་ན་རེ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དམིགས་པའི་མཚན་ཉིད་དུ་མི་རུང་བའི་ཕྱིར་རྡུལ་ཕྲ་རབ་རྣམས་དམིགས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་སྦྱོར་བ་ནི་རྡུལ་ཕྲ་རབ་རྣམས་དམིགས་པ་
མ་ཡིན་ཏེ། རང་སྣང་བའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་པའི་ཕྱིར་དབང་པོ་བཞིན་ནོ། །ཆོས་མི་མཐུན་པ་ནི་གཟུང་བའི་ཆའོ། །རང་སྣང་བའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་པ་ཡང་དམིགས་པ་ཉིད་ཡིན་ན་ཧ་ཅང་ཐལ་བར་འགྱུར་བ་ནི་གནོད་པ་ཅན་གྱི་ཚད་མའོ། །

ཡང་ན་རྡུལ་ཕྲ་རབ་རྣམས་ནི་དམིགས་པ་མ་ཡིན་ཏེ། རང་གི་ངོ་བོ་ངེས་པར་མི་འཛིན་པའི་ཕྱིར་དབང་པོ་བཞིན་ནོ། །ཆོས་མི་མཐུན་པ་ནི་གཟུང་བའི་ཆ་སྟེ། གཟུང་བའི་ཆ་དམིགས་པ་ཉིད་ཡིན་པར་ནི་སྒྲུབ་པར་འགྱུར་རོ། །རང་གི་ངོ་བོ་ངེས་པར་མི་འཛིན་པ་ཡང་དམིགས་པ་ཉིད་ཡིན་
ན་ཧ་ཅང་ཐལ་བར་འགྱུར་བ་ནི་གནོད་པ་ཅན་གྱི་ཚད་མའོ། །སྦྱོར་བ་འདི་གཉིས་ནི་སློབ་དཔོན་ཆོས་སྐྱོང་གི་བཤད་པ་བདག་གིས་བྲིས་ཀྱི་རང་གི་བཤད་པ་ནི་མ་ཡིན་ནོ། །དེ་ལྟར་ན་རེ་ཞིག་རྡུལ་ཕྲ་རབ་རྣམས་དམིགས་པ་ཉིད་ཡིན་པ་བཀག་པ་ཡིན་ནོ། །འདུས་པ་ཡང་དགག་
པའི་ཕྱིར། འདུས་པ་དེར་སྣང་བ་ཉིད་ཡིན་དུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་རིག་པ་འདུས་པ་ཅན་དུ་སྣང་མོད་ཀྱི། འོན་ཀྱང་འདུས་པ་དམིགས་པ་ནི་མ་ཡིན་ཏེ། འདི་ལྟར་རྣམ་པར་རིག་པ་དེ་དེ་ལས་མི་སྐྱེ་བས་སོ། །དེ་ལས་མི་སྐྱེར་ཆུག་ན་ཡང་དམིགས་
པར་གོ་ཅིའི་ཕྱིར་མི་འགྱུར་ཏེ། དེའི་ཕྱིར་དོན་གང་ཞིག་རང་སྣང་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་དོན་གང་ཞིག་རང་སྣང་སྟེ་བདག་ཉིད་དུ་སྣང་བའི་རྣམ་པར་རིག་པ་སྐྱེད་པ་དེ་ནི་དམིགས་པ་ཡིན་པར་རུང་ངོ་། །འདི་སྐད་དུ་རྣམ་པར་ཤེས་པ་དོན་གང་ཞིག་གི་ངོ་བོའི་
རྗེས་སུ་བྱེད་ལ། དེ་ཡང་སྐྱེད་པར་བྱེད་པ་ཡིན་ན་དེའི་ཚེ་དམིགས་པའི་རྐྱེན་དུ་རུང་གི་གཞན་དུ་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །སྐྱེད་པར་བྱེད་པ་ཁོ་ན་དམིགས་པ་ཡིན་པར་འགྱུར་རོ་ཞེས་བྱ་བ་འདི་ག་ལས་ཤེ་ན། འདི་ལྟར་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་
ལྟར་དེ་ནི་བསྟན་བཅོས་ལས་སྐྱེ་བའི་རྒྱུ་མཚན་ཉིད་དུ་བཤད་དོ། །བསྟན་བཅོས་ལས་ནི་འདི་སྐད་དུ། དོན་གང་ཞིག་སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་བའི་རྒྱུ་མཚན་ཡང་ཡིན་ལ། དེ་རྣམས་སྐྱེས་ན་དོན་དེ་ཉམས་སུ་མྱོང་བའི་ཐ་སྙད་འདོགས་པར་ཡང་བྱེད་པ་དེ་ནི་
དམིགས་པ་ཡིན་ནོ་ཞེས་འབྱུང་ངོ་། །འདི་སྐད་དུ། དོན་གང་ཞིག་སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེད་པར་བྱེད་ལ། སེམས་དང་སེམས་ལས་བྱུང་བ་དེ་རྣམས་སྐྱེས་ནས། དོན་དེ་ལ་འདི་ལྟར་ཉམས་སུ་མྱོང་ངོ་ཞེས་དེ་ལྟ་བུའི་ཐ་སྙད་འདོགས་པར་བྱེད་པའི་དོན་དེ་ནི་

དམིགས་པ་ཞེས་བྱའོ་ཞེས་བཤད་པ་ཡིན་ནོ། །དེའི་ཕྱིར་སྐྱེ་བའི་རྒྱུ་མཚན་ཡང་ཡིན་ལ་ཞེས་སྨོས་པས། དམིགས་པའི་རྐྱེན་སྐྱེད་པར་བྱེད་པ་ཉིད་ཡིན་པར་གྲུབ་པོ། །དེའི་རྣམ་པ་ཅན་ཉིད་ནི་ཕྱོགས་འདི་ལ་རབ་ཏུ་གྲགས་པའི་ཕྱིར་མ་བཤད་དོ། །དེ་བས་
ན་གཉིས་ཀའི་མཚན་ཉིད་དང་ལྡན་པའི་དོན་གང་ཡིན་པ་དེ་དམིགས་པ་ཡིན་ནོ་ཞེས་བྱ་བར་བཤད་པ་ཡིན་ནོ། །དེ་ལ་འདི་སྙམ་དུ་འདུས་པ་ཡང་སྐྱེད་པར་བྱེད་པ་ཡིན་ནོ་སྙམ་དུ་སེམས་ན། དེའི་ཕྱིར་འདུས་པ་ནི་དེ་ལྟ་ཡང་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། འདུས་པ་ནི་སྐྱེད་པར་བྱེད་པ་
མ་ཡིན་ནོ། །དེ་རྣམ་པར་རིག་པ་མི་སྐྱེད་ན་ཇི་ལྟར་དམིགས་པ་ཡིན་པར་འགྱུར། ཅི་སྟེ་སྐྱེད་པར་བྱེད་པ་མ་ཡིན་ཞེ་ན། རྫས་སུ་མེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་འདུས་པ་རྫས་སུ་ཡོད་པ་མ་ཡིན་པ་དེའི་ཕྱིར་སྐྱེད་པར་བྱེད་པ་མ་ཡིན་ཏེ། རྫས་སུ་མེད་པ་རྣམས་ལ་ནི་
འབྲས་བུ་སྐྱེད་པའི་ནུས་པ་མེད་དོ། །འདུས་པ་རྫས་སུ་མེད་པ་ཉིད་ནི་འོག་ནས་སྒྲུབ་པར་བྱེད་དོ། །གང་རྫས་སུ་ཡོད་པ་མ་ཡིན་པ་དེ་ནི་སྐྱེད་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་འདི་ལ་དཔེ་ཟླ་གཉིས་བཞིན་ཞེས་བྱ་བ་སྨོས་ཏེ། འདི་ལྟར་རྫས་སུ་མེད་པའི་ཕྱིར་ཟླ་བ་གཉིས་པ་ནི་ཟླ་བ་
གཉིས་པར་སྣང་བའི་ཤེས་པའི་རྒྱུའི་དངོས་པོར་མི་འགྱུར་རོ། །དེ་བཞིན་དུ་འདུས་པ་ཡང་རང་སྣང་བའི་ཤེས་པའི་རྒྱུའི་དངོས་པོར་མི་འགྱུར་རོ། །གལ་ཏེ་ཟླ་བ་གཉིས་པས་དེ་མི་སྐྱེད་ན། འོ་ན་ནི་དེའི་རྒྱུ་མཚན་མེད་པ་ཅན་དུ་འགྱུར་རོ་ཞེ་ན། དེའི་ཕྱིར་དབང་པོ་མ་ཚང་བའི་ཕྱིར་ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་མཚན་མེད་པ་ཅན་ནི་མ་ཡིན་ཏེ། འདི་ལྟར་དབང་པོ་ཉམས་པས་ཟླ་བ་གཉིས་སུ་མཐོང་བར་མི་འགྱུར་རོ། །འདི་ལྟར་གང་གི་ཚེ་མིག་གི་དབང་པོ་རབ་རིབ་ཀྱིས་ཉམས་པར་འགྱུར་བ་དེའི་ཚེ་ཟླ་བ་གཉིས་སུ་སྣང་བའི་ཤེས་པ་སྐྱེ་བར་འགྱུར་ཏེ། དེ་ཟླ་
བ་གཉིས་པས་སྐྱེད་པ་ནི་མ་ཡིན་ནོ། །གང་གི་ཚེ་དེ་དེས་མ་སྐྱེད་པ་དེའི་ཚེ། ཟླ་བ་གཉིས་ཀྱི་ཤེས་པ་ཟླ་བ་གཉིས་པར་སྣང་དུ་ཟིན་ཀྱང་། དེའི་ཡུལ་ནི་མ་ཡིན་ནོ། །དེ་བས་ན་སྐྱེད་པར་བྱེད་པ་མ་ཡིན་པའི་ཕྱིར་ཡུལ་དུ་མི་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །འདིར་མ་ཚང་བ་ཞེས་བྱ་བའི་

