Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 189

Văn bản gốc(Tây Tạng)

Trang 19 / 22 (50.000 ký tự/trang)
་སོགས་ཡིན། །ཞེས་བཤད་དོ། །གལ་ཏེ་འཇིགས་པ་ནི་འགལ་བ་དང་ཉེ་བ་ན་རང་ཉིད་ལྡོག་པ་ཡིན་

ན་རྒྱུ་མེད་པར་འགྱུར་རོ། །རྒྱུ་མེད་པ་ཡིན་ན་ཡུལ་དང་དུས་དང་ངོ་བོ་ཉིད་ངེས་པ་མི་རིགས་པ་མ་ཡིན་ནམ་ཞེ་ན། དེ་ནི་ཞེས་བྱ་བ་སྨོས་ཏེ་འཇིག་པ་ཞེས་བྱ་བ་འཇིག་པ་ཅན་ལས་གང་གིས་གཞན་པའི་ངོ་བོ་ནི་འགྱུར་བ་མེད་དོ། །འོན་ཀྱང་དངོས་པོ་འཕོ་བ་ཁོ་ན་འཇིག་པ་ཡིན་ཏེ་ཡང་རང་
བཞིན་མེད་པའི་ཕྱིར་རྒྱུ་དང་ལྡན་པ་མི་རིགས་སོ། །དེ་ནི་དེའི་མ་ཡིན་ལ་འབའ་ཞིག་པ་ནི་རང་ཉིད་ཁོ་ན་མ་ཡིན་པ་དེའི་ཕྱིར་འབྱུང་བ་མེད་པས་གང་གི་རྒྱུ་དང་ལྡན་པར་རྟོགས་པར་བྱ། གྲུབ་པའི་མཐའ་སྨྲ་བས་ལན་ནི་འདི་ནི་ཞེས་བྱ་བ་སྨོས་ཏེ། རྣམ་པར་རྟོག་པ་གཉིས་ལས་མི་
འདའོ་ཞེས་བཤད་ཟིན་ཏོ། །རྣམ་པར་རྟོག་པ་གཉིས་ཅི་འདྲ་བ་ཞིག་ཅེ་ན། ཅི་དངོས་པོའི་ངོ་བོ་རྟོག་པ་ཞིག་གམ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་དུས་གཞན་ཞིག་ཏུ་གནས་པའི་ཆོས་ཅན་དུ་ཁས་ལེན་པས་རྟག་པར་རྣམ་པར་རྟོག་པའི་གོ་སྐབས་མེད་དོ་ཞེ་ན་མ་ཡིན་ཏེ།
དེ་ཁས་བླངས་ན་ཡང་རྟག་པ་ཉིད་ཁས་བླངས་པར་འགྱུར་རོ། །དེ་ལྟ་ན་གང་གི་ཚེ་ལོགས་ཤིག་ཏུ་གནས་པའི་ཆོས་འདིར་རང་གིས་རྒྱུ་རྣམས་ཀྱི་སྐྱེད་པ་དེའི་ཚེ་ལོ་གཅིག་རྫོགས་པ་གང་ཡིན་པ་ཕྱི་མའི་དུས་ཀྱི་ལོར་གནས་པའི་ཆོས་ཀྱི་ངོ་བོ་ཡིན་ནོ། །གང་གི་ཕྱིར་འདི་ལོར་གནས་
པ་དེའི་མཐའ་ཡང་དེ་ཉིད་ཡིན་པ་དེའི་ཕྱིར་ལོ་གཞན་དུ་གནས་པ་དེའི་མཐའ་ཡང་ཐོག་མར་ལོར་གནས་པའི་ཆོས་ཀྱི་ངོ་བོ་ཡོངས་སུ་སྤངས་པས་ལོ་གཞན་དུ་གནས་པར་ཐལ་བར་འགྱུར་རོ། །དུས་གཞན་དུ་གནས་པའི་ཆོས་སུ་ཁས་བླངས་ཀྱང་རྟག་པ་ཁས་བླངས་པར་འགྱུར་
བས་རྟག་པའི་རྣམ་པར་རྟོག་པ་སྤང་བར་དཀའོ། །འཇིག་པའི་རྒྱུ་དང་ཉེ་བ་ལས་རང་ཉིད་ལྡོག་པ་ཡིན་ནོ་ཞེས་ཁས་བླངས་པས་མི་རྟག་པའི་རྣམ་པར་རྟོག་པ་དང་འཇིག་པའི་བདག་ཉིད་ཀྱི་རྣམ་པར་ཡིན་པ་དེ་ལྟ་ན་འཇིག་པའི་རྒྱུར་མངོན་པར་འདོད་པ་ཉེ་བར་རང་ཉིད་འཇིག་པའི་ངོ་བོ་གང་
ཡིན་པ་དེ་ཉིད་ཡོད་པའི་ངོ་བོར་གཅིག་པའི་ཕྱིར་སྐྱེས་པ་ཙམ་དེ་ཉིད་ན་འཇིག་པར་ཐལ་བར་འགྱུར་བས་ཇི་ལྟར་དུས་གཞན་དུ་གནས་པའི་ཆོས་ཉིད་སྲིད་པ་ཡིན། དེ་ལྟར་བརྟག་པར་བྱས་ན་ཕྱི་མའི་རྣམ་པར་རྟོག་པ་ཁས་བླངས་པས་དུས་གཞན་དུ་གནས་པ་འདི་སྤང་པའི་ཕྱིར་རྟག་

པ་ཉིད་འདིར་ཁས་བླང་བར་བྱའོ། །དེ་ལ་འཇིག་པའི་རྒྱུ་དང་ཉེ་བ་ལས་རང་ཉིད་འཇིག་པར་འགྱུར་བ་ཇི་ལྟར་དུས་གཞན་ཁས་བླངས་པ་སྔར་ནི་རྟག་པར་གྱུར་པ་ཉིད་ལ་ཕྱིས་ནི་མི་རྟག་པ་འཛིན་པའི་རང་བཞིན་དུ་བརྗོད་པར་འགྱུར་རོ་ཞེས་དེ་ལྟར་
རྣམ་པ་གཉིས་བརྗོད་པར་འགྱུར་རོ། །ཡང་སྨོས་པ་ནི་ཕྱི་མ་རྟོགས་པར་གྱུར་པ་ཉིད་ལ་ཕྱིས་ནི་མི་རྟག་པ་འཇིག་པའི་རང་བཞིན་དུ་བརྗོད་པར་འགྱུར་རོ་ཞེས་དེ་ལྟར་རྣམ་པ་གཉིས་བརྗོད་པར་འགྱུར་རོ། །ཡང་སྨོས་པ་ནི་ཕྱི་མ་ལ་ལྟོས་པའོ། །གཉིས་སུ་འགྱུར་བ་ཇི་འདྲ་བ་ཞིག་ཅེ་ན།
རྟག་པ་དང་མི་རྟག་པའི་རང་བཞིན་ཐ་དད་པ་གང་ཡིན་པ་དེ་ལྟར་འདི་སྔར་རྟག་པའི་ངོ་བོ་གང་ཡིན་པ་དེ་ནི་རྟག་པར་མངོན་པར་འདོད་ལ། རང་ཉིད་ཕྱི་ནས་ཞིག་པར་བརྗོད་པ་ནི་ཐམས་ཅད་དུ་སྐད་ཅིག་མ་རེ་རེ་ཁོ་ནའི་འཇིག་པར་བརྗོད་དོ། །དེ་ལྟ་མ་ཡིན་ན་སྔར་བཤད་པ་
རིགས་པས་ཕྱིས་འཇིག་པར་མི་སྲིད་པའི་ཕྱིར་རོ། །ཡང་ན་སྐད་ཅིག་མ་རེ་རེ་འདི་འཇིག་པར་མི་འགྱུར་བ་དེའི་ཚེ་ཕྱིས་ཀྱང་དེ་མི་རིགས་པས་ཐམས་ཅད་དུ་མི་འཇིག་པར་རབ་ཏུ་སྨྲས་ཟིན་པས་སྔ་མ་ལ་རྟག་པར་མངོན་པར་འདོད་པའི་རང་བཞིན་ལ་འཇིག་པའི་རྒྱུ་ནུས་པ་
ཐོགས་པ་མེད་པ་དེས་ཅི་ཡང་མི་བྱེད་པ་ཉིད་དོ། །འོ་ན་འཇིག་པའི་རྒྱུ་ཉིད་ལ་ནུས་པ་མེད་པར་གཞན་གྱིས་ཁས་མི་ལེན་གྱི་འགལ་བ་དང་ཉེ་བ་ལ་ལྟོས་ནས་རང་ཉིད་འཇིག་པར་ཁས་ལེན་ཏོ་ཞེ་ན། འཇིག་པ་དེ་ཉིད་ཀྱི་རྒྱུ་མཚན་མ་ཡིན་པར་ཐལ་བའི་ཕྱིར་རོ། །དེ་ལྟ་མ་ཡིན་
པ་ཅུང་ཟད་ཅིག་བྱེད་པ་མེད་དོ་ཞེས་བྱ་བ་འདི་རྒྱུ་ཡོད་པ་ལ་ལྟོས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་རང་གི་རྒྱུ་ཁོ་ནའི་འདི་ཉེས་པ་ཡིན་ཏེ། གང་ཅུང་ཟད་ཅིག་བྱེད་པ་མེད་ཀྱང་དེ་ལ་ལྟོས་ན་འཇུག་པ་ཡིན་ནོ། །སླར་ཡང་གནས་པ་མ་ཡིན་པ་ལ་མངོན་པར་ཞེན་
པ་དེ་དག་གིས་ཅི་ཞིག་བྱ། གང་དེ་ལ་དེ་ལྟར་འཇུག་པ་དེའི་ཕྱིར་ཕན་འདོགས་པ་ལ་ལྟོས་པ་ཉིད་ནི་རང་གི་རྒྱུ་ཡིས་ངེས་པར་སྦྱོར་ན་མཛེས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་འབྲས་བུའི་བདག་ཉིད་དེ་ཡང་དེ་ལ་ངེས་པར་སྦྱོར་བ་ལ་གུས་པར་མི་བྱེད་དོ། །ཇི་ལྟར་ཅུང་ཞིག་བྱེད་པ་

མེད་པ་འགལ་བ་ཡིན། འདི་འགལ་བ་མེད་པར་མངོན་པར་འདོད་ན་ཁྱད་པར་འགའ་ཡང་མེད་པས་འདི་ནི་གྱི་ནའོ། །གང་ཡང་དཔེར་ན་སྐད་ཅིག་མར་སྨྲ་བ་གཞན་དག་བུམ་པ་ནི་ཐོ་བ་ལ་སོགས་པ་ལ་ལྟོས་ནས་ཅུང་ཟད་ཅིག་ཀྱང་བྱེད་པ་མེད་ཀྱང་ལྡོག་པ་དེ་བཞིན་དུ་ཁོ་
བོ་ཅག་ཀྱང་དུས་གཞན་དུ་གནས་པ་ཅན་གྱི་དངོས་པོ་ཡིན་ནོ་ཞེ་ན། དེ་ཡང་གཞན་གྱི་གཞུང་ལུགས་མི་ཤེས་པར་སྨྲ་བ་ཡིན་ཏེ། ཁོ་བོ་ཅག་ནི་གང་གི་ཕྱིར་རྒྱུན་ཞེས་བྱ་བ་སྐད་ཅིག་མ་ལས་ཐ་དད་པ་ཡོད་པ་ནི་མ་ཡིན་ཏེ་ཐོ་བ་ལ་སོགས་པ་ཉེ་བས་ཅུང་ཟད་ཅིག་ཀྱང་ལྡོག་པ་ལ་བྱེད་པ་མེད་དོ། །
སྐད་ཅིག་མ་ཁོ་ན་འབའ་ཞིག་ཡོད་པ་དེ་ཡང་རང་ཉིད་ལྡོག་པས་ཐོ་བ་ལ་སོགས་པ་ལ་ལྟོས་པ་ནི་མ་ཡིན་ཏེ། རང་གི་ངང་གིས་འགོག་པའི་ཕྱིར་རོ། །གང་ཡང་གྱོ་མོ་ལ་སོགས་པ་དེ་དག་བསྐྱེད་པའི་མཚན་ཉིད་མ་ཡིན་པའི་འཇུག་པ་དང་ལྡོག་པ་ཡོད་པ་གང་ཡིན་པ་ནི་འདྲ་བ་གཞན་
བྱུང་བའི་འཁྲུལ་པའི་རྒྱུ་མཚན་གྱིས་འཇིག་རྟེན་པ་གཅིག་པ་ཉིད་མངོན་པར་ཞེས་པར་ཁས་ལེན་པས་བུམ་པ་ལ་སོགས་པ་ལྡོག་པ་ཡིན་ནོ་ཞེས་ཐ་སྙད་དུ་བྱེད་དོ། །དེ་ལ་ཐོ་བ་ལ་སོགས་པ་ཅུང་ཟད་ཅིག་ཀྱང་བྱེད་པ་མེད་པ་ཉིད་དུ་ཡོད་པ་མ་ཡིན་ཏེ། དེ་ཡོད་པ་ཉིད་ལས་དེ་དག་འབྱུང་
བའི་ཕྱིར་རོ། །མགྱོགས་པ་བསྣུན་པའི་ཐོ་བ་ལ་སོགས་པ་ནི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ཏེ། བུམ་པའི་སྐད་ཅིག་མ་དང་ཕན་ཚུན་ཉེ་བར་འདུས་པ་ལ་སོགས་པའི་རྐྱེན་གྱི་ཁྱད་པར་ལས་གྱོ་མོག་ལ་སོགས་པ་ཕུལ་དུ་བྱུང་བ་སྐྱེད་པར་འགྱུར་བའི་ཆོས་ཡིན་པའི་ཕྱིར་དང་། དེ་ཡང་དེ་
སྐྱེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ངོ་བོ་གཉིས་སུ་ཁས་བླངས་པར་ཐལ་བར་འགྱུར་བ་ལ་སོགས་པ་དེ་བསལ་བར་འདོད་པས་གཞན་གྱིས་གལ་ཏེ་སྔར་རྟག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ག་ལས་ཤེ་ན། ངོ་བོ་ཉིད་གཅིག་པའི་ཕྱིར་རོ། །ཐམས་ཅད་དུ་
ངོ་བོ་གཅིག་པས་ཐམས་ཅད་དུ་རྟག་པ་ཡིན་གྱི། ཕྱི་ནས་མི་རྟག་པའི་ངོ་བོ་ནི་མི་སྲིད་པའི་ཕྱིར་རོ། །གྲུབ་པའི་མཐའ་སྨྲ་བས་འོ་ན་ཞེས་བྱ་བ་སྨོས་ཏེ། དངོས་པོ་ཐམས་ཅད་དུ་རྟག་པའི་ངོ་བོ་ཉིད་ཀྱི་རང་བཞིན་གྱིས་འཇིག་པ་མི་འཇིག་པར་རྟོགས་ན་ཇི་ལྟར་འཇིག་པ་ཞེས་

བྱ་བ་ཡིན། ག་ལས་ཤེ་ན། དེའི་ངོ་བོ་ཉིད་དང་འཇིག་པ་དག་ནི་རྟག་པའི་ངོ་བོ་དང་འཇིག་པ་མི་རྟག་པའི་ངོ་བོ་ཉིད་ནི་ཕན་ཚུན་མེད་པའི་ངོ་བོ་ཡིན་པ་ཉིད་ཀྱི་ཕྱིར་ཕན་ཚུན་ཡོངས་སུ་སྤངས་པའི་ཕྱིར་རོ། །མཇུག་བསྡུ་བ་ནི་དེ་ལྟ་བས་ན་ཞེས་བྱ་
བ་སྨོས་ཏེ། རྟག་པའི་ཆོས་ལ་འཇིག་པ་མི་རུང་བ་དེའི་ཕྱིར་འཇིག་པ་ཡོད་པ་གང་གི་ཚེ་གདོན་མི་ཟ་བར་འབྱུང་བའི་བྱས་པའི་ངོ་བོ་དང་འཇིག་པ་ཡོད་པར་ཕ་རོལ་པོ་འདོད་པ་དེའི་ཚེ་འཇིག་པའི་ངོ་བོས་འཇིག་པར་འགྱུར་རོ། །གནས་པ་མེད་པའི་ཕྱིར་འཇིག་པ་སྟེ་བྱེད་པ་
པོའི་ཚིག་གི་གྷ་ཉའི་རྐྱེན་ཡིན་ནོ། །དེའི་ངོ་བོ་གང་ཡིན་པ་དེས་འཇིག་པའི་རང་བཞིན་གྱིས་མི་གནས་པའི་ཆོས་ཡིན་པ་དེས་ན་བྱས་པའི་ངོ་བོ་དང་ལྷན་ཅིག་པའི་ཡོད་པ་ནི་རང་གི་རྒྱུད་ལས་བྱུང་བ་ཡིན་ནོ། །དེ་ལྟ་མ་ཡིན་ན་གདོན་མི་ཟ་བར་འབྱུང་བར་ཁས་བླངས་པ་བྱས་
པའི་བདག་ཉིད་ལ་འཇིག་པ་ཡོད་པ་མི་རིགས་པའི་ཕྱིར་རོ། །གལ་ཏེ་ཡོད་པ་ཉིད་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་ཞེས་བྱ་བ་སྨོས་ཏེ། རང་ཉིད་ཀྱིས་འཇིག་པའི་ངོ་བོ་ཉིད་ཀྱི་ངོ་བོ་མ་ཡིན་ཏེ། གཞན་པ་ཉིད་མི་སྲིད་པའི་ཕྱིར་འཇིག་པའི་རྒྱུ་དོན་མེད་དོ། །རྣམ་པར་རྟོག་པ་དང་
པོ་ཉེ་བར་བཀོད་པ་དེ་ཉིད་བཤད་ཟིན་པས་ཡང་བཤད་པར་མི་བྱའོ། །དེས་ན་ཞེས་བྱ་བ་ལ་སོགས་པ་ནི་གོ་བླའོ། །དེ་ལྟར་ན་འཇིག་པ་ལ་ལྟོས་པ་མེད་པས་ནུས་པ་ཡང་དོན་མེད་དོ། །དེའི་རྒྱུ་དང་འབྲེལ་པ་ལས་བྱས་པའི་མཚན་ཉིད་དང་ཡོད་པ་ནི་སྔོན་གྱི་སློབ་དཔོན་
རྣམས་ཀྱིས་བསྟན་ཅིང་བཤད་དོ། །དེའི་བཟློག་ན་གནོད་པ་ཅན་གྱི་ཚད་མ་ཇི་ལྟ་བ་དེ་རྗེས་སུ་མྱོང་བ་དེ་བསྟན་པ་ནི་ལྟ་བས་ན་དངོས་པོ་འཇིག་པ་ལ་ཞེས་བྱ་བ་སྨོས་ཏེ། འདི་ལྟར་སྦྱོར་བ་ནི་གང་དང་གང་གི་དངོས་པོ་ཡོད་པ་ལ་ལྟོས་པ་མེད་པ་དེ་དང་དེའི་དངོས་པོར་
ངེས་པ་ཡིན་ཏེ། དཔེར་ན་ཐ་མའི་རྒྱུའི་ཚོགས་པ་རང་གི་འབྲས་བུ་བསྐྱེད་པ་ཡིན་ནོ། །བྱས་པའི་ངོ་བོའི་དངོས་པོ་ཡོད་པའི་འཇིག་པ་ནི་གཞན་གྱིས་དངོས་པོ་འབྱུང་བ་གདོན་མི་ཟ་བར་འཇིག་པར་ཁས་བླངས་པ་ཡང་གཞན་ལ་མི་ལྟོས་པའི་ཕྱིར་རོ་ཞེས་བྱ་བ་ནི་རང་བཞིན་

གྱི་གཏན་ཚིགས་སོ། །ཐལ་བར་འགྱུར་བ་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་སྔོན་གྱི་སློབ་དཔོན་གྱིས་བསྟན་ཏོ། །དེས་ན་དེའི་དངོས་པོར་ངེས་པའི་འཇིག་པ་ནི་རེས་འགའ་བ་ཡིན་པའི་ཕྱིར་སྐྱེས་མ་ཐག་འཇིག་པ་ཡིན་ནོ། །ཡོད་པ་གང་ཡིན་པ་དེ་ནི་བྱས་པའི་
མཚན་ཉིད་ཀྱི་དངོས་པོའོ། །འཇིག་པ་ནི་འཇིག་པའི་རང་བཞིན་ཡིན་ནོ། །འཇིག་པ་ཉིད་བསྒྲུབ་པར་བྱ་བའི་ཆོས་ལོག་ན་བྱས་པའི་བདག་ཉིད་ཀྱི་ཡོད་པ་ལྡོག་པ་ཡིན་པའི་ཕྱིར་བྱས་པ་དང་མ་བྱས་པའི་མཚན་ཉིད་ལ་སྐད་ཅིག་མའི་ཡོད་པས་རྗེས་སུ་འགྲོ་བ་དང་ལྡོག་པ་གྲུབ་
ཅིང་རྫོགས་པའོ། །མི་ལྡོག་པ་བཤད་པས་ཡོད་པ་དང་སྐད་ཅིག་མ་དེའི་བདག་ཉིད་དུ་གྲུབ་པའི་རྒྱུ་མཚན་གྱིས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཀྱང་ངེས་པ་ཡིན་ནོ། །དེ་ལྟར་ན་དེ་ནི་སྔོན་གྱི་སློབ་དཔོན་གྱིས་བྱས་པའི་ཡོད་པ་མེད་པའི་མ་བྱས་པའི་ཡོད་པ་རྒྱུ་མེད་པ་ཅན་ནི་རྟག་
པ་ཞེས་བྱ་སྟེ། རྟག་པའི་མཚན་ཉིད་སྤངས་པས་དེ་ནི་རྟག་པ་མ་ཡིན་ནོ། །ཡོད་པ་སྐྱེ་བ་དང་ལྡན་པ་གང་ཡིན་པ་དེ་བཤད་པའི་རིགས་པས་གདོན་མི་ཟ་བར་འཇིག་པར་ཁས་བླང་བར་བྱའོ། །གཞན་དུས་གཞན་དུ་གནས་པར་འགྱུར་རོ་ཞེས་བྱ་བའི་ལན་བཤད་ཟིན་ཀྱང་གང་དང་
གང་ཡོད་པ་དེ་དང་དེ་ནི་སྐད་ཅིག་མ་ཡིན་ནོ་ཞེས་ཐུན་མོང་དུ་བརྗོད་ཀྱི་བྱས་པ་དང་མ་བྱས་པའི་མཚན་ཉིད་ཀྱི་ཡོད་པ་ཐ་དད་པ་ལ་ལྟོས་པ་མེད་པ་རྒོལ་བ་རྣོན་པོ་ཡིན་ནོ། །བྱས་པ་ཉིད་ཀྱང་གདོན་མི་ཟ་བར་འཇིག་པ་ཡིན་ནོ་ཞེས་གཞན་གྱིས་ཁས་བླངས་པ་ལ་མི་ལྟོས་པ་དེའི་ཚེ་འཇིག་པ་
མི་ལྟོས་པ་ཉིད་དུ་ཐམས་ཅད་ལ་མི་འགྲུབ་བོ། །གང་དག་འཇིག་པར་འགྱུར་བ་བུམ་པ་ལ་སོགས་པ་ལ་མཐོང་བ་དེ་དག་ཉིད་ལ་རྒྱུ་མི་རིགས་པས་དེ་ལ་མི་ལྟོས་པ་ནི་རུང་ངོ་། །གང་ཡང་ཡུལ་ལ་སོགས་པ་བར་དུ་ཆོད་པ་དང་རི་བོ་ལ་སོགས་པ་ལ་འཇིག་པ་དང་མི་འཇིག་པ་
མ་མཐོང་བས་དེ་དག་ཉིད་གདོན་མི་ཟ་བར་འཇིག་པར་ཁས་བླངས་པའི་རྒྱུ་མཚན་མེད་པའི་ཕྱིར་རོ། །མཐའ་མ་འཇིག་པ་ནི་ལྟོས་པ་མེད་པ་བཞིན་དུ་འཇིག་པ་ལ་ཁྱད་པར་མེད་པས་དངོས་པོ་ཡང་དེའི་ངོ་བོར་ངེས་པ་ཡིན་ནོ་ཞེས་བརྗོད་པར་མི་ནུས་པའི་ཕྱིར་རོ། །དེའི་ངོ་བོ་ཡང་ལྟོས་

པ་དང་བཅས་པའི་ཕྱིར་འཇིག་པ་ལ་ལྟོས་པ་མེད་པ་ཉིད་མ་གྲུབ་བོ། །མ་བྱས་པ་དང་ནམ་མཁའ་ལ་སོགས་པ་རྣམས་ལ་འཇིག་པའི་ངོ་བོ་ལྟོས་པ་དང་བཅས་པ་བཞིན་དུ་ལྟོས་པ་ཡོད་ན་འཇིག་པའི་རང་བཞིན་དུ་མ་གྲུབ་པོ། །རྗེས་སུ་འགྲོ་བ་དང་
ལྡོག་པ་དག་དེའི་རྒྱུ་མཚན་དུ་མི་རིགས་པ་མཐོང་སྟེ། དོན་བྱེད་པར་འགལ་བའི་མཚན་ཉིད་ཡིན་པ་དེའི་ཚེ་གནོད་པ་བྱེད་པའི་ཚད་མས་དེའི་བདག་ཉིད་རབ་ཏུ་སྒྲུབ་པར་བྱེད་པར་བརྗོད་པར་འགྱུར་བ་ཡིན་ནོ་སྙམ་ནས་ཕྱོགས་སྔ་མ་སླང་བ་ནི་གལ་ཏེ་ངོ་བོ་ཉིད་ཀྱིས་འཇིག་པ་ཞེས་བྱ་བ་
སྨོས་ཏེ། བཤད་ཟིན་པའི་རིགས་པས་འཇིག་པ་བུམ་པ་ལ་སོགས་པ་ལ་ཡོངས་སུ་མཐོང་དུ་ཟིན་ཀྱང་ཡུལ་ལ་སོགས་པ་བསྐལ་པ་འགའ་ཞིག་གམ། རི་བོ་ལ་སོགས་པ་ལ་བྱས་པ་དང་འཇིག་པ་མི་དམིགས་པའམ་ནམ་མཁའ་ལ་སོགས་པ་བྱས་པ་མ་ཡིན་པའི་
ཡོད་པ་དེའི་ངོ་བོ་ཡང་མི་འཇིག་པའི་ངོ་བོ་མ་ཡིན་པར་ཡང་འགྱུར་རོ། །ཡང་སྨོས་པ་ནི་སྲིད་པར་འགྱུར་རོ། །འཇིག་པའི་ངོ་བོ་དེའི་སྒྲུབ་པར་བྱེད་པའི་ཚད་མ་མེད་པར་དོགས་པ་དེ་དང་འདི་དག་གིས་འཇིག་པའི་ངོ་བོ་ལྟོས་པ་དང་བཅས་པའི་ཕྱིར་ལྟོས་པ་མེད་པ་མ་གྲུབ་པ་
ཡིན་ནོ། །དེའི་དབང་གིས་བསྒྲུབ་པར་བྱ་བ་སྐད་ཅིག་མ་ཉིད་ཡོད་པའི་ངོ་བོར་མ་གྲུབ་པོ། །དེའི་རྒྱུ་མཚན་གྱི་རྗེས་སུ་འགྲོ་བ་དང་ལོག་པ་ཡང་མ་གྲུབ་པའི་ཕྱིར་རོ། །ཡང་འདིར་དོགས་པའི་རྒྱུ་མཚན་ཅི་ཞིག་ཡིན་གང་གིས་ན་འགའ་ཞིག་དེ་མ་ཡིན་པ་ལ་ཡང་དོགས་པ་
ཡིན་སྙམ་ན། ཐམས་ཅད་ཀྱི་ངོ་བོ་ཉིད་ཐམས་ཅད་ཡིན་པ་ནི་མེད་པས་ཞེས་བྱ་བ་སྨོས་ཏེ། རྣམ་པ་སྣ་ཚོགས་པའི་དངོས་པོའི་ངོ་བོ་མཐོང་སྟེ། ཁ་ཅིག་ཐོགས་པ་དང་བཅས་པ་དང་། ཁ་ཅིག་ཐོགས་པ་མེད་པ་དང་། དེ་བཞིན་དུ་སྔོན་པོ་དང་སྔོན་པོ་མ་ཡིན་པ་ལ་
སོགས་པའི་ངོ་བོ་དང་། དེ་བཞིན་དུ་ཁ་ཅིག་འཇིག་པ་དང་གཞན་ནི་མི་འཇིག་པའི་རང་བཞིན་དུ་ཕྱོགས་སྔ་མ་དོགས་པ་ལ་མ་ཡིན་ཏེ། ཁ་ཅིག་དེའི་ངོ་བོ་མ་ཡིན་པ་ལ་ཡང་འགྱུར་རོ་ཞེས་དོགས་ན་དེ་བཞིན་དུ་དངོས་པོ་དེ་ནི་སྐད་ཅིག་མ་མ་ཡིན་པ་ཉིད་དུ་འགྱུར་བ་དང་དེ་ལ་ཡོད་

པ་དངོས་པོ་ཉིད་དུ་ཐལ་བར་འགྱུར་བས་དེ་མ་ཡིན་པའི་ངོ་བོར་འགྱུར་དོགས་པ་ག་ལ་ཡིན། འོ་ན་ཇི་ལྟར་སྐད་ཅིག་མ་མ་ཡིན་པ་དངོས་པོ་མེད་པར་ཐལ་བར་འགྱུར། དེས་ན་ཡོད་པ་དང་སྐད་ཅིག་མ་ཉིད་ཀྱི་ངོ་བོ་ཡིན་པས་རྗེས་སུ་འགྲོ་བ་དང་ལྡོག་པ་གྲུབ་པོ་ཞེ་ན། དངོས་པོའི་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྙམ་དུ་སེམས་པ་ཡིན་ཏེ་འདིར་རེ་ཞིག་འདི་ཉིད་རྣམ་པར་དཔྱད་པར་བྱ་སྟེ། ཅི་དངོས་པོ་དེ་རྣམས་ཀྱི་མཚན་ཉིད་རིགས་པ་ཡིན་ནམ། དེ་ལ་ཡོད་པ་དང་འབྲེལ་པའི་མཚན་ཉིད་ནི་མ་ཁྱབ་པ་ཡིན་ཏེ་སྤྱི་ལ་སོགས་པ་རྣམས་ལ་
མེད་པའི་ཕྱིར་རམ། མོ་གཤམ་གྱི་བུ་ལ་སོགས་པ་ལ་ཡང་ཡོད་པས་ཁྱབ་ཆེས་པ་ཉིད་དོ། །མོ་གཤམ་གྱི་བུ་ལ་སོགས་པ་མེད་པའི་ཕྱིར་ཇི་ལྟར་ཡོད་པ་དང་འབྲེལ་པ་ཡིན་ཞེ་ན། མ་ཡིན་ཏེ་གཅིག་ལ་གཅིག་བརྟེན་པ་ཉིད་ཀྱི་ཕྱིར་རོ། །གང་གི་ཕྱིར་མེད་པ་དེ་དག་ནི་ཡོད་པ་དང་
འབྲེལ་པ་སྤངས་པ་ཉིད་དང་དེ་སྤངས་པ་ཡོད་པ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡོད་པ་ནི་ཡོད་པ་དང་འབྲེལ་པ་ཡིན་པ་དེ་ལྟ་ན་འོན་ཏེ་གཞན་ལས་ཡོད་པའི་མཚན་ཉིད་དུ་བརྗོད་པའི་ཕྱིར་ཡོད་པ་དང་འབྲེལ་པ་ཡང་དོན་མེད་དོ། །དེ་ཉིད་ཀྱི་ཕྱིར་དངོས་པོ་ཡོད་པའི་ཕྱིར་རོ། །གལ་ཏེ་དོན་
བྱེད་པའི་ནུས་པ་ཐམས་ཅད་ཀྱིས་སྟོང་པས་དེ་དག་ཡོད་པ་དང་འབྲེལ་པ་མེད་པ་ཡིན་ནོ་ཞེ་ན། དེ་ལྟར་གྱུར་ན་དོན་བྱེད་ནུས་པའི་མཚན་ཉིད་དང་ལྡན་པ་གང་ཡིན་པ་དེ་ཉིད་ཡོད་པ་དང་འབྲེལ་པས་དོན་བྱེད་ནུས་པ་ཉིད་དངོས་པོ་ཉིད་དུ་འོངས་པས་ཡོད་པ་དང་འབྲེལ་པ་དོན་
མེད་དོ། །དེ་ལྟར་ན་དེ་བཞིན་དུ་གཞན་སྤྱི་ལ་སོགས་པ་རྣམས་ཇི་ལྟར་རང་གི་ངོ་བོས་ཡོད་པར་འགྱུར། དོན་བྱེད་ནུས་པ་ནི་འདི་དག་ཐམས་ཅད་ལ་ཡོད་པས་དེ་ཉིད་ཡོད་པའི་མཚན་ཉིད་དོ། །སྐྱེ་བ་དང་འཇིག་པ་དང་གནས་པ་དང་འབྲེལ་པ་ཡོད་པ་ཡིན་ནོ་ཟེར་བ་དེ་དག་
ནི་མི་རིགས་སོ། །གནས་པ་དང་སྐྱེ་བ་དང་འཇིག་པ་འགལ་བས་ཆོས་ཅན་གཅིག་ལ་མི་རིགས་སོ། །གལ་ཏེ་རེས་འགའ་སྐྱེ་བ་དང་འགག་པ་ཡིན་ལ་རེས་འགའ་གནས་པ་ཡིན་ནོ་ཞེ་ན། སྐྱེ་བ་དང་འཇིག་པ་ཇི་ལྟ་བ་དེ་བཞིན་དུ་གནས་པ་མེད་དོ། །གནས་པ་ཇི་ལྟ་བ་དེ་བཞིན་

དུ་སྐྱེ་བ་དང་འཇིག་པ་མེད་དོ། །ཇི་སྐད་བཤད་པའི་དངོས་པོ་གཅིག་གི་མཚན་ཉིད་དུ་མི་འགྱུར་རོ། །དེའི་ཕྱིར་དངོས་པོ་གཞན་གྱི་མཚན་ཉིད་དང་འབྲེལ་པའི་ནུས་པ་མཐའ་མས་དེའི་ཤེས་པ་སྐྱེད་པར་ཁས་བླངས་པའི་ཕྱིར་རོ། །གཞན་
གྱིས་ཚིག་གི་དོན་དྲུག་ལ་སོགས་པ་རྣམ་པར་གཞག་པ་དེ་ཉིད་ནི་ཡོད་པའི་མཚན་ཉིད་དུ་མི་རིགས་ཏེ། ནུས་པ་ཐམས་ཅད་དང་བྲལ་བ་ཡང་དངོས་པོ་མེད་པའི་མཚན་ཉིད་ཡིན་ནོ། །ཐམས་ཅད་སྨོས་པ་ནི་དངོས་པོ་ཐམས་ཅད་ནི་དངོས་པོ་གཞན་གྱི་ནུས་པ་དང་བྲལ་བའི་ངོ་བོ་
ཡིན་པའི་ཕྱིར་མེད་པ་བསལ་བའི་དོན་དུ་གང་ནུས་པ་མེད་པ་གང་ཡིན་པ་དེ་ནི་གཅིག་ཏུ་ངེས་པའི་མེད་པར་བརྗོད་དོ། །ནུས་པའི་མཚན་ཉིད་ནི་སྐད་ཅིག་མའི་ཡོད་པ་ཡིན་ནོ། །དེས་ན་སྐད་ཅིག་མའི་བདག་ཉིད་ནི་མེད་པར་མི་འགྲུབ་བོ། །གང་ལས་རྗེས་སུ་འགྲོ་བ་དང་ལྡོག་པ་
ཡིན་ཞེ་ན། སྐད་ཅིག་མ་མ་ཡིན་པ་ནི་འགའ་ཡང་གང་ཡང་རུང་བ་ཐ་མའི་ཤེས་པ་སྐྱེད་པའི་མཚན་ཉིད་ཀྱི་ནུས་པ་སྐད་ཅིག་མ་ཡིན་པ་དེའི་ནུས་པ་དང་བྲལ་བར་འགྱུར། གང་འདིར་ནུས་པ་ཐམས་ཅད་ཀྱིས་སྟོང་པའི་མཚན་ཉིད་ཀྱི་མེད་པ་དང་འགལ་བས་སེལ་བར་བྱེད་པའི་ཡོད་པ་
སྐད་ཅིག་མའི་བདག་ཉིད་དུ་ཉམས་སུ་མྱོང་ན་ནི་གང་གི་རྗེས་སུ་འགྲོ་བ་དང་ལྡོག་པ་དེ་ཡིན་ནོ་ཞེ་ན། རིམ་དང་ཅིག་ཅར་དག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྟོང་པ་དང་ནུས་པ་ཐམས་ཅད་ཀྱིས་སྟོང་པ་སྐད་ཅིག་མ་མ་ཡིན་པ་ནི་མངོན་སུམ་མ་ཡིན་གྱི། འོན་ཀྱང་དེའི་ཁྱད་པར་
བྱེད་པ་སྟོང་པའི་ཕྱིར་རོ། །དེ་ལྟ་ན་རིམ་དང་ཅིག་ཅར་དག་གིས་བྱ་བ་བྱེད་པ་ལ་ཁྱབ་སྟེ་རྣམ་པ་གཞན་ནི་མི་སྲིད་པའི་ཕྱིར་རོ། །དེས་ན་སྐད་ཅིག་མ་ཡིན་པ་ལ་ཁྱབ་པར་བྱེད་པའི་ནུས་པ་དེ་དག་དང་འགལ་བས་ཁྱབ་པར་བྱ་བ་ལྡོག་པ་ཡིན་ཏེ། གང་གི་བྱ་བ་བྱེད་པའི་ནུས་པ་ཡང་
ལྡོག་པའི་ཕྱིར་རོ། །ནུས་པ་ཐམས་ཅད་ཀྱིས་སྟོང་པའི་མཚན་ཉིད་ཀྱི་མེད་པ་སྐད་ཅིག་མ་མ་ཡིན་པའི་ཁྱབ་པར་བྱེད་པ་མི་དམིགས་པས་འདྲེན་པ་ཡིན་ཏེ། འགལ་བ་དག་གཅིག་ལ་མི་སྲིད་པའི་ཕྱིར་རོ། །དེས་ན་ལྡོག་པ་ཅན་གྱི་ཡོད་པའི་སྐད་ཅིག་མ་རྣམས་ནི་གནས་པ་ཡིན་ཏེ་