སྒྲས་ནི་ཉམས་པ་བརྗོད་དོ། །དེ་ལྟར་དཔེ་ལ་རབ་ཏུ་བསྒྲུབས་ནས། དངོས་པོ་ལ་ཉེ་བར་སྦྱོར་བའི་ཕྱིར། དེ་བཞིན་དུ་རྫས་སུ་ཡོད་པ་མ་ཡིན་པ་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཟླ་བ་གཉིས་པ་རྫས་སུ་མེད་པའི་ཕྱིར་ཤེས་པའི་རྒྱུ་མ་ཡིན་ལ། རྒྱུ་མ་ཡིན་པའི་ཕྱིར་དེའི་
ཡུལ་མ་ཡིན་པ་དེ་བཞིན་དུ་འདུས་པ་ཡང་རྫས་སུ་མེད་པའི་ཕྱིར་ཤེས་པའི་རྒྱུ་མ་ཡིན་ལ། རྒྱུ་མ་ཡིན་པའི་ཕྱིར་དེའི་ཡུལ་མ་ཡིན་ནོ། །འདིར་སྦྱོར་བ་ནི། འདུས་པ་ནི་རྒྱུ་མ་ཡིན་ཏེ། རྫས་སུ་མེད་པའི་ཕྱིར་ཟླ་བ་གཉིས་པ་བཞིན་ནོ། །ཆོས་མི་མཐུན་པ་ནི་རྣམ་པར་ཤེས་པའོ། རྫས་
སུ་མེད་པ་རྣམས་ལ་ནུས་པ་མེད་པ་ནི་གནོད་པ་ཅན་གྱི་ཚད་མའོ། །ཡང་ན་འདུས་པ་ནི་དམིགས་པ་མ་ཡིན་ཏེ། རྒྱུ་མ་ཡིན་པའི་ཕྱིར་ཟླ་བ་གཉིས་པ་བཞིན་ནོ། །ཆོས་མི་མཐུན་པ་ནི་གཟུང་བའི་ཆ་སྟེ། གཟུང་བའི་ཆ་རྒྱུ་ཉིད་ཡིན་པ་དང་། དམིགས་པ་ཉིད་ཡིན་པར་ནི་སྒྲུབ་པར་འགྱུར་
རོ། །རྒྱུ་མ་ཡིན་པ་ཡང་དམིགས་པ་ཉིད་ཡིན་ན། ཟླ་བ་གཉིས་པ་ལ་སོགས་པ་ཡང་དམིགས་པ་ཉིད་ཡིན་པར་འགྱུར་བས་ཧ་ཅང་ཐལ་བར་འགྱུར་བ་ནི་གནོད་པ་ཅན་གྱི་ཚད་མའོ། །ཚད་མ་འདི་གཉིས་ཀྱང་སློབ་དཔོན་ཆོས་སྐྱོང་གིས་བཤད་པ་ཡིན་ནོ། །དེ་ལྟར་ཕྱོགས་གཉིས་ཀ་བཀག་ནས་མཇུག་བསྡུ་
བའི་ཕྱིར། དེ་ལྟར་ཕྱི་རོལ་གཉི་གར་ཡང་། །བློ་ཡི་ཡུལ་དུ་མི་རུང་ངོ་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་བཤད་པའི་ཚུལ་གྱིས་ན་གཉི་ག་ལྟར་ན་ཡང་ཕྱི་རོལ་གྱི་དོན་རྣམ་པར་ཤེས་པའི་ཡུལ་དུ་མི་རུང་ངོ་། །ཕྱི་རོལ་ནི་རྣམ་པར་ཤེས་པ་ལས་མ་གཏོགས་པའོ། །གཉི་
གར་ཞེས་བྱ་བ་ལ་ནི་རྡུལ་ཕྲ་རབ་ཀྱི་ཕྱོགས་དང་། འདུས་པའི་ཕྱོགས་ལྟར་རོ། །བློའི་ཞེས་བྱ་བ་ནི་ཤེས་པའིའོ། །ཅིའི་ཕྱིར་མི་རུང་ཞེ་ན། དེའི་ཕྱིར་ཡན་ལག་གཅིག་མ་ཚང་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་རྡུལ་ཕྲ་རབ་ཀྱི་ཕྱོགས་ལ་ནི་རྒྱུ་ཉིད་ཡོད་ཀྱི་དེའི་རྣམ་པ་ཉིད་མེད་
དོ། །འདུས་པའི་ཕྱོགས་ལ་ཡང་དེའི་རྣམ་པ་ཉིད་ཡོད་ཀྱི་རྒྱུ་ཉིད་མེད་དོ། །དེ་ལྟ་བས་ན་ཡན་ལག་རེ་རེ་མ་ཚང་བའི་ཕྱིར་རྡུལ་ཕྲ་རབ་ཅེས་བྱ་བ་དང་། འདུས་པ་ཞེས་བྱ་བའི་དོན་དམིགས་པ་མ་ཡིན་ནོ། །འདི་སྐད་དུ་དམིགས་པ་ཉིད་ཀྱི་ཡན་ལག་གི་རྣམ་པ་གཉིས་ཏེ། རང་གི་རྣམ་པ་འཇོག་

པ་དང་། རྒྱུ་ཉིད་ཡིན་པའོ། །འདི་ཡང་རྡུལ་ཕྲ་རབ་དང་། འདུས་པ་དག་ལ་མེད་པས། དེ་གཉིས་ཡུལ་ཉིད་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །གང་ལས་ཡུལ་ནི་ཆོས་ཉིད་གཉིས་དང་ལྡན་པའོ་ཞེས་འབྱུང་བ་དེར་ཡང་ཡན་ལག་དེ་གཉིས་ཁོ་ན་ཆོས་ཉིད་གཉིས་ཀྱི་
སྒྲར་བརྗོད་པར་ཟད་དོ། །དེ་ལྟར་ཕྱོགས་གཉིས་ཀ་བཀག་ནས་ཕྱོགས་གསུམ་པ་ཉེ་བར་དགོད་པའི་ཕྱིར། འདི་ལ་ནི་ཁ་ཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱི་རོལ་གྱི་དོན་དུ་སྨྲ་བས་ཕྱོགས་འདི་ལ་ཡང་ཕ་ཁོལ་ལ་སོགས་པ་ཁ་ཅིག་རྡུལ་ཕྲ་རབ་འདུས་པའི་རྣམ་པ་དག་དབང་
པོའི་རྣམ་པར་ཤེས་པའི་རྒྱུར་འདོད་དོ། །དེ་དག་འདི་སྐད་ཅེས་རྡུལ་ཕྲ་རབ་རྣམས་ལ་ནི་འདུས་པའི་རྣམ་པ་ཡང་ཡོད་དོ། །རྡུལ་ཕྲ་རབ་རྣམས་ལ་གང་ཅུང་ཟད་ཅི་ཡོད་པ་དེ་ཐམས་ཅད་ནི། རྫས་སུ་ཡོད་པ་ཡིན་ནོ། །རྫས་སུ་ཡོད་པའི་ཕྱིར་འདུས་པའི་རྣམ་པ་དེ་རྣམ་པར་ཤེས་པའི་རྒྱུ་ཉིད་དུ་
འགྱུར་རོ། །རགས་པའི་ཕྱིར་ན་རྣམ་པར་ཤེས་པ་ལ་རང་གི་ངོ་བོ་ཡང་འཇོག་པར་འགྱུར་ཏེ། དེ་བས་ན་རྡུལ་ཕྲ་རབ་རྣམས་ཚུལ་གཞན་གྱི་ཡུལ་ཉིད་ཡིན་ནོ་ཞེས་ཟེར་རོ། །ནི་ཞེས་བྱ་བའི་སྒྲ་ནི་ཡང་ཞེས་བྱ་བའི་སྒྲའི་དོན་དུ་བལྟ་བར་བྱའོ། །འདུས་པའི་རྣམ་པ་ནི་འདིར་རགས་པའི་
རྣམ་པའོ། །བསྒྲུབ་པ་ཞེས་བྱ་བ་ནི་རྒྱུའོ། །རྡུལ་ཕྲ་རབ་རྣམས་ཀྱི་རྣམ་པ་ནི་རབ་ཏུ་ཕྲ་བར་གྲགས་པ་མ་ཡིན་ནམ། དེ་བས་ན་འདི་དག་ལ་འདུས་པའི་རྣམ་པ་འདི་ལྟ་ག་ལ་ཡོད་སྲིད་པ་ཡོད་དུ་ཆུག་ན་ཡང་གཅིག་ལ་རྣམ་པ་གཉིས་ཇི་ལྟར་རུང་ཞེ་ན། དོན་ཐམས་ཅད་ནི་རྣམ་པ་དུ་མ་
ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་འདིར་ཉེས་པ་མ་ཡིན་ཏེ། གང་གི་ཕྱིར་དངོས་པོ་གཟུགས་ཅན་ཐམས་ཅད་ནི་རྣམ་པ་དུ་མ་ཅན་ཡིན་པས་སོ། །འདི་ལྟར་གཟུགས་ཅན་ཐམས་ཅད་ནི་འབྱུང་བ་ཆེན་པོ་བཞིའི་ངོ་བོ་ཉིད་ཡིན་ལ། དེ་དག་ཀྱང་སྔོན་པོ་དང་དྲི་ཞིམ་པ་དང་། མངར་
བ་དང་། རྩུབ་པ་ལ་སོགས་པའི་རྣམ་པ་དང་ལྡན་པས་རྣམ་པ་དུ་མ་ཅན་ཡིན་ནོ། །ཡང་ཇི་ལྟར་རྡུལ་ཕྲ་རབ་རྣམས་ལ་རྣམ་པ་དུ་མ་དང་ལྡན་པ་འདི་ཡོད་པ་དེ་བཞིན་དུ་འདུས་པའི་རྣམ་པ་འདི་ཡང་དེ་དག་ལ་ཡོད་པར་འགྱུར་རོ། །གལ་ཏེ་དོན་ཐམས་ཅད་རྣམ་པ་དུ་མ་ཅན་ཡིན་ན།