དེའི་བདག་ཉིད་ཡིན་པའི་ཕྱིར་རོ། །གང་ཡང་ཡོད་པ་དེ་ནི་སྐད་ཅིག་མ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་ངོ་བོས་ཁྱབ་པ་གྲུབ་པར་ངེས་པ་ཡིན་ནོ། །འོ་ན་ནི་རྣམ་པ་གཞན་མི་སྲིད་པས་མྱུ་གུ་ལ་སོགས་པའི་འབྲས་བུ་ལ་ས་བོན་ལ་སོགས་པ་རིམ་དང་ཅིག་
ཅར་ལ་སོགས་པ་དག་གིས་བྱེད་པར་བརྗོད་ན། དེ་ཉིད་རྣམ་པ་གཞན་དང་བྲལ་བའི་འབྲས་བུ་སྐྱེ་བ་རག་ལས་གྲུབ་པ་ཡིན། རྣམ་པ་གཞན་ནི་དམིགས་པའི་རིག་བྱར་གྱུར་པ་ཡིན་ན་ཇི་ལྟར་གཏན་མེད་པ་དང་། ཡུལ་ལ་སོགས་པ་ལ་དགག་པ་འབའ་ཞིག་ཙམ་ཉིད་ཡིན།
དམིགས་པའི་རིག་བྱར་མ་གྱུར་པ་ཉིད་ནི་ཡོད་པ་ངེས་པ་མ་ཡིན་ཏེ་བསྐལ་པ་ཡིན་པའི་ཕྱིར་གང་ལས་མེད་པ་གྲུབ་པ་ཡིན། དེའི་ཕྱིར་རྣམ་པ་གཞན་དོན་བྱེད་པ་སྲིད་པས་རིམ་དང་ཅིག་ཅར་ལྡོག་པས་ཀྱང་དོན་བྱེད་ནུས་པ་ལྡོག་པ་མ་ཡིན་ན་གང་ལས་སྐད་ཅིག་མ་ཡིན། ནུས་པ་
ཐམས་ཅད་དང་བྲལ་བའི་མཚན་ཉིད་ནི་མེད་པ་ཡིན་ན་གང་གིས་ཡོད་པ་དང་སྐད་ཅིག་མའི་བདག་ཉིད་རྗེས་སུ་འགྲོ་བ་དང་ལྡོག་པར་འགྱུར་ཞེ་ན། མ་ཡིན་ཏེ་གཉི་ག་ལ་ཡང་སྐྱོན་མེད་པའི་ཕྱིར་རོ། །འདི་ལྟར་རིམ་པ་ཞེས་བྱ་བ་ནི་གོ་རིམས་སོམོ། །འབྲས་བུ་གཞན་དང་ལྷན་ཅིག་
པ་མྱུ་གུ་ལ་སོགས་པ་འབའ་ཞིག་གོ། །ཅིག་ཅར་ཡང་དེ་ལས་གཞན་པའི་ས་བོན་ལ་སོགས་པ་འབྲས་བུ་དང་ལྷན་ཅིག་པའོ། །རྣམ་པ་གཞན་ནི་མྱུ་གུ་ལ་སོགས་པ་དེ་གཉི་ག་སྤངས་པ་ཡང་གཞན་དུ་གྱུར་པ་རྣམས་སོ། །དེ་ཡང་མྱུ་གུ་ལ་སོགས་པ་གཞན་དང་ལྷན་ཅིག་པ་
དང་འབའ་ཞིག་པའོ། །མེད་པ་ནི་མངོན་སུམ་གྱིས་རྟོགས་པར་བྱ་བ་སྟེ་ཡོད་ན་མི་དམིགས་པའི་རིག་བྱར་གྱུར་པ་ཁོ་ནའི་ངོ་བོ་ཡིན་ན་རིམ་དང་ཅིག་ཅར་མེད་པ་དང་། མི་མངོན་པ་དང་མི་དམིགས་པས་སོ། །དངོས་པོའི་དམིགས་པར་བྱ་བ་དང་གཞན་དང་ལྷན་ཅིག་པ་དང་འབའ་ཞིག་
པ་མེད་པའི་ཕྱིར་དེས་དབེན་པའི་ཡུལ་ལ་སོགས་པ་མངོན་སུམ་ལ་སྣང་བ་སྐྱེད་པའི་རང་བཞིན་མི་དམིགས་པ་ཁོ་ན་མེད་པར་ངེས་པ་ལ་སོགས་པའི་མཚན་ཉིད་ཀྱི་ཐ་སྙད་འཇུག་གོ། །དེའི་མྱུ་གུ་ལ་སོགས་པའི་རང་བཞིན་གྱི་གནས་སྐབས་གཉིས་ལས་ཕྱི་རོལ་དུ་གྱུར་པ་དགག་པ་ནི་

འགའ་ཞིག་ཡུལ་དང་དུས་དག་ལས་ཡུལ་གཞན་ལ་སོགས་པའི་རིམ་གྱིས་མྱུ་གུ་ལ་སོགས་པ་འབྱུང་བ་ཅིག་ཤོས་ལ་མེད་ཀྱང་ཉེས་པ་ཅུང་ཟད་ཀྱང་མེད་དོ། །དེའི་ཕྱིར་མངོན་སུམ་ཁོ་ནས་རྣམ་པ་གཞན་མེད་པར་གྲུབ་པས་རིམ་དང་ཅིག་ཅར་དག་གིས་ཇི་
ལྟར་དོན་བྱེད་པར་ནུས་པ་མ་ཁྱབ་པར་འགྱུར། བསྟན་བཅོས་བྱེད་པས་ཇི་ལྟར་མངོན་སུམ་ཁོ་ནས་རྣམ་པ་གཞན་མེད་པར་གྲུབ་པ་དེ་བཞིན་དུ་རང་ཉིད་ཀྱིས་རིམ་པ་དང་རིམ་པ་ཅན་མ་ཡིན་པ་ལ་སོགས་པ་འདི་ཁས་བླངས་པ་བཤད་ཅིང་འཆད་པར་འགྱུར་རོ། །དམིགས་པའི་མཚན་ཉིད་དུ་
གྱུར་པ་ཡང་རིམ་དང་ཅིག་ཅར་ལ་སོགས་པ་དག་ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ཡིན་པའི་ཕྱིར་རྣམ་པ་གཞན་མེད་པར་གྲུབ་པོ། །དེ་ལྟ་ན་ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ནི་གཅིག་དགག་པ་ནི་གཞན་སྒྲུབ་པ་ཡིན་ལ་དེ་ཡང་དགག་པ་ནི་མ་ཡིན་ཏེ། དགག་པ་དང་སྒྲུབ་པ་དག་འགལ་བས་
གཉི་ག་དགག་པའི་བདག་ཉིད་ཀྱི་རྣམ་པ་གཞན་སྲིད་པར་ག་ལ་འགྱུར། འདིར་སྦྱོར་བ་ནི་གང་དང་གང་གི་རྣམ་པ་བཅད་ནས་གང་གི་ཚེ་ཅིག་ཤོས་ཀྱི་རྣམ་པ་རྣམ་པར་གནས་པ་དེ་དང་དེ་ལ་རྣམ་པ་གཞན་མི་སྲིད་དོ། །དཔེར་ན་སྔོན་པོའི་རྣམ་པ་རྣམ་པར་བཅད་ནས་སྔོན་པོ་མ་ཡིན་པའི་རྣམ་པ་རྣམ་
པར་གནས་པའི་སེར་པོ་བཞིན་ནོ། །ཐམས་ཅད་དུ་རྒྱུ་དང་འབྲས་བུར་གྱུར་པའི་དངོས་པོ་ལ་ཡང་རིམ་དང་ཅིག་ཅར་ལ་སོགས་པ་དག་ལས་རྣམ་པ་གཞན་རྣམ་པར་གཅོད་པས་དེ་ལས་གཞན་པའི་རྣམ་པ་རྣམ་པར་གནས་པའི་རྣམ་པར་བཅད་པའི་ཡུལ་དུ་བྱེད་པའི་ཕྱིར་ཞེས་བྱ་བ་ནི་
རང་བཞིན་འགལ་བ་དམིགས་པའོ། །རྣམ་པར་བཅད་པའི་རྣམ་པས་ཅིག་ཤོས་རྣམ་པར་གནས་པ་ལ་རྣམ་པ་གཞན་ནི་མི་སྲིད་པ་དེའི་ཕྱིར་ཕྱི་རོལ་དུ་གྱུར་པའི་མཚན་ཉིད་ཡིན་ནོ་ཞེས་བྱའོ། །དེས་ན་དངོས་པོ་གཞན་གྱི་ངོ་བོ་དག་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་
ཡིན་པའི་ཕྱིར་རོ། །འདི་ལ་ཡང་གནོད་པར་བྱེད་པ་གཞན་ཡོད་པར་དོགས་པས་ཐུག་པ་མེད་པར་དོགས་པར་མི་བྱ་སྟེ། སྔར་འགལ་བར་རབ་ཏུ་གྲུབ་པ་དྲན་པ་ཙམ་ཡིན་པའི་ཕྱིར་རོ། །འགལ་བ་དམིགས་པ་ནི་ཆོས་ཅན་ལ་ཡོད་པའི་དངོས་པོ་ཉེ་བར་བསྟན་པས་འགལ་བ་

སྒྲུབ་པར་བྱེད་པ་ཉིད་ཀྱི་གནོད་པར་བྱེད་པ་དེ་ཡང་འདི་ལ་ཡོད་དེ། དེས་ན་འགལ་བ་དག་གཅིག་ལ་མི་སྲིད་པས་མི་མཐུན་པའི་དངོས་པོར་ངེས་ཏེ་གྲང་བ་དང་དྲོ་བའི་རེག་པ་ལྟ་བུ་དང་ཡོད་པ་དང་མེད་པ་ལྟ་བུའོ་ཞེས་བྱ་བ་ཐུག་པ་མེད་པ་ག་ལ་ཡིན། དེ་ལ་སྐད་ཅིག་མ་མ་ཡིན་པ་རྣམས་
རིམ་གྱིས་འབྲས་བུ་མི་བྱེད་པ་ལ་ཁྱད་པར་མེད་པས་མི་བྱེད་པའི་གནས་སྐབས་བཞིན་ནོ། །ལྷན་ཅིག་བྱེད་པ་ལ་ལྟོས་པ་རྣམས་གཉིས་ཀྱང་ལྷན་ཅིག་བྱེད་པར་མི་རིགས་པས་ཉེ་བར་དགོད་པར་མི་བྱའོ། །ཐམས་ཅད་ལ་བྱ་བ་གཅིག་བྱེད་པའི་དུས་དེ་ན་བྱེད་པར་ཐལ་བར་འགྱུར་ཏེ། བྱེད་
པ་པོའི་རང་བཞིན་དེ་ཉིད་ཡིན་པའི་ཕྱིར་རོ། །ཅིག་ཅར་ཡང་རིགས་པ་མ་ཡིན་ཏེ་མངོན་སུམ་དང་འགལ་བའི་ཕྱིར་དང་། སླར་ཡང་བྱེད་པར་ཐལ་བར་འགྱུར་རོ། །གལ་ཏེ་བྱས་ཟིན་པས་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་ནུས་པ་མ་ཞིག་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་སྔར་ཡང་མི་བྱེད་
པར་འགྱུར་ཏེ་མི་བྱེད་པའི་ངོ་བོ་དང་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་བྱས་ཟིན་པས་བྱེད་པར་མི་ནུས་པའི་ཕྱིར་རོ་ཞེ་ན། དེ་ལྟ་ན་ནུས་པ་དང་མི་ནུས་པ་དག་གཅིག་ལ་འབྲས་བུ་ཐལ་བར་འགྱུར་ཏེ། འབྲས་དང་གསོ་མའི་ས་བོན་བཞིན་ནོ། །རྟག་པ་ཡང་གང་གི་ཚེ་ཅིག་ཅར་བྱེད་པ་
དེས་ན་སྔར་ཡང་ཡོད་པས་དེ་ཉིད་ཀྱིས་དེ་བྱེད་པར་ཐལ་བར་འགྱུར་བ་དེའི་ཕྱིར་ཆེས་སྔར་ཡང་དེ་བཞིན་དུ་རེས་འགའ་ཞིག་ཅིག་ཅར་བྱེད་པར་མི་འགྱུར་རོ། །སྔ་མ་དང་ཕྱི་མ་དུས་དག་གཅིག་པའི་ཆ་ཅིག་ཅར་བྱེད་པ་ནི་དོན་བྱེད་ནུས་པ་ཐམས་ཅད་བྲལ་བའི་མཚན་ཉིད་ཅན་གྱི་མེད་
པར་འགྱུར་རོ། །ཇི་ལྟར་སྐད་ཅིག་མ་མ་ཡིན་པ་ཉིད་རིམ་དང་ཅིག་ཅར་མ་ཡིན་སྙམ་ན། རིམ་པ་མེད་པའི་ཕྱོགས་དེ་ལ་ཡང་སྔར་བཤད་པའི་སྐྱོན་ཡིན་ནོ། །དེ་ལྟར་སྐད་ཅིག་མ་མ་ཡིན་པར་གྱུར་ན་མིག་ལ་སོགས་པ་ལ་རག་ལས་པ་རྣམས་མེད་པར་ཐལ་བར་འགྱུར་བས་སྐད་
ཅིག་མ་ཉིད་ཀྱིས་ཡོད་པའི་ཕྱིར་རོ། །གང་ཡོད་པ་དེ་ནི་སྐད་ཅིག་མ་ཁོ་ན་ཡིན་ནོ་ཞེས་ཡོད་པ་འཇིག་པའི་བདག་ཉིད་དུ་གྲུབ་པས་རྗེས་སུ་འགྲོ་བ་དང་ལྡོག་པའི་ངོ་བོའི་ཁྱབ་པ་གྲུབ་པ་ཡིན་ནོ། །བྲམ་ཟེ་ཨ་ཙ་ཏ་ཡིས་རྣམ་པར་སྦྱར་བའི་འགྲེལ་བ་ལས་རང་བཞིན་གྱི་གཏན་ཚིགས་

ཀྱི་དབང་དུ་བྱས་པའོ།། །།དེ་ལྟར་རང་བཞིན་གྱི་གཏན་ཚིགས་ཀྱི་དེའི་བདག་ཉིད་དུ་གྲུབ་པའི་རྒྱུ་མཚན་གྱི་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་བསྟན་ནས་འབྲས་བུའི་གཏན་ཚིགས་རྒྱུ་དང་འབྲས་བུའི་དངོས་པོར་གྲུབ་པ་རྒྱུ་མཚན་ཡིན་པའི་ཕྱིར་
དེ་དང་དེ་དག་མངོན་སུམ་དང་མི་དམིགས་པའི་རྒྱུ་མཚན་གྱིས་སྔར་བསྟན་ཟིན་པའི་ཕྱིར་དེར་གཏོགས་ལ་གཞན་ཡང་གཞན་དག་ལ་འཁྲུལ་པའི་རྒྱུ་བསལ་བ་དེའི་ཡུལ་བསྟན་པ་ནི་དོན་གཞན་ཞེས་བྱ་བ་སྨོས་ཏེ། གཏན་ཚིགས་ལས་ཐ་དད་པའི་དངོས་པོ་གོ་བར་བྱ་བ་ལས་
འབྲས་བུའི་གཏན་ཚིགས་ཡིན་ཏེ། དོན་གཞན་མ་ཡིན་པ་ནི་རང་བཞིན་གྱི་གཏན་ཚིགས་སོ་ཞེས་བཤད་དོ། །ཅིའི་ཕྱིར་དོན་གཞན་ཉིད་འབྲས་བུའི་གཏན་ཚིགས་ཡིན་ཞེ་ན། འཁྲུལ་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འབྲས་བུ་ཉིད་དོན་གཞན་པ་ལ་མི་འཁྲུལ་པ་
ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །དེས་ན་འབྲས་བུ་ཉིད་ལས་གཞན་པའི་རྒྱུ་གོ་བར་བྱ་བར་བརྗོད་དེ། ཡང་དག་པར་ལྡན་པའི་སྟོབས་ཀྱིས་གོ་བར་བྱེད་པ་ཉིད་ཡིན་ན་ཆ་ཤས་འགའ་ཞིག་གིས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྔར་ཇི་སྐད་བཤད་པ། གང་ཐམས་ཅད་དུ་གོ་བར་
བྱ་བ་དང་། གོ་བར་བྱེད་པའི་དངོས་པོར་ཐལ་བར་འགྱུར་བར་སློབ་དཔོན་གྱིས་བཤད་པ་དེ་གཞན་གྱིས་འདིར་ཡང་འབྲས་བུའི་གཏན་ཚིགས་འགའ་ཞིག་ལ་ཡང་ཐལ་བར་འགྱུར་རོ་ཞེས་དོགས་པས། གལ་ཏེ་རྒྱུ་དང་འབྲས་བུའི་དངོས་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
གལ་ཏེ་འབྲས་བུའི་གཏན་ཚིགས་སུ་བརྗོད་པ་དེའི་ཚེ་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པས་རྒྱུའི་གོ་བར་བྱེད་པ་ཉིད་དོ། །དེ་ལྟར་གྱུར་ན་ཐམས་ཅད་དུ་ཤེས་པར་བྱ་བ་དང་ཤེས་པར་བྱེད་པའི་དངོས་པོར་འགྱུར་ཏེ། མེའི་སྤྱིའི་ཆོས་བཞིན་དུ་བྱེ་བྲག་གི་ཆོས་ཀྱང་རྩྭ་དང་ལོ་མ་
ལ་སོགས་པ་གོ་བར་བྱ་བར་འགྱུར་རོ། །དུ་བ་ཡང་བྱེ་བྲག་གི་ཆོས་བཞིན་དུ་རྫས་དང་ས་ལ་སོགས་པ་སྤྱིའི་ཆོས་ཀྱང་གོ་བར་བྱེད་པར་འགྱུར་རོ། །གང་ལས་ཤེ་ན། རྣམ་པ་ཐམས་ཅད་དུ་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་ཡིན་པའི་ཕྱིར་རོ། །བསྐྱེད་པར་བྱ་

བ་དང་སྐྱེད་པར་བྱེད་པའི་དངོས་པོ་ནི་རྒྱུ་དང་འབྲས་བུའི་དངོས་པོར་བརྗོད་དོ། །མེ་དང་དུ་བ་དག་ཀྱང་ཆ་ཤས་ཀྱིས་ནི་མ་ཡིན་ཏེ། འོན་ཀྱང་རྣམ་པ་ཐམས་ཅད་ཀྱིས་སོ། །དེ་ལྟར་ན་ཇི་ལྟར་མེ་ཉིད་དང་རྫས་ཉིད་དང་ཡོད་པ་ཉིད་ལ་སོགས་པ་རྣམས་ཀྱི་སྤྱིའི་ཆོས་སྐྱེད་པར་བྱེད་པ་དེ་བཞིན་
དུ་རྩྭ་དང་ལོ་མ་ལ་སོགས་པའི་ཁྱད་པར་ཆོས་ཀྱིས་ཀྱང་ཡིན་ནོ། །དཔེར་ན་དུ་བའི་དུ་བ་ཉིད་དང་སྐྱ་བོ་ཉིད་ལ་སོགས་པ་རྣམས་ཀྱི་ཁྱད་པར་གྱི་ཆོས་སྐྱེ་བར་རང་ཉིད་ལ་ངེས་པ་དེ་བཞིན་དུ་སྤྱིའི་ཆོས་ཡོད་པ་ཉིད་དང་། རྫས་ཉིད་ལ་སོགས་པས་ཀྱང་ཡིན་ནོ། །དེས་ཀྱང་ཇི་ལྟར་དེ་
དག་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པ་དེ་བཞིན་དུ་གོ་བར་བྱེད་པ་དང་གོ་བར་བྱ་བར་འགྱུར་རོ། །འདི་དག་དེའི་རྒྱུ་མཚན་ཡིན་ནོ་ཞེས་བྱ་བ་ཕྱོགས་སྔ་མ་པ་དོགས་པ་ལ། འདིར་རྣམ་པ་ཐམས་ཅད་དུ་སྐྱེད་པར་བྱེད་པ་དང་བསྐྱེད་པར་བྱ་བའི་དངོས་པོ་མ་ཡིན་ཏེ། དེས་ཀྱང་དེ་བཞིན་དུ་གོ་
བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོར་གྱུར་པ་ག་ལ་ཡིན། ཅིའི་ཕྱིར་ཞེ་ན། དེ་མེད་པར་ནི་རྩྭ་དང་ཤིང་ལ་སོགས་པ་དེ་དག་གི་ཁྱད་པར་གྱི་ཆོས་མེད་པར་འབྱུང་བའི་དུ་བ་ཙམ་ཉིད་ལས་ཁྱད་པར་གྱི་ཆོས་འབྱུང་བའོ། །དེ་ལྟར་དེའི་བདག་ཉིད་དང་དེ་ལས་བྱུང་བར་ངེས་པ་མེད་པའི་ཕྱིར་
རོ། །དེ་ལྟར་དེ་མེད་པར་ནི་མེ་མེད་པར་རྫས་ལ་སོགས་པ་སྤྱིའི་ཆོས་རྣམས་འབྱུང་བའོ། །མེ་ཁོ་ན་ལས་འདི་འབྱུང་བ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་ངོ་བོ་ནི་དེ་ལས་བྱུང་བར་ངེས་པ་མེད་པས་གང་ལས་བསྐྱེད་པར་བྱ་བ་དང་། སྐྱེད་པར་བྱེད་པའི་ངོ་བོར་འགྱུར། གང་གིས་ན་ཐམས་ཅད་ཤེས་
པར་བྱ་བ་དང་ཤེས་པར་བྱེད་པའི་ངོ་བོ་ཡིན་པ་མེད་ན་དེ་ལས་འབྱུང་བར་ངེས་པའི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་རྣམ་པར་གཞག་པར་མི་ནུས་སོ། །གང་གི་ཕྱིར་འདི་ལྟར་དེ་བས་ན་འབྲས་བུ་ནི་དུ་བ་ལ་སོགས་པའོ། །ངོ་བོ་ཇི་སྙེད་ཅིག་ནི་དུ་བ་ལ་སོགས་པ་རྣམས་
སོ། །འདི་རང་གིར་གཏོགས་པའི་མཚན་ཉིད་ཀྱི་གསུམ་པའོ། །མེད་ན་མི་འབྱུང་བ་ནི་མེད་ན་མི་སྲིད་པའོ། །ཅི་མེད་ན་མི་སྲིད་པ་ཡིན་ཞེ་ན། རྒྱུའི་ངོ་བོ་ཇི་སྙེད་ཅིག་ཡིན་ནོ་ཞེས་འདིར་ཡང་སྦྱར་བར་བྱའོ། །རྒྱུ་ལ་བརྟེན་པའི་ངོ་བོ་ཇི་སྙེད་ཅིག་མེད་ན་འབྲས་བུར་གཏོགས་

པའི་རང་བཞིན་མི་འབྱུང་བར་འདི་དག་གི་རྒྱུ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཅི་མེད་ན་མི་འབྱུང་བ་ཡིན་ཞེ་ན། རྒྱུའོ། །རྒྱུའི་དོན་གཞན་པའི་ཡུལ་རྒྱུ་ཡིན་ཏེ་གཞིའི་བདུན་པའོ། །ད་ནི་རྒྱུ་ཡོད་པའི་ངོ་བོ་ཇི་སྙེད་པ་རྣམས་མེའི་རྫས་ལ་སོགས་པ་མེད་ན་
མི་འབྱུང་བ་དག་གི་རྒྱུར་གཏོགས་པའི་སྤྱིའི་ཆོས་ནི་རྒྱུའོ། །ཅིའི་ཕྱིར་འབྲས་བུ་གོ་བར་བྱེད་པ་ཡིན་ཞེ་ན། དེའི་འབྲས་བུ་ཉིད་དུ་ངེས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དེ་ཉིད་རྒྱུར་གཏོགས་པའི་སྤྱིའི་ཆོས་དེའི་འབྲས་བུ་ཡིན་ནོ་ཞེས་དེ་ལྟ་བུའི་ངོ་བོར་ངེས་པ་ཡོད་པའི་ཕྱིར་རོ། །
རྒྱུའི་སྤྱིའི་ཆོས་ལ་རེས་འགའ་ཞིག་ཀྱང་དེའི་འབྲས་བུ་འཁྲུལ་པ་མེད་དོ། །དེ་ལྟར་རྒྱུར་གཏོགས་པའི་ཆ་ཤས་ཀྱི་ཕྱི་མ་དོན་དུ་གཉེར་བས་ངེས་པར་དཔྱད་ན་སྔ་མ་དོན་དུ་གཉེར་བས་འབྲས་བུར་གཏོགས་པའི་ཆ་ཤས་ངེས་པར་དཔྱོད་དོ། །གང་དག་ཅེས་བྱ་བ་ལ་སོགས་
པ་སྨོས་ཏེ། འབྲས་བུའི་ཆོས་དང་དེ་དག་ཉིད་ཀྱི་བདག་ཉིད་དུ་གཏོགས་པས་རྒྱུར་གཏོགས་པའི་ཆོས་རྣམས་གོ་བར་བྱེད་དོ། །གང་ཡང་དོན་གཞན་པ་སྲིད་པ་ནི་དུ་བ་ཉིད་དང་སྐྱ་བོ་ལ་སོགས་པ་ཁྱད་པར་གྱི་ངོ་བོ་དེ་ནི་རྒྱུར་གཏོགས་པའི་ཆོས་མེད་ན་མི་འབྱུང་བའོ། །འདིར་
ཡང་དེའི་འབྲས་བུ་ཉིད་དུ་ངེས་པ་ལ་ལྟོས་པའོ། །འབྲས་བུར་གཏོགས་པ་དེ་དག་ཉིད་ཀྱི་ཁྱད་པར་གྱི་ཆོས་རྣམས་ཀྱི་རྒྱུར་གཏོགས་པའི་སྤྱིའི་ཆོས་ལ་ལྟོས་ནས་འབྲས་བུ་ཉིད་དུ་ངེས་པའི་ཕྱིར་རོ། །འབྲས་བུར་གཏོགས་པའི་ཁྱད་པར་གྱི་ཆོས་དེ་ནི་རྒྱུར་གྱུར་པའི་སྤྱིའི་
ཆོས་མེད་ན་རེས་འགའ་ཞིག་ཀྱང་མི་འབྱུང་ངོ་། །དེ་ལྟར་ན་དེའི་རྒྱུའི་ནི་སྤྱིའི་ཆོས་ཁོ་ན་གོ་བར་བྱ་བ་ཡིན་ལ་བྱེ་བྲག་གི་ཆོས་ནི་མ་ཡིན་ནོ། །འབྲས་བུ་ཡང་བྱེ་བྲག་གི་ཆོས་ཁོ་ན་གོ་བར་བྱེད་པ་ཡིན་གྱི་སྤྱིའི་ཆོས་ནི་མ་ཡིན་པ་དེས་ན་འབྲས་བུར་ངེས་པས་སོ། །གང་
ཡང་རྒྱུའི་བྱེ་བྲག་གི་ཆོས་དེའི་འབྲས་བུ་ཉིད་དུ་ངེས་པའི་འབྲས་བུ་ཙམ་ནི་མེད་པས་དེ་ནི་མི་རྟོགས་སོ། །འབྲས་བུ་སྤྱིའི་ཆོས་ནི་རྫས་ལ་སོགས་པ་གང་ཡིན་པ་དེ་དག་དེའི་འབྲས་བུར་ངེས་པ་མེད་པས་གོ་བར་བྱེད་པ་མེད་དོ། །རྒྱུ་དང་འབྲས་བུ་དངོས་པོ་གོ་བར་བྱེད་

པ་ཡིན་ན་རྣམ་པ་ཐམས་ཅད་དུ་གོ་བར་བྱེད་པར་ཐལ་བར་ག་ལ་འགྱུར། གཞན་མི་འདོད་པའི་དོགས་པ་བསུ་བ་ནི་གལ་ཏེ་ཆ་ཤས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རྒྱུ་སྤྱིའི་ཆོས་གོ་བར་བྱ་བ་ཡིན་ལ་འབྲས་བུའི་བྱེ་བྲག་གི་ཆོས་ཉིད་ཀྱང་གོ་བར་བྱེད་པ་ཡིན་པས་
དེ་འབྲས་བུ་ཉིད་དུ་ངེས་པར་འདོད་ན། དེ་ལྟ་ན་ཆ་ཤས་ཀྱིས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོར་འགྱུར་རོ། །རྒྱུའི་སྤྱིའི་ཆོས་ཁོ་ན་སྐྱེད་པར་བྱེད་པ་ཡིན་ལ་བྱེ་བྲག་ནི་མ་ཡིན་ཏེ། འབྲས་བུའི་བྱེ་བྲག་གི་ཆོས་ཁོ་ན་བསྐྱེད་པར་བྱ་བ་ཡིན་གྱི་སྤྱིའི་ཆོས་མ་ཡིན་
ནོ་ཞེས་བྱ་བར་འགྱུར་ཏེ། རྣམ་པ་ཐམས་ཅད་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོར་མངོན་པར་འདོད་པའི་ཕྱིར་ཁས་བླངས་པ་དང་འགལ་ལོ་ཞེ་ན། འདི་དག་གི་ལན་ནི་ཆ་ཤས་ཀྱིས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོར་ཐལ་བར་མི་འགྱུར་རོ། །
དངོས་པོའི་བདག་ཉིད་ཐམས་ཅད་ཆ་ཤས་མེད་པར་དེ་ཁས་བླངས་པའི་ཕྱིར་གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོ་ཡང་རྣམ་པ་ཐམས་ཅད་དུ་མངོན་པར་འདོད་པའི་ཕྱིར་དེ་ནི་དེས་བསྐྱེད་པར་བྱ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་འབྲས་བུ་ནི་རྒྱུར་གྱུར་པའི་ཁྱད་པར་
གྱི་ཆོས་ཀྱིས་བསྐྱེད་པར་བྱ་བ་ཡིན་ན་ནི་ཁྱད་པར་དེ་གཟུང་བར་བྱ་བ་ཡིན་ལ། དེའི་ཚེ་དེས་བསྐྱེད་པར་བྱ་བའི་ཁྱད་པར་གཟུང་ནས་རྒྱུར་གྱུར་པའི་ཁྱད་པར་གྱི་ཆོས་གོ་བར་བྱ་བ་ཉིད་དུ་མངོན་པར་འདོད་པའི་ཕྱིར་རོ། །དེ་ལྟ་ན་དུ་བ་ལ་སོགས་པའི་རྟགས་ཀྱི་ཁྱད་པར་གྱི་ངོ་
བོའི་བྱེ་བྲག་རྣམས་འབྲས་བུར་གྱུར་པའི་རྫས་ལ་སོགས་པ་སྤྱིའི་གང་ཡིན་པ་དེ་དག་ཀྱང་གོ་བར་བྱེད་པ་ཉིད་དུ་མངོན་པར་འདོད་པའི་ཕྱིར་རོ། །དེ་ལྟ་ན་ཨ་ཀ་རུའི་དུ་བ་བཟུང་བར་གྱུར་པ་ལས་དེ་ཉིད་མེ་རྗེས་སུ་དཔོག་པ་དང་། དུ་བ་ཉིད་ཀྱི་ཁྱད་པར་རྫས་ལ་སོགས་པས་མེ་རྗེས་སུ་
དཔོག་པ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་ཡོད་པ་ཙམ་གྱིས་གོ་བར་བྱ་བ་དང་གོ་བར་བྱེད་པར་མི་འགྱུར་རོ། །དེ་ནི་ཤེས་པ་ལ་ལྟོས་པའི་ཕྱིར་རོ། །དེ་ལྟ་ན་ཡོད་པ་ཙམ་གྱི་རྟགས་ནི་གོ་བར་བྱེད་པ་མ་ཡིན་ཏེ་དེ་ཤེས་པར་བྱེད་པ་ལ་

ལྟོས་པའི་ཕྱིར་རོ། །ཤེས་པར་བྱེད་པ་ནི་རང་ཉིད་ངེས་པ་ལ་ལྟོས་ནས་ཤེས་པར་བྱ་བའི་དོན་ཤེས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །ཇི་ལྟར་དེ་མེད་པར་འབྱུང་བ་ནི་དེ་ལས་འབྱུང་བར་ངེས་པ་མེད་པའི་ཕྱིར་ཞེས་བཤད་པ་ན། རྣམ་པ་ཐམས་ཅད་དུ་བསྐྱེད་པར་བྱ་བ་
དང་སྐྱེད་པར་བྱེད་པའི་དངོས་པོ་ཁས་བླངས་པ་འདི་མེད་པར་འབྱུང་བ་ནི་མེད་པ་ཡིན་ནོ་ཞེ་ན། ཁྱད་པར་ཅན་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དེ་སྐྱེད་པའི་ཁྱད་པར་འཛིན་པ་སྤངས་པ་ནི་ཁྱད་པར་ཅན་མ་ཡིན་པའི་འབྲས་བུ་ཙམ་ཁས་བླངས་པའམ། རྟགས་ཀྱི་ཁྱད་པར་སྤངས་
པའི་རྫས་ལ་སོགས་པ་ཡིན་པ་དེའི་ཚེ་ཁྱད་པར་མེད་པའི་སྤྱི་ཡང་བརྗོད་པར་འདོད་པ་ཡིན་ནོ། །རྒྱུར་གྱུར་པའི་ཁྱད་པར་ཡོད་པས་ཀྱང་དུ་བ་ཙམ་འབྱུང་བ་དེའི་ཁྱད་པར་ཅན་མ་ཡིན་པའི་རྫས་ལ་སོགས་པ་ནི་མེད་ཀྱང་འབྱུང་བས་འཁྲུལ་པ་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་དུ་བསྐྱེད་པར་བྱ་བ་དང་སྐྱེད་པར་
བྱེད་པ་དེ་མེད་པས་གོ་བར་བྱ་བ་དང་གོ་བར་བྱེད་པར་མི་འདོད་དོ། །ཁྱད་པར་ནི་རྗོད་པར་འདོད་པ་མ་ཡིན་ཏེ་དེ་ལ་འཁྲུལ་པ་སྲིད་པའི་ཕྱིར་རོ། །འདི་ལྟར་གལ་ཏེ་དུ་བ་ཙམ་གྱི་རྩྭ་དང་ཤིང་ལ་སོགས་པའི་ཁྱད་པར་མེད་ཀྱང་འབྱུང་བ་ཡིན། སྐྱེད་པའི་ཁྱད་པར་ནི་མ་ཡིན་ཏེ། གང་གི་ཚེ་དེ་འཛིན་པར་
ནུས་པ་དེའི་ཚེ་ཁྱད་པར་གོ་བར་བྱ་བ་ཉིད་དུ་ཡོད་པ་ཁོ་ན་སྟེ་རྟགས་ངེས་པའི་ཕྱིར་རོ། །དེ་ལྟ་ན་གལ་ཏེ་རྫས་ཉིད་དང་ཡོད་པ་ཉིད་ཙམ་མེ་ཡོད་པ་ལས་འབྱུང་བ་ཡིན་གྱི་དུ་བའི་བདག་ཉིད་མ་ཡིན་པས་དེའི་ཁྱད་པར་ནི་མི་འཁྲུལ་པའི་གོ་བར་བྱེད་པ་ཡིན་ཡང་བསལ་བར་མི་བྱའོ། །འདི་གཞན་གྱི་དོགས་
པ་བརྗོད་པའི་གོ་སྐབས་ནི་གལ་ཏེ་རེས་འགའ་ཞིག་ཅེས་བྱ་བ་སྨོས་ཏེ། འགའ་ཞིག་ནི་དུ་བ་ལ་སོགས་པའོ། །རེས་འགའ་ཞིག་ནི་དུས་ཁ་ཅིག་ཏུའོ། །འགའ་ཞིག་ལས་ནི་མེ་ལ་སོགས་པའོ། །འབྱུང་བ་ཡང་ནི་ཡོད་དོ། །ཐམས་ཅད་ནི་དུ་བའོ། །དེ་དང་འདྲ་བ་ནི། གང་དང་འདྲ་བར་མེ་ལ་
སོགས་པ་གཅིག་ལས་འབྱུང་བ་མཐོང་བའོ། །དེ་ལས་སྐྱེས་པ་ནི་རྣམ་པ་དེ་ལྟ་བུའི་སྐྱེ་བ་ནི་རྣམ་པ་ཇི་ལྟ་བ་དེ་གཅིག་ལས་འབྱུང་བར་མཐོང་བ་དེ་འདྲ་བ་ཉིད་སྐྱེ་བ་གང་ཡིན་པ་དེ་ནི་རྣམ་པ་དེ་ལྟ་བུའི་སྐྱེ་བའོ། །འདི་དག་ཚད་མ་གང་ལས་ངེས་པ་ཡིན་ཞེ་ན། འབྲས་བུའི་གཏན་ཚིགས་ཀྱི་རྒྱུ་དང་འབྲས་བུའི་