ཅིའི་ཕྱིར་རྣམ་པ་ཐམས་ཅད་དུ་མི་ཤེས་ཤེ་ན། དེའི་ཕྱིར་དེ་ལ་རྣམ་པ་འགའ་ཞིག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དག་རྣམ་པ་དུ་མ་ཅན་ཡིན་མོད་ཀྱི་འོན་ཀྱང་རྣམ་པ་འགའ་ཞིག་གིས་འདི་དག་མངོན་སུམ་ཉིད་དུ་འདོད་ཀྱི། རྣམ་པ་ཐམས་ཅད་དུ་ནི་མ་ཡིན་ཏེ། འདི་ལྟར་
དེ་དག་གི་ནུས་པ་སོ་སོར་ངེས་པའི་ཕྱིར་དབང་པོ་རྣམས་ནི་དོན་ཐམས་ཅད་འཛིན་པ་མ་ཡིན་ནོ། །འདི་ནི་བཙུན་པ་སངས་རྒྱས་ལྷའི་གཞུང་ལུགས་ཀྱི་རྗེས་སུ་འབྲངས་ནས་བཤད་པ་ཡིན་ཏེ། དེ་ལྟར་ན་སྐྱེ་མཆེད་བཅུ་ནི་འབྱུང་བ་ཙམ་དུ་ཟད་དོ། །དེ་ལྟར་རྣམ་པ་དུ་མ་ཅན་ཉིད་དུ་བསྒྲུབས་
ནས་རྣལ་མ་དང་སྦྱར་བའི་ཕྱིར་རྡུལ་ཕྲ་རབ་རྣམས་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡུལ་ཕྲ་རབ་རྣམས་ལ་ཡང་འདུས་པར་སྣང་བའི་ཤེས་པ་བསྐྱེད་པའི་རྒྱུའི་དངོས་པོ་ཡོད་དེ། རྡུལ་ཕྲ་རབ་རྣམས་ཀྱི་འདུས་པའི་རྣམ་པ་ཅན་གྱི་ཤེས་པ་བསྐྱེད་དོ་ཞེས་བྱ་བའི་དོན་ཏོ། །རྡུལ་ཕྲ་
རབ་རྣམས་ལ་འདུས་པའི་རྣམ་པ་ཡོད་པ་སྒྲུབ་པར་བྱེད་པས་རྡུལ་ཕྲ་རབ་རྣམས་ལ་འདུས་པའི་རྣམ་པ་ཡོད་དོ་ཞེས་བརྗོད་པར་བྱ་བ་མ་ཡིན་ནམ། ཅིའི་ཕྱིར་འདི་སྐད་དུ་རྡུལ་ཕྲ་རབ་རྣམས་ལ་ཡང་འདུས་པར་སྣང་བའི་ཤེས་པ་སྐྱེད་པའི་རྒྱུ་ཡོད་དོ་ཞེས་སྨྲས་ཤེ་ན། འདིར་སྨྲས་པ།
དམིགས་པའི་ཆ་གཉིས་རབ་ཏུ་བསྟན་པའི་ཕྱིར་དེ་སྐད་ཅེས་སྨྲས་ཏེ། དེ་ལ་ཤེས་པ་སྐྱེད་པའི་རྒྱུའི་དངོས་པོ་ཞེས་བྱ་བ་སྨྲས་པས་ནི། རྒྱུ་ཉིད་ཡིན་པར་རང་གི་སྒྲས་བསྟན་ཏོ། །འདུས་པར་སྣང་བ་ཞེས་སྨྲས་པས་ནི་རྣམ་པ་འཇོག་པ་དང་འདུས་པའི་རྣམ་པ་ཡོད་པ་ཉིད་ཀྱང་བསྒྲུབས་
པ་ཡིན་ཏེ། གང་གི་ཕྱིར་དོན་གྱིས་ནི་རྣམ་པར་ཤེས་པ་ལ་རང་གི་བདག་ཉིད་ལ་ཡོད་པའི་རྣམ་པ་འཇོག་གི་མེད་པ་ནི་མ་ཡིན་པ་དེའི་ཕྱིར་འདུས་པའི་རྣམ་པ་ཡོད་པར་ཡང་སྨྲས་པ་ཁོ་ན་ཡིན་ནོ། །གལ་ཏེ་རྡུལ་ཕྲ་རབ་རྣམས་ལ་རགས་པའི་རྣམ་པ་ཡོད་ན་གོ། །ཇི་ལྟར་དེ་དག་ལ་རྡུལ་
ཕྲ་རབ་ཅེས་བྱ། ཇི་ལྟར་ཕྲ་མོའི་རྣམ་པ་དེ་ཉེ་བཞིན་དུ་ཡང་མི་འཛིན་ཞེ་ན། དེའི་ཕྱིར་རྡུལ་ཕྲན་རྣམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཉིད་རྣམ་པར་དགྲོལ་བའི་ཕྱིར་ཇི་ལྟར་སྲ་བ་ཉིད་ལ་སོགས་པ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་སྲ་བ་ཉིད་དང་། གཤེར་བ་དང་། དྲོ་བ་ལ་

སོགས་པའི་ཡུལ་རྣམས་ཡོད་བཞིན་དུ་ཡང་། དབང་པོའི་ནུས་པ་སོ་སོར་ངེས་པའི་ཕྱིར་མིག་གི་བློའི་ཡུལ་ཉིད་དུ་མི་འགྱུར་བ་དེ་བཞིན་དུ་རྡུལ་ཕྲ་མོ་ཡང་དེ་བཞིན་དུ་ཡང་མི་འགྱུར་རོ། །རྣམ་པ་དེ་ཉིད་ལ་བརྟེན་ནས་ཀྱང་འདི་དག་ལ་རྡུལ་ཕྲ་རབ་ཅེས་ཐ་སྙད་
གདགས་སོ། །ནི་ཞེས་བྱ་བའི་སྒྲ་ནི་ཉིད་ཅེས་བྱ་བའི་དོན་དུ་བལྟ་བར་བྱའོ། །དེ་ལྟར་ཕྱོགས་གསུམ་པ་ཉེ་བར་བཀོད་ནས་སུན་དབྱུང་བ་དེ་དག་ལྟར་ན་བུམ་པ་དང་། ཁམ་ཕོར་ལ་སོགས་བློ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་རྡུལ་རབ་རྣམས་ལ་འདུས་པའི་རྣམ་པ་
ཡོད་པར་ཁས་ལེན་པ་དེ་དག་ལ་བརྒལ་ཞིང་བརྟག་པར་བྱ་སྟེ། རྡུལ་ཕྲ་རབ་རྣམས་ལ་འདུས་པའི་རྣམ་པ་གང་ཞིག་ཁས་ལེན། རེ་ཞིག་འཇིག་རྟེན་ན་ནི་བུམ་པ་དང་། ཁམ་ཕོར་དང་། ཕོར་བུ་ལ་སོགས་པ་དང་། ཀ་བ་དང་དྲི་ལ་སོགས་པ་ལ་འདུས་པར་གྲགས་སོ། །འདི་དག་
གི་ནང་ན་རྣམ་པ་གང་ཞིག་རྡུལ་ཕྲ་རབ་རྣམས་ལ་ཡོད་པར་འདོད། གལ་ཏེ་བུམ་པའི་རྣམ་པའོ་ཞེ་ན་དེའི་ཚེ་ཁམ་ཕོར་ལ་སོགས་པ་འདུས་པ་ཐམས་ཅད་ལ་བུམ་པའི་བློ་འབྱུང་བར་འགྱུར་རོ། །འོན་ཏེ་ཁམ་ཕོར་གྱི་རྣམ་པའོ་ཞེ་ན། དེའི་ཚེ་ཡང་ཐམས་ཅད་ལ་ཁམ་ཕོར་གྱི་བློ་འབྱུང་
བར་འགྱུར་གྱི་ཁ་ཅིག་ལ་ནི་བུམ་པའི་བློ་ཁ་ཅིག་ལ་ནི་ཁམ་ཕོར་གྱི་བློ་ཞེས་བྱ་བ་བློ་ཐ་དད་པ་དག་ཡིན་པ་འདིར་མི་འགྱུར་རོ། །འདི་སྐད་དུ། བློ་ནི་ཡུལ་ལ་རང་གི་ངོ་བོའི་རྗེས་སུ་བྱེད་ཅིང་སྐྱེ་ལ། ཡུལ་ཡང་ངོ་བོ་གཅིག་པ་ཡིན་ན་དེ་ཇི་ལྟར་བློ་ཐ་དད་པར་འགྱུར་ཞེས་བཤད་པ་ཡིན་ནོ། །དེ་ལ་
འདི་སྙམ་དུ། བུམ་པ་ལ་ནི་རྡུལ་ཕྲ་རབ་མང་ལ། ཁམ་ཕོར་ལ་ནི་ཆེས་ཉུང་སྟེ། དེ་བཞིན་དུ་ནི་གཞན་དག་ལ་ཡང་མང་བ་དང་ཉུང་བ་ཉིད་རིག་པར་བྱའོ། །དེའི་ཕྱིར་མང་བ་དང་ཉུང་བ་ཉིད་ཀྱིས་བྱས་པའི་བློའི་ཁྱད་པར་འདི་ཡོད་དོ་སྙམ་དུ་སེམས་ན། དེའི་ཕྱིར་བུམ་པ་དང་ཁམ་
ཕོར་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་ལ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་ནི། ཉུང་ངུ་དང་མང་པོ་ཉིད་ཀྱིས་བྱས་པའི་བློའི་ཁྱད་པར་མི་རུང་སྟེ། འདི་ལྟར་བུམ་པ་ལ་རྡུལ་ཕྲ་རབ་མང་ལ། ཁམ་ཕོར་ལ་ཆེས་ཉུང་མོད་ཀྱི། འོན་ཀྱང་རྡུལ་ཕྲ་རབ་ཏུ་གཏོགས་པ་འདུས་པའི་