དངོས་པོ་སྒྲུབ་པའི་རྒྱུ་མཚན་གྱི་རྗེས་སུ་འགྲོ་བ་དང་ལྡོག་པ་གང་ཡིན་བརྗོད་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་མངོན་སུམ་དང་མི་དམིགས་པ་དག་གིས་དུ་བ་འབའ་ཞིག་མེའི་ཚོགས་པའི་འབྲས་བུར་གཏོགས་པ་ཅི་དེ་ཙམ་གྱིས་གཞན་དེ་དང་འདྲ་བའི་དེ་དང་འདྲ་བ་འབྲས་བུ་གྲུབ་པར་འགྱུར་རམ།
དེ་ལ་དེའི་རྒྱུ་མཚན་དག་མངོན་སུམ་དང་མི་དམིགས་པ་དག་གིས་བྱེད་པ་མེད་དེ། གང་ལ་དེ་དག་ཁོ་ན་གཞན་གྱིས་བྱེད་པ་དེ་ནི་གཞན་དེའི་འབྲས་བུར་འགྱུར་རོ། །དེ་གཞན་ཡིན་ན་ཅི་ཞིག་ཏུ་འགྱུར། གང་གིས་རྣམ་པ་དེ་ལྟ་བུའི་སྐྱེ་བར་འགྱུར། དེ་ལྟ་ན་དུ་བའི་གསལ་བ་འགའ་
ཞིག་མེ་ལ་སོགས་པ་ལས་སྐྱེ་བ་མཐོང་བ་དེ་ཅིས་ན་བུམ་པ་ལ་སོགས་པ་ལས་ཀྱང་ཁས་མི་ལེན་གཞན་པར་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་དེ་དག་ལས་ཉེས་པ་ཅིར་འགྱུར་ཞེ་ན། དེ་ལྟར་གྱུར་ན་ཚད་མ་མེད་པས་དེ་ལྟར་རྣམ་པར་དབྱེ་བའི་བདག་ཉིད་ལ་ངེས་པ་མེད་པས་དེ་དང་མི་
འདྲ་བ་ལས་སྐྱེ་བར་དོགས་པ་ན་དེ་འདྲ་བའི་དུ་བ་ལ་སོགས་པ་དང་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལ་ངེས་པ་མེད་ན་གང་གིས་འབྲས་བུ་གཏན་ཚིགས་གོ་བར་བྱེད་པ་ཉིད་ཡིན། ཡུལ་དང་དུས་གཅིག་ན་གནས་པར་ངེས་པ་གང་ཡིན་པ་དེ་ཁོ་ནའི་མེའི་ཁྱད་པར་གྱི་རྒྱུ་ཅན་གྱི་དུ་བ་མངོན་སུམ་
དང་མི་དམིགས་པས་རྟོགས་ཀྱི་དེ་ཉིད་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པ་རྟོགས་པ་ནི་མེད་དེ་དེ་ཡུལ་གཞན་ན་མི་སྲིད་པའི་ཕྱིར་རོ། །དེ་ལྟ་ན་འོན་ཏེ་དེ་འདྲ་བའི་སྤྱིའི་བདག་ཉིད་རྟགས་ཡིན་པས་དེའི་རྣམ་པ་དེ་ལྟ་བུ་ཡང་སྐྱེ་བས་སེམས་རྣམ་པ་དེ་ལྟ་བུའི་རྗེས་སུ་འགྲོ་བའམ་ལྡོག་པ་ག་ལ་ཡིན།
དེ་སྐད་དུ། ཡུལ་དང་དུས་དང་གནས་སྐབས་རྣམས། །ཐ་དད་ནུས་པ་ཐ་དད་ལ། །དངོས་རྣམས་རྗེས་སུ་དཔག་པ་ཡིས། །རྟོགས་པ་ཤིན་ཏུ་རྙེད་པར་དཀའ། །ཞེས་བཤད་དོ་ཞེ་ན། གྲུབ་པའི་མཐའ་སྨྲ་བ་ལ་མ་ཡིན་ཏེ། དེ་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་
ལན་ཅིག་དུ་བ་ལ་སོགས་པའི་ཚོགས་པ་ལས་འབྱུང་བ་མངོན་སུམ་དང་མི་དམིགས་པ་དག་གིས་ངེས་པའི་ངོ་བོ་ཡང་དེ་འདྲ་བ་དང་དེ་དང་མི་འདྲ་བ་ཡོད་པ་དག་ཇི་ལྟ་བར་ཡོངས་སུ་མཐོང་བ་ལས་གཞན་པ་ཉིད་དང་མཚུངས་པར་དོགས་པ་དང་། དེ་ལ་མེ་ལ་སོགས་པའི་ཚོགས་པ་ལས་སྐྱེ་

བའི་དུ་བའི་ཁྱད་པར་ལན་ཅིག་ངེས་པ་གང་ཡིན་པ་དེ་ལ་ལྟོས་པ་ནི་དེ་ལས་གཞན་པའི་ཁྱད་པར་དེ་དང་འདྲ་བ་དང་གང་དེ་དང་མི་འདྲ་བའི་དངོས་པོ་རྣམས་ཀྱང་ནུས་པ་སྣ་ཚོགས་པ་དང་དེ་ལས་འབྱུང་ངོ་ཞེས་དོགས་པ་ལ། དེ་བཞིན་དུ་དེ་ཡང་ལན་ཅིག་མེ་ལ་སོགས་
པའི་ཚོགས་པ་ལས་འབྱུང་བར་ངེས་པ་དེའི་ཚེ་དང་འདྲ་བ་ཉིད་ནི་གཞན་ལ་ལྟོས་པའོ། །དེ་ལ་གང་གི་ཚེ་དེ་ལས་གཞན་པ་དེ་འདྲ་བ་ལས་དེ་དང་འདྲ་བ་སྐྱེ་བར་འགྱུར་བ་དེའི་ཚེ་དེ་དང་མི་འདྲ་བའི་ངོ་བོ་ནི་མེ་ལ་སོགས་པའི་ཚོགས་པ་ལས་སྐྱེ་བའི་ངོ་བོ་མ་ཡིན་ཏེ། ཡོངས་སུ་མ་མཐོང་བའི་
དུ་བ་དེ་ཡང་མེའི་ཚོགས་པ་རྒྱུ་ཡིན་པར་འགྱུར་རོ། །དེ་དང་འདྲ་བའི་ངོ་བོ་ནི་མེ་ལ་སོགས་པའི་ཚོགས་པ་དང་མཚན་ཉིད་མི་འདྲ་བའི་རྒྱུའི་ངོ་བོ་ལས་སྐྱེ་བའི་ཕྱིར་དང་། དེས་ན་མེ་ལ་སོགས་པའི་ཚོགས་པ་རྒྱུ་མ་ཡིན་པའི་ཕྱིར་དེ་ཉིད་ལྷན་ཅིག་པ་དེ་ལས་བྱུང་བར་མཐོང་བའི་དུ་བ་གང་ཡིན་
པ་དེ་ཡང་མི་འབྱུང་བར་འགྱུར་རོ། །གང་འདིའི་རྒྱུ་མ་ཡིན་པ་དེ་དང་དེ་ནི་ལན་འགའ་ཡང་དེ་ལས་འབྱུང་བར་མི་འགྱུར་ཏེ་དེ་རྒྱུ་མེད་པར་ཐལ་བའི་ཕྱིར་རོ། །དེ་ལས་འབྱུང་བ་མ་ཡིན་པ་ཞེས་བྱ་བ་ལས་དེ་སྨོས་པ་ནི་མེ་ལ་སོགས་པའི་རྒྱུ་བརྗོད་པར་འདོད་པ་གཟུང་ངོ་། །དེ་མ་ཡིན་པ་ནི་
དེ་མེད་པའོ། །དེ་དང་མཚན་ཉིད་མི་མཐུན་པ་དང་དེ་དང་མི་འདྲ་བ་བརྒྱ་བྱིན་གྱི་སྤྱི་བོ་ལ་སོགས་པའོ། །དེའི་ཕྱིར་འབྱུང་བའི་ངང་ཚུལ་ཅན་དེ་ནི་དེ་ལས་བྱུང་བའོ། །དེ་དང་འདྲ་བའི་མཚན་ཉིད་དེའི་དུ་བའི་དངོས་པོའོ། །ལན་འགའ་ཡང་ནི་ལན་ཅིག་ཀྱང་ངོ་། །མེ་ལ་སོགས་པ་དེ་
ལས་མི་འབྱུང་བས་ཡོད་པར་འགལ་བའི་ཕྱིར་རོ། །དེ་འདྲ་བ་ཡིན་དུ་ཟིན་ན་མེ་ལ་སོགས་པའི་ཚོགས་པ་དེ་ལས་དེ་དང་འདྲ་བའི་ངོ་བོ་ནི་དེ་དང་འདྲ་བ་ཉིད་རྒྱུ་ཡིན་ནོ་ཞེས་ལན་ཅིག་འབྱུང་བ་ཁོ་ནས་མངོན་སུམ་དང་མི་དམིགས་པ་དག་གིས་རྟོགས་པར་བྱ་བ་ཡིན་ན། གང་ལས་འཁྲུལ་པར་
དོགས་པར་བྱ། དེས་ན་ཅི་འདྲ་བའི་དུ་བ་དང་མེ་ལ་སོགས་པའི་ཚོགས་པ་ལས་བྱུང་བར་མཐོང་བ་དེ་འདྲ་བ་དེ་ནི་དེའི་ངོ་བོས་དེ་དང་འདྲ་བ་ཉིད་དུ་འབྱུང་བས་སོ། །གང་དུ་བ་ཡོད་པ་དེ་ལ་མེའི་ཚོགས་པ་ཡོད་པར་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་ཡིན་ནོ། །ཡང་ན་གཞན་དུ་བཤད་པར་

བྱ་སྟེ། འདིར་མངོན་སུམ་དང་མི་དམིགས་པ་རྒྱུ་མཚན་གྱི་འབྲས་བུ་དང་རྒྱུའི་དངོས་པོར་གྲུབ་པོ་ཞེས་སྔར་བཤད་ཟིན་ཏོ། །དེའི་རྒྱུ་མཚན་གྱི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་བསྟན་པར་འདོད་པ་དེ་ནི་མི་རིགས་ཏེ། འདི་ལྟར་དུ་བ་འགའ་ཞིག་མེ་ལ་སོགས་པའི་ཚོགས་པ་ལས་
གཞན་ལ་འབྱུང་བ་སྟེ། རེས་འགའ་ཞིག་འདི་ཐོག་མར་སྐྱེ་བའི་དུས་དང་པོ་ནི་མེ་ལ་སོགས་པའི་ཚོགས་པ་ལས་ཀྱང་སྐྱེའོ། །ཐམས་ཅད་དུ་དེ་དང་འདྲ་བ་ནི་མ་ཡིན་ཏེ་དུ་བའི་སྐད་ཅིག་མ་དང་པོ་ཅི་འདྲ་བ་འབྱུང་བའི་སྐད་ཅིག་མ་གཉིས་པ་ལ་སོགས་རྣམས་ཀྱང་མངོན་སུམ་ཁོ་ནས་དེ་
དང་འདྲ་བ་དེ་ནི་སྔ་མ་དང་མཚན་ཉིད་མི་མཐུན་པར་རྟོགས་ཏེ། རྣམ་པ་དེ་ལྟ་བུའི་སྐྱེ་བ་ཞེས་བྱ་བ་ནི། ཇི་ལྟ་བུའི་རྣམ་པའི་མེ་དང་བུད་ཤིང་གི་ཚོགས་པའི་མཚན་ཉིད་དང་པོར་དུ་བ་སྐྱེས་པའི་རྣམ་པ་དེ་ལྟ་བུ་སྐྱེ་བ་གང་ཡིན་པ་དེ་ནི་རྣམ་པ་དེ་ལྟ་བུའི་སྐྱེ་བ་ཡིན་ནོ་ཞེས་བྱ་བ་འདི་གང་གིས་
མ་ཡིན། དེ་ནི་དུ་བ་ལས་ཀྱང་འབྱུང་བའི་ཕྱིར་རོ། །དེ་ལྟར་གང་དང་གང་ལས་མཐོང་བ་དེ་ནི་གཞན་ལ་ཡང་ཡོད་པར་མཐོང་བས་ཐམས་ཅད་ལ་ཡིད་བརྟན་དུ་མེད་དོ་སྙམ་དུ་སེམས་པས་དེ་ལྟར་ན་ཞེས་བྱ་བ་སྨོས་ཏེ། མེ་མ་ཡིན་པའི་དུ་བ་ལས་ཀྱང་དུ་བ་འབྱུང་ལ་བརྒྱ་བྱིན་
གྱི་སྤྱི་བོ་ལ་སོགས་པ་ལས་ཀྱང་འབྱུང་བས་འགལ་བ་མེད་དོ། །མེ་དང་དུ་བ་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་མ་ཡིན་ནོ་ཞེས་སེམས་པ་ཕྱོགས་སྔ་མའི་དོགས་པས་འདི་སྐད་དུ། སྐད་ཅིག་དངོས་པོ་ཁ་ཅིག་ཏུ། །ཇི་ལྟར་རག་ལས་འཇུག་པ་ཡིན། །རྒྱུར་གྲགས་པ་
ནི་ཡོད་པ་ལས། །འདི་འབྱུང་དེ་ལས་ཡོད་པ་ཡིན། །དེ་ཕྱིར་མེས་མིན་དུ་བ་ལས། །དུ་བ་སྲིད་ཡིན་ཇི་ལྟ་བའི། །བརྒྱ་བྱིན་སྤྱི་བོ་དེ་བཞིན་དེ། །སྲིད་པ་གང་གིས་བསལ་བར་ནུས། །ཞེས་བཤད་དོ་ཞེ་ན། གྲུབ་པའི་མཐའ་སྨྲ་བས་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། བུད་
ཤིང་གི་ཚོགས་པ་ལས་སྐྱེས་པ་ཅི་འདྲ་བའི་དུ་བ་དེ་འདྲ་བ་ཁོ་ན་དུ་མ་ལས་ཀྱང་འབྱུང་བ་ཡང་མ་ཡིན་ཏེ། རྒྱུའི་ནུས་པ་ཐ་དད་པས་བདག་ཉིད་འགའ་ཞིག་ལས་འདྲ་བར་ངེས་པ་ཡང་མི་འདྲ་བ་ཡིན་པའི་ཕྱིར་རོ། །དེ་དང་འདྲ་བ་མེ་དང་བུད་ཤིང་གིས་ཚོགས་པའི་སྐད་ཅིག་མ་

གཞན་ལས་སྐྱེས་པ་དང་པོ་ཁོ་ན་ལས་གཞན་པའི་སྐད་ཅིག་མ་ཡིན་པ་དེ་བཞིན་དུ་དེ་ལས་གཞན་པའི་དངོས་པོ་ཉིད་མེ་དང་བུད་ཤིང་གི་ཚོགས་པ་གཞན་ལས་སྐྱེ་བས་དེ་འདྲ་བའི་དུ་བ་ནི་དུས་འབྱུང་བ་མི་སྲིད་དོ། །ལ་ལར་འབྲས་བུ་ལ་ཡིད་བརྟན་དུ་མེད་པ་མ་ཡིན་
ནོ། །དེ་བཞིན་དུ་ཅི་འདྲ་བའི་སྐད་ཅིག་མ་གཉིས་པ་ལ་འབྱུང་བ་ནི་དུ་བའི་སྐད་ཅིག་མ་དང་པོ་ལ་སྐྱེ་བའི་དུ་བའི་སྐད་ཅིག་མ་དེ་དང་འདྲ་བ་དུ་བ་གཞན་གྱི་སྐད་ཅིག་མ་དང་པོ་ལས་སྐྱེས་པ་ཅན་གྱི་དུ་བའི་སྐད་ཅིག་མ་གཉིས་པ་དང་གསུམ་པ་ལ་སོགས་པའོ། །དེ་བཞིན་དུ་སྐད་ཅིག་མ་
གསུམ་ལ་སོགས་པའི་མྱུ་གུ་ལ་སོགས་པ་རྣམས་ལ་ཡང་ཐམས་ཅད་དུ་བརྗོད་པར་བྱའོ། །གང་ལས་འདིའི་རྣམ་པར་དབྱེ་བར་བྱ་བ་ཡང་ཡིན་ཞེ་ན། དེ་ལས་འབྱུང་བ་ཅན་མ་ཡིན་པ་ནི་མེ་དང་བུད་ཤིང་ལ་སོགས་པའི་ངོ་བོ་དེ་ལས་མ་ཡིན་པའི་དུ་བ་ལས་འབྱུང་བའི་ངང་ཚུལ་ཅན་སྐད་ཅིག་
མ་དང་པོ་དང་མཚན་ཉིད་མི་མཐུན་པའི་དུ་བ་ནི་ལན་འགའ་ཡང་ནི་ལན་གཅིག་ཀྱང་ངོ་། །དེ་ལས་ནི་མེ་ལ་སོགས་པའི་ཚོགས་པ་ལས་མི་འབྱུང་བའི་ཕྱིར་འབྱུང་བ་མི་རིགས་སོ། །དཔེར་ན་སྐད་ཅིག་མ་དང་པོ་ལ་ལྟོས་པའི་གཉིས་པ་དེ་དང་འདྲ་བ་དེ་བཞིན་དུ་སྐད་ཅིག་མ་དང་པོ་ལ་ལྟོས་པ་
དེ་ཡང་དེ་འདྲ་བ་ཉིད་དུ་ཁྱད་པར་མེད་པས་དེ་དང་འདྲ་བ་ཡིན་ནོ། །མེ་མ་ཡིན་པ་ལས་འབྱུང་བ་ཅན་མེ་ལས་སྐྱེས་པ་དེ་དང་འདྲ་བའི་ངོ་བོ་མེད་པས་ལན་འགའ་ཡང་དེ་ལས་མི་འབྱུང་བའི་ཕྱིར་རོ། །དེས་བསྐྱེད་པར་བྱ་བའི་ངོ་བོ་ཡིན་ན་ནི་བདག་ཉིད་ཡིན་པས་མི་འདྲ་བར་ག་ལ་འགྱུར།
དེའི་ཕྱིར་མི་འདྲ་བ་ལས་བྱུང་བ་ལས་མི་འདྲ་བ་མ་ཡིན་པ་དེས་ན་འཁྲུལ་པ་མེད་དོ། །གལ་ཏེ་དུ་བའི་སྐད་ཅིག་མ་ཐམས་ཅད་ནི་མགུལ་པ་སྐམ་པ་དང་མཆི་མ་འབྱུང་བ་དང་། ཁ་དོག་གནག་པར་བྱེད་པ་ལ་སོགས་པའི་དོན་བྱེད་པ་ཉེ་བར་མཁོ་བས། ཇི་ལྟར་དེ་དང་འདྲ་བའི་རང་
བཞིན་དུ་མི་འགྱུར་ཞེ་ན། དེ་ལ་ཡང་དོན་བྱེད་པ་མེད་དེ་སྐད་ཅིག་མ་ཐ་དད་པ་ལ་རག་ལས་པའི་ངོ་བོ་ནི་དེ་དང་འདྲ་བ་མེད་པས་དེ་ལས་སྐྱོན་མཚུངས་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་འཇིག་རྟེན་པ་ཐམས་ཅད་ཇི་ལྟར་དུ་བའི་ཐ་སྙད་པ་ཡིན་ཞེ་ན། འདྲ་བ་གཞན་འབྱུང་བའི་རྒྱུ་མཚན་

གཅིག་ཏུ་མངོན་པར་ཞེན་པའི་དབང་གིས་སྐད་ཅིག་མའི་ཐ་སྙད་དུ་རུང་ངོ་། །གལ་ཏེ་འདྲ་བ་དེ་དང་འདྲ་བ་ཇི་ལྟར་མ་ཡིན་ཞེ་ན། འདྲ་བ་ནི་དེ་དང་འདྲ་བ་ལས་གཞན་ཡིན་པའི་ཕྱིར་རོ། །དེ་ལྟ་ན་བ་ལང་དང་འདྲ་བར་གྱུར་པའི་བ་མེན་ནི་དེ་དང་འདྲ་བ་མ་ཡིན་གྱི་བ་ལང་ཉིད་གཞན་
དེ་དང་འདྲ་བའི་ཕྱིར་རོ། །དོན་དམ་པར་ན་དེ་དང་འདྲ་བ་མེད་ཀྱང་བློ་དམན་པ་རྣམས་དེ་དང་འདྲ་བ་འདོད་པ་འབྱུང་བ་གང་གིས་བསལ་བར་ནུས་དེ་ལྟ་ན་ཚུ་རོལ་མཐོང་བ་དེ་མ་ཡིན་པ་རེ་ཞིག་དེར་མངོན་པར་ཞེན་པ་བསལ་བར་ནུས་པ་མ་ཡིན་ན། དེ་དང་འདྲ་བ་མངོན་པར་ཞེན་པ་ལ་ཅི་
ཞིག་བྱར་ཡོད། དེ་སྐད་དུ། དབྱིབས་དང་ཁ་དོག་མཚུངས་པ་ཡི། །རྒྱུ་གཞན་སྐྱེ་བར་གྱུར་པ་ལ། །དེ་མིན་དེ་བློའི་སྐྱེ་བོ་ནི། །རྒྱུན་གཅིག་པ་ལའང་ཅི་བྱར་ཡོད། །ཅེས་བཤད་དོ། །དེ་ཁོ་ན་ཉིད་སེམས་པས་ནི་དེ་དང་འདྲ་བ་དེ་དང་མི་འདྲ་བའི་རྒྱུ་ཐ་དད་པས་དེ་དང་
འདྲ་བ་དང་དེ་དང་མི་འདྲ་བ་རྣམས་རྗེས་སུ་དཔོག་གོ། །དེ་འདྲ་བ་ཉིད་མ་ཡིན་པ་གང་གི་ཚེ་དེ་དང་འདྲ་བ་མ་ཡིན་པ་ལ་ཡང་དེ་དང་འདྲ་བ་མེད་པ་དེའི་ཚེ་དེ་སྐྱེད་པའི་ངོ་བོ་མ་ཡིན་པའི་ཕྱིར་དེ་ལས་འབྱུང་བ་ཅན་མ་ཡིན་པ་ནི་ལན་འགའ་ཡང་དེ་ལས་འབྱུང་བར་མི་འགྱུར་རོ། །དོན་
བྱེད་པར་ནུས་པ་ནི་ཕན་ཚུན་ལྟོས་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་ལ་ལྟོས་ནས་བསྐྱེད་པར་བྱ་བའི་རྒྱུ་དང་འབྲས་བུའི་ངོ་བོ་ལ་ལྟོས་པའོ་ཞེས་ཤེས་སོ། །དེ་ལྟ་མ་ཡིན་ན་དེ་ལས་བྱུང་བ་དག་ཅིག་ཤོས་མི་རིགས་པས་དེས་བསྐྱེད་པར་བྱ་བར་མི་རུང་བའི་ཕྱིར་རོ།
གལ་ཏེ་དེ་ལྟར་དེ་ལས་དཔག་ཕས་ཅི་ཞིག་འགྲུབ་ཅེ་ན། དེ་ལ་ཞེས་བྱ་བ་སྨོས་ཏེ། དེ་ལ་རིག་པར་གྱུར་པའོ། །གལ་ཏེ་དུ་བ་ཅི་འདྲ་བ་དང་པོར་མེ་ལ་སོགས་པའི་ཚོགས་པ་ལས་སྐྱེས་པ་སྐད་ཅིག་མ་གཉིས་པ་ལ་སོགས་པར་བྱུང་བ་དེ་དང་འདྲ་བའོ། །མེ་ལ་སོགས་
པའི་ཚོགས་པའི་ནི་བུད་ཤིང་ལ་སོགས་པའི་ཚོགས་པས་དེ་སྐྱེད་པར་བྱེད་པའི་ངོ་བོའོ། །དེ་སྤངས་པ་ནི་དེ་ལས་གཞན་པའོ། །མེ་དང་བུད་ཤིང་ལ་སོགས་པའི་ཚོགས་པས་བསྐྱེད་པར་བྱ་བ་དེ་ལས་གཞན་པ་ལས་དུ་བའི་སྐད་ཅིག་མ་འབྱུང་བར་གྱུར་ན་དེ་ནི་

དེ་དང་འདྲ་བའི་ངོ་བོ་འདིའོ། །དེས་བསྐྱེད་པར་བྱ་བ་ནི་མེའི་ཚོགས་པས་བསྐྱེད་པར་བྱ་བའི་ངོ་བོ་མ་ཡིན་ནོ། །འོན་ཀྱང་དུ་བ་བསྐྱེད་པར་བྱ་བ་ཁོ་ན་བྱས་ཟིན་པ་ལན་འགའ་ཡང་མེ་ལ་སོགས་པའི་ཚོགས་པ་ལས་མི་འབྱུང་ངོ་། །དེ་དང་འདྲ་བའི་དུ་བའི་
ངོ་བོ་གཞན་ལས་འབྱུང་ན་དེས་བསྐྱེད་པར་བྱའི་ངོ་བོ་ནི་མ་ཡིན་པ་ལ་སོགས་པས་བསྐྱེད་པར་བྱ་བའི་ངོ་བོའོ། །གང་ལས་ཤེ་ན། ལན་འགའ་ཡང་དེ་ལས་འབྱུང་བར་མི་རིགས་སོ། །འདིར་དཔེ་ནི་དོན་གཞན་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་མྱུ་གུ་ལས་དོན་གཞན་པ་དེ་
མ་ཡིན་པས་བསྐྱེད་པར་བྱ་བར་མངོན་པར་འདོད་པ་ནི་གཞན་ལས་འབྱུང་བས་དེ་མ་ཡིན་པས་བསྐྱེད་པའི་ངོ་བོ་སྟེ། མེ་ལ་སོགས་པའི་ཚོགས་པ་ལས་སྐྱེ་བའི་ངོ་བོ་མ་ཡིན་པའི་ཕྱིར་ལན་ཅིག་ཀྱང་དེ་ལས་འབྱུང་བར་མི་འགྱུར་བ་དེ་བཞིན་དུ་དེ་དང་འདྲ་བའི་དུ་བ་ཡང་དེ་ལས་བྱུང་བ་
དང་མི་འདྲ་བ་ཉིད་འདིར་རྟོགས་པར་བྱའོ། །གལ་ཏེ་མེ་ལ་སོགས་པའི་ཚོགས་པས་འདི་དེ་མ་ཡིན་པས་བསྐྱེད་པར་བྱ་བའི་ངོ་བོ་ཡིན་ཡང་དེ་དང་འདྲ་བར་སྟོབས་ཀྱིས་སྐྱེད་པར་བྱེད་ལ་རག་ལས་ན་དེའི་ཉེས་པ་ཡིན་ནོ་ཞེས་འདོད་ན། དེ་སྐྱེད་པ་ཞེས་བྱ་བ་སྨོས་ཏེ། དེ་སྐྱེད་པའི་ངོ་བོ་མ་
ཡིན་པའི་བདག་ཉིད་འབའ་ཞིག་དེ་ལས་མི་འབྱུང་ངོ་། །འོན་ཀྱང་མེ་ལ་སོགས་པའི་ཚོགས་པ་དེས་ཀྱང་དེ་དང་འདྲ་བའི་དུ་བ་སྐད་ཅིག་མ་གཉིས་པ་འབྱུང་བ་ཅི་འདྲ་བར་མི་སྐྱེད་དོ། །གང་ལས་ཤེ་ན། དེ་སྐྱེ་བའི་ངོ་བོ་མ་ཡིན་པའི་ཕྱིར་རོ། །དེ་དང་འདྲ་བ་གཞན་ལས་འབྱུང་ན་ནི་དེ་ཁོ་ན་
དེས་བསྐྱེད་པའི་ངོ་བོ་ཡིན་ཏེ་མེ་ལ་སོགས་པའི་ཚོགས་པ་དེ་སྐྱེད་པའི་ངོ་བོ་མ་ཚང་ན་ཇི་ལྟར་དེ་སྐྱེད་པར་འགྱུར། འདིར་དཔེ་ནི་ཚོགས་པ་གཞན་ཡིན་ནོ། །དཔེར་ན་ཚོགས་པ་གཞན་དེ་མ་ཡིན་པ་སྐྱེད་པར་མངོན་པར་འདོད་པའི་ངོ་བོ་ནི་དེས་བསྐྱེད་པ་མ་ཡིན་པ་དེ་བཞིན་དུ་མེ་ལ་
སོགས་པའི་ཚོགས་པ་ལས་ཀྱང་ཡིན་ནོ། །དེ་ལྟ་ན་དེ་བདག་ཉིད་ཀྱི་ངོ་བོའི་རྗེས་སུ་འབྲང་བས་འཇུག་པ་ཡིན་ནོ། །དེའི་ཕྱིར་ཚོགས་པའི་སྟོབས་ཀྱིས་འདི་སྐྱེ་བར་ག་ལ་འགྱུར། གལ་ཏེ་མེ་ལ་སོགས་པའི་ཚོགས་པ་ལས་སྐྱེ་བའི་ངོ་བོ་ལས་ཀྱང་དེ་དང་འདྲ་བའི་དུ་བའི་ངོ་

བོ་སྐྱེད་པ་ཡང་ཡིན་ཏེ། དཔེར་ན་དུ་བ་དེ་ཉིད་བུད་ཤིང་ལས་སྐྱེ་བའི་ངོ་བོ་དང་མེ་ལས་སྐྱེ་བའི་ངོ་བོ་གཉི་ག་ཡང་ཡིན་པ་དེ་བཞིན་དེ་འདྲ་བ་དུ་བ་ཡང་ཚོགས་པས་བསྐྱེད་པར་བྱ་བའི་ངོ་བོ་ཡིན་པས་གཉིས་ལས་འབྱུང་བར་འགྱུར་རོ་ཞེ་ན། དུ་བ་དེ་ནི་ཞེས་བྱ་བ་སྨོས་ཏེ་དེ་དང་འདྲ་
བའི་དུ་བ་དེ་དང་དེ་མ་ཡིན་པས་བསྐྱེད་པར་བྱ་བ་ནི་མེ་ལ་སོགས་པའི་ཚོགས་པས་བསྐྱེད་པར་བྱ་བ་དང་དུ་བས་བསྐྱེད་པའི་ངོ་བོར་རིགས་པ་མ་ཡིན་ན་རིགས་པ་དང་འབྲེལ་པ་ག་ལ་ཡིན། ངོ་བོ་གཅིག་ཡིན་པའི་ཕྱིར་ན་དེ་དང་འདྲ་བའི་དུ་བ་ཐ་དད་པ་མེད་པའི་ཕྱིར་རོ། །དེའི་དུས་
ཐ་དད་པས་ཀྱང་དེའི་ངོ་བོ་ཐ་དད་པར་མི་འགྱུར་བ་མ་ཡིན་ནོ། །ཐ་དད་པ་ནི་མི་འདྲ་བ་ལས་བྱུང་བའི་མི་འདྲ་བ་བརྩད་པར་མི་རིགས་སོ། །གང་གི་ཚེ་དེའི་དེ་འདྲ་བ་དང་དེ་མི་འདྲ་བའི་རྒྱུས་བསྐྱེད་པ་དེ་ནི་དེ་འདྲ་བ་དང་དེ་མི་འདྲ་བ་ངོ་བོ་ཉིད་དུ་འགྱུར་རོ། །དེ་ཉིད་བསྟན་པ་ནི་དུ་བ་དང་
དུ་བ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུ་བ་སྨོས་པ་ནི་ཅི་འདྲ་བའི་མེ་ལ་སོགས་པའི་ཚོགས་པ་ལ་སྐྱེས་པ་དེ་དང་འདྲ་བའི་ངོ་བོར་མངོན་པར་འདོད་དོ། །དུ་བ་མ་ཡིན་པ་སྨོས་པས་ཀྱང་མི་འདྲ་བའི་རྒྱུ་ལས་སྐྱེས་པའི་དུ་བ་མ་ཡིན་པ་མི་འདྲ་བའོ། །དེ་དག་ཀྱང་དེ་དང་
འདྲ་བ་དང་མི་འདྲ་བའི་རྒྱུ་ལས་སྐྱེས་པས་དེ་དང་འདྲ་བ་དང་དེ་དང་མི་འདྲ་བའི་ངོ་བོར་འཆད་པར་མི་འགྱུར་བའི་རིགས་པས་ཁོང་དུ་ཆུད་པར་བྱའོ། །དེས་ན་མེ་དང་དུ་བའི་མཚན་ཉིད་ལས་དུ་བ་ལས་དུ་བ་སྐྱེད་པའི་ངོ་བོ་ནི་དེ་དང་དེ་མི་འདྲ་བ་སྐྱེད་པའི་ངོ་བོ་ཡིན་པས་དེ་དང་འདྲ་བ་དང་
དེ་མི་འདྲ་བ་དག་འབྱུང་བ་ཡིན་ན་དུ་བ་དང་དུ་བ་མ་ཡིན་པ་དང་དེ་འདྲ་བ་དང་དེ་མི་འདྲ་བར་འགྱུར་རོ། །གང་ལས་འདྲ་བ་ཉིད་ཡིན་ཞེས་ག་ལས་ཤེ་ན། འབྲས་བུའི་ངོ་བོ་ཉིད་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུའི་ངོ་བོ་ཉིད་རྣམས་ནི་ཕན་ཚུན་འབྱུང་བ་གང་
ཡིན་པ་དེ་ནི་ཕན་ཚུན་མཚན་ཉིད་མི་མཐུན་པར་རྒྱུའི་ཚོགས་པའི་རང་བཞིན་གྱིས་བྱས་པ་ཡིན་གྱི་ངོ་བོ་ཉིད་ཀྱིས་ནི་མ་ཡིན་ཏེ། རྒྱུ་མེད་པར་ཐལ་བར་འགྱུར་རོ། །དེའི་ཕྱིར་དེ་འདྲ་བ་དང་དེ་མི་འདྲ་བ་ལས་བྱུང་བའི་དུ་བ་དེ་འདྲ་བ་དང་དེ་མི་འདྲ་བའི་ངོ་བོར་མི་འགྱུར་རོ། །

གལ་ཏེ་དེ་འདྲ་བ་དང་དེ་མི་འདྲ་བའི་ངོ་བོ་ནི་རྒྱུ་དེ་འདྲ་བ་དང་དེ་མི་འདྲ་བ་ལ་ལྟོས་ནས། འབྲས་བུ་སྐྱེད་པ་ཙམ་ཁོ་ན་རྒྱུ་ལ་ལྟོས་པ་ཡིན་པར་འདོད་དོ་ཞེ་ན། རྒྱུ་ལ་མི་ལྟོས་ཞེས་བྱ་བ་སྨོས་ཏེ། དེ་འདྲ་བ་དང་མི་འདྲ་བའི་ངོ་བོ་དག་དེ་དང་འདྲ་བ་དང་དེ་མི་འདྲ་
བའི་རྒྱུ་ལ་མི་ལྟོས་ན་དེ་དང་འདྲ་བ་དང་དེ་མི་འདྲ་བ་དག་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་འདྲ་བ་དང་དེ་མི་འདྲ་བའི་ངོ་བོ་མ་བྱུང་བ་ལས་ཐ་དད་པ་གཞན་འགའ་ཞིག་སྐྱེ་བ་ནི་མེད་དོ། །གང་ལ་དེ་འདྲ་བ་དེ་མི་འདྲ་བའི་རྒྱུ་ལ་མི་ལྟོས་པ་རྣམས་ཀྱང་དེ་ལ་ལྟོས་པར་འགྱུར་
རོ། །དེ་ལྟ་བས་ན་སྐྱེད་པ་སྨོས་པས་ནི་དེ་དང་འདྲ་བ་དང་དེ་མི་འདྲ་བའི་ངོ་བོ་ཉིད་བརྗོད་དོ་ཞེས་བྱའོ། །དེ་ལ་རྒྱུ་ལ་ལྟོས་པར་ཁས་བླངས་པ་ཇི་ལྟར་དེ་འདྲ་བ་དང་དེ་མི་འདྲ་བ་རྒྱུ་ལ་མི་ལྟོས་པ་ཡིན། དེའི་ཕྱིར་ཚོགས་པ་ནི་དེ་འདྲ་བ་དང་དེ་མི་འདྲ་བ་ཡིན་པས་རྒྱུ་རྣམས་དེ་འདྲ་བ་དང་དེ་མི་
འདྲ་བའི་ངོ་བོ་རྣམ་པར་དབྱེ་བར་བྱ་བ་ཡིན་ན་གང་གིས་ན་མི་འདྲ་བ་ལས་འདྲ་བར་འབྱུང་བར་འགྱུར་རོ་ཞེས་དེ་ནི་བཤད་ཟིན་ཏོ། །དཔེར་ན་དུ་བ་གཅིག་ཀྱང་མེ་དང་བུད་ཤིང་མཚན་ཉིད་མི་མཐུན་པ་དག་ལས་སྐྱེ་བར་འགྱུར་བ་དེ་བཞིན་དུ་འབྲས་བུ་གཅིག་པ་ཡང་མི་མཐུན་པའི་
ཚོགས་པ་གཞན་ལས་ཀྱང་འབྱུང་བར་འགྱུར་རོ་ཞེ་ན། དེ་ནི་མི་རིགས་ཏེ། གང་གི་ཕྱིར་ཁོ་བོ་ཅག་ཀྱང་མཚན་ཉིད་མི་མཐུན་པ་རྣམས་སྐྱེད་པར་བྱེད་པ་ཉིད་སེལ་བར་ནི་མི་བྱེད་ཀྱི་བསྐྱེད་པར་བྱ་བ་ཉིད་ཕན་ཚུན་མཚན་ཉིད་མི་མཐུན་པ་ཡང་རང་གི་རྒྱུ་ཡོངས་སུ་གྱུར་པ་ལས་སྐྱེས་
པའི་ཆོས་དེའི་གནས་སྐབས་ངེས་པའོ། །དེའི་འབྲས་བུ་གཅིག་པ་དེ་ནི་དེ་དག་ཕན་ཚུན་ལྟོས་ནས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་ངོ་བོ་ཉིད་དུ་ངེས་པས་དེ་དང་འདྲ་བ་ལས་དེ་འདྲ་བ་ཁོ་ན་སྐྱེ་བར་བརྗོད་ཀྱི་མི་འདྲ་བ་ལས་མ་ཡིན་ཏེ། དེ་ནི་དེས་བསྐྱེད་པའི་ངོ་བོ་ཡིན་པའི་ཕྱིར་རོ། །
དེ་མེད་ཀྱང་གཞན་ཡོད་པས་དེ་སྐྱེད་པ་ངེས་པ་ནི་མི་སྲིད་པས་རྒྱུ་དང་འབྲས་བུའི་དངོས་པོ་མ་ངེས་པ་ནི་མི་རིགས་པའི་ཕྱིར་རོ། །གལ་ཏེ་མེ་དང་བུད་ཤིང་གི་ཉེ་བར་ལེན་པས་ཕན་བཏགས་པ་ནི་བུད་ཤིང་བཞིན་དུ་དེའི་ཉེ་བར་ལེན་པས་ཕན་བཏགས་པ་དེའི་གནས་སྐབས་ངེས་པ་ནི་དེ་རིགས་