རྣམ་པ་ལ་རང་ལ་ཡོད་པའི་ཁྱད་པར་ནི་འགའ་ཡང་མེད་དོ། །དེའི་ཕྱིར་ཉེས་པ་དེའི་སོ་ན་འདུག་སྟེ། གང་དུ་རྡུལ་ཕྲ་རབ་མང་བ་དེར་ནི་བུམ་པ་ཆེ་ལ། གང་དུ་ཆེས་ཉུང་བ་དེར་ནི་བུམ་པ་ཆུང་ངོ་ཞེས་བྱ་བ་འདི་ཙམ་ཞིག་ཏུ་འགྱུར་བར་ཟད་ཀྱི་འདུས་པའི་རྣམ་པ་འདྲ་བ་ལས་མང་པོ་ལས་ནི་བུམ་པའི་བློ།
ཉུང་ངུ་ལ་ནི་ཁམ་ཕོར་གྱི་བློ་འབྱུང་ངོ་ཞེས་བྱ་བ་འདིར་ནི་མི་འགྱུར་རོ། །འདིར་གཞན་གྱི་ཚིག་གི་གོ་སྐབས་བསྟན་པའི་ཕྱིར། གལ་ཏེ་རྣམ་པའི་དབྱེ་བས་དབྱེ་ཞེས་བྱ་བ་སྨོས་སོ། །དེ་ཉིད་རྣམ་པར་དགྲོལ་བའི་ཕྱིར། གལ་ཏེ་འདི་སྙམ་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འདི་སྙམ་དུ་
བུམ་པའི་མགྲིན་པ་ནི་གྱེན་དུ་བལྟ་ལ། དེ་ཡང་ཞུམ་པ་ཡིན། ལྟོ་ནི་རྐེད་ན་འདུག་ལ་དེ་ཡང་ཡངས་པ་ཡིན་ཏེ། དེ་ལྟ་བུ་ལ་སོགས་པ་ནི་འདིའི་རྣམ་པའི་དབྱེ་བ་ཡིན་ནོ། །ཁམ་ཕོར་ནི་ཁ་ནི་ཡངས་ལ། ཞབས་ནི་ཞུམ་པ་ཞེས་བྱ་བ་ལ་སོགས་པ་རྣམ་པའི་དབྱེ་བ་ཡིན་ཏེ། དེའི་ཕྱིར་རྣམ་པའི་
དབྱེ་བའི་སྒོ་ནས། བུམ་པ་དང་ཁམ་ཕོར་ལ་སོགས་པའི་བློ་རྣམས་ཐ་དད་པར་འགྱུར་རོ་སྙམ་དུ་སེམས་ནའོ། །རྣམ་པའི་ཁྱད་པར་ལས་ཞེས་བྱ་བ་ལ་རྣམ་པ་ཞེས་བྱ་བ་ནི་དབྱིབས་ཏེ། བཀོད་པ་དང་། གནས་པ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པའི་དབྱེ་བ་ཡུལ་མ་ཡིན་པ་ཉིད་དུ་བསྟན་
པའི་ཕྱིར། ཁྱད་པར་འདི་ནི་བུམ་པ་ལ་སོགས་པ་ལ་ཡོད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱོད་ཀྱི་བུམ་པ་དང་གཞན་ཁམ་ཕོར་ལ་སོགས་པའི་རྣམ་པའི་ཁྱད་པར་བསྟན་པ་གང་ཡིན་པ་དེ་དག་གི་ཁྱད་པར་འདི་ནི་ཡོད་དེ། དེ་ནི་ཁོ་བོ་ཅག་ཀྱང་མི་བསྙོན་མོད་ཀྱི། འོན་ཀྱང་རྡུལ་ཕྲ་
རབ་རྫས་སུ་ཡོད་པ་གང་དག་ཡིན་པ་དེ་དག་ལ་ནི་རྣམ་པའི་དབྱེ་བ་དེ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཚད་དབྱེ་མེད་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་རྡུལ་ཕྲ་རབ་རྣམས་ཀྱི་ཚད་ཟླུམ་པོ་ཞེས་བྱ་བ་གང་ཡིན་པ་དེ་ལ་ནི་དབྱེ་བ་མེད་དོ། །བུམ་པའི་རྡུལ་ཕྲ་རབ་རྣམས་ཀྱང་རྫས་གཞན་ཁོ་ན་
ཡིན་ལ། ཁམ་ཕོར་གྱི་ཡང་རྫས་གཞན་མ་ཡིན་ནམ། དེ་ཇི་ལྟར་ཚད་དབྱེ་བ་མེད་ཅེ་ན། དེའི་ཕྱིར་རྡུལ་ཕྲ་རབ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་བུམ་པ་དང་། ཁམ་ཕོར་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་རྫས་གཞན་ཉིད་ཡིན་དུ་ཟིན་ཀྱང་ཟླུམ་པོ་ལ་ཐ་དད་པ་མེད་

པ་དེའི་ཕྱིར་རྡུལ་ཕྲ་རབ་རྣམས་ལ་རྣམ་པའི་དབྱེ་བ་མེད་དོ། །ཇི་ལྟར་ཁྱེད་ཀྱི་ལྟར་ན་རྡུལ་ཕྲ་རབ་རྣམས་ལས་ཇི་དང་། ཇི་སྙེད་པ་ཡོད་པ་དེ་ཐམས་ཅད་རྫས་སུ་ཡོད་པ་དེ་བཞིན་དུ། རྡུལ་ཕྲ་རབ་རྣམས་ལ་ཚད་ཅུང་ཟད་ཅི་ཡོད་པ་དེ་ཐམས་ཅད་ཀྱང་ཟླུམ་པོའི་ངོ་བོ་ཉིད་ཡིན་
ལ། རྡུལ་ཕྲ་རབ་རྣམས་ཀྱི་ཟླུམ་པོ་ཡང་ངོ་བོ་ཉིད་གཅིག་པ་ཁོ་ན་ཡིན་ནོ། །དེའི་ཕྱིར་ཇི་ལྟར་དེ་དག་གི་དབྱེ་བས་ཐ་དད་པར་འགྱུར། འདུས་པའི་རྣམ་པ་རགས་པར་འདོད་མོད་ཀྱི། འོན་ཀྱང་རྫས་སུ་ཡོད་པའི་ཕྱིར་དེ་ཡང་ཆ་ཤས་མེད་པ་ཉིད་དུ་འགྱུར་དགོས་སོ། །དེ་ལྟ་མ་ཡིན་ཏེ།
འདི་ཆ་ཤས་དང་བཅས་པ་ཡིན་ན་རྫས་སུ་ཡོད་པ་ཉིད་དུ་མི་འགྱུར་རོ། །ཆ་ཤས་མེད་པའི་ཕྱིར་དེ་ལ་བཀོད་པ་ཐ་དད་པ་ལྟ་ག་ལ་ཡོད་དེ། གང་དག་ཆ་ཤས་དང་བཅས་པ་དེ་དག་ནི་ནུས་པ་སྣ་ཚོགས་པས་བཀོད་པར་འགྱུར་གྱི། ཆ་ཤས་མེད་པ་དག་ནི་མ་ཡིན་ནོ། །དེ་ལྟར་རྡུལ་ཕྲ་རབ་རྣམས་ཀྱི་
རྣམ་པའི་དབྱེ་བ་བཀག་ནས་མཇུག་བསྡུ་བའི་ཕྱིར། དེའི་ཕྱིར་དེ་རྫས་མེད་ལ་ཡོད། །ཅེས་བྱ་བ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་བཤད་པའི་རྣམ་པས་ཆ་ཤས་མེད་པ་རྣམས་ལ་བཀོད་པ་ཐ་དད་པ་མི་སྲིད་པ་དེའི་ཕྱིར། དེ་ནི་རྫས་སུ་མེད་པ་རྣམས་ཁོ་ན་ལ་བལྟ་བར་བྱའོ། །བསྟན་བཅོས་བྱེད་པས་
མདོའི་དོན་བསྟན་པའི་ཕྱིར། རྣམ་པའི་དབྱེ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པའི་དབྱེ་བ་གང་ཡིན་པ་དེ་ནི། ཀུན་རྫོབ་ཏུ་ཡོད་པ་དག་ཁོ་ན་ལ་ཡོད་དེ། ཆ་ཤས་དང་བཅས་པའི་ཕྱིར་རོ། །རྡུལ་ཕྲ་རབ་རྣམས་ལ་ནི་མ་ཡིན་ཏེ། ཆ་ཤས་མེད་པའི་ཕྱིར་རོ། །བྱེ་བྲག་པའི་ལྟར་
ན་བུམ་པ་ལ་སོགས་པ་རྫས་སུ་ཡོད་པ་ཉིད་ཡིན་ཏེ། དེའི་ཕྱིར་བརྒྱ་ཞིག་ལ་དེ་བུམ་པ་ལ་སོགས་པ་ཀུན་རྫོབ་ཏུ་ཡོད་པའོ་ཞེས་བྱ་བ་འདི་ཇི་ལྟར་ཤེས་ཞེས་སྨྲ་བར་གྱུར་ན། དེའི་ཕྱིར་བུམ་པ་ལ་སོགས་པ་ནི་ཀུན་རྫོབ་ཏུ་ཡོད་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། བུམ་པ་ལ་སོགས་པ་
ནི་ཀུན་རྫོབ་ཏུ་ཡོད་པ་ཉིད་དོ་ཞེས་བྱ་བ་དེ་ལྟར་ཤེས་པར་བྱ་སྟེ། འདི་ལྟར་རྡུལ་ཕྲ་རབ་རེ་རེ་ནས་ཡོངས་སུ་བརྩལ་བར་བྱས་ན་ཡང་བུམ་པའི་རྣམ་པ་ཅན་གྱི་ཤེས་པ་མི་སྐྱེའོ། །དེར་སྣང་ཤེས་པ་ཉམས་འགྱུར་ཕྱིར། །ཞེས་བྱ་བ་ནི་ཤེས་པ་འདི་ལ་དེ་ལྟ་བུར་སྣང་བ་ཡོད་པས་ན། འདི་ནི་

དེར་སྣང་བ་སྟེ། དེ་ཞེས་བྱ་བའི་སྒྲས་ནི་བུམ་པ་དང་སྦྱར་རོ། །སྣང་ཞེས་བྱ་བའི་སྒྲས་ནི་འདྲ་བར་བརྗོད་དོ། །དེ་ནི་དེར་སྣང་བ་ཡང་ཡིན་ལ། ཤེས་པ་ཡང་ཡིན་པས་ན། དེར་སྣང་ཤེས་པའོ། །དེ་ཉམས་པ་ནི་དེར་སྣང་ཤེས་པ་ཉམས་པ་སྟེ། དེར་སྣང་ཤེས་པ་ཉམས་པ་དེའི་ཕྱིར་རོ། །
རྡུལ་ཕྲ་རབ་རེ་རེ་ནས་ཡོངས་སུ་བསལ་ན་བུམ་པ་ལ་སོགས་པའི་རྣམ་པ་ཅན་གྱི་ཤེས་པ་མི་སྐྱེད་ཟིན་ཀྱང་། ཅི་དེ་ཙམ་གྱི་བུམ་པ་ལ་སོགས་པ་ཀུན་རྫོབ་ཏུ་ཡོད་པ་ཉིད་དུ་འགྱུར་རམ་ཞེ་ན། དེའི་ཕྱིར། རྫས་སུ་ཡོད་པ་རྣམས་ལ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་གང་
དག་རྫས་སུ་ཡོད་པ་དེ་དག་ནི། འབྲེལ་པ་ཅན་བསལ་ཀྱང་རང་གི་བློ་ཡོངས་སུ་མི་འདོར་ཏེ། དཔེར་ན་ཁ་དོག་ལ་སོགས་པ་ལྟ་བུའོ། །གལ་ཏེ་བུམ་པ་ལ་སོགས་པ་ཡང་རྫས་སུ་ཡོད་པ་ཞིག་ཡིན་པར་གྱུར་ན་ནི་དེའི་ཚེ་དེ་དག་ཀྱང་རང་དང་འབྲེལ་པ་ཅན་ཡོངས་སུ་བསལ་ཀྱང་།
རང་གི་བློ་མི་འདོར་བར་འགྱུར་རོ། །རྡུལ་ཕྲ་རབ་རེ་རེ་ནས་ཡོངས་སུ་བསལ་བར་བྱས་ནས། རྫས་རྩོམ་པར་བྱེད་པའི་སྦྱོར་བ་ཞིག་པའི་ཕྱིར། བུམ་པ་ཞིག་པས་དེའི་ཕྱིར་བུམ་པའི་བློ་མི་སྐྱེ་བ་ཡིན་ནམ། ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པའི་ཕྱིར་ནི་མ་ཡིན་ནོ་ཞེ་ན། འདིར་
བཤད་པ་གལ་ཏེ། རྡུལ་ཕྲ་རབ་ལས་མ་གཏོགས་པ་བུམ་པ་ལ་སོགས་པ་ཡན་ལག་ཅན་གྱི་རྫས་ཞིག་ཡོད་ན། དེའི་ཚེ་རྡུལ་ཕྲ་རབ་དག་ལ་ཡོད་དོ་ཞེས་བརྗོད་པར་བྱ་བ་ཅི་དེ་དག་ལ་ཇི་སྙེད་ཡོད་པའི་ངོ་བོས་ཡོད་དམ། འོན་ཏེ་ཕྱོགས་གཅིག་གིས་ཡིན། དེ་ལ་རྩོམ་པར་
བྱེད་པའི་ཆ་ཤས་མ་གཏོགས་པ་གང་དག་གིས་ནི་དེ་དེ་ལ་ཡོད་པར་འགྱུར་བ་ཆ་ཤས་ཅན་གྱི་ཕྱོགས་གཅིག་གིས་ཡོད་པ་མ་ཡིན་ནོ། །གལ་ཏེ་ཕྱོགས་གཅིག་གིས་ཡོད་པ་མ་ཡིན་ནོ་ཞེ་ན། དེའི་ཚེ་ཇི་སྙེད་ཡོད་པའི་ངོ་བོས་ཡོད་དོ་ཞེས་བྱ་བར་གྱུར་ཏོ། །དེའི་ཕྱིར་རྡུལ་ཕྲ་རབ་
དག་ཇི་སྙེད་པ་དེ་སྙེད་ཀྱི་བུམ་པ་ལ་སོགས་པའི་ཆ་ཤས་ཅན་དུ་འགྱུར་ཏེ། དེས་ན་ཆ་ཤས་ཅན་གྱི་གཅིག་པ་ཉིད་ཉམས་པར་འགྱུར་རོ། །འདིར་སྦྱོར་བ་ནི་ཆ་ཤས་ཅན་ནི་རྫས་སུ་ཡོད་པ་མ་ཡིན་ཏེ། དུས་གཅིག་ཏུ་དངོས་པོ་དུ་མ་ཉེ་བར་ལེན་པའི་ཕྱིར། རྟ་མ་ཡིན་པ་ཉིད་ལ་སོགས་

པ་བཞིན་ནོ། །ཆོས་མི་མཐུན་པ་ནི་རང་གི་མཚན་ཉིད་དོ། །དངོས་པོའི་ངོ་བོ་ཉིད་ཡིན་ན་ནི་བཤད་པའི་རྣམ་པས་དུས་གཅིག་ཏུ་དངོས་པོ་དུ་མ་ཉེ་བར་ལེན་པ་ཉིད་དུ་མི་འཐད་པ་ནི་གནོད་པ་ཅན་གྱི་ཚད་མའོ། །དེ་ལྟར་ན་ཕྱོགས་གསུམ་ཆར་ལ་ཡང་། ཕྱི་རོལ་གྱི་དོན་དམིགས་པ་ཉིད་
དུ་མི་འཐད་དོ་ཞེས་བསྒྲུབས་ནས་མཇུག་བསྡུ་བའི་ཕྱིར། དེ་ལྟ་བས་ན་དབང་པོའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་རྡུལ་ཕྲ་རབ་རྣམས་དམིགས་པར་མི་རུང་བ་དེའི་ཕྱིར་དབང་པོའི་བློ་རྣམས་ཀྱི་ཕྱི་རོལ་གྱི་དོན་གྱི་ཡུལ་ཅན་མ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །དེ་ལྟར་གཞན་གྱི་
གཞུང་ལུགས་བཀག་ནས་རྣམ་པ་ཐམས་ཅད་དུ་དམིགས་པ་བཀག་ནས། ཁས་བླངས་པ་ལ་གྲགས་པས་གནོད་པར་འགྱུར་དུ་འོངས་པས་རང་གི་གཞུང་ལུགས་ལ་དམིགས་པ་རྣམ་པར་གཞག་པ་བསྟན་པའི་ཕྱིར། ཤེས་བྱ་ནང་གི་ངོ་བོ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མདོའི་དོན་ནི་ཤེས་
པ་ལ། ཤེས་བྱའི་རྣམ་པ་བེག་བུར་ཆད་པ་ལྟ་བུར་སྣང་བ་གང་ཡིན་པ་དེ་ཁོ་ན་ཤེས་པའི་ཡུལ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །ནང་ཞེས་བྱ་བ་ནི་ནང་སྟེ། དེ་ཡང་འདིར་ཤེས་པ་ཡིན་པར་བལྟ་བར་བྱའོ། །ནང་ཞེས་བྱ་བའི་སྒྲ་འདི་ནི་རང་བཞིན་གྱིས་བདུན་པའི་དོན་ཡིན་ཏེ། དེས་ན་ཤེས་པ་ལ་ནང་ཞེས་
བཤད་པ་ཡིན་ནོ། །ཤེས་བྱའི་ངོ་བོ་ཞེས་བྱ་བ་ནི་ཡུལ་གྱི་རྣམ་པ་གཟུང་བའི་ཆ་ཞེས་བྱ་བའི་ཐ་ཚིག་གོ། །ནི་ཞེས་བྱ་བའི་སྒྲས་ནི་ངེས་པར་གཟུང་བ་དང་། བར་དུ་ཆོད་པའི་དོན་དུ་བལྟ་བར་བྱའོ། །ཕྱི་རོལ་ལྟར་སྣང་ཞེས་བྱ་བ་ནི་ཕྱི་རོལ་ལྟ་བུར་མངོན་པ་སྟེ། རྣམ་པར་ཆད་པ་ལྟ་བུར་ཞེས་བྱ་
བྱ་བའི་ཐ་ཚིག་གོ། །དེ་དེ་ལྟར་སྣང་བའི་རྒྱུ་མཚན་ཡང་ནམ་མཁའི་ཁམས་སྣང་བ་ཡིན་ནོ། །ནམ་མཁའ་དེ་ནི་རྣམ་པར་ཤེས་པ་ལ་སྣང་བས་ན། རྣམ་པར་ཤེས་པ་ལས་བེག་བུར་ཆད་པ་བཞིན་དུ། དེས་གཟུང་བའི་ཆར་སྟོན་པར་བྱེད་དེ། དཔེར་ན་ཟླ་བའི་གཟུགས་བརྙན་མེ་ལོང་གི་ངོས་
སུ་འབྱུང་བ་ན། ནམ་མཁའི་ཁམས་ཀྱི་གཟུགས་བརྙན་གྱི་དབང་གིས་ཁྲོན་པ་ན་འདུག་པ་ལྟར་བེག་བུར་ཆད་པར་སྣང་བ་བཞིན་ནོ། །ཕྱི་རོལ་གྱི་ཡུལ་མེད་ན་རྣམ་པར་ཤེས་པའི་དམིགས་པའི་རྐྱན་ཉིད་འགའ་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་ཕྱི་རོལ་གྱི་དོན་ཞེས་བྱ་བ་ལ་སོགས་