མི་མཐུན་པ་ལས་ཀྱང་དུ་བ་ལ་སོགས་པ་རིགས་མཐུན་པའི་དུ་བ་སྐྱེ་བར་འགྱུར་ན་མངོན་སུམ་དང་མི་དམིགས་པ་དག་གིས་ཀྱང་དེ་བཞིན་གོ་བར་འགྱུར་རོ། །དེ་ནི་མེ་ལ་སོགས་པ་བཞིན་དུ་དེ་ཡང་དེ་བསྐྱེད་པའི་རང་བཞིན་དུ་ངེས་པས་རིགས་འདྲ་བ་སྐྱེད་པར་བྱེད་པར་ཅིས་ན་རྗེས་སུ་མི་
དཔག །དེ་མེད་ཀྱང་རིགས་མཐུན་པ་འབྱུང་བས་དེ་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པར་ངོ་བོས་ངེས་པ་མེད་དོ། །གང་གིས་ན་རྒྱུ་དང་འབྲས་བུར་དེ་དག་གིས་རིགས་མཐུན་པ་དང་རིགས་མི་མཐུན་པའི་དངོས་པོའི་རྒྱུ་ཅན་དུ་འགྱུར་བ་གང་གི་ཕྱིར། དེ་ལྟར་ན་དེའི་ཕྱིར་དེ་བུད་ཤིང་
ལ་སོགས་པའི་ཚོགས་པའི་ཁྱད་པར་དང་ལྡན་པ་དང་པོར་དུ་བ་སྐྱེད་པ་གང་ཡིན་པ་དེའི་དུ་བ་ནི་དང་པོར་མེ་ལ་སོགས་པའི་ཚོགས་པའི་ཁྱད་པར་ལས་སྐྱེ་བ་ཁོ་ན་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་རྒྱུ་དང་འབྲས་བུ་གྲུབ་པ་དག་གྲུབ་པ་དེ་ལྟར་ཇི་སྐད་བཤད་པའི་རིགས་པས་བསྐྱེད་པར་
བྱ་བ་དང་། སྐྱེད་པར་བྱེད་པའི་རང་བཞིན་དུ་ངེས་པར་མཐོང་ངོ་། །གང་རྒྱུ་རྣམས་ལན་འགའ་མངོན་སུམ་དང་མི་དམིགས་པ་དག་གིས་ངེས་པའི་ཕྱིར་རོ། །རིགས་མི་མཐུན་པ་ནི་མི་འདྲ་བའི་རྒྱུ་ལས་སྐྱེ་བ་དེ་དང་འདྲ་བའི་འབྲས་བུ་མ་ཡིན་གྱི་མི་འདྲ་བ་སེལ་བ་ནི་མ་ཡིན་
ནོ། །དེ་ལྟར་ན་དེ་ནི་དེ་འདྲ་བ་དང་དེ་མི་འདྲ་བའི་རྒྱུ་བྱས་པ་ཉིད་དེ་དང་འདྲ་བ་དང་དེ་མི་འདྲ་བའི་ངོ་བོར་རྟོགས་པར་བྱ་བའི་མཇུག་བསྡུ་བ་ནི་དེ་ལྟ་བས་ན་ཞེས་བྱ་བ་སྨོས་ཏེ། ཅི་འདྲ་བའི་འབྲས་བུ་ནི་ཅི་འདྲ་བའི་རྒྱུ་ལས་བྱུང་བར་མངོན་སུམ་དང་མི་དམིགས་པ་དག་གིས་མཐོང་བས་
ལན་ཅིག་ངེས་པ་དེ་ནི་དེ་ལ་འཁྲུལ་པ་མེད་དོ། །དེ་འདྲ་བ་མི་འདྲ་བ་ལས་མི་འབྱུང་སྟེ་རྒྱུ་གང་ཡིན་པ་དེས་ན་རྒྱུ་དང་འབྲས་བུའི་དངོས་པོ་གྲུབ་པོ། །དེ་འདྲ་བའི་འབྲས་བུ་ནི་དེ་འདྲ་བའི་རྒྱུ་ཁོ་ན་ལས་ངེས་པར་གྱུར་པས། ཇི་སྐད་བཤད་པའི་རིགས་པས་འབྲས་བུ་ལ་རྒྱུས་ཁྱབ་
པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་ངོ་བོ་གྲུབ་པ་ཡིན་ནོ། །རིགས་མི་མཐུན་པ་ལས་བྱུང་བ་ལས་བྱུང་བར་མཐོང་སྟེ་རྒྱུ་རིགས་མི་མཐུན་པ་ལས་རྒྱུ་དང་མི་འདྲ་བ་མི་སྐྱེ་བ་མ་ཡིན་ནོ་ཞེས་དོན་མེད་པར་བསྟན་པ་ནི་རིགས་མཐུན་པའི་རྒྱུ་ལས་འབྲས་བུ་མི་སྐྱེའོ་ཞེས་བྱ་བ་འདིའི་

དོན་འདིར་མངོན་པར་འདོད་དོ་སྙམ་ནས་གཞན་དག་རྩོད་པ་ནི་གལ་ཏེ་རང་ཉིད་རིགས་མི་མཐུན་པ་ལས་ཀྱང་འབྲས་བུ་ཅུང་ཟད་འབྱུང་བ་མཐོང་ན། དེ་རིགས་མི་མཐུན་པ་ལས་མི་སྐྱེའོ་ཞེས་བྱ་བ་ཇི་ལྟར་མཐོང་བ་དང་འགལ་བར་མི་འགྱུར་རོ། །དཔེ་
ཇི་ལྟ་བུ་ཞེ་ན། དཔེར་ན་བ་ལང་གི་ལྕི་བ་ཞེས་བྱ་བ་སྨོས་ཏེ། སོགས་པ་སྨོས་པས་ནི་རྭ་དང་ཆུ་ཤེལ་ལ་སོགས་པའོ། །ཤ་ལུ་ཀ་ལ་སོགས་པ་སྨོས་པས་ནི་སྨྱུག་མ་དང་ཆུ་ལ་སོགས་པའོ། །གྲུབ་པའི་མཐའ་གཞན་གྱི་འཁྲུལ་པར་བསྟན་པ་ནི་རིགས་མི་མཐུན་པ་ལས་
བྱུང་བ་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་རྒྱུ་གང་ལས་འབྱུང་བར་མཐོང་བ་དེ་དང་དེ་ནི་མི་འདྲ་བ་ལས་མི་འབྱུང་ངོ་ཞེས་བྱ་བ་འདིའི་དོན་འདིར་བརྗོད་པར་འདོད་ཀྱི་འབྲས་བུ་རིགས་མི་མཐུན་པ་ལས་མ་ཡིན་པའི་ཕྱིར་དེ་ལ་འཁྲུལ་པ་མེད་དོ། །དེ་ནི་དེ་ལྟ་བུ་ཁོ་ནའི་ཞེས་བྱ་བ་སྨོས་
ཏེ། བ་ལང་གི་ལྕི་བ་ལ་སོགས་པའི་ངོ་བོ་དེ་དང་འདྲ་བའི་ཨུཏྤལ་ལ་སོགས་པའི་དང་པོའི་རྒྱུ་མཚན་དེ། ཨུཏྤལ་ལ་སོགས་པའི་རྒྱུན་གྱི་དང་པོ་ཐོག་མར་རྩོམ་པའི་སྐད་ཅིག་མ་དེའི་རྒྱུ་ཡིན་པར་གྲུབ་པས་ཨུཏྤལ་ལ་སོགས་པའི་རྒྱུན་དུ་གྱུར་པ་ལས་རྒྱུ་ཐ་དད་པ་མི་འདྲ་བས་
སྐྱེད་པ་ནི་མ་ཡིན་ནོ། །ཐམས་ཅད་ཀྱིས་དེའི་ཚེ་དང་པོར་བ་ལང་གི་ལྕི་བ་ལ་སོགས་པ་རྒྱུ་མཚན་ཡིན་པའི་ཕྱིར་རོ། །གང་གི་ཚེ་རྒྱུན་གྱི་སྔོན་མའི་སྐད་ཅིག་མ་རྒྱུ་མཚན་ཡིན་པས་ཕྱི་མ་ཕྱི་མའི་སྐད་ཅིག་མ་རྣམས་རྒྱན་གྱིས་བསྐྱེད་པའི་མཚན་ཉིད་དུ་འཇུག་པར་འགྱུར་བ་དེའི་ཚེ་སྨྱུག་མ་
ལས་སྨྱུག་མ་འབྱུང་ངོ་། །དེ་ནི་དེ་བཞིན་དུ་གང་གི་རྒྱུན་རྭ་ལ་སོགས་པ་དག་ལས་འབྱུང་བ་ནི་སྨྱུག་མ་དེ་དང་འདྲ་བ་མ་ཡིན་ནོ། །གང་ཡང་སྨྱུག་མ་དེ་ལས་ཕྱི་མ་ཕྱི་མ་འབྱུང་བ་དེ་དང་རྭ་ལས་བྱུང་བ་མི་འདྲ་བའི་ཕྱིར་རིགས་མི་མཐུན་པའི་རྒྱུ་ལས་མཐོང་བ་དང་འདྲ་བ་མི་སྲིད་པས་
འབྲས་བུའི་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་སོ། །གང་གི་ཚེ་ཨུཏྤ་ལ་ལ་སོགས་པ་སྔ་མ་སྔ་མ་རིགས་མཐུན་པ་དང་རྗེས་སུ་འབྲེལ་བ་ཐོག་མ་མེད་པ་ནས་རྒྱུན་དུ་འབྱུང་བར་འདོད་པ་དེའི་ཚེ་ཡང་བ་ལང་གི་ལྕི་བ་ལ་སོགས་པ་ཡང་བརྒྱ་ལ་འབྱུང་བ་ཡང་དེ་དང་

འདྲ་བ་མེད་པས་འཁྲུལ་པ་ཡིན་ནོ་ཞེས་བསྟན་པ་ནི་ཡང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨུཏྤ་ལའི་རྒྱུན་གང་ཡིན་པ་དང་བ་ལང་གི་ལྕི་བ་ལ་སོགས་པའི་རྒྱུན་གང་ཡིན་པ་ཡང་ཐམས་ཅད་དུ་རིགས་མཐུན་པའི་རྒྱུ་མཚན་དག་གིས་བ་ལང་གི་ལྕི་བ་དང་། ཅིག་ཤོས་ལས་སྐྱེ་བ་
ཅན་གྱི་ཨུཏྤ་ལ་ངོ་བོ་ཉིད་ཐ་དད་པ་ཡོད་དོ། །གལ་ཏེ་ཕན་ཚུན་མི་འདྲ་བ་ཉིད་ཀྱི་གཟུགས་ཀྱི་རྣམ་པ་ཐ་དད་པར་གྱུར་པ་ལ་ཡང་རྣམ་པ་མཚུངས་པ་ཡིན་ན་ཇི་ལྟར་མི་འདྲ་བ་ཡིན་ཞེ་ན། དངོས་པོ་རྣམས་ཀྱི་རྣམ་པ་མཚུངས་པ་ཁོ་ནའི་ཞེས་བྱ་བ་སྨོས་ཏེ། ནི་ཞེས་བྱ་བ་ནི་གང་གི་
ཕྱིར་རོ། །དེ་ཉིད་དེ་དང་འདྲ་བའི་རྒྱུ་མཚན་ནི་བ་ལང་གི་ལྕི་བ་དང་ཅིག་ཤོས་ལས་སྐྱེ་བ་ཅན་གྱི་ཨུཏྤ་ལ་དག་རྣམ་པ་མཚུངས་པར་འགྱུར་གྱི། རིགས་ཐ་དད་པའི་རྒྱུ་མ་ཡིན། འདི་ག་ལས་ཤེ་ན། རྣམ་པ་ཐ་དད་པ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་རྣམ་
པ་མཚུངས་པ་ཉིད་ཁ་ཅིག་གིས་དངོས་པོ་དེ་དག་ཀྱང་གང་ལས་རྣམ་པ་ལས་ཁྱད་པར་གཞན་གྱི་སྒོ་ནས་ཐ་དད་པར་མཐོང་བའི་ཕྱིར་རོ། །དེའི་ཕྱིར་རྣམ་པ་མཚུངས་པ་ཉིད་རིགས་གཅིག་པའི་རྒྱུ་མཚན་མ་ཡིན་ནོ། །དེ་ལྟར་ན་རྣམ་པ་མཚུངས་ཀྱང་ཁ་ཅིག་མེ་ཏོག་ཐ་དད་པ་མཐོང་སྟེ་
སྔོན་པོ་དང་ཅིག་ཤོས་ཀྱི་ཀུ་སུ་མའི་ཞྭ་མོ་ལྟ་བུའོ། །ལ་ལར་འབྲས་བུའི་སྒོ་ནས་གཞན་པ་ཅིག་ཤོས་ཀྱི་ཀརྐོ་ཏ་ལྟ་བུའོ། །ལ་ལར་རོའི་སྒོ་ནས་གཞན་པ་དང་ཅིག་ཤོས་ཀྱི་ག་གོན་ལྟ་བུའོ། །ལ་ལར་དྲིའི་སྒོ་ནས་ཤིང་དང་ཅིག་ཤོས་ལས་བྱུང་བའི་ཙམ་པ་ཀ་ལྟ་བུའོ། །ལ་
ལར་ནུས་པའི་སྒོ་ནས་རེག་པ་དང་ཟོས་པ་ལས་འཁྲུ་བའི་ཨ་རུ་ར་ལྟ་བུའོ། །དེའི་ཕྱིར་རྣམ་པ་མཚུངས་པའི་རྒྱུ་མཚན་གྱིས་གང་ལ་དེ་ཉིད་འདི་ཡིན་ནོ་ཞེས་ངོ་ཤེས་པ་སྐྱེད་པའི་བ་ལང་གི་ལྕི་བ་དང་ཅིག་ཤོས་ལས་སྐྱེས་པ་ལ་ཨུཏྤ་ལར་ཉེ་བར་རྟོག་གོ། །དེ་བཞིན་དུ་མཚན་ཉིད་མི་
མཐུན་པའི་ཚོགས་པ་ལས་སྐྱེས་པ་དེ་དག་རིགས་ཐ་དད་པ་ཉིད་དུ་རྟོགས་པར་བྱ་སྟེ་རིགས་གཅིག་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ངོ་ཤེས་པ་ནི་འཁྲུལ་པ་ཉིད་དེས་དེ་དང་འདྲ་བར་བརྟགས་པ་ནི་བརྫུན་པའི་ཕྱིར་རོ། །གལ་ཏེ་བ་ལང་གི་ལྕི་བ་དང་ཅིག་ཤོས་ལ་སོགས་པ་ལས་སྐྱེས་པའི་