པ་སྨོས་སོ། །འདི་ལ་དམིགས་པའི་རྐྱེན་མེད་པའི་ཉེས་པ་མེད་དེ། འདི་ལྟར་ཕྱི་རོལ་གྱི་དོན་མེད་མོད་ཀྱི། འོན་ཀྱང་ནང་ན་ཕྱི་རོལ་ལྟ་བུར་སྣང་བ་ཡོད་པ་ཁོ་ན་བས། དེ་ནི་དམིགས་པའི་རྐྱེན་དུ་འགྱུར་ཏེ། དཔེར་ན་རབ་རིབ་ཅན་གྱིས་སྐྲ་ཤད་དང་། ཤ་སྦྲང་ལ་སོགས་པའི་རྣམ་པ་ཅན་གྱི་བློ་
ལ། སྐྲ་ཤད་ལ་སོགས་པའི་རྣམ་པ་ལྟ་བུའོ། །འདི་སྐད་དུ་གཟུང་བའི་ཆ་དེ་ནི་དམིགས་པའི་མཚན་ཉིད་དུ་རུང་བའི་ཕྱིར་དམིགས་པའི་རྐྱེན་ཉིད་དུ་བཤད་དོ་ཞེས་བཤད་པ་ཡིན་ནོ། །ཡང་འདི་ཇི་ལྟར་དམིགས་པའི་མཚན་ཉིད་དུ་རུང་ཞེ་ན། དེའི་ཕྱིར་རྣམ་ཤེས་ངོ་བོའི་ཕྱིར་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། གང་གི་ཕྱིར་ཤེས་པ་སྔོན་པོ་དང་སེར་པོ་ལ་སོགས་པ་སྤྲོས་པའི་བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་སྔོན་པོ་དང་སེར་པོ་ལ་སོགས་པའི་རྣམ་པ་དང་ལྡན་པར་སྐྱེ་བ་དེའི་ཕྱིར། སྔོན་པོ་ལ་སོགས་པའི་རྣམ་པ་ཅན་ཡིན་པས་དེའི་རྣམ་པ་ཅན་ཉིད་དུ་གྲུབ་ལ་གང་གི་
ཕྱིར་སྔོན་པོ་ལ་སོགས་པའི་རྣམ་པ་དེ་རྣམ་པར་ཤེས་པ་དེའི་རྐྱེན་ཡིན་པ་དེའི་ཕྱིར་རྒྱུ་ཉིད་དུ་ཡང་གྲུབ་པོ། །དེའི་རྐྱེན་ནི་དེའི་རྐྱེན་ཉིད་དེ། དེ་ཞེས་བྱ་བའི་སྒྲ་ནི་རྣམ་པར་ཤེས་པ་དང་སྦྱོར་རོ། །དེའི་ངོ་བོ་ནི་དེའི་རྐྱེན་ཉིད་དོ། །དེའི་རྐྱེན་ཉིད་ཡིན་པ་དེའི་ཕྱིར་ཏེ། གསུམ་པ་འདི་ནི་གཏན་ཚིགས་
ལ་བལྟ་བར་བྱའོ། །བསྟན་བཅོས་བྱེད་པས་མདོའི་དོན་རྣམ་པར་དགྲོལ་བའི་ཐབས་ཀྱི་མཇུག་བསྡུ་བར་བྱ་བའི་ཕྱིར་ནང་གི་རྣམ་པར་ཤེས་པ་ནི་དོན་དུ་སྣང་བ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་རྣམ་པར་ཤེས་པ་ནི་ནང་ན་ཡོད་པའི་དོན་གྱི་རྣམ་པས་དེའི་རྣམ་པ་ཅན་
དང་། དོན་གྱི་རྣམ་པ་དེ་ཡོད་ན་དེ་སྐྱེས་པ་དེའི་ཕྱིར། ཆོས་ཉིད་གཉིས་དང་ལྡན་པས་ན་ནང་གི་ཉིད་དམིགས་པ་ཡིན་པར་རིགས་སོ། །འདི་སྐད་དུ། རྣམ་པར་ཤེས་པ་ནི་ནང་ན་ཡོད་པའི་དོན་གྱི་རྣམ་པར་བྲིས་པའི་རྣམ་པ་ལྟ་བུར་སྣང་ངོ་། །དེ་ལྟ་བས་ན་དེའི་རྣམ་པ་ཅན་ཡིན་ཏེ།
དཔེར་ན་རྒྱ་བྲིས་པའི་རྣམ་པས་དེའི་རྣམ་པ་ཅན་ཡིན་པ་ལྟ་བུའོ། །གང་གི་ཕྱིར་གཟུང་བའི་ཆ་ཡོད་ན་སྐྱེས་པ་དེའི་ཕྱིར། རྣམ་པར་ཤེས་པ་དེ་ནི་དེ་ལས་སྐྱེས་པ་ཞེས་ཀྱང་བྱ་སྟེ། དེ་བས་ན་དམིགས་པའི་ཆ་གཉིས་ཀ་ཡོད་པས་འདི་ནི་དམིགས་པ་ཉིད་དུ་རིགས་སོ་ཞེས་བཤད་པ་ཡིན་

ནོ། །འདིར་གཞན་གྱི་ཚིག་གི་གོ་སྐབས་བསྟན་པའི་ཕྱིར། རེ་ཞིག་དེ་ལྟར་སྣང་བ་ཉིད་ཡིན་ལ་ནི་རག་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་རྣམ་པར་ཤེས་པ་ལ་ནང་ན་ཡོད་པའི་ཤེས་བྱ་སྣང་བ་ཉིད་ནི་ཡིན་ལ་རག་སྟེ། འདི་ལྟར་དེ་ནི་ཤེས་བྱའི་རྣམ་པ་ངེས་བྲིས་
པའི་རྣམ་པ་ལྟ་བུར་སྐྱེའོ་ཞེས་བཤད་ན་དེའི་ཕྱོགས་གཅིག་ཏུ་གྱུར་པ་དང་། ལྷན་ཅིག་སྐྱེས་པ་ཤེས་བྱའི་རྣམ་པ་གང་ཡིན་པ་དེ་གོ་ཇི་ལྟར་རྣམ་པར་ཤེས་པ་དེའི་རྐྱེན་དུ་འགྱུར། དེ་ལྟ་ཡིན་ན་ནི་བདག་ཉིད་ལ་བྱེད་པར་ཁས་བླངས་པ་དང་། ཧ་ཅང་ཐལ་བར་འགྱུར་ཏེ། འཛིན་པའི་
ཆ་ཡང་གཟུང་བའི་ཆ་སྐྱེད་པར་བྱེད་པར་འགྱུར་ལ། བ་ལང་གི་རྭ་གཡས་གཡོན་ཀྱང་ཕན་ཚུན་སྐྱེད་པར་བྱེད་པ་ཉིད་དུ་ཐལ་བར་འགྱུར་བ་མ་ཡིན་ནམ་ཞེས་བྱ་བ་ནི་ཕྱོགས་སྔ་མའོ། །འདི་ལ་བསྟན་བཅོས་བྱེད་པས་ལན་གདབ་པར། གཅིག་ཆའང་མི་འཁྲུལ་ཕྱིར་ན་རྐྱེན། །ཞེས་བྱ་
བ་སྨོས་སོ། །དེ་ཉིད་རྣམ་པར་དགྲོལ་བའི་ཕྱིར། །ལྷན་ཅིག་པར་གྱུར་དུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ནི་འདིར་ཉེས་པར་མི་འགྱུར་ཏེ། གང་གི་ཕྱིར་གཟུང་བའི་ཆ་ནི་ལྷན་ཅིག་འབྱུང་བར་འགྱུར་དུ་ཟིན་ཀྱང་། རྐྱེན་གཞན་རྒྱུ་དང་མཚུངས་པ་དེ་མ་ཐག་པ་དང་།
བདག་པོ་དག་ལས་སྐྱེས་པའི་རྣམ་པར་ཤེས་པའི་དམིགས་པའི་རྐྱེན་ཉིད་དུ་འགྱུར་བས་སོ། །འདི་ལྟར་གཟུང་བའི་ཆ་དེ་མེད་པར་རྣམ་པར་ཤེས་པ་དེ་མི་འབྱུང་སྟེ། དེ་ནི་དབྱུག་པ་ལ་བརྟེན་པའི་ཚུལ་དུ་དམིགས་པར་བྱ་བ་འགའ་ཞིག་ཏུ་ཟད་ཀྱི། འདི་རྐྱེན་རིལ་གྱི་བྱ་བ་བྱེད་པའམ།
རྐྱེན་རེ་རེ་ལ་སྒྲོ་གདགས་པ་ནི་མ་ཡིན་ནོ། །གལ་ཏེ་ཡང་ཤེས་པ་དེ་གཟུང་བའི་ཆ་དེ་ལས་ཕན་འདོགས་པ་མི་རེ་ན་ཅི་སྟེ། དེ་མེད་པར་ཡང་མི་འབྱུང་སྟེ། འདི་ལྟར་ཕན་མི་འདོགས་པ་ལ་ལྟོས་པར་མི་འགྱུར་ལ། ཕན་མི་འདོགས་པ་ནི་མེད་དུ་ཟིན་ཀྱང་འགའ་ཡང་མི་འབྱུང་བར་མི་
འགྱུར་རོ། །གལ་ཏེ་རྣམ་པ་འདིས་གཟུང་བའི་ཆ་ཡང་རྒྱུ་ཉིད་དུ་འགྱུར་ན་ནི་འགྱུར་དུ་ཟད་དེ། འགལ་བ་ཅི་ཞིག་ཡོད། བ་ལང་གི་རྭ་གཡས་གཡོན་དག་ནི་འཁྲུལ་བའི་ཕྱིར་རྒྱུ་དང་འབྲས་བུའི་དངོས་པོ་མེད་དོ། །བདག་ཉིད་ལ་བྱེད་པ་ཡང་ལ་ལར་འདོད་པ་ཉིད་དེ། དཔེར་ན་མར་

མེ་ལྟ་བུའོ། །དེ་ནི་བདག་ཉིད་ཁོ་ནས་བདག་ཉིད་གསལ་བར་བྱེད་དོ། །ཆའི་བྱེ་བྲག་གིས་ནི་བདག་ཉིད་ལ་བྱེད་པ་ཡང་ཡོད་རེ་སྐན། རྒྱུ་དང་འབྲས་བུའི་དངོས་པོ་མི་འཁྲུལ་པའི་རྒྱུ་མཚན་ཅན་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེ་ན། འདི་ལྟར་གཏན་ཚིགས་པ་དག་ནི་ཡོད་པ་དང་མེད་
པ་དག་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་གཏན་ཚིགས་པ་དག་ནི་ཡོད་པ་དང་མེད་པ་དག་གི་ཡོད་པ་དང་མེད་པ་ཉིད་གང་ཡིན་པ་དེ་ནི་རྒྱུ་དང་རྒྱུ་དང་ལྡན་པའི་རིམ་གྱིས་སྐྱེ་བ་དག་གི་ཡང་མཚན་ཉིད་ཡིན་པར་སྨྲ་སྟེ། གང་ཞིག་ཡོད་ན་གང་ཡོད་ལ། །དེ་མེད་ན་མེད་པ་དེ་ནི་རྒྱུ་
ཡིན་ལ། ཅིག་ཤོས་ནི་རྒྱུ་དང་ལྡན་པ་ཡིན་ནོ། །འདི་ལ་ཡང་གཟུང་བའི་ཆ་ཡོད་ན་ཤེས་པ་ཡོད་ལ་མེད་ན་མེད་དེ། དེ་ལྟ་བས་ན་ལྷན་ཅིག་འབྱུང་བ་དེ་གཉིས་ཀྱང་རྒྱུ་དང་རྒྱུ་དང་ལྡན་པ་ཉིད་དུ་འགྲུབ་པོ། །གཏན་ཚིགས་པ་དག་ཅེས་བྱ་བ་ནི་གང་དག་གཏན་ཚིགས་ཀྱི་ཐ་སྙད་འདོགས་པ་དེ་
དག་ནི་གཏན་ཚིགས་པ་དག་སྟེ། རྟོག་གེ་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དང་ལྡན་པ་ཉིད་ཅེས་བྱ་བ་ནི་ཡོད་པ་དང་མེད་པ་དང་ལྡན་པ་ཉིད་དོ། །རྒྱུ་དང་རྒྱུ་དང་ལྡན་པ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་དག་ཅེས་བྱ་བའི་དོན་ཏོ། །དེ་ལྟར་རེ་ཞིག་ཡུལ་དང་ཡུལ་ཅན་གྱི་དངོས་པོ་དུས་མཉམ་པ་བསྟན་
ནས། ད་ནི་རིམ་གྱིས་ཡུལ་དང་ཡུལ་ཅན་གྱི་དངོས་པོ་བསྟན་པའི་ཕྱིར། ཡང་ན། ནུས་པ་འཇོག་ཕྱིར་རིམ་གྱིས་ཡིན། །ཞེས་བྱ་བ་སྨོས་ཏེ། ཡང་ན་གཟུང་བའི་ཆ་དེ་ནུས་པ་འཇོག་པ་ན་རིམ་གྱིས་སྐྱེད་པར་བྱེད་པའི་ངོ་བོའི་ཡུལ་དུ་འགྱུར་ཏེ། འདི་ལྟར་གཟུང་བའི་ཆ་དེ་འགག་པ་ན། །ཀུན་
གཞི་རྣམ་པར་ཤེས་པ་ལ་ནུས་པ་འཇོག་པར་བྱེད་དོ། །ནུས་པ་དེ་གལ་ཏེ་སྐད་ཅིག་མ་གཉིས་པ་ལ་ལྷན་ཅིག་བྱེད་པ་རྣམས་སྒྲུབ་ན་ནི་དེའི་ཚེ་སྐད་ཅིག་མ་གཉིས་པ་ཁོ་ན་ལ་རང་དང་མཐུན་པའི་རྣམ་པར་ཤེས་པ་སྐྱེད་དོ། །གལ་ཏེ་མི་སྒྲུབ་ན་ནི་དེའི་ཚེ་སྐད་ཅིག་མ་གསུམ་པའམ། བཞི་
བ་ལ་ཡང་རུང་གང་གི་ཚེ་འདི་སྒྲུབ་པར་འགྱུར་བ་དེའི་ཚེ། ཡོངས་སུ་སྨིན་ནས་རང་དང་མཐུན་པའི་རྣམ་པར་ཤེས་པ་སྐྱེད་པར་འགྱུར་རོ། །ཕྱོགས་འདི་ལ་ནི་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་དང་། ཕྱོགས་གཅིག་ཡིན་པའི་ཕྱིར་དང་། ལྷན་ཅིག་སྐྱེས་པ་ཡིན་པའི་ཕྱིར་ཞེས་བྱ་

བ་ལ་སོགས་པའི་ཉེས་པ་མི་སྲིད་དེ། འདི་ལྟར་ཤེས་པ་སྔ་མ་ལ་གཟུང་བའི་ཆ་སྔོན་པོ་ལ་སོགས་པའི་རྣམ་པ་ཡོད་པ་གང་ཡིན་པ་དེ། སྔོན་པོ་ལ་སོགས་པའི་རྣམ་པ་ཅན་གྱི་ཤེས་པ་ཕྱི་མ་སྐྱེད་པར་བྱེད་དོ། །དེའི་ཕྱིར་ཉེས་པ་འདི་རྣམས་ལྟ་སྲིད་རེ་སྐན། གལ་
ཏེ་ནུས་པས་ཤེས་པ་སྐྱེད་ན། དེ་ལྟ་ན་འོ་ན་ནི་ནུས་པ་ཁོ་ན་ཡུལ་དུ་འགྱུར་གྱི། གཟུང་བའི་ཆ་སྔ་མ་ནི་མ་ཡིན་ནོ་སྙམ་དུ་སེམས་ན། རིམ་གྱིས་ཀྱང་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་ཉེས་པ་མེད་དོ། འདི་ལྟར་རིམ་གྱིས་ཀྱང་གཟུང་བའི་ཆ་དེ་ནི་རང་དང་མཐུན་པའི་འབྲས་
བུ་སྐྱེད་པའི་ཕྱིར་ཀུན་གཞི་རྣམ་པར་ཤེས་པའི་རྟེན་ཅན་གྱི་ནུས་པ་བྱེད་དོ། །གལ་ཏེ་གཟུང་བའི་ཆ་དེས་ནུས་པ་དེ་གཞག་པར་མ་གྱུར་ན་ནི་ནུས་པ་དེས་ཤེས་པ་དེ་ལྟ་བུ་སྐྱེད་པར་ཡང་མི་འགྱུར་རོ། །དེའི་ཕྱིར་ནུས་པ་ལས་སྐྱེ་བའི་ཤེས་པ་དེ་ཡང་གཟུང་བའི་ཆ་དེ་ཁོ་ན་ལས་སྐྱེས་པ་ཡིན་པས་
འགལ་བ་འགའ་ཡང་མེད་དོ། །ཕྱོགས་འདི་ལ་ནི་ཆོས་ཉིད་གཉིས་དང་ལྡན་པ་ཤིན་ཏུ་ཡང་འཐད་དེ། འདི་ལྟར་གཟུང་བའི་ཆ་དེས་རང་དང་མཐུན་པའི་ཤེས་པ་ཕྱི་མ་དེ་སྐྱེད་པས་དེའི་ཕྱིར་ཆོས་ཉིད་གཉིས་དང་ལྡན་པ་ཡོད་དོ། །འདིར་གཞན་གྱི་ཚིག་གི་གོ་སྐབས་བསྟན་པའི་ཕྱིར།
གལ་ཏེ་འོ་ན་ནང་གི་གཟུགས་ཁོ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཁྱོད་ནང་གི་གཟུགས་ཁོ་ན་དམིགས་པའི་རྐྱེན་ཡིན་པར་འདོད་ན། དེའི་ཚེ་ཇི་ལྟར་ནང་གི་གཟུགས་དེ་དང་མིག་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་སྟེ། འདི་ལྟར་མིག་སྔར་སྣང་བར་གྱུར་བའི་
གཟུགས་གང་ཡིན་པ་དེ་དང་ལྷན་ཅིག་པའི་མིག་གིས་རང་གི་རྣམ་པར་ཤེས་པ་སྐྱེད་ན། ནང་གི་གཟུགས་ནི་མིག་སྔར་སྣང་བར་ཡང་མི་འགྱུར་ན། དེ་ཇི་ལྟར་ནང་གི་གཟུགས་དེ་དང་ལྷན་ཅིག་པའི་མིག་གིས་མིག་གི་རྣམ་པར་ཤེས་པ་སྐྱེད་ཅེས་བརྗོད་པར་བྱ། དེ་ནི་ནམ་ཡང་མདུན་ན་
མི་འདུག་ན། དེ་ཇི་ལྟར་སྣང་བར་འགྱུར་ཞེས་བྱ་བ་ནི་ཕྱོགས་སྔ་མའོ། །བསྟན་བཅོས་བྱེད་པས་འདིའི་ལན་གདབ་པར། ལྷན་ཅིག་བྱེད་དབང་ནུས་པ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དབང་པོ་འབྱུང་བ་ལས་གྱུར་པ་ཡིན་ན་ནི་དེའི་ཚེ་ཉེས་པ་འདིར་འགྱུར་ན། ཁོ་བོ་