ཨུཏྤ་ལ་ལ་སོགས་པའམ། མེ་ལས་སྐྱེས་པའི་དུ་བ་ལ་སོགས་པ་ལ་དུ་བ་ངོ་ཤེས་པའི་དབང་གིས་མཚན་ཉིད་མི་མཐུན་པའི་ཚོགས་པའི་རྒྱུ་མཚན་ཅན་ཡང་མཚུངས་པའི་ངོ་བོ་ཉིད་དུ་འགྱུར་བ་ལ་ཉེས་པ་ཅི་ཞིག་ཡོད་ཅེ་ན། དེ་ལྟ་མ་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
གལ་ཏེ་རིགས་མཐུན་པའི་མཚན་ཉིད་ཅན་གང་ཡིན་པ་དང་རྐྱེན་གཞན་དང་ལྷན་ཅིག་པའི་ཚོགས་པ་རིགས་མཐུན་པ་ལ་མི་ལྟོས་པའི་བ་ལང་གི་ལྕི་བ་ལ་སོགས་པའི་ངོ་བོ་ལས། ཨུཏྤ་ལ་ལ་སོགས་པའམ། དུ་བ་ནི་མེ་དང་བུད་ཤིང་ལ་སོགས་པའི་མཚན་ཉིད་ཅན་ནམ་བརྒྱ་བྱིན་
གྱི་སྤྱི་བོ་ལ་སོགས་པའི་ངོ་བོ་ལས་དུ་བའི་བདག་ཉིད་ཅན་ཡིན་པ་དེའི་ཕྱིར་མཚན་ཉིད་མི་མཐུན་པའི་ཚོགས་པ་ཡང་མཚན་ཉིད་མེད་པས་དེ་དང་འདྲ་བའི་འབྲས་བུ་དུ་བ་དང་ཨུཏྤ་ལ་ལ་སོགས་པ་སྐྱེ་བ་ཡིན་ན་ནི་དེའི་ཚེ་རྒྱུ་ནི་ཚོགས་པའི་ངོ་བོའོ། །ཐ་དད་པ་དང་། ཐ་དད་པ་མ་ཡིན་པ་དག་
ལས་ནི་མཚན་ཉིད་མི་མཐུན་པའི་དང་མཚན་ཉིད་མི་མཐུན་པ་མེད་པའོ། །དེ་དང་རིགས་མཐུན་པ་དང་རིགས་མི་མཐུན་པའི་བདག་ཉིད་དུ་གྱུར་པའི་ཕྱིར་སྣ་ཚོགས་པར་གྲུབ་པའི་དོན་ཐམས་ཅད་ཀྱི་ཚོགས་ཐ་དད་པ་དང་ཐ་མི་དད་པ་དང་། རིགས་མཐུན་པ་དང་རིགས་མི་མཐུན་པ་དག་
རྒྱུ་མེད་པར་འགྱུར་རོ། །དེའི་ཕྱིར་གང་ལ་མཚན་ཉིད་མི་མཐུན་པའི་ཕྱོགས་ཡོད་པ་དེ་རྣམ་པ་འགའ་ཞིག་གིས་གཟུགས་མཚུངས་ཀྱང་རིགས་མི་མཐུན་པའི་འབྲས་བུ་ཁོ་ནའོ། །གལ་ཏེ་མེ་དང་བུད་ཤིང་ལ་སོགས་པའི་ཚོགས་པ་ཐ་དད་ཀྱང་དུ་བ་ལ་རིགས་ཐ་དད་པ་མེད་པར་མཚུངས་
པར་མཁས་པས་དེ་མ་ཡིན་པའི་ངོ་བོ་དང་གཞན་ལ་གནས་པ་གཉི་ག་ལ་ཡང་མཚུངས་པར་རྟོགས་སོ་ཞེ་ན། སྐྱོན་འདི་ནི་མེད་སྐད་ཅིག་མ་ཐ་དད་པ་ཕྲ་བ་ལ་བརྟེན་པ་ལ་ནང་ཚན་གྱི་རིགས་ཐ་དད་ཀྱང་རྒྱུན་རགས་པ་ལ་བརྟེན་པ་ནི་རིགས་མི་མཐུན་པ་ལས་ལྡོག་པར་མཚུངས་པའི་ཕྱིར་རོ། །
ཁྲ་མོ་ལ་སོགས་པ་ནང་ཚན་གྱི་རིགས་ཐ་དད་ཀྱང་བ་ལང་མ་ཡིན་པ་ལས་ལྡོག་པའི་རྒྱུ་མཚན་གྱིས་བ་ལང་གི་རིགས་དང་བ་མེན་བཞིན་ནོ། །དུ་བ་ཐམས་ཅད་རིགས་གཅིག་པར་རྣམ་པར་འཇོག་པ་ནི་ཉེ་བར་ལེན་པའི་རྒྱུའི་སྐད་ཅིག་མ་ཐ་དད་པ་ཡང་རྣམ་པ་གཅིག་ཏུ་ཤེས་པའི་རྒྱུ་

མཚན་གྱིས་མཚུངས་པའི་ཕྱིར་རོ། །གལ་ཏེ་དང་པོ་འདི་བུད་ཤིང་ལས་བྱུང་བ་ཇི་ལྟར་ཡིན་ཞེ་ན། མ་ཡིན་ཏེ་དུ་བ་ཐམས་ཅད་ནི་བུད་ཤིང་གི་རིགས་ཀྱི་རྗེས་སུ་བྱེད་པས་སོ། །དེ་ལྟ་ན་ཨ་རུ་ར་དང་ག་པུར་དང་ཙནྡན་ལ་སོགས་པའི་རིགས་ཐ་དད་པའི་རྗེས་སུ་བྱེད་པའི་དུ་བ་དེ་
དང་ལུད་པ་འབྱིན་པ་ལ་སོགས་པ་འཇོམས་པའི་རྫས་ལས་བྱས་པའི་རེང་བུའི་དུ་བ་དེ་ནི་ཐ་དད་པས་དེའི་རོ་དང་ནུས་པ་དང་སྨིན་པའི་འབྲས་བུའི་རྗེས་སུ་བྱེད་པའི་ཕྱིར་རོ། །རིགས་མི་མཐུན་པའི་རྒྱུ་ལས་བྱུང་བ་ནི་མ་ཡིན་ནོ། །གང་གི་ཕྱིར་རྣམ་པ་ཐ་དད་པ་དང་ཐ་མི་དད་པའི་རྒྱུ་
མཚན་གྱི་རིགས་མཐུན་པ་དང་རིགས་མི་མཐུན་པ་ནི་མ་ཡིན་པའི་ཕྱིར་རོ། །འབྲས་ཀྱི་མྱུ་གུ་ལ་སོགས་པ་དེ་ནི་ས་བོན་གྱི་རྣམ་པའི་རྗེས་སུ་མི་བྱེད་དོ། །དེའི་རིགས་དེ་ནི་འབྲས་བུ་མ་ཡིན་པ་ལ་སོགས་པ་ལས་ལྡོག་པ་ཉམས་སུ་མ་མྱོང་བ་ཡིན་ནོ། །དེའི་ཕྱིར་བུད་ཤིང་རྣམས་
ནི་དེའི་ཉེ་བར་ལེན་པའི་རྒྱུ་ཡིན་ལ་མེ་ལ་སོགས་པ་ནི་ལྷན་ཅིག་བྱེད་པའི་རྐྱེན་ལས་བྱེ་བྲག་ཏུ་སྐྱེད་དོ། །རྣམ་པ་དེ་ལྟ་བུའི་དུ་བ་དང་མྱུ་གུ་ལ་སོགས་པའི་འབྲས་བུ་ཐ་དད་པར་བྱས་ནས་སྐྱེད་པས་ཞར་ལ་བྱུང་བས་ཆོག་གོ། །འོ་ན་ནི་གང་གི་ཚེ་ཚོགས་པ་ཐ་དད་པས་ཀྱང་འབྲས་བུ་ཐ་མི་
དད་པ་དེའི་ཚེ་རྒྱུ་ཐ་དད་པ་ཡོད་ཀྱང་དེ་མེད་པས་དེ་རྒྱུ་མེད་པ་ཅན་དུ་འགྱུར་ན་ཐ་མི་དད་པ་ག་ལས་འོངས་པ་ཡིན། དེས་ན་གཉི་ག་ཡང་རྒྱུ་མེད་པ་ཅན་དུ་བརྗོད་པ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཚོགས་པ་ཐ་དད་པ་ཡོད་ཀྱང་འབྲས་བུ་ཐ་དད་པ་མི་སྐྱེ་ན་དེ་རྒྱུ་མེད་པ་
ཉིད་དུ་འགྱུར་རོ། །དེའི་རྒྱུར་གྱུར་པ་མེད་ན་རེས་འགའ་ཞིག་ཀྱང་རྒྱུ་དང་ལྡན་པར་འཐད་པ་མ་ཡིན་ནོ། །དེའི་ཚེ་ཐམས་ཅད་ཀྱི་འབྲས་བུ་ཐ་དད་པ་གང་ཡིན་པ་དེ་ཡང་རྒྱུ་ཐ་དད་པ་ལས་ཡིན་པའི་ཕྱིར་ཐ་དད་པ་མེད་པར་སྐྱེས་པ་དེ་ཡང་རྒྱུ་དང་ལྡན་པ་ག་ལ་ཡིན། གལ་ཏེ་རྒྱུར་གྱུར་
པ་མེད་པ་ནི་རྒྱུ་དང་ལྡན་པ་མ་ཡིན་ནོ། །དེ་ལྟར་རྒྱུ་མེད་ཀྱང་འབྱུང་བ་ནི་རྒྱུ་དང་ལྡན་པར་ག་ལ་འགྱུར། གལ་ཏེ་རྒྱུ་ཐ་དད་པ་ཉིད་ཀྱི་ཐ་མི་དད་པ་རྒྱུ་མཚན་ཡིན་པའི་ཕྱིར་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ཐ་དད་པ་འདི་ལ་ལ་ཞིག་དང་མ་འབྲེལ་པར་མི་འགྱུར་རོ། །འབྲས་བུ་དང་རྩོམ་ལ་སོགས་པ་

ཡང་རྒྱུ་ཐ་དད་པའམ་ཐ་མི་དད་པ་ཉིད་ལས་རྒྱུ་མཚན་གཞན་པའི་ཁྱད་པར་བརྟག་པ་མེད་པའི་ཕྱིར་རོ། །སོ་སོར་སྣང་བ་ཐ་དད་པ་འགའ་ཞིག་གི་འཁྲུལ་པའི་རྒྱུ་མཚན་ལས་དོན་དམ་པར་ཉེ་བར་མཚོན་པའི་ཕྱིར་རོ། །གལ་ཏེ་དེ་དག་དེ་དང་འདྲ་བ་ལས་
ཀྱང་འདྲ་བ་འབྱུང་བར་འདོད་པ་གང་ཡིན་པ་དེའི་ཐ་དད་པ་ཐ་མི་དད་པ་ནི་རྒྱུ་མེད་པ་ཅན་དུ་འདོད་ལ། དངོས་པོ་ཁོ་ན་འབའ་ཞིག་རྒྱུ་དང་ལྡན་པ་ཡིན་ནོ་ཞེས་འདོད་དོ་ཞེ་ན། དེ་ལ་མ་གཏོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ལས་ལོགས་ཤིག་
པའི་དངོས་པོ་ངོ་བོ་ནི་འགའ་ཡང་ཡོད་པ་མ་ཡིན་པས་དེ་དག་རྒྱུ་མེད་པ་ཅན་ཉིད་ཀྱང་རྒྱུ་དང་ལྡན་པར་འགྱུར་རོ། །དེ་ནི་དེ་ཉིད་དམ་གཞན་ཉིད་དམ་འདི་ཐ་དད་པའམ་ཐ་མི་དད་པའི་རྣམ་པ་དང་འབྲེལ་པ་མེད་པར་ཐལ་བར་འགྱུར་བས་སོ། །དེ་ལ་འབྲེལ་པ་གཞན་ཞིག་བརྟགས་ན་ནི་
ཐུག་པ་མེད་པར་ཐལ་བར་འགྱུར་རོ། །གཞན་མ་ཡིན་ན་ཡང་ཐ་དད་པ་དང་ཐ་མི་དད་པའི་དངོས་པོའི་ངོ་བོ་དག་རང་ཉིད་ཀྱི་གནས་སྐབས་ལ་ཕན་མི་འདོགས་ན་གང་ལས་འབྲེལ་པ་ཡིན། ཕན་འདོགས་པར་བརྟགས་ན་ཡང་གལ་ཏེ་དངོས་པོའི་རང་བཞིན་ལ་རང་གི་བདག་ཉིད་ཀྱིས་ཐ་དད་
པ་དང་ཐ་མི་དད་པ་འགའ་ཡང་སྐྱེད་པར་མི་འདོད་པ་དེའི་ཚེ་དེ་ཡོད་ཀྱང་རང་བཞིན་ལས་གཞན་པ་མེད་པ་ལ་གང་ལས་ཐ་དད་པ་དང་ཐ་མི་དད་པའི་དངོས་པོའི་ངོ་བོར་འགྱུར་ན་ཡང་ཐ་དད་པའི་སྟོབས་ཀྱིས་དངོས་པོ་ལས་ཐ་དད་པ་དང་ཐ་མི་དད་པར་བསྟན་པའོ། །དེ་ཡང་གལ་ཏེ་ཐ་དད་པ་དེའི་ཚེ་
དངོས་པོའི་ངོ་བོའི་གནས་སྐབས་ཁོ་ན་ཡིན་ཏེ་དེའི་ངོ་བོ་ལ་ཐ་དད་པ་དང་། ཐ་མི་དད་པ་འགའ་ཡང་མེད་པའི་ཕྱིར་རོ། །སླར་ཡང་དེའི་དབང་གིས་ཐ་དད་པ་དང་ཐ་མི་དད་པར་བརྟགས་པའི་དངོས་པོ་དེའི་གནས་སྐབས་སམ་གནས་སྐབས་མ་ཡིན་པ་ཐ་དད་པ་དང་ཐ་མི་དད་པ་དག་གོ། །
ཡང་ན་ཐ་དད་པ་དང་ཐ་མི་དད་པ་དེའི་ཚེ་དངོས་པོའི་ངོ་བོ་ཐ་དད་པ་དང་ཐ་མི་དད་པར་བྱས་སོ་ཞེས་བྱ་བར་འགྱུར་རོ། །དེའི་ངོ་བོ་ལས་གཞན་པའི་རྒྱུ་མི་སྲིད་པའི་ཕྱིར་རོ། །དེ་རྒྱུ་གཞན་ཉིད་ལས་ཕྱིས་བྱུང་བ་ནི། དེ་ལས་གཞན་པ་ཉིད་དུ་འགྱུར་རོ། །དངོས་པོའི་ངོ་བོ་ཉིད་ཀྱི་བྱེད་པ་

མ་ཡིན་ཏེ་དེའི་རང་གི་རྒྱུ་ཉིད་ལྡོག་པས་སོ། །རང་གི་རྒྱུ་ཁོ་ན་ལས་དངོས་པོ་ངོ་བོ་རེས་འགའ་ཞིག་ཐ་དད་པ་དང་ཐ་མི་དད་པའི་བདག་ཉིད་དུ་སྐྱེ་བར་བརྟག་ན། ཐ་དད་པ་དང་ཐ་མི་དད་པ་ལ་མ་གཏོགས་པ་ནི་དོན་མེད་དོ། །ཐ་དད་པ་དང་ཐ་མི་དད་པའི་བློ་ཡང་དེ་ཉིད་ཀྱིས་གྲུབ་པོ། །དེའི་
ཕྱིར་བྱེ་བྲག་པ་ལ་སོགས་པས་བརྟགས་པའི་ཐ་དད་པ་དང་། ཐ་མི་དད་པའི་བྱེ་བྲག་གི་སྤྱིའི་བདག་ཉིད་ནི་མི་རིགས་སོ། །དངོས་པོའི་ངོ་བོ་ཉིད་ཁོ་ན་ཐ་དད་པ་དང་ཐ་མི་དད་པའི་སྒྲར་བརྗོད་དོ། །དེ་དག་རྒྱུ་མེད་པ་ཉིད་ཀྱིས་དངོས་པོའི་ངོ་བོ་ཉིད་རྒྱུ་མེད་པར་འགྱུར་རོ། །དེའི་ཕྱིར་
དངོས་པོ་རྣམས་རྒྱུ་མེད་པ་ཅན་ཡིན་པའི་ཕྱིར་རྟག་ཏུ་ཡོད་པའམ་མེད་པ་ཞིག་ཏུ་འགྱུར་ཏེ་རྒྱུ་མེད་པ་ནི། གལ་ཏེ་དངོས་པོ་རྣམས་རེས་འགའ་ཞིག་ཡོད་པ་དུས་ཐམས་ཅད་དུ་ཡོད་པར་འགྱུར་རོ། །ཡང་ན་རེས་འགའ་ཞིག་མེད་པ་དེ་ཡང་དུས་ཐམས་ཅད་དུ་འགྱུར་གྱི་རེས་འགའ་
ཞིག་ཡོད་པ་ནི་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། རྒྱུར་གྱུར་པ་ལ་རེས་འགའ་ཞིག་ཀྱང་ལྟོས་པ་མེད་པའི་ཕྱིར་རོ། །གང་གི་ཕྱིར་ལྟོས་པ་ནི་རྒྱུ་ཡོད་ན་ཡོད་ལ་མེད་ན་མེད་པ་གང་ཡིན་པ་དེ་ནི་ལྟོས་པ་སྟེ་རེས་འགའ་བའོ། །རེས་འགའ་བའི་དངོས་པོ་ནི་རིགས་གཞན་ནི་མ་ཡིན་
ནོ། །དེའི་ཕྱིར་མཚན་ཉིད་མི་མཐུན་པ་ལས་མཚན་ཉིད་མི་མཐུན་པ་མེད་པའི་འབྲས་བུ་སྐྱེད་པར་ཁས་བླངས་པ་ལ་ཇི་སྐད་བཤད་པའི་རིགས་པས་རྒྱུ་མེད་པར་ཐལ་བར་འགྱུར་རོ། །སླར་ཡང་མཚན་ཉིད་མི་མཐུན་པའི་ཕྱོགས་ལས་མཚན་ཉིད་མི་མཐུན་པ་མེད་པའི་འབྲས་བུ་
སྐྱེད་པའི་སྐྱོན་གཞན་ཡང་བསྒྲུབ་པར་བྱ་བ་སྨོས་ཏེ། སོ་སོར་ངེས་པའི་བསྒྲུབ་པར་བྱ་བ་རྣམས་ནི་བུམ་པ་དང་སྣམ་བུ་ལ་སོགས་པ་རྣམས་སོ། །སྒྲུབ་པར་བྱེད་པ་ནི་འཇིམ་པ་ལ་སོགས་པ་རྣམས་འཇིག་རྟེན་པ་ཉེ་བར་སྦྱོར་བའོ། །བུམ་པ་ལ་སོགས་པ་དོན་དུ་གཉེར་བ་
འཇིམ་པའི་གོང་བུ་ལ་སོགས་པ་དེ་ལ་ངེས་པར་སྦྱོར་རོ། །སྣལ་མ་ལས་སྣམ་བུ་དོན་དུ་གཉེར་གྱི་སྣལ་མ་ཡང་མ་ཡིན་འཇིམ་པའི་གོང་བུ་ཡང་མ་ཡིན་པས་དེར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རྒྱུའི་ནུས་པ་ཞེས་བྱ་བ་སྨོས་ཏེ་ཚོགས་པ་གང་གིས་ནུས་པའི་བདག་ཉིད་དུ་ཕུལ་དུ་བྱུང་

བའི་མཚན་ཉིད་དེ་དང་དེ་ནི་སོ་སོར་ངེས་པ་འགའ་ཞིག་གི་ཚོགས་པ་ཁ་ཅིག་གིས་འབྲས་བུ་ལ་ཉེ་བར་སྦྱོར་གྱི་གཞན་གྱིས་ནི་དེ་ལྟ་བུའི་ངོ་བོ་མ་ཡིན་ནོ། །གང་གི་ཕྱིར་ས་ལ་སོགས་པ་ཅུང་ཟད་ཅིག་གིས་བུམ་པ་ལ་སོགས་པ་འབའ་ཞིག་སྒྲུབ་པར་བྱེད་
པས་ཁྱད་པར་དུ་བྱེད་ཀྱི། གཞན་ནི་དེ་དང་མཚན་ཉིད་མཐུན་པ་སྣལ་མ་ལ་སོགས་པ་ལས་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འཇིམ་པ་ལ་སོགས་པ་དེ་ཉིད་བུམ་པ་ལ་སོགས་པ་དེ་ལ་ནུས་པར་རུང་བའི་ཕྱིར་དང་གཞན་ནི་དེ་ཁོ་ན་ལ་མི་ནུས་སོ། །གལ་ཏེ་ཅིའི་ཕྱིར་དེ་ཉིད་
ཀྱིས་དེ་ལ་ནུས་ཀྱི་གཞན་གྱིས་མ་ཡིན་ཞེ་ན། དེ་གཉིས་ཞེས་བྱ་བ་སྨོས་ཏེ། ས་ལ་སོགས་པ་དང་སྣལ་མ་ལ་སོགས་པ་དེ་སྐྱེད་པའི་ངོ་བ