ཅག་ནི་དབང་པོ་ཉིད་དུ་འདོད་པའི་དངོས་པོ་ཡུལ་ལྷན་ཅིག་བྱེད་པའི་ནུས་པ་གང་ཡིན་པ་དེ་དབང་པོ་ཡིན་པར་འདོད་དེ། དེའི་ཕྱིར་ཁོ་བོ་ཅག་གི་ལྟར་ན་ཇི་ལྟར་གཟུགས་ནང་གི་ཡིན་པ་དེ་བཞིན་དུ་མིག་ཀྱང་ནང་གི་ཁོ་ན་ཡིན་པས་ཇི་སྐད་སྨྲས་པའི་ཉེས་པར་ལྟ་ཞིག་ག་ལ་ཡོད། ལྷན་ཅིག་
བྱེད་དབང་ཞེས་བྱ་བ་འདི་ནི་ཡུལ་དང་ལྷན་ཅིག་བྱེད་པའི་དབང་པོར་འདོད་པའི་ཞེས་བྱ་བར་དེ་ལྟར་བལྟ་བར་བྱའོ། །དེ་ལྟ་མ་ཡིན་གྱི་དབང་པོའི་དབང་པོ་ཞེས་བྱས་ནས་ནི་འབྲེལ་པ་མེད་པར་འགྱུར་ལ། དབང་པོའི་དབང་པོ་ཞེས་བརྗོད་ན་མཛེས་པར་ཡང་མི་འགྱུར་རོ། །ཡང་དབང་
པོ་ནུས་པའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟར་ཤེས་ཤེ་ན། དེའི་ཕྱིར། དབང་པོ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དབང་པོ་ནི་རང་གི་འབྲས་བུ་རྣམ་པར་ཤེས་པའི་མཚན་ཉིད་ལས་ནུས་པའི་ངོ་བོ་ཉིད་དུ་རྗེས་སུ་དཔག་གི །འབྱུང་བ་ལས་གྱུར་པ་ཉིད་དུ་ནི་མ་ཡིན་པས་སོ། །
འདི་ལྟར་འབྲས་བུ་ལས་ནི་རྒྱུ་ཙམ་རྗེས་སུ་དཔག་པར་ནུས་ཀྱི། རྒྱུའི་ཁྱད་པར་ནི་མ་ཡིན་ཏེ། ཁྱད་པར་གྱི་རྟགས་ལ་ཁྱབ་པ་མི་སྲིད་པའི་ཕྱིར་རོ། །ཇི་ལྟར་དུ་བ་ལས་མེ་ཙམ་རྗེས་སུ་དཔག་པར་ནུས་ཀྱི། མེའི་ཁྱད་པར་རྩྭ་དང་ལོ་མ་ལ་སོགས་པ་མ་ཡིན་པ་དེ་བཞིན་དུ། འབྲས་བུའི་
རྣམ་པར་ཤེས་པའི་མཚན་ཉིད་ལས་རྒྱུ་ཙམ་རྗེས་སུ་དཔག་པར་ནུས་ཀྱི། རྒྱུའི་ཁྱད་པར་འབྱུང་བ་ལས་གྱུར་པ་ཉིད་ལ་སོགས་པ་ནི་མ་ཡིན་ཏེ། འདི་ལྟར་བྱེ་བྲག་ཏུ་སྨྲ་བའི་ལྟར་ན་ནི་དབང་པོ་འབྱུང་བ་ལས་གྱུར་པ་ཡིན། བཙུན་པ་སངས་རྒྱས་ལྷའི་ལྟར་ན་ནི་འབྱུང་བའི་ངོ་བོ་ཉིད་ཡིད།
རྣལ་འབྱོར་སྤྱོད་པའི་ལྟར་ན་ནི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན། དབུ་མ་པའི་ལྟར་ན་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན། གྲངས་ཅན་པའི་ལྟར་ན་ནི་ངའོ་སྙམ་པ་ཡིན་པས་དེ་ལྟ་བུ་ལ་སོགས་པའི་ཁྱད་པར་རྗེས་སུ་དཔག་པར་མི་ནུས་སོ། །དེ་ལྟ་བས་ན་ནུས་པ་རྒྱུ་ཙམ་དུ་རྗེས་སུ་དཔོག་པར་བྱེད་
པས་ནུས་པ་ཙམ་རྗེས་སུ་དཔོག་པར་འགྱུར་རོ། །དེ་ལ་འདི་སྙམ་དུ་ནུས་པ་ནི་ནུས་པ་དང་ལྡན་པ་ལ་ལྟོས་ཏེ། ནུས་པ་ཅན་གཞི་མེད་པར་ནི་མི་རུང་ངོ་། །ནུས་པ་དང་ལྡན་པ་ནི་དབང་པོ་ཡིན་ལ། དེ་ཡང་འབྱུང་བ་ལས་གྱུར་བ་ཡིན་པས་དབང་པོ་འབྱུང་བ་ལས་གྱུར་བ་ཡིན་པར་གྲུབ་

པོ་སྙམ་དུ་སེམས་ན། དེའི་ཕྱིར། དེ་ཡང་རྣམ་རིག་ལ་མི་འགལ། །ཞེས་བྱ་བ་སྨོས་ཏེ། གལ་ཏེ་རྟེན་ཞིག་གདོན་མི་ཟ་བར་དགོས་ན། རྣམ་པར་ཤེས་པ་དེ་ཉིད་རྟེན་ཡིན་དུ་ཟད་དེ། འདི་ལྟར་རྣམ་པར་ཤེས་པ་ལ་ནི་ཡུལ་སོ་སོར་རྣམ་པར་རིག་པའི་ངོ་བོ་ཡིན་
པའི་ཕྱིར་དང་། རང་རིག་པའི་ངོ་བོ་ཡིན་པའི་ཕྱིར་གཉི་ག་ལ་གྲགས་སོ། །དེའི་ཕྱིར་དེ་ཉིད་ལས་ཀྱིས་ཡོངས་སུ་བསྒོས་པ་རྟེན་ཡིན་དུ་ཟད་དེ། ནུས་པ་ནི་གང་གིས་ན་དེ་རྣམ་པར་ཤེས་པའི་རྟེན་ཅན་དུ་མི་རུང་བར་འགྱུར་པ་རྣམ་པར་ཤེས་པ་དང་ལྷན་ཅིག་འགལ་བ་ནི་མེད་དོ། །དེ་ལ་
འདི་སྙམ་དུ་འབྱུང་བ་ལས་གྱུར་པ་ལ་རྣམ་པར་གནས་པའི་ནུས་པ་ཡང་འབྲས་བུ་གཞན་སྐྱེད་ལ། རྣམ་པར་ཤེས་པ་ལ་གནས་པ་ཡང་གཞན་སྐྱེད་དོ། དེ་ལྟ་བས་ན་དབང་པོ་ནི་གདོན་མི་ཟ་བར་འབྱུང་བ་ལས་གྱུར་པ་ཁོ་ན་ཡིན་པར་ཤེས་པར་བྱའོ་སྙམ་དུ་སེམས་ན་དེའི་དོགས་པ་བསུ་
བར་ནུས་པ་ནི་རྣམ་པར་ཤེས་པ་ལ་ཡོད་ཀྱང་རུང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལ་ནི་རྟེན་གྱིས་བྱས་པའི་ཁྱད་པར་མེད་དེ། འདི་ལྟར་ནུས་པ་ནི་གལ་ཏེ་རྣམ་པར་ཤེས་པ་ལ་རྣམ་པར་གནས་ཀྱང་རུང་།