Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 189
Văn bản gốc(Tây Tạng)
Trang 18 / 22 (50.000 ký tự/trang)
་ཞིག་ཀྱང་ལ་ལར་སྐྱེད་པ་ཡིན་ནོ་ཞེས་བྱ་བ་ལ་གཞན་དུ་འགྱུར་བ་སྲིད་ པས་ཕན་ཚུན་ཉེ་བར་འགྲོ་བ་ལ་སོགས་པའི་རྟེན་པའི་རྐྱེན་གྱི་བྱེ་བྲག་གིས་ཉེ་བར་ལེན་པ་དང་ལྷན་ཅིག་བྱེད་པ་རྣམས་ནུས་པའི་རྒྱུ་ཡིན་ཏེ། དབང་པོ་ལ་སོགས་པ་ཉེ་བར་ལེན་པའི་ནུས་པའི་རྒྱུས་དབང་པོ་ལ་སོགས་པ་སྐྱེད་པས་དེ་མེད་ན་ཡོད་པ་ནི་མི་རིགས་སོ། །ལྷན་ཅིག་བྱེད་པ་གང་གིས་ འབྲས་བུ་གཅིག་བྱེད་པར་ངེས་པ་དེ་དང་དེ་མེད་ན་དེ་སྐྱེད་པ་མ་ཡིན་ཏེ་དེ་ཉིད་ཚོགས་པ་གཅིག་ལ་རག་ལས་པ་དེ་མི་སྲིད་པའི་ཕྱིར་རོ། །རྣམ་པ་དེ་ལྟ་བུའི་རྒྱུ་དང་འབྲས་བུའི་དངོས་པོ་སོ་སོར་ངེས་པའི་བདག་ཉིད་རྣམས་ལ་རྩོད་པ་མེད་པ་ནི་གཞན་ལ་ཡང་མཐོང་བར་བསྟན་པ་ནི་ཚུལ་འདིས་ཞེས་ བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་གཞན་པའི་རྒྱུ་དང་འབྲས་བུའི་དངོས་པོ་སོ་སོར་ངེས་པ་ཚུལ་བཤད་པ་གང་ཡིན་པ་དེ་ནི་གཞན་ལ་ཡང་ཐམས་ཅད་དུ་བལྟ་བར་བྱའོ། །ཐམས་ཅད་ལ་ཞེས་བྱ་བ་བརྗོད་པས་སྐད་ཅིག་མ་མ་ཡིན་པ་རྣམས་ལ་སོ་སོར་ངེས་པར་མ་གྱུར་ཅིག་སྙམ་ན། སྐད་ ཅིག་མ་རེ་རེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་སྐད་ཅིག་སྐད་ཅིག་ལས་གཞན་དང་གཞན་གྱི་རང་བཞིན་ཐ་དད་པའི་རྗེས་སུ་འགྲོ་བ་ཅན་གྱི་ནུས་པ་ལས་འབྱུང་བ་དེ་ལ་འདིར་དོན་གཅིག་བྱེད་པ་སོ་སོར་ངེས་པའི་ལྷན་ཅིག་བྱེད་པར་བལྟའོ། །གང་དག་དངོས་པོ་བརྟན་པ་ གཅིག་པུའི་ངོ་བོ་ཅན་དག་ནི་མ་ཡིན་པའོ་གཞན་གྱིས་བརྟགས་པའི་ཕྱིར་རོ། །དེ་རྣམས་ལ་ཡང་བརྟན་པ་ནི་རྒྱུན་ལ་བརྟེན་ནས་བཤད་པའོ། །གཅིག་པུ་སྨོས་པ་ནི་སྐད་ཅིག་མ་གཅིག་ཡོད་པའི་ཕྱིར་བརྟན་པར་འཛིན་ཏོ། །ཅིའི་ཕྱིར་དངོས་པོ་བརྟན་པ་ལས་ཡང་གཅིག་པུའི་ ངོ་བོར་མི་འདོད་དོ་ཞེ་ན། ངོ་བོ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སུ་དག་དངོས་པོ་རང་ཉིད་ལས་མི་འབྱུང་ན་བདག་ཉིད་ཁོ་ནའི་ངོ་བོ་གཞན་ལས་འབྱུང་བ་མ་ཡིན་ནོ། །དེའི་ཕྱིར་བསྟན་པའི་དོན་ནི་གལ་ཏེ་འབྲས་བུ་སྐྱེད་པར་ནུས་པའི་རང་བཞིན་ཡིན་པ་དེ་བས་ན་མི་བྱེད་ པར་མི་འཐད་དེ། ཐམས་ཅད་དུ་བྱེད་པར་འགྱུར་རོ། །གཞན་དུ་ན་ནུས་པ་མེད་པའི་ངོ་བོ་ཡིན་པ་དེ་ཡང་བྱེད་པ་མི་འཐད་པས་ཐམས་ཅད་དུ་དངོས་པོ་བྱེད་པ་མ་ཡིན་ནོ། །གང་ཡང་རེས་འགའ་ཞིག་བྱེད་པ་རེས་འགའ་མ་ཡིན་པ་མི་རིགས་ཏེ། དེས་ན་སྐད་ཅིག་མ་མེད་པ་དག་དེའི་འབྲས་བུ་བྱེད་པར་ནུས་ པའི་ངོ་བོ་ཉིད་ལ་ལྷན་ཅིག་པ་དང་ལྷན་ཅིག་མ་ཡིན་པ་གནས་སྐབས་དག་གཅིག་གི་ངོ་བོ་ཡིན་པའི་ཕྱིར་འབའ་ཞིག་པ་དག་ཀྱང་དེའི་འབྲས་བུ་བྱེད་པར་ཐལ་བར་འགྱུར་བས་དོན་གཅིག་བྱེད་པའི་སོ་སོར་ངེས་པའི་མཚན་ཉིད་ནི་ལྷན་ཅིག་བྱེད་པ་རྣམས་ལས་འབྱུང་བར་ག་ལ་འགྱུར། གཞན་གྱིས་འདིར་ གཞན་དང་ལྷན་ཅིག་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གལ་ཏེ་འབའ་ཞིག་པ་འདི་སྐད་ཅིག་མ་མེད་པའི་ནུས་པའི་ངོ་བོ་ཡིན་པ་དེ་ལྟ་ན་ཡང་གཞན་དང་ལྷན་ཅིག་བྱེད་པའི་འབའ་ཞིག་ནི་མ་ཡིན་ཏེ། འདི་ཡང་འདིའི་ངོ་བོ་གཞན་དང་ལྷན་ཅིག་བྱེད་པ་གང་རང་གི་འབྲས་བུ་བྱེད་པའི་ནུས་པའི་ངོ་བོ་ཡོད་པ་འབའ་ ཞིག་གིས་ནི་མ་ཡིན་ནོ་ཞེ་ན། གྲུབ་པའི་མཐའ་སྨྲ་བས་ཅི་འབའ་ཞིག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་དང་ལྷན་ཅིག་པ་ཉིད་ཀྱི་རང་གི་འབྲས་བུ་བྱེད་ཀྱི་འབའ་ཞིག་པས་མ་ཡིན་ནོ་ཞེས་བྱ་བ་དེ་འབའ་ཞིག་པའི་ངོ་བོས་མི་ནུས་པས་མི་སྦྱོར་གྱི་གཞན་གྱིས་ཡིན་ནོ་སྙམ་དུ་བསམས་ནས་གཞན་ འདྲི་བ་ནི་མ་གཏོགས་སོ་ཞེས་དགོངས་ནས་ནུས་ན་ཅིའི་ཕྱིར་མི་སྐྱེད་ཅེས་བྱ་བ་སྨོས་ཏེ། སྐད་ཅིག་མ་མེད་པའི་འབའ་ཞིག་པ་ནུས་པའི་ངོ་བོ་ཁོ་ན་གཞན་དུ་ཡོད་ན་ནི་སྐད་ཅིག་མ་མེད་པ་ཉམས་པ་ཡིན་ནོ། །ནུས་ན་ཅིའི་ཕྱིར་མི་བྱེད། ནུས་ན་མི་བྱེད་པ་ནི་ལྷན་ཅིག་པའི་གནས་སྐབས་ཀྱིས་སྦྱོར་རོ་ཞེས་བྱ་བ་ ལྷན་ཅིག་པ་ཁོ་ན་བྱེད་པར་འདོད་ཀྱི་འབའ་ཞིག་པ་ནུས་པ་མེད་པའི་ངོ་བོ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །ཡང་ན་འབའ་ཞིག་པ་གལ་ཏེ་མགོ་བོ་གཅོད་པ་དེ་ལྟ་ན་ཡང་མི་བྱེད་དོ་ཞེས་འདོད་ན་མི་བྱེད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་འབའ་ཞིག་པ་ནི་རེས་འགའ་ཞིག་ཀྱང་འབྲས་བུ་བྱེད་པར་ནུས་པ་མེད་ན། ཇི་ ལྟར་ནུས་པར་བརྟག་པར་བྱ། འདིར་གང་ནུས་པའི་ངོ་བོས་གདོན་མི་ཟ་བར་འབྲས་བུ་བྱེད་པར་ངེས་པ་མ་ཡིན་ཏེ། གཞན་ལ་ཡང་མཐོང་ངོ་སྙམ་དུ་སེམས་ནས་གཞན་གྱིས་གལ་ཏེ་ཐག་པ་ལ་སོགས་པ་ཞེས་བྱ་བ་སྨོས་སོ། །གྲུབ་པའི་མཐའ་སྨྲ་བས་བཞད་གད་བྱེད་པ་ནི་རྩེ་བའི་ངང་ཚུལ་ཅན་ཞེས་བྱ་བ་སྨོས་ཏེ། ལྷ་རྣམས་དགའ་བ་ནི་བློན་པོ་དྲང་པོའོ། །དེ་བདེ་བ་སྐྱེད་པའི་ཕྱིར་དགའ་བའི་རང་བཞིན་ཅན་ནོ། །རྩེ་བ་ནི་བྱིས་པའི་ཆོས་སོ། །དེ་དང་ཆོས་མཐུན་པས་ནི་ཤེས་རབ་ཉམས་པར་བཤད་དོ། །སྐྱིད་དེ་བར་སྐྱེས་པ་ནི་བསྟན་བཅོས་ལ་མི་སྦྱོར་བའོ། །མི་སྦྱོར་བའི་བློ་ངན་པ་གང་ཡིན་པ་དེ་ནི་བྱས་ཀྱང་དངོས་ པོ་བརྗེད་པའི་ངང་ཚུལ་ཅན་ཡང་བྱེད་པའོ། །བྱས་པ་ནི་རབ་ཏུ་བརྩམས་པའོ། །ཡང་བྱེད་པ་ཞེས་བྱ་བ་ནི་སླར་ཡང་རྩོམ་པའོ། །གང་ལ་སླར་ཡང་རྩོམ་པར་བྱེད་ཅེ་ན། འདི་ལྟར་ཞེས་བྱ་བ་སྨོས་ཏེ། ས་བོན་བཞིན་དུ་མ་ངེས་པ་ཡིན་ནོ་ཞེས་བྱ་བའི་གནས་སྐབས་དེས་འདི་དག་བསལ་བ་ཡིན་ནོ། །འདི་ཉིད་སྐད་ ཅིག་མ་མེད་པའི་ནུས་པའི་ངོ་བོ་ཉིད་ལ་ལྷན་ཅིག་བྱེད་པ་ཉིད་ཀྱིས་འབྲས་བུ་གཅིག་བྱེད་པའི་ངོ་བོ་འགལ་བས་འགའ་ཞིག་བྱེད་པར་འཐད་པ་མ་ཡིན་ནོ་ཞེས་བསྟན་པའི་མཇུག་བསྡུ་བ་ནི་དེ་ལྟ་བས་ན་ཞེས་བྱ་བ་སྨོས་ཏེ། འབྲས་བུ་བྱེད་པར་ནུས་པའི་ངོ་བོ་གཞན་དུ་འགྱུར་བ་མི་སྲིད་པའི་ཕྱིར་རེས་འགའ་ཞིག་ ཀྱང་མི་ནུས་པས་ན་མི་སྲིད་པས་དེའི་ཆོས་ཀྱི་འབྲས་བུ་བྱེད་པ་འདི་ལྟ་བུ་ནི་ཐ་མའི་གནས་སྐབས་བཞིན་དུ་ལྷན་ཅིག་བྱེད་པའི་གནས་སྐབས་དངོས་པོའི་འབྲས་བུ་བྱེད་པ་བཟློག་ཏུ་མི་རུང་ངོ་། གལ་ཏེ་སྐད་ཅིག་མ་མེད་པའི་འབའ་ཞིག་ནི་ནུས་པ་མེད་པ་ཉིད་དེ། དེས་ན་འབའ་ཞིག་ནི་མི་བྱེད་པ་ལྷན་ཅིག་པའི་ གནས་སྐབས་འདི་ཉིད་ཀྱི་ནུས་པ་དང་ལྷན་ཅིག་བྱེད་པས་སྐྱེའོ། །དེའི་ཕྱིར་ལྷན་ཅིག་བྱེད་པས་བྱེད་དོ་ཞེ་ན། ཐ་མའི་གནས་སྐབས་ན་ཞེས་བྱ་བ་སྨོས་ཏེ། ནུས་པ་ལས་སྐྱེ་བ་འདྲ་བ་སྔོན་ནུས་པ་མེད་པར་ཡོད་པའོ། །དེའི་ནུས་པ་གང་ཡིན་པ་དེ་ལས་སྐྱེ་བ་དེའི་རང་གི་ངོ་བོ་ཉིད་དུ་སྤྱོད་པ་ལ་སོགས་པ་རྣམས་འདོད་ པ་དེ་དག་ནུས་པ་དང་མི་ནུས་པའི་ངོ་བོ་ཐ་དད་པར་མངོན་པར་འདོད་པ་ནི་རྣམ་པ་འགས་ཐ་དད་ཀྱང་དེའི་ངོ་བོ་ཉིད་དུ་རྟོགས་པའི་ཕྱིར་རོ་ཞེས་འདོད་ན་དེ་སྔོན་མེད་པ་སྐྱེ་བ་ཉིད་ཡིན་ནོ། །འོ་ན་མེད་པའི་དངོས་པོ་དེ་སྐྱེད་པ་གང་ཡིན་པ་དེ་ནི་ངོ་བོའི་ནུས་པ་ཡིན་ནོ། །ངོ་བོ་གཅིག་པའི་ནུས་པ་ཉིད་སྔར་མེད་པས་སྐྱེད་པར་མི་ནུས་ ཞེས་པ་མི་རིགས་ཏེ། དེ་དག་ངོ་བོ་ཐ་དད་པར་ཐལ་བར་འགྱུར་ཏེ་ཆོས་འགལ་བ་གནས་པས་མཚན་ཉིད་ཐ་དད་པའི་ཕྱིར་རོ། །གལ་ཏེ་ནུས་པ་དང་ལྡན་པ་སྐྱེད་པ་དང་མི་སྐྱེད་པ་ངོ་བོ་ཉིད་གཅིག་པར་རྟོགས་པ་ཁོ་ན་ཇི་ལྟར་སྤོང་བར་ནུས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཚད་མས་རྟོགས་པ་ ལས་གཞན་དུ་རྟོགས་པ་ལ་ཁྱེད་རྗེས་སུ་འབྲང་ན་ཟླ་བ་གཉིས་པ་ལ་སོགས་པ་ཡང་སྤང་བར་མི་བྱའོ། །གལ་ཏེ་གནོད་པར་བྱེད་པའི་ཚད་མ་སྲིད་པས་ཁྱད་དུ་གསོད་པ་ཡིན་ནོ་ཞེ་ན། འདིར་ཡང་ངེས་པ་གཅིག་གི་ངོ་བོ་ལ་སྐྱེད་པ་དང་མི་སྐྱེད་པ་ཕན་ཚུད་འགལ་བས་གནོད་པར་ཅིས་ན་མི་འདོད། རྡོ་རྗེ་རྡོ་བའི་ ཆོས་ཅན་དེའི་ངོ་བོས་སྐྱེས་པ་ཡིན་ནོ་ཞེས་རྣམ་པར་འབྱེད་པ་ཉིད་ཀྱི་སྔ་མ་དང་ཕྱི་མའི་དུས་དག་ཟད་པ་མེད་ན་ཇི་ལྟར་ཐ་དད་པར་རྟོགས་པར་འགྱུར། རྣམ་པར་ཤེས་པ་ལ་སོགས་པའི་འབྲས་བུ་མི་སྐྱེད་པ་ཅིག་ཅར་སྐྱེད་པར་ཐལ་བར་འགྱུར་རོ། །གལ་ཏེ་མིག་ལ་སོགས་པ་དང་ཉེ་བ་ལས་སྔོན་ནུས་པ་ མེད་པ་ལས་སྐྱེ་བ་ནི་རིམ་པ་དང་ལྡན་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་རྣམ་པ་གཅིག་པ་སྔ་མ་དང་ཕྱི་མ་དག་གི་དབང་དུ་བྱས་པ་ངོ་ཤེས་པ་སྐྱེ་བ་ན་སྔ་མའི་ནུས་པ་ཐ་དད་པའི་རྡོ་བ་ལ་སོགས་པའི་གཟུང་བར་བྱ་བ་ལ་ཡང་རྗེས་སུ་དཔག་པའམ་དོན་གྱིས་གོ་བས་གནོད་པས་ཉམས་སུ་མྱོང་བ་ཚད་མ་མ་ཡིན་ནོ་ཞེས་ ཁས་བླང་པར་བྱའོ། །དེ་ལྟར་སྐྱེད་པ་དང་མི་སྐྱེད་པའི་ངོ་བོ་གཅིག་པ་འགལ་བའི་ཕྱིར་ནུས་པ་ཁོ་ནས་སྔར་མ་མྱོང་བ་སྐྱེད་དོ། །འདྲ་བ་གཞན་འབྱུང་བ་འཛིན་པར་བྱེད་པ་ན་ཚུ་རོལ་མཐོང་བ་གཅིག་ཏུ་འཁྲུལ་པ་དང་སེན་མོ་ལ་སོགས་པ་བྲེགས་ནས་ཡང་སྐྱེ་བ་བཞིན་དུ་ཅིས་ན་མི་འདོད། འོན་ཏེ་ལྷན་ཅིག་བྱེད་ པའི་རྐྱེན་དང་ཉེ་བའི་མཚན་ཉིད་ལས་ནུས་པ་དེའི་ངོ་བོ་ཡིན་པའི་ཕྱིར་སྔོན་མེད་པ་སྐྱེ་བར་ཐལ་བར་མི་འགྱུར་རོ་ཞེ་ན། རིགས་པ་ཅན་ལ་སོགས་པ་གཞན་དག་སྨོས་པ་འདིར་མ་ཡིན་པས་དེའི་ངོ་བོ་མ་ཡིན་པ་ཞེས་བྱ་བ་སྨོས་ཏེ། གཞན་གང་དག་ས་བོན་ལ་སོགས་པ་དོན་གྱི་ནུས་པ་ལྟ་བུ་དེའི་ངོ་བོ་ཡོངས་ སུ་སྤངས་ནས་ཕྱི་མའི་བྱེད་པ་པོ་ཉིད་ཀྱང་མ་ཡིན་ནོ། །གང་ལས་ཤེ་ན་ནུས་པ་ཞེས་བྱ་བ་བཤད་པ་ནི་དེ་གཞན་པའི་ལྷན་ཅིག་བྱེད་པའི་རྐྱེན་གྱི་མཚན་ཉིད་གང་ཡིན་པ་དེ་ཉིད་ལ་ཁྱད་པར་གྱི་སྒྲས་བརྗོད་དོ་ཞེས་རིགས་པ་ཅན་གྱིས་ཁས་བླངས་པ་དེ་ཉིད་ཀྱི་ཕྱིར་དེ་ཡོད་ན་ཡོད་པ་ཉིད་ཀྱིས་འབྲས་བུ་སྐྱེད་དོ། ། དེ་ཡང་ལྷན་ཅིག་བྱེད་པའི་རྐྱེན་རྣམས་ནི་སྐད་ཅིག་མ་མེད་པ་གང་ཡིན་པ་དེ་རྣམས་ལ་ཐལ་བར་འགྱུར་བ་འདི་མི་འདོགས་པའི་ཕྱིར་རོ། །སྐད་ཅིག་མ་ཉིད་དོན་གཅིག་བྱེད་པར་ངེས་པའི་མཚན་ཉིད་ལ་ལྷན་ཅིག་བྱེད་པ་ཉིད་འདོད་པར་ཁས་བླངས་སོ། །གཞན་ཡང་སྐད་ཅིག་མ་མེད་པ་རྣམས་ལ་དོན་གཅིག་ བྱེད་པ་སོ་སོར་ངེས་པ་བསལ་བའི་རྒྱུ་ལྷག་པ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐད་ཅིག་མ་མེད་པ་དངོས་པོ་གང་ཡིན་པ་འདི་ལྷན་ཅིག་བྱེད་པ་མཐའ་དག་དང་ལྡན་པ་རང་གི་འབྲས་བུ་བྱེད་པར་འདོད་པ་ཡིན་ན། རེ་ཞིག་དེ་དང་དེ་ཉིད་ཅིའི་ཕྱིར་མི་བྱེད། རྒྱུ་གང་གིས་དེའི་འབྲས་བུ་བྱེད་ པ་ངོ་བོ་ཉིད་ཀྱིས་དེའི་ཚེ་བྱེད་པ་ཡིན་ནོ། །དེ་ཉིད་བསྟན་པའི་རང་བཞིན་ཡིན་པའི་ཕྱིར་སྔོན་ཡང་བྱེད་པར་འགྱུར་བ་དེས་ན་དོན་གཅིག་བྱེད་པར་སོ་སོར་ངེས་པའི་དངོས་པོར་ག་ལ་འགྱུར། ཇི་ལྟ་བ་དེ་མཐོང་བ་ལ་རིགས་པ་གཞན་བཙལ་བས་ཅི་ཞིག་བྱ། དེ་ལྟར་ན་ཐམས་ཅད་ལ་འདི་མི་ རིགས་སོ་སྙམ་དུ་གཞོན་ནུ་མ་ལེན་སེམས་ནས་སྐྱེད་པ་མཐོང་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ཉིད་དོན་གཅིག་བྱེད་པ་མཐོང་བ་དེས་ན་མཐོང་བའི་སྟོབས་ཀྱིས་བྱེད་པ་ཡིན་ནོ་ཞེས་ཁོ་བོས་སྨྲའོ། །སྔར་བྱེད་པ་མ་མཐོང་བ་དེས་ན་མི་བྱེད་དོ་ཞེས་བྱ་བ་འདི་མཐོང་བའི་རིགས་པའི་ འཐད་པས་ཅི་ཞིག་བྱ་སྙམ་ན། སྐད་ཅིག་མ་མེད་པར་ཁས་ལེན་པ་ལ་དོན་གཅིག་བྱེད་པར་མ་གྲུབ་པའི་ཕྱིར་རོ། །རང་གི་མཐོང་བས་འབྲས་བུ་བྱེད་པ་དེའི་ཕྱིར་འདི་བཤད་པར་རིགས་པ་མ་ཡིན་ནོ་ཞེས་བཞད་གད་བྱེད་པ་ནི་མཐུ་ཆེན་པོ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐུ་ཆེན་པོ་ཅན་གྱི་མཐོང་ བ་ནི་ནུས་པ་ཆེན་པོར་གྱུར་པའོ། །གང་གི་ཕྱིར་ཁྱེད་ཀྱི་རྒྱུ་དང་འབྲས་བུའི་དངོས་པོ་འདི་དག་མ་ཚང་བར་མི་འགྱུར་ཏེ། གལ་ཏེ་རྒྱུ་དང་འབྲས་བུའི་ངོ་བོ་ཡིན་པའི་ཕྱིར་དངོས་པོའི་འབྲས་བུ་བྱེད་པ་དེ་ཉིད་ཀྱི་ལན་ཅིས་ན་མི་བརྗོད། གང་གིས་འབྲས་བུ་བྱེད་པ་མཐོང་བ་ལན་དུ་བྱེད་པ་ཡིན་ནོ་སྙམ་ན། རང་གི་ངོ་བོ་ཙམ་གྱིས་བྱེད་པ་ནི་བདག་ཉིད་ཡོད་པ་ཙམ་གྱིས་རྣམ་པ་སྣ་ཚོགས་པ་རྣམས་ལ་སྦྱོར་བར་བྱེད་པ་དེ་ཇི་ལྟར་ནུས་པ་ཆེན་པོ་ཙམ་མ་ཡིན། འདིར་འགའ་ཞིག་གིས་ཀྱང་ནུས་པ་མ་ཡིན་འོན་ཀྱང་བརྒྱ་ལ་འགའ་ཞིག་ཅི་ཞིག་ལྟར་བསྒྲིབས་པའམ་མི་སྡོད་པའོ། །འདིར་ཁྱོད་ཀྱི་ཞེས་བྱ་བ་ ནི་ཞེས་བརྗོད་པའོ། །མཐོང་བ་ལས་འདས་པ་ནི་དེ་ལས་རྒལ་བའོ། །དེ་དང་གཞན་དུ་བརྗོད་པ་འདི་དག་སྐྱེད་པའི་ཆོས་དེ་དང་འདི་ནི་མི་སྐྱེད་པའི་ཆོས་ཡིན་པ་དེའི་ཕྱིར་རྒྱུད་མེད་པར་འགྱུར་བས་འདི་ཁོ་བོ་ཅག་གི་བསམ་པ་ནི་སེམས་ལ་གདུང་བར་བྱེད་དོ། །གཞན་ གྱིས་ཁོ་བོ་ནི་དེའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོ་བོ་རྒྱུ་དང་འབྲས་བུའི་ངོ་བོ་སྤངས་ནས། དངོས་པོ་རྣམས་ཁོ་བོ་ཅག་གིས་མཐོང་བའི་དབང་གིས་འབྲས་བུ་བྱེད་པར་ནི་མི་སྨྲ་སྟེ། འོན་ཀྱང་ངོ་བོ་ཉིད་ཀྱིས་དེ་ཡོད་པ་དེ་ལ་འབྲས་བུ་བྱེད་པ་ངོ་བོ་ཡིན་པ་དེའི་ཕྱིར་རང་གི་འབྲས་བུ་བྱེད་ པ་དེ་མཐོང་བ་འབའ་ཞིག་མི་སྐྱེད་དོ། །དེ་དག་བྱེད་པ་པོའི་རང་བཞིན་དུ་མཐོང་བ་ནི་ཇི་ལྟར་གནས་པའི་དངོས་པོ་ཤེས་པར་བྱེད་ཀྱི་མེད་པའི་རང་གི་ངོ་བོ་བྱེད་པ་ནི་མ་ཡིན་ནོ་ཞེ་ན། གྲུབ་པའི་མཐའ་སྨྲ་བས་འདི་ཡང་ཡོད་པ་བདེན་པ་ཞེས་བྱ་བ་སྨོས་ཏེ། ཁོ་བོ་ཅག་རིགས་པ་ལ་རྗེས་སུ་ ཆགས་པ་རིགས་པར་བརྗོད་པ་ལ་ཅིས་ན་བཏང་སྙོམས་སུ་བྱེད་པ་འདིར་ཡང་ཁྱེད་ཀྱིས་ཐམས་ཅད་ཀྱི་ཚེ་རིགས་པ་བརྗོད་པ་སྤངས་པ་ཡང་རས་འགའ་ཞིག་རིགས་པ་དང་ལྡན་པར་སྨྲ་བ་ལ་དགའ་བ་སྐྱེ་སྟེ། འོ་ན་དེ་ཅི་ཡིན་ཞེས་དྲིས་པ་ན། དེ་དག་འབྲས་བུ་སྐྱེད་པ་ཞེས་བྱ་བ་སྨོས་ཏེ། འབྲས་བུ་སྐྱེད་པའི་ཆོས་ནི་དངོས་པོའི་འབྲས་བུ་བྱེད་པའི་ཆོས་སོ། །རྒྱུ་དེས་ན་རྐྱེན་མཐའ་དག་དང་ལྡན་པ་རྣམས་ནི་ལྷན་ཅིག་བྱེད་པའི་ཚོགས་པའོ། །གང་དག་འབྲས་བུ་མི་སྐྱེད་པར་བཏང་སྙོམས་སུ་གྱི་ན་འདུག་པ་མ་ཡིན་པར་རྟོགས་པའི་ཕྱིར་ཁྱེད་ཀྱིས་རིགས་པ་བརྗོད་པ་འདི་ ཡང་ཡོད་པར་བདེན་ནོ། །འོན་ཀྱང་འདི་དག་འདི་ལྟར་བལྟ་བར་བྱ་སྟེ། ཅི་དེ་དག་མི་སྡོད་པར་སྐྱེད་པའི་ཆོས་ཀྱི་ངོ་བོ་ཉིད་དོ། །ཅི་དེ་དག་ཐ་མའི་གནས་སྐབས་དེ་ཁོ་ནའི་ཚེ་ནི་ཚོགས་པའི་གནས་སྐབས་སུ་གང་དེ་མ་ཐག་ཏུ་འབྲས་བུ་སྐྱེད་པ་དེ་ཁོ་ན་སྐྱེས་པ་ཡིན་ནམ། ཡང་ན་སྔོན་ཡང་ཕན་ ཚུན་སྤངས་པའི་གནས་སྐབས་སུ་བྱུང་ཟིན་པ་ཡང་ཡིན། དེ་ལ་དེ་ཉིད་སྐྱེས་པ་ཉིད་ཡིན་ན་མེད་པའི་ངོ་བོ་གཞན་སྐྱེས་པས་འདི་བྱེད་པ་པོ་ཉིད་ཡིན་ན་ནི་སྔར་བཤད་པའི་སྐྱོན་གྱིས་འཇིགས་པས། གཞན་གྱིས་ཡོད་པ་གང་ཞིག་ཡིན། །ཞེས་བྱ་བ་སྨོས་སོ། །འཕོ་པ་དང་སྐྱེས་པ་ནི་འཕོ་ བ་དང་སྐྱེས་པ་སྟེ་དེ་བཀག་པ་ནི་མི་འཕོ་བ་དང་མ་སྐྱེས་པའི་བརྟན་པ་གཅིག་པུའི་ངོ་བོ་གང་དག་གི་དངོས་པོ་དེ་དག་ནམ་ཡང་ངོ་བོ་ཉིད་འགའ་ཞིག་འདིར་དམིགས་པ་མེད་པ་འགལ་བའི་ཕྱིར་རོ། །སྐད་ཅིག་མ་རྣམས་ལ་ཇི་སྲིད་དུ་མཐོང་བའི་ངོ་བོ་ལས་གཞན་དུ་འགྱུར་བ་དེ་སྲིད་དུ་དེ་གཞན་ཡིན་པའི་ ཕྱིར་མི་འཕོ་བ་དང་། མི་སྐྱེ་བ་སྔ་མ་དང་ཕྱི་མའི་ངོ་བོ་རྣམས་བརྟན་པའི་ངོ་བོ་མ་ཡིན་ནོ་ཞེ་ན། འདིར་ད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིའི་ཚིག་འདི་ཁོ་བོ་ཅག་འདྲ་བའི་ཚིག་ཡིན་ནོ་ཞེས་མི་འདོད་ན་དེའི་ཕྱིར་མི་སྡོད་པར་ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་འདི་དག་འདིས་མཚུངས་པར་མི་ འགྱུར་བ་དེའི་ཚེ་ལྷན་ཅིག་བྱེད་པ་མཐའ་དག་གི་འབྲས་བུའི་གནས་སྐབས་ལས་སྔར་ཡང་མི་སྡོད་པར་སྐྱེད་པའི་ངོ་བོ་ནི་འབྲས་བུ་བྱེད་པའི་ངོ་བོ་མི་ཐོགས་པའོ། །འབྲས་བུ་མི་སྐྱེད་པ་ཡང་ཡིན་ནོ་ཞེས་སྨྲས་པའི་དོན་ཅི་ཞིག་ཡིན། རེག་པ་ཅན་གྱི་བསམས་པ་དངོས་པོ་རྣམས་ཀྱི་ལྷན་ཅིག་ བྱེད་པའི་ཉེ་བ་དང་མི་ཉེ་བ་ལ་ལྟོས་པའི་བྱེད་པ་པོ་མ་ཡིན་པའི་རང་བཞིན་གྱི་རྣམ་པར་གཞག་པ་དང་། ངོ་བོ་ཉིད་དེས་མི་འཕོ་བ་དང་། མི་སྐྱེ་བ་བརྟན་པ་གཅིག་པུའི་ངོ་བོ་ཉིད་མ་ཡིན་ལ། སྔར་ཡང་རང་གི་འབྲས་བུ་སྐྱེད་པའི་ངོ་བོ་མ་ཡིན་ནོ། །འོན་ཀྱང་ལྷན་ཅིག་བྱེད་པའི་རྐྱེན་མཐའ་དག་ཉེ་བ་ ཡིན་ནོ་ཞེས་དེའི་འདོད་པའི་དོགས་པ་བསུ་བ་ནི། གལ་ཏེ་དེའི་ངོ་བོ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་དག་བསལ་བ་ནི་འོ་ན་ནི་འབའ་ཞིག་ཀྱང་གཞན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྒྱ་ལ་ལྷན་ཅིག་བྱེད་པས་རང་གི་འབྲས་བུ་སྐྱེད་པའི་ངོ་བོ་འབའ་ཞིག་དང་དེ་ལས་བཟློག་ པའི་ངོ་བོ་གཞན་མ་ཡིན་པར་ཅིའི་ཕྱིར་མི་འགྱུར་ཞེ་ན། དངོས་པོ་ཐམས་ཅད་ཐ་དད་པ། །ཞེས་བྱ་བ་སྨོས་ཏེ། དངོས་པོ་ཐ་དད་པ་ནི་དངོས་པོའི་མཚན་ཉིད་ཐ་དད་པའོ། །གལ་ཏེ་དེའི་འབྲས་བུ་སྐྱེད་པར་བྱེད་པ་དང་སྐྱེད་པར་མི་བྱེད་པས་ཐ་དད་པ་ཡིན་ཏེ། འབྲས་དང་ནས་ཀྱི་ས་བོན་བཞིན་དུ་ ཇི་ལྟར་དངོས་པོ་ཐ་དད་པར་མི་འགྱུར་ཏེ། ངོ་བོ་ལས་གཞན་པའི་དངོས་པོས་ནི་མ་ཡིན་ཏེ་གང་གི་ཕྱིར་དེ་ཐ་དད་ཀྱང་ཐ་མི་དད་ན་རང་བཞིན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འོ་ན་ནི་བདག་ཉིད་སྐྱེད་པར་བྱེད་པ་དང་སྐྱེད་པར་མི་བྱེད་པའི་ངོ་བོ་སྤངས་པའི་ཕྱིར་རྐྱེན་གཞན་པའི་ངོ་བོ་ལ་ལྟོས་པའི་ ཕྱིར་སྐྱེད་པར་བྱེད་པ་དང་། སྐྱེད་པར་མི་བྱེད་པའི་ངོ་བོས་དེ་ཐ་དད་ཀྱང་གང་ལས་དངོས་པོ་ཐ་དད་པར་ཐལ་བར་འགྱུར་རོ། །དེ་གཞན་ལ་ལྟོས་པའི་ངོ་བོ་ཉིད་ཐ་དད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ལྷན་ཅིག་བྱེད་པ་ཉིད་ཡིན་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དངོས་པོ་གང་ཡིན་པ་འདི་ལ་ལྷན་ཅིག་བྱེད་པ་གཞན་མངོན་པར་འདོད་ན་ནམ་ཞིག་ཁྱེད་ཀྱི་ལན་འདི་མི་སླུ་བར་འགྱུར། དེའི་རང་གི་ངོ་བོས་ཉེ་བ་ཡིན་པས་མ་ངེས་པར་འགྱུར་རོ། །རང་གི་ངོ་བོས་མ་ཡིན་ན་འདི་དག་ཡོད་པ་མ་ཡིན་ཏེ། དེ་ལྟར་ན་དངོས་པོ་ནི་དོན་དམ་པར་ན་དེ་ཉིད་ གཞན་གྱི་བྱེད་པ་པོར་འགྱུར་གྱི་དེ་ལ་བྱེད་པ་པོ་ཉིད་དུ་བཤད་པ་ནི་རྟོགས་པས་སྤྲུལ་པ་ཉིད་མ་ཡིན་ནོ། །རྟོགས་པའི་རྗེས་སུ་བྱེད་པ་ནི་དོན་བྱེད་པ་གཞན་མེད་དེ་བྲམ་ཟེའི་བུ་ལ་སྲེག་པ་ཉེ་བར་བཏགས་པ་སྲེག་པ་རག་ལས་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཕན་མི་འདོགས་པའི་དངོས་པོ་ལ་འབྲས་བུ་ ལྟོས་པར་མི་འགྱུར་ཏེ། དེ་སྤངས་པ་ཉིད་ལྷན་ཅིག་བྱེད་པ་རྣམས་ལས་འབྱུང་བའམ། གང་དེ་རྣམས་ལས་ཀྱང་མི་འབྱུང་བས་སོ། །དེ་དག་ཀྱང་གཞན་གྱི་ངོ་བོས་བྱེད་པ་ཡིན་གྱི་རང་ཉིད་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེས་ན་ཐམས་ཅད་དུ་རང་ཁོ་ན་བྱེད་པ་པོ་ཉིད་མ་ཡིན་ལ་གཞན་གྱི་ངོ་ བོས་ཀྱང་བྱེད་པ་པོ་མ་ཡིན་པའི་ཕྱིར་ཐམས་ཅད་དུ་བྱེད་པ་པོ་མེད་པས་ཅུང་ཟད་ཅིག་ཀྱང་འགའ་ཡང་སྐྱེད་པ་མེད་དོ། །དེའི་གང་གི་ངོ་བོ་ཁོ་ནས་དངོས་པོའི་འབྲས་བུ་བྱེད་ཀྱི་གཞན་གྱི་ངོ་བོས་ནི་མ་ཡིན་པས་ལན་གྱི་གོ་སྐབས་མེད་དོ། །དེས་ན་གཞན་དང་ལྷན་ཅིག་དང་གཞན་འབའ་ཞིག་པ་ཞེས་བྱ་བ་དེ་མི་ གཡོ་བ་ཉིད་དོ། །ཡང་རང་གི་ངོ་བོ་གང་གིས་སྐྱེད་པར་བྱེད་པ་འདི་ལྷན་ཅིག་པ་དང་ལྷན་ཅིག་པ་མ་ཡིན་པའི་གནས་སྐབས་དག་ཐམས་ཅད་དུ་ཡོད་པ་དེའི་ཚེ་རང་གི་འབྲས་བུ་སྐྱེད་པར་བྱེད་པ་ཡང་བརྟན་པའི་ངོ་བོ་སྔོན་ཡང་ལྷན་ཅིག་མ་ཡིན་པའི་གནས་སྐབས་དེ་ཁོ་ན་གང་ལྷན་ཅིག་པའི་གནས་སྐབས་ ཀྱི་དུས་ལ་མི་སྡོད་པར་སྐྱེད་པའི་རང་བཞིན་དུ་འགྱུར་བར་ཟད་དོ། །དེའི་ཕྱིར་ཇི་ལྟར་རེས་འགའ་ཞིག་མི་སྐྱེད་པར་བྲལ་བ་ཡིན། ཡང་རེས་འགའ་གཞན་གྱིས་སྨྲས་པ་རང་གི་རྒྱུ་འདི་རྐྱེན་གཞན་ལ་ལྟོས་ནས་རང་གི་འབྲས་བུ་སྐྱེད་པ་ན་ངོ་བོ་ཉིད་ཀྱིས་སྐྱེའོ་ཞེས་བྱ་བ་འགའ་ཞིག་གིས་བྱེད་པ་ནི་མ་ཡིན་ནོ། ། ལྷན་ཅིག་བྱེད་པ་དང་ལྷན་ཅིག་བྱེད་པ་མ་ཡིན་པའི་གནས་སྐབས་འདི་ངོ་བོ་ཐ་དད་པ་རྐྱེན་གཞན་ལ་ལྟོས་ནས་རང་གི་འབྲས་བུ་སྐྱེད་པའི་རང་བཞིན་ནི་ཐམས་ཅད་དུ་མེད་པ་དེའི་ཕྱིར་ལྷན་ཅིག་པ་ཉིད་དེ་ཡིན་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་ངོ་བོ་ཉིད་ཀྱིས་བྱེད་པ་ཡིན་པའི་ཕྱིར་དང་ དེ་སྔོན་ཡང་ཡོད་པའི་ཕྱིར་རོ། །རྐྱེན་གཞན་ལ་ལྟོས་པ་དེ་ལས་ཐོབ་པས་དེའི་བདག་ཉིད་ཕུལ་དུ་བྱུང་བ་མི་སྐྱེད་པ་ཕན་འདོགས་པའི་མཚན་ཉིད་འདི་མི་རིགས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཧ་ཅང་ཐལ་བར་འགྱུར་བས་འབའ་ཞིག་འབྲས་བུ་བྱེད་པ་སེལ་བར་མི་འགྱུར་རོ། །ཇི་ལྟར་ལྷན་ ཅིག་བྱེད་པ་དང་ལྷན་ཅིག་བྱེད་པ་མ་ཡིན་པའི་གནས་སྐབས་ཀྱི་དངོས་པོ་ཐ་དད་པར་མི་འགྱུར་བའི་ཕྱིར་རྐྱེན་གཞན་ལ་ལྟོས་པའི་རང་གི་འབྲས་བུ་བྱེད་པའི་རང་གི་ངོ་བོ་ལ་ཡང་གཞན་གྱི་ངོ་བོས་བྱེད་པ་པོ་ཡིན་ཏེ། རྐྱེན་གཞན་དང་ཉེ་བར་རྟོགས་པའི་དུས་སུ་བྱེད་པ་པོ་ཉིད་ཡིན་གྱི་སྔོན་མ་ཡིན་ནོ་ཞེས་ བྱ་བ་འདིའི་དོན་ཏོ། །དེས་ཀྱང་འདི་རེས་འགའ་ཞིག་འབྲས་བུ་བྱེད་པའི་ངོ་བོ་ནི་ཐམས་ཅད་དུ་མ་ཡིན་ནོ་ཞེས་བརྗོད་ན། ཇི་ལྟར་ཐམས་ཅད་དུ་རང་གི་འབྲས་བུ་སྐྱེད་པའི་རང་བཞིན་དུ་འདི་བཤད་པར་འགྱུར། འོ་ན་ནི་དེ་ལྟར་ངོ་བོ་ཐ་དད་པ་ཉིད་དུ་དེ་དང་དེ་མ་ཡིན་པའི་དུས་སུ་སྒྲུབ་པར་འགྱུར་རོ། ། དེའི་ཕྱིར་སྐད་ཅིག་མ་རྣམས་དོན་གཅིག་བྱེད་པར་ངེས་པའི་མཚན་ཉིད་ལྷན་ཅིག་བྱེད་པ་ཉིད་ཡིན་ནོ་ཞེས་པར་ངེས་སོ། །གཞན་གྱིས་གཞན་དག་སྐྱོན་མཚུངས་པར་བརྗོད་པར་འདོད་པ་ནི་གང་གི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ནི་གོ་བླའོ། །གལ་ཏེ་སྐད་ཅིག་མ་རྣམས་དེ་ལྟར་ཡང་ཇི་ལྟར་མི་འགྱུར་ཞེ་ན། ཇི་ལྟ་བུའི་སྐྱེད་པ་ནི་བཤད་ཟིན་ཏོ་ཞེས་བྱ་བ་སྨོས་ཏེ། ལྷན་ཅིག་བྱེད་པ་རྣམས་ཀྱིས་ཐ་མི་དད་པར་སྐྱེད་པར་བྱེད་པས་མཐའ་མའི་རྐྱེན་གྱི་ངོ་བོས་ནུས་པ་ཉིད་དོ། །ལྷན་ཅིག་སྐྱེད་ཀྱང་སྐད་ཅིག་མ་གང་དག་སྔོན་དང་ཕྱིས་དང་སོ་སོར་ནུས་པ་མེད་དོ་ཞེས་བྱ་བ་འདིར་དེ་ཇི་ལྟར་སྐད་ཅིག་མ་ལ་རུང་བ་ཡིན། གང་ལ་མཐའི་སྐད་ཅིག་མ་སྐྱེད་པའི་ངང་ཚུལ་ཅན་གཞན་དུ་འགྱུར། མཐའ་མའི་སྐད་ཅིག་མ་ལས་སྔོན་དང་ཕྱི་མ་དང་ཐ་དད་པའི་ངོ་བོ་གཞན་དུ་འགྱུར་ཏེ། ཐ་མའི་སྐད་ཅིག་མར་གྱུར་པ་དེ་ཉིད་ལྷན་ཅིག་བྱེད་པའི་རྒྱུན་གྱིས་ཕན་འདོགས་པའི་ངོ་བོ་ལ་ལྟོས་ནས་སྐྱེད་པའི་ཆོས་ནི་མ་ཡིན་པའི་ཕྱིར་ སྐད་ཅིག་མ་མེད་པའི་ཕྱོགས་ལ་བཤད་པའི་སྐྱོན་འདིར་མི་འགྱུར་རོ། །སྐད་ཅིག་མ་མ་ཡིན་པའི་ཕྱོགས་ལ་གང་གིས་ཤེ་ན། བྱེད་པ་པོ་དང་བྱེད་པ་པོ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱེད་པ་པོ་ནི་ཐ་མའོ། །བྱེད་པ་པོ་མ་ཡིན་པ་ནི་དེ་ལས་གཞན་པ་དེ་དག་གི་ ངོ་བོའོ། །ཐ་དད་པ་དེ་ཡང་ཐ་མི་དད་པར་བརྗོད་པར་འདོད་པ་ན་གཅིག་པ་ཉིད་དུ་བརྗོད་ལ། དེ་ལྟར་ན་བྱེད་པ་པོ་ནི་གང་མཐའ་རྒྱུ་ལས་སྐྱེས་པ་དང་བྱེད་པ་པོ་མ་ཡིན་པ་རྒྱུ་གང་ཡིན་པ་དེ་ནི་གཞན་པ་སྟེ་དེ་ཡང་ཐ་མི་དད་པར་བརྗོད་པར་འདོད་པ་ནི་གཅིག་པ་ཉིད་དུ་བཤད་པ་དེས་ན་བྱེད་པ་པོ་དང་བྱེད་པ་པོ་མ་ ཡིན་པ་དེ་དག་གི་ངོ་བོ་དེ་དག་ཆོས་ཅན་གཅིག་ལ་འགལ་བའི་ཕྱིར་རོ། །དེ་ལྟ་ན་དེ་དག་གི་ངོ་བོ་ལ་སྐྱེད་པར་བྱེད་པ་རྒྱུ་ནི་བྱེད་པ་པོ་གཅིག་གི་ངོ་བོ་དང་སྐྱེད་པར་བྱེད་པ་ལས་གཞན་བྱེད་པ་པོ་མ་ཡིན་པའི་ངོ་བོ་སྐྱེད་པར་བྱེད་པ་དེ་དག་ཀྱང་ཆོས་ཅན་གཅིག་པ་འགལ་བས་གཞན་པ་ཉིད་དེ། བྱེད་ པ་པོའི་རང་བཞིན་སྐྱེད་པར་བྱེད་པའི་རྒྱུ་ལས་སྐྱེས་པའང་བྱེད་པ་པོ་མ་ཡིན་ཏེ་ངོ་བོ་གཞན་མ་ཡིན་པའི་ཕྱིར་གང་ཞིག་འགྱུར་བ་དེ་ནི་དེ་ཉིད་མ་ཡིན་ནོ་ཞེས་ཐལ་བ་འདིར་མི་འགྱུར་རོ། །གཞན་ཡང་དེ་ལྟ་མ་ཡིན་པ་བརྟན་པའི་ངོ་བོ་རྣམས་ལ་དོན་གཅིག་བྱེད་པར་ངེས་པར་བརྟགས་པའམ་དངོས་པོ་ཉེ་བར་དགོད་ པ་ནི་གང་ཞིག་དེའི་ངོ་བོ་ཞེས་བྱ་བ་ལ་སོགས་པའོ། །དངོས་པོ་ལྟོས་ནས་སྐྱེད་པའི་ཆོས་ཀྱི་ངོ་བོ་ནི་ཐམས་ཅད་ཀྱི་ཚེ་སུ་ཡང་མི་བརྗོད་ཀྱི་ལྷན་ཅིག་བྱེད་པ་ཉེ་བ་ལ་ལྟོས་ནས་དངོས་པོ་རྣམས་བྱེད་པ་པོར་རྣམ་པར་འཇོག་ན་བདག་ཉིད་ཀྱིས་མ་ཡིན་པའི་ཕྱིར་རང་ཉིད་བྱེད་པ་པོ་མ་ཡིན་ན་གཞན་གྱི་ངོ་བོས་བྱེད་པ་པོ་ མི་རིགས་པས་བྱེད་པ་པོ་རྒྱུན་ཆད་པར་ཐལ་བར་འགྱུར་རོ། །རྣམ་པ་དེ་ལྟ་བུ་དེ་ནི་རང་གི་ངོ་བོས་རེས་འགའ་ཞིག་ལྷན་ཅིག་བྱེད་པའི་འབྲས་བུ་ལ་མི་ལྟོས་སོ། །གང་གཞན་ལྷན་ཅིག་པ་དང་གཞན་འབའ་ཞིག་པ་ནི་བྱེད་པ་པོ་མ་ཡིན་པ་ཐ་དད་པར་འགྱུར་རོ། །གལ་ཏེ་དེ་ལྟ་ན་དེ་ཐམས་ཅད་དུ་དེའི་ངོ་བོ་འབྲས་བུ་ བྱེད་པ་ཅིས་ན་མ་ཡིན་ཞེ་ན། འབྲས་བུ་རྐྱེན་གཞན་ལ་ལྟོས་པའི་ངོ་བོ་དེས་དེ་ལ་སྐྱེད་པར་བྱེད་པ་ཉིད་དུ་གནས་སུ་ཟིན་ཀྱང་འབའ་ཞིག་པ་ལས་མི་འབྱུང་བ་དེ་འདིར་འབྲས་བུ་ཁོ་ནའི་སྐྱོན་ཡིན་ཏེ། གང་དེ་ལ་འབའ་ཞིག་སྐྱེད་པར་བྱེད་པར་གནས་སུ་ཟིན་ཀྱང་རྐྱེན་གཞན་ལ་ལྟོས་པའི་ཕྱིར་རོ། །དེའི་ཕྱིར་ དེའི་འབྲས་བུའི་བདག་ཉིད་ལྷན་ཅིག་བྱེད་པ་རྣམས་ཁོ་ན་ལས་སྐྱེ་བས་དོན་གཅིག་བྱེད་པའི་མཚན་ཉིད་ལྷན་ཅིག་བྱེད་པ་ཉིད་སྐད་ཅིག་མ་མ་ཡིན་པ་ལ་ཡང་འཐད་པའི་ཕྱིར་རོ་ཞེ་ན། གྲུབ་པའི་མཐའ་སྨྲ་བས་སྔ་མའི་སྐྱོན་ལས་མ་འདས་པར་བསྟན་པ་ནི་དེ་ལྟ་ན་ཡང་ཞེས་པ་སྨོས་ཏེ། རྒོལ་བས་ཇི་ལྟར་དེ་རྟག་ པར་མངོན་པར་འདོད་པའི་དངོས་པོ་འབའ་ཞིག་གིས་སྐྱེད་པ་ནི་མི་ཐོགས་པར་སྐྱེད་པའི་ཆོས་ཀྱི་ངོ་བོ་ཉིད་ཡོད་དོ་ཞེས་བརྗོད་པས་ལྷན་ཅིག་པ་ཉིད་ལས་འགྱུར་ཏེ། ཚོགས་ཀྱི་ངོ་བོས་སྐྱེད་པ་ཡིན་ནོ་ཞེས་བརྗོད་པ་དེའི་ཕྱིར་འབའ་ཞིག་པ་ལས་མ་ཡིན་ཏེ་དེའི་གནས་སྐབས་འགལ་བ་ཡིན་པར་སྔར་བཤད་ དོ། །འདི་ལྟར་གང་ལ་མི་ཐོགས་པར་སྐྱེད་པའི་ཆོས་དེ་ནི་གདོན་མི་ཟ་བར་འདིས་འབྲས་བུ་བྱེད་པ་ཡིན་ནོ། །གདོན་མི་ཟ་བར་བྱེད་པའི་རང་བཞིན་མ་ཡིན་པ་ཇི་ལྟར་ཐོགས་པ་མེད་པའི་ངོ་བོ་ཡིན། མི་ཐོགས་པ་ལས་འབྲས་བུ་མཐོང་བས་ཐོགས་པ་མེད་པར་སྐྱེད་པའི་ངོ་བོར་ཁོང་དུ་ཆུད་པར་བྱའི་གཞན་ དུ་ནི་མ་ཡིན་ནོ་སྙམ་པའི་གཞན་གྱིས་བསམས་པའི་དོགས་པ་བསུ་བ་ནི་གལ་ཏེ་འབའ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོ་བོ་ནི་འབའ་ཞིག་བྱེད་དོ་ཞེས་མི་སྨྲ་སྟེ་འོན་ཀྱང་མི་སྡོད་པར་སྐྱེད་པའི་ངོ་བོ་ཡིན་ནོ་ཞེ་ན། འདིར་ད་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བྱེད་པ་ཉིད་ཀྱང་ མི་འདོད་ན་ཇི་ལྟར་མི་སྡོད་པར་སྐྱེད་པའི་ངོ་བོ་ཡིན་པར་བརྗོད། འོན་ཏེ་དེ་ལྟར་ཡིན་ནོ་ཞེས་སྨྲ་ན། དེའི་ཚེ་འདི་སྐད་དུ་བརྗོད་པ་འདིས་ཡོངས་སུ་བསྟན་པར་བྱས་པ་མ་ཡིན་ནམ་ཅི་ཞིག་དེ་སྐྱེད་པ་ཡིན་སྙམ་ན། དེ་ཉིད་མི་སྡོད་པར་སྐྱེད་པའི་ངོ་བོའོ། །གང་དང་གང་སྐྱེད་པ་ཡིན་པ་དེ་གདོན་མི་ཟ་བར་ སྐྱེད་པའི་ངོ་བོར་དེ་ཇི་ལྟར་འགྱུར། གང་འབྲས་བུ་འདི་ཉིད་གཞན་ལ་རག་ལས་པས་སྐྱེད་པར་བྱེད་པར་གནས་པ་དེ་ཡང་རྐྱེན་གཞན་ལ་རག་ལས་པ་ཡིན་ནོ་ཞེས་བྱ་བ་དེ་ནི་རིགས་ཀྱི། གང་གི་ཕྱིར་འབྲས་བུ་ཡང་སྐད་ཅིག་མ་མེད་པའི་དངོས་པོ་འབའ་ཞིག་པས་ནུས་པ་ཡོད་ཀྱང་རྐྱེན་གཞན་ལ་ལྟོས་ནས་ ཇི་ལྟར་བཏང་སྙོམས་སུ་འདུག །མི་ལྟོས་པ་མ་ཡིན་ན་ཡང་ཅི་ཞིག་བྱེད། གཞན་ལ་ཞེས་བྱ་བ་སྨོས་ཏེ། རྐྱེན་གཞན་ལ་མི་འཆོལ་བར་ནི་མ་སྤངས་པར་བྱའོ། །དེའི་འབྲས་བུའི་སྟོབས་ཀྱིས་སྐྱེད་པར་འགྱུར་རོ། །གལ་ཏེ་དེ་ལྟར་ཡིན་ན་ཡོན་ཏན་ཅི་ཞིག་ཡོད་ཅེ་ན། དེ་ལྟ་ན་ཞེས་བྱ་བ་སྨོས་ཏེ། གཞན་ལ་མི་འཆོལ་བར་སྟོབས་ཀྱིས་རང་གི་འབྲས་བུ་སྐྱེད་པ་འདིས་འབའ་ཞིག་པ་ལ་ཡང་ནུས་པ་ཡོད་པ་གང་ཡིན་པ་དེ་ནི་བདག་ཉིད་འབའ་ཞིག་གིས་ཀྱང་དེ་ནུས་པར་བསྟན་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ལྷན་ཅིག་བྱེད་པ་ཁོ་ན་བྱེད་པས་འབའ་ཞིག་པས་ཀྱང་ རེས་འགའ་ཞིག་ཀྱང་མི་བྱེད་པས་འབའ་ཞིག་པ་འདིས་ནུས་པ་མ་ཡིན་ནོ་ཞེས་གཞན་དག་གི་བློར་འགྱུར་ན་དེ་ལས་འདི་སྤངས་ནས་སྐྱེ་བ་ལྟ་བུའི་ཇི་ལྟར་རྗེས་སུ་འབྲང་། དེའི་ཕྱིར་འབྲས་བུ་རྐྱེན་གཞན་ལ་ལྟོས་པ་ཡིན་ནོ་ཞེས་བྱ་བ་ནི་མི་རིགས་པར་བརྗོད་དོ། །འབྲས་བུ་གཞན་ལ་ལྟོས་པ་ འགལ་བ་དེའི་གནས་སྐབས་བསྟན་པ་ནི་འབྲས་བུ་གཞན་ལ་ལྟོས་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་གཞན་ལ་ལྟོས་པར་བརྗོད་པ་འབའ་ཞིག་པའི་རྒྱུས་མི་སྐྱེད་དོ་ཞེས་གདོན་མི་ཟ་བར་སྨྲས་པ་ཡིན་ནོ། །འབའ་ཞིག་པ་དེས་ཀྱང་ནུས་པའི་ཕྱིར་འབའ་ཞིག་པ་དེ་ལས་ཁྱེད་འབྲས་ བུ་སྐྱེད་པ་ཡིན་ལ། འདིས་ཀྱང་གཅིག་ཁོ་ནའི་འབྲས་བུ་ཡིན་པ་དེའི་ཕྱིར་གཅིག་ལ་སྐྱེད་པ་དང་མི་སྐྱེད་པ་ཕན་ཚུན་འགལ་བས་ཇི་ལྟར་འབྲས་བུ་གཅིག་པར་བཤད། ཆོས་ཅན་དེ་ལ་ཆོས་འགལ་བ་གནས་པ་ནི་མཚན་ཉིད་ཐ་དད་པ་ཡིན་པའི་ཕྱིར་གཅིག་པར་བརྗོད་པ་ན་མ་ཡང་ཡིན་ལ་མོ་གཤམ་ ཡང་ཡིན་ནོ་ཞེས་བརྗོད་པ་འདི་དང་འདྲ་བར་འགྱུར་བའི་སྔར་བཤད་པའི་སྐྱོན་དེ་ལས་མི་འགྲོལ་ལོ། །གང་གི་ཕྱིར་འདི་ལྟར་བརྗོད་པ་ན་འགལ་བར་བརྗོད་པས་མི་རྟོགས་པ་དེ་ལྟ་བས་ན་སྐད་ཅིག་མ་མེད་པར་བརྗོད་པས་སྐད་ཅིག་མའི་ཕྱོགས་ལ་གནོད་པ་མེད་པས་དེའི་རྩོད་པ་རྣམས་རྫོགས་པར་ བསྟན་ཏོ། །མི་བཟོད་པའི་མཚན་ཉིད་ནི་ཕྲག་དོག་གོ། །ཟུག་རྔུ་ནི་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་རོ། །དེས་ན་གནད་དུ་བསྣུན་པ་ནད་ཀྱིས་ཟུག་པའོ། །ཕྲག་དོག་གི་ཟུག་རྔུས་གནད་དུ་བསྣུན་པས་མཆོག་ཏུ་ཡིད་མི་བདེ་བ་ཅན་འདི་འགལ་བར་བརྗོད་པས་མི་རྟོགས་པ་ནི་འཆལ་བ་སྟེ། སྔ་མ་དང་ཕྱི་མ་མི་ འབྲེལ་པས་འཆོལ་པའོ། །འཁང་བས་འགལ་བར་བྱེད་པའི་ཕྱིར་སེམས་ནི་བདེ་ཞིང་བསྐྱེད་པར་འདོད་པ་མི་གུས་པས་དེའི་སྐྱོན་བརྗོད་པ་ན་མྱུར་དུ་སྡུག་བསྔལ་བསྐྱེད་པས་རྨ་ལ་བ་ཚ་བཏབ་པ་དང་མཚུངས་པའི་ཕྱིར། མཁས་པ་བློ་དང་ལྡན་པས་བཏང་སྙོམས་སུ་བྱ་བར་འོས་སོ། །དེ་ཉིད་སྐད་ཅིག་ མ་མེད་པ་རྣམས་ལ་རྣམ་པ་འགའ་ཞིག་དོན་བྱེད་པས་ངེས་པའི་མཚན་ཉིད་ཀྱི་ལྷན་ཅིག་བྱེད་པ་ཉིད་སྲིད་པ་མ་ཡིན་ནོ་ཞེས་བསྟན་པའི་མཇུག་བསྡུ་བ་ནི་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་བརྟན་པའི་ངོ་བོ་སོ་སོར་ཡོད་པ་སྲིད་པ་དེ་དག་སྐད་ཅིག་མེད་པ་རྣམས་སོ་སོར་འབའ་ ཞིག་པས་འབྲས་བུ་སྐྱེད་པ་སྲིད་པས་ལྷན་ཅིག་མི་བྱེད་པའི་ཕྱིར་ལྷན་ཅིག་བྱེད་པས་ངེས་པ་མི་རིགས་སོ། །དོན་གཅིག་བྱེད་པའི་མཚན་ཉིད་ཀྱི་ལྷན་ཅིག་བྱེད་པ་ཉིད་འདི་སྐད་ཅིག་མ་རྣམས་ཁོ་ན་ལ་དེ་དག་རང་གི་རྒྱུ་ཡོངས་སུ་གྱུར་པ་དང་ཉེ་བའི་ཆོས་ཕན་ཚུན་ཉེ་བར་ལེན་པ་དང་ལྷན་ཅིག་བྱེད་པའི་རྐྱེན་ཚོགས་ པ་གཅིག་པས་སྐྱེད་པ་ཐ་དད་པ་སྲིད་པའི་ཕྱིར་རོ། །འོ་ན་ནི་ཕུལ་དུ་བྱུང་བ་བསྐྱེད་པའི་མཚན་ཉིད་ཀྱང་ལྷན་ཅིག་བྱེད་པ་ཉིད་ལས་འབྱུང་བར་མཐོང་བའི་ཕྱིར་དེ་ཇི་ལྟར་ཐམས་ཅད་ཕུལ་དུ་བྱུང་བ་སྐྱེད་པའི་ལྷན་ཅིག་བྱེད་པ་མ་ཡིན་ནོ་ཞེས་སྔར་བཤད་པ་ཡིན། དེ་ལྟ་ན་མང་པོ་རྣམས་དོན་གཅིག་བྱེད་པ་ཇི་ལྟར་ ཡིན་ཞེ་ན། དེས་ན། གང་དུ་རྒྱུན་དུ་ཕན་འདོགས་པས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གཅིག་བྱེད་པའི་མཚན་ཉིད་ཀྱི་ལྷན་ཅིག་བྱེད་པ་ཉིད་ཐམས་ཅད་དུ་ཕུལ་དུ་བྱུང་བ་སྐྱེད་པ་ནི་མི་སྲིད་དེ་གང་ལ་རྐྱེན་གྱིས་ཕན་འདོགས་པ་སྔ་མ་སྔ་མའི་རྐྱེན་རྣམས་ལས་སྐད་ཅིག་མ་ཕྱི་མ་ཕྱི་མའི་ཁྱད་པར་ ཅན་དང་ཁྱད་པར་ཅན་དུ་སྐྱེད་པ་ཡོད་དེ་ལྷན་ཅིག་བྱེད་པར་བརྗོད་པར་འདོད་པ་འབྲས་བུའི་རྒྱུ་ཡིན་པར་བསྟན་ཏེ། དཔེར་ན་འབྲས་ཐུག་པོ་ཆེ་ལ་སོགས་པ་ལས་འབྲས་ཆན་ལ་སོགས་པ་དང་། མེ་དང་ཆུ་དང་ས་བོན་ལ་སོགས་པ་ལས་མྱུ་གུ་ལ་སོགས་པ་སྐྱེད་པའི་ས་ལ་སོགས་པ་དེ་ལ་ཁྱད་པར་དུ་སྐྱེད་ པའི་རྐྱེན་རྣམས་ལྷན་ཅིག་བྱེད་པར་འཇིག་རྟེན་པ་བརྗོད་པ་ནི་རྒྱུན་ལ་བརྟེན་ནས་སྔ་མ་སྔ་མའི་སྐད་ཅིག་མ་རྣམས་ལས་གཉིས་པ་ལ་སོགས་པའི་ཁྱད་པར་གྱི་མཚན་ཉིད་དང་རྒྱུན་གྱི་འབྲས་བུ་མཚན་ཉིད་དུ་བཤད་པ་ལ་བརྟེན་ནས་སྔ་མ་དང་ཕྱི་མའི་སྐད་ཅིག་མ་དག་གཅིག་ཏུ་མངོན་པར་ཞེན་ནས་དེ་ཉིད་འདི་ཡིན་ ཞེས་ཁྱད་པར་དུ་འབྱུང་ངོ་ཞེས་བྱ་བའི་རྫས་ལ་བརྟེན་ནས་མ་ཡིན་ཏེ་དངོས་པོ་ལ་བརྟེན་པ་བཏགས་པ་ཡིན་པ་དེས་ན་དོན་དམ་པ་མ་ཡིན་ནོ། །སྔ་མ་དང་སྔ་མའི་རང་གི་རྒྱུ་ཡོངས་སུ་གྱུར་པ་དང་ཉེ་བའི་ཆོས་རྣམས་ལས་ཕྱི་མ་ཕྱི་མ་ཁྱད་པར་ཅན་དུ་སྐྱེད་དེ་རྒྱུའི་ཚོགས་པ་སྔ་མའི་དོན་གཅིག་བྱེད་པའི་མཚན་ཉིད་ནི་ དོན་དམ་པར་ན་ལྷན་ཅིག་བྱེད་པ་ཉིད་ཀྱིས་ཡིན་ནོ་ཞེས་བྱ་བ་དེ་ལ་ཅུང་ཟད་ཅིག་ཀྱང་ཉམས་པ་མེད་དོ། །ཅིའི་ཕྱིར་རྫས་ལ་བརྟེན་ནས་ཁྱད་པར་དུ་འབྱུང་བ་སྐྱེད་པར་མི་འདོད་ཅེ་ན། སྐད་ཅིག་མའི་རྫས་ལ་ཁྱད་པར་ལས་བྱུང་བ་སྐྱེད་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་དེ་ནི་དེ་མ་ཐག་པའི་ དངོས་པོ་སྐད་ཅིག་མའི་ངོ་བོ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་འབྲས་ཐུག་པོ་ཆེ་ལ་སོགས་པའི་རྫས་སྐད་ཅིག་མ་ལ་ཁྱད་པར་དུ་མི་སྐྱོའོ། །དེ་མ་ཐག་པ་ལས་ཀྱང་འདིར་མི་འགྱུར་བ་དེའི་ཕྱིར་ཇི་ལྟ་བའི་ཕན་ཚུན་ཁྱད་པར་ཅན་དུ་སྒྲུབ་པ་ཡང་སྐད་ཅིག་མ་དང་ལྷན་ཅིག་པ་ཁོ་ནས་བྱེད་ཀྱི་སྐད་ཅིག་མ་མ་ཡིན་པ་ འབའ་ཞིག་པ་ལས་ནི་མ་ཡིན་ནོ། །དེས་ན་དེ་དག་དོན་གཅིག་བྱེད་པའི་མཚན་ཉིད་ནི་ལྷན་ཅིག་བྱེད་པ་ལས་འབྱུང་ངོ་། །གང་དང་གང་སྔར་བྱེད་པ་པོ་མ་ཡིན་པ་དེ་ནི་ཕྱིས་ཀྱང་མ་ཡིན་ནོ་ཞེས་བརྗོད་པར་མི་ནུས་སོ། །དེ་ལྟ་ནི་སྣང་བ་ལས་མུན་ཁུང་དུ་ཞུགས་པའི་དབང་པོས་དོན་རྟོགས་པར་མི་བྱེད་པ་ཡང་ཕྱིས་ ནས་བྱེད་པ་མཐོང་ངོ་། །དེ་སྐད་དུ། ཁྱིམ་ལ་སོགས་པའི་ནང་རྣམས་སུ། །སྣང་བ་ལ་ནི་ཞུགས་ཙམ་གྱིས། །དབང་པོས་བཟུང་ཡང་མ་ཡིན་ན། །དོན་སྣང་བ་ནི་མེད་པར་འགྱུར། །ཞེས་བཤད་དོ་ཞེ་ན། དེའི་ཕྱིར་འབྲས་ཐུག་པོ་ཆེ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉེ་བ་དང་མི་ ཉེ་བ་ཡང་མཚུངས་པའི་ཕྱིར་ཁྱད་པར་དུ་མི་སྐྱེད་དེ། མེ་ལ་སོགས་པ་ཡོད་ཀྱང་ཐུག་པོ་ཆེ་ལ་སོགས་པ་ལས་འབྲས་ཆན་ལ་སོགས་པ་མི་བསྐྱེད་པའམ། དེ་བཞིན་དུ་སྣང་བ་ནས་མུན་ཁུང་དུ་ཞུགས་པའི་དབང་པོ་ལ་རང་གིས་ཕན་འདོགས་པ་ལས་རིམ་གྱིས་ཁྱད་པར་དུ་བྱུང་བར་མ་བསྟན་ན་ དེའི་ཚེ་སྔ་མ་བཞིན་དུ་ཕྱི་ནས་ཀྱང་དོན་རྟོག་པ་བསྐྱེད་པར་མི་འགྱུར་རོ། །དེའི་ཕྱིར་འབྲས་བུ་སྲིད་པ་གང་ལ་མཐོང་བ་གང་ཡིན་པ་དེ་ནི་དེའམ་གཞན་པ་འབྲས་ཀྱིས་བོན་ལ་སོགས་པ་གསོ་མའི་ས་བོན་ལ་སོགས་པ་དང་ཁྱད་པར་དུ་འབྱུང་བ་མེད་པ་ལས་གཞན་པ་ཉིད་ཁྱད་པར་དུ་འབྱུང་བས་དེའི་ འབྲས་བུ་བྱེད་པ་མ་ཡིན་ནོ། །རེ་ཞིག་དེ་ལྟར་ན་གང་ལ་ལྷན་ཅིག་བྱེད་པ་ལས་འབྲས་བུར་འགྱུར་བ་དེ་ལ་ཕུལ་དུ་འགྱུར་བར་བསྐྱེད་པའི་མཚན་ཉིད་དུ་རྟག་པ་དང་ལྷན་ཅིག་བྱེད་པས་དོན་གཅིག་བྱེད་པའི་མཚན་ཉིད་ལ་ཡང་ཡོངས་སུ་བསྟན་ཏོ། །གང་ལ་ཉེ་བ་ཙམ་གྱིས་མི་ཐོགས་པར་ལྷན་ཅིག་ བྱེད་པས་འབྲས་བུ་བྱེད་པ་ཡིན་ནོ། །འོན་ཏེ་དེ་ཡང་རྒྱུན་ལ་བསྟན་ནས་ཕུལ་དུ་བྱུང་བའི་མཚན་ཉིད་ཡོད་པ་ཡིན་ནོ་ཞེ་ན། གང་གི་ཕྱིར་ཐོགས་པ་མེད་པར་སྐྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་བར་དུ་ཆོད་པ་མེད་པ་ལ་སོགས་པའི་ཡུལ་ལ་དབང་པོ་ལ་སོགས་པ་རང་གི་རྒྱུ་ལས་སྐྱེ་ བ་དེ་རྣམས་ལ་དུས་མི་རིང་བར་བྱེད་པ་ཁྱད་པར་དུ་སྐྱེད་པ་མེད་དེ་ཕན་ཚུན་འབྱུང་བ་མ་ཡིན་ཏེ། སྐད་ཅིག་མ་ཡིན་པའི་ཕྱིར་ཞེས་སྔར་བཤད་ཟིན་ཏོ། །གལ་ཏེ་ཁྱད་པར་དུ་མི་སྐྱེད་པ་དེའི་ཚེ་ཇི་ལྟར་ཁྱད་པར་མེད་པའི་ཤེས་པ་རྒྱུ་ལས་འབྱུང་བ་ཡིན་ཞེ་ན། གང་གི་ཕྱིར་དེ་ལ་ཞེས་བྱ་བ་སྨོས་ཏེ། བདག་ཉིད་ཇི་ལྟ་བའི་གང་དང་གང་གི་བདག་ཉིད་ཀྱི་རྐྱེན་ཡོད་པ་ཕན་ཚུན་ཉེ་བར་འགྲོ་བ་བར་དུ་མ་ཆོད་པའི་ཡུལ་ལ་སོགས་པའི་རྟེན་དུ་གྱུར་པ་གང་སྐྱེད་པར་རུང་བ་འདི་ཤིན་ཏུ་ཉེ་བ་དང་ཤིན་ཏུ་བསྐལ་པ་སྤངས་པའི་ཡུལ་ལ་སོགས་པ་གང་ཡིན་པ་དེ་ནི་བར་དུ་མ་ཆོད་པའི་ཡུལ་ལ་སོགས་པ་དེ་ལ་ གནས་པ་ཅན་གང་ཡིན་པའོ། །དེ་དག་ལྷན་ཅིག་པའི་ངོ་བོར་གྲུབ་པ་དང་ངོ་བོ་མ་ཡིན་པ་ལས་གྲུབ་པ་ཐ་དད་དོ་ཞེས་ཤེས་པའི་རྒྱུ་བྱེད་པ་ཉིད་དུ་དེ་རྟོགས་ན། དེ་ལ་ཅིས་ན་ཕན་ཚུན་ཁྱད་པར་དུ་སྐྱེད་པ་དོན་དུ་ཉེ་བར་འགྱུར། གལ་ཏེ་རང་གི་རྒྱུ་རྣམས་ཁོ་ན་ཕན་ཚུན་ཉེ་བར་འགྲོ་བ་ལ་སོགས་པ་ལ་ རྟེན་པ་རྣམས་རང་གི་འབྲས་བུ་སྐྱེ་བར་རུང་བའི་ཡུལ་ལ་སོགས་པ་ན་གནས་པའི་མཚན་ཉིད་ནི་ཁྱད་པར་དུ་སྦྱོར་ཞིང་སྐྱེད་པར་མི་འགྱུར་ན་ཕན་ཚུན་ཁྱད་པར་སྐྱེད་པ་དེ་དང་འདི་དག་དོན་དུ་གཉེར་བར་བྱེད་ན། རང་གི་རྒྱུ་ཁོ་ན་ལས་རྣམ་པ་དེ་ལྟ་བུ་སྐྱེད་པ་ནི་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་བས་ན་ཞེས་ བྱ་བ་ནི་དེའི་ཕྱིར་ཏེ། དབང་པོ་ལ་སོགས་པ་ཐོགས་པ་མེད་པར་གནས་པ་དོན་གཅིག་བྱེད་པ་ཁོ་ན་གཙོ་བོ་ཡིན་ལ་ལྷན་ཅིག་བྱེད་པ་ཉིད་རྒྱུན་ལ་བརྟེན་ནས་རྣམ་པར་གཞག་པ་ནི་མ་ཡིན་ཏེ་ཁྱད་པར་དུ་འབྱུང་བ་སྐྱེད་པ་ནི་ཕལ་པ་ཞེས་བྱའོ། །འོན་ཏེ་ཁྱད་པར་དུ་སྐྱེས་པའི་མཚན་ཉིད་ལ་ལྷན་ཅིག་བྱེད་པ་ཉིད་ ཇི་ལྟར་རྣམ་པར་མི་གཞག །དེ་ཡང་འཇིག་རྟེན་ལ་གྲགས་པའི་ཕྱིར་རྣམ་པར་གཞག་པར་བྱའོ་ཞེ་ན། དེའི་ཕྱིར་གང་ལ་ཞེས་བྱ་བ་སྨོས་ཏེ། འབྲས་བུ་བར་དུ་མ་ཆོད་པ་ལ་སོགས་པའི་ཡུལ་དང་ཉེ་བ་ཙམ་གྱིས་དབང་པོ་ལ་སོགས་པ་ལྟ་བུ་ལྷན་ཅིག་བྱེད་པའི་རྐྱེན་དུ་དེར་རྟོགས་སོ། །འོན་ཀྱང་ བརྗོད་པར་འདོད་པའི་འབྲས་བུ་སྐྱེད་པར་ནུས་པའི་སྐད་ཅིག་མ་རེ་རེ་སོ་སོར་ཕྱེ་ནས་ཁྱད་པར་དུ་བྱེད་པ་མ་ཡིན་ནོ། །དེ་ལ་དུས་རིང་པོ་ནས་འབྱུང་བའི་འབྲས་བུ་བྱེད་པའི་རྒྱུའི་རྒྱུན་སྐད་ཅིག་མ་གཞན་དང་གཞན་དུ་ཡོད་པའི་མཚན་ཉིད་ཡུལ་དུ་བྱུང་བའི་བདག་ཉིད་སྐྱེད་ པའི་ཕྱིར་ལྷན་ཅིག་བྱེད་པའི་རྐྱེན་གཞན་ལ་ལྟོས་པ་ཡིན་གྱི་དེའི་དུས་མཚུངས་པའི་སྐད་ཅིག་མ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རྐྱེན་གཞན་པ་དེ་དག་ལས་ངོ་བོ་ཉིད་གཞན་པའི་འབྲས་བུ་སྐྱེད་པར་ནུས་པ་ཁྱད་པར་ཅན་བརྒྱུད་པའི་མཚན་ཉིད་ཐོབ་པའི་རྒྱུན་ལ་འཇིག་རྟེན་གཅིག་པ་ཉིད་དུ་ བརྗོད་པར་མོས་སོ། །དོན་དམ་པར་ན་དེ་ལ་ཡང་སྔ་མ་སྔ་མའི་ཚོགས་པ་ལ་ཕྱི་མ་ཕྱི་མའི་འབྲས་བུ་སྐྱེད་པར་ནུས་པ་ཁྱད་པར་ཅན་གྱི་མཚན་ཉིད་སྐད་ཅིག་མ་སོ་སོར་ངེས་སོ་ཞེས་བྱ་བའི་དོན་གཅིག་བྱེད་པའི་མཚན་ཉིད་ནི་ལྷན་ཅིག་བྱེད་པ་ཉིད་ནི་རྗེས་སུ་འབྱུང་ངོ་། །ཇི་ལྟར་ངོ་བོ་གཞན་ ཐོབ་པ་དེ་དག་ཀྱང་གང་གིས་ན་རིམ་གྱིས་འབྲས་བུ་ལྡོག་པར་བྱེད་པ་ཡིན་ཞེ་ན། གང་གི་ཕྱིར་རང་གི་ངང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ནི་དེ་ནིའོ། །རྒྱུ་ནི་རྒྱུན་གྱི་རྒྱུ་སྟེ་ཉེ་བར་ལེན་པའི་རྒྱུར་བཤད་པའོ། །རྐྱེན་ནི་ལྷན་ཅིག་བྱེད་པའི་མིང་ཅན་དེ་དག་གོ། །སྔ་མ་ནི་གང་ཐོག་མར་ ཉེ་བར་ཕྲད་པའོ། །སྐད་ཅིག་མ་དེ་དག་འཇིག་པའི་རྒྱུ་ལ་མི་ལྟོས་པར་རང་གི་ངང་གིས་ལྡོག་པ་ནི་བདེན་པའི་སྐད་ཅིག་མ་དང་པོར་དེ་དག་ཁོ་ན་རང་གི་ངང་གིས་ལྡོག་པ་དང་། འབྲས་བུ་སྐྱེད་པར་ནུས་པའི་ཁྱད་པར་གྱིས་ཁྱད་པར་ཅན་དུ་བསྐྱེད་དོ། །སྐད་ཅིག་མ་གསུམ་པས་དེ་དག་ཀྱང་ ནུས་པ་ཁྱད་པར་ཅན་དང་ལྡན་པའི་མཆོག་དང་། སྐད་ཅིག་མ་བཞི་པས་དེ་དག་ཀྱང་ནུས་པའི་ཁྱད་པར་ཆེས་མཆོག་དང་ལྡན་པ་དེ་བཞིན་དུ་མཐའ་མའི་བར་དུ་ཕུལ་བྱུང་བ་དང་ལྡན་པའོ། །མཐའ་མའི་རྒྱུའི་ཚོགས་པ་ལས་སྐྱེས་པ་དེའི་ཕྱིར་འབྲས་བུ་སྐྱེད་པ་ཞེས་བྱའོ། །དེ་ལྟར་ལྷན་ཅིག་པ་ རྣམས་ཀྱིས་ངོ་བོ་གཞན་ཐོབ་པ་མི་ཐོགས་པར་འབྲས་བུ་སྐྱེད་པ་འདིར་གཞན་དག་རྩོད་པ་ནི་ལྷན་ཅིག་བྱེད་པ་ལས་ཞེས་བྱ་བ་སྨོས་ཏེ། ལྷན་ཅིག་བྱེད་པའི་ངང་ཅན་གྱི་རྒྱུ་ལས་སྐྱེས་པ་ནི་གཅིག་གི་ཚིག་ནི་གང་དང་འབྲེལ་པ་ལས་བྱུང་བ་ཁྱད་པར་དུ་བཤད་མ་ཐག་པའི་རྣམ་པས་མཐའི་ཚོགས་ པའི་རྒྱུའི་སྐད་ཅིག་མའི་མཚན་ཉིད་དེ་ལས་མྱུ་གུ་ལ་སོགས་པའི་འབྲས་བུ་སྐྱེད་པར་འདོད་པ་ན། དེ་ཉིད་ཀྱི་ཁྱད་པར་ལ་སོགས་པའི་འབྲས་བུ་འདི་སྐྱེད་པའི་ནུས་པ་གང་རིམ་གྱིས་འཕེལ་བའི་འབྲས་བུ་སྐྱེད་པར་འདོད་པས་དེ་སྐྱེད་པར་ནི་མི་འགྱུར་རོ། །སྐད་ཅིག་མ་དང་པོ་དང་ཉེ་བར་ཕྲད་པ་རྣམས་བརྒྱུད་ པས་ཁྱད་པར་སྐྱེད་པའི་ཕྱིར་དང་སྐད་ཅིག་མ་རྣམས་དབྱེ་བ་མེད་པར་ཁས་བླངས་པའི་ཕྱིར་རོ། །ཕན་ཚུན་ཁྱད་པར་མ་ཐོབ་པ་ཉིད་འབྲས་བུ་སྐྱེད་པར་ནུས་པས་ཁྱད་པར་རྩོམ་པ་ཡིན་ནོ་ཞེ་ན། ཁྱད་པར་མ་ཡིན་པ་ལས་ཁྱད་པར་མ་ཡིན་དག་ཅེས་བྱ་བ་སྨོས་ཏེ། ཕན་ཚུན་འབྲས་བུ་སྐྱེད་པའི་ ནུས་པས་སྐྱེད་པར་འདོད་ན་ནི་མྱུ་གུ་ལ་སོགས་པ་འབྲས་བུ་གང་ཡང་ཁྱད་པར་མེད་པར་འགྱུར་རོ་ཞེས་བྱ་བར་བསམས་ནས་དེས་ཀྱང་ཕན་ཚུན་ཁྱད་པར་དུ་སྐྱེད་པ་ན་ལྷན་ཅིག་བྱེད་པ་ལ་མི་ལྟོས་པར་འབྲས་བུ་སྐྱེད་པར་འགྱུར་རོ། །གལ་ཏེ་དེ་ལྟར་གྱུར་ན་ཅི་ཞིག་འགྲུབ་པར་འགྱུར་ཞེ་ན། དེས་ ཞེས་བྱ་བ་སྨོས་ཏེ། གང་གིས་སྐད་ཅིག་མ་ཡང་ཁྱད་པར་དུ་སྐྱེད་པ་ལ་མི་ལྟོས་པ་ཁོ་ནར་རང་གི་འབྲས་བུ་གཅིག་བྱེད་པའི་མཚན་ཉིད་དུ་ངེས་པ་ནི་ལྷན་ཅིག་བྱེད་པ་ཉིད་དུ་བསྟན་ཏོ། །རྒྱུ་དེས་ན་སྐད་ཅིག་མ་མ་ཡིན་པ་རྣམས་ཀྱང་རྒྱུ་ཉིད་དུ་འགྱུར་ལ། ལྟོས་པར་བྱ་བ་རྣམས་ལ་ངོ་བོ་ཉིད་ཁྱད་ པར་དུ་སྐྱེད་པར་མི་འགྱུར་རོ། །སྐད་ཅིག་མ་མ་ཡིན་པར་བརྗོད་པ་རྣམས་སྐད་ཅིག་མ་ལ་ལྟོས་ནས་རང་གི་ཕྱོགས་དང་མཚུངས་པར་སྟོན་པ་ནི་གང་དག །ངོ་ཚ་མེད་པའམ་མི་ཤེས་པ། །མ་གཏོགས་དེ་ལྟར་བརྗོད་པ་གང་། །གང་ཕྱིར་སུ་ལ་མཛེས་པར་འགྱུར། །སྐད་ཅིག་རྣམས་ལའང་དེ་ ཀུན་མཚུངས། །ཁྱད་པར་གྱི་ནི་རྒྱུ་འདི་དག །རྣམ་པ་འགས་ཀྱང་རྐྱེན་དུ་མིན། །སྐད་ཅིག་མ་རྣམས་དབྱེར་མེད་ན། །རྟག་པ་བཞིན་དུ་སྦྱོར་བ་མིན། །ཞེས་སྨྲའོ། །དེ་ལྟར་ནི་འགྱུར་ན་སྐད་ཅིག་མ་དང་པོ་ཡང་ཞིང་ས་བོན་ལ་སོགས་པ་ཕན་ཚུན་འབྲེལ་པར་འབྱུང་བའི་ཁྱད་པར་ཁོ་ན་ཉེ་བ་ལས་ ཡིན་ཏེ། གང་དང་དེ་ནི་རྟག་ཏུ་འབྲེལ། །རིང་ན་གནས་ཀྱང་དེ་དང་དེར། །ཞེས་བྱ་བའི་རིགས་པས་ཡུལ་རིང་པོ་ནི་འདུག་པ་ཡང་རྒྱུ་དང་འབྲས་བུར་འགྱུར་རོ་སྙམ་དུ་དོགས་པ་ན་ལྷན་ཅིག་བྱེད་པས་བྱས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷན་ཅིག་བྱེད་རྣམས་ཕན་ཚུན་ཕྲད་ནས་མ་ཚང་ཡང་དངོས་ པོའི་ཆོས་ཉིད་ཁོ་ནས་ཕན་ཚུན་ཉེ་བར་སྐྱེད་དེ། ལྷན་ཅིག་བྱེད་པའི་འབྲས་བུ་སྐྱེད་པ་ནི་ནུས་པའི་ཁྱད་པར་གྱིས་སྐྱེད་པའོ། །བྱས་པའི་ཁྱད་པར་ཁོ་ན་ནི་སྲེད་པའི་དུས་སུའོ། །ཉེ་བར་གནས་པར་གྱུར་པ་དེ་ལྟ་ན་ནི་ཐུག་པ་མེད་པར་འགྱུར་རོ། །འདི་ལྟར་དེ་ཁྱད་པར་ དུ་སྐྱེད་ན་ཡང་ལྷན་ཅིག་བྱེད་པའི་བྱེ་བྲག་གཞན་གྱིས་བྱས་པར་ཁས་བླང་བར་བྱ་སྟེ། དེ་ལྟར་དེ་ལས་སྐྱེ་བ་ཡང་གཞན་ཡིན་པའི་ཕྱིར་རོ། །འོན་ཏེ་ལྷན་ཅིག་བྱེད་པར་ཕན་ཚུན་འབྲས་བུ་སྐྱེད་པའི་རྗེས་སུ་འབྲང་བའི་ཁྱད་པར་གྱི་རྒྱུ་མཚན་གྱིས་གཞན་པའི་ཁྱད་པར་མི་སྐྱེད་དོ། །རང་བཞིན་ཁོ་ནས་ དེ་དག་དེ་ལ་རུང་བའི་ཕྱིར་རོ་ཞེ་ན། དེའི་ཕྱིར་ལྷན་ཅིག་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷན་ཅིག་བྱེད་པ་རྣམས་ནི་ཞིང་དང་ས་བོན་ལ་སོགས་པ་ཕན་ཚུན་འབྲས་བུ་སྐྱེད་བརྗེས་སུ་འབྲང་བའི་ཁྱད་པར་དེ་ལས་སྐྱེད་པར་རུང་བར་རྟག་ཏུ་གནས་པ་མ་ཡིན་ཏེ། གང་གིས་རུང་བའི་གནས་ སྐབས་ནི་རྟག་ཏུ་རྗེས་སུ་ནུས་པས་རྟག་ཏུ་རྗེས་སུ་འབྲེལ་པ་ཞིང་དང་ས་བོན་ལ་སོགས་པ་འབྲས་བུ་སྐྱེད་པ་དང་རྗེས་སུ་འབྲེལ་པའི་བྱེ་བྲག་ནི་སྐྱེད་པར་བྱེད་པའི་བྱེ་བྲག་ལས་འགྱུར་ན་གང་གི་ཕྱིར་ཁྱད་པར་མེད་པ་ལས་ཀྱང་ཁྱད་པར་གྱི་འབྲས་བུ་ཡང་སྐྱེ་བར་འགྱུར་རོ་ཞེས་བྱ་བ་འདི་དག་སྤངས་སོ། །འདི་ག་ ལས་ཤེ་ན། དེ་ཡོད་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཞིང་དང་ས་བོན་ལ་སོགས་པ་རྣམས་ཡོད་པར་རུང་བའི་ཡུལ་དང་ཉེ་བར་ཕྲད་པའོ། །འབྲས་བུ་གསལ་བར་མཐོང་བའི་ཕྱིར་ནི་འབྲས་བུ་སྐྱེད་པར་མཐོང་བས་སོ། །མེད་པ་ནི་ཕན་ཚུན་ཕྲད་བ་དང་བྲལ་བས་འབྲས་བུ་དང་བྲལ་བ་ མཐོང་བས་འབྲས་བུ་མི་སྐྱེད་པ་མཐོང་བས་སོ། །གལ་ཏེ་འབྲས་བུ་སྐྱེད་པར་ནུས་པའི་ཁྱད་པར་དུ་སྐྱེད་པ་ནི་ཐམས་ཅད་ཀྱི་ཚེ་རིང་བར་གནས་པར་འགྱུར་བས་དེའི་ཚེ་ཡང་ཐམས་ཅད་ཀྱི་ཚེ་ཁྱད་པར་དུ་འགྱུར་རོ། །དེ་ཡང་དེ་བརྒྱུད་པས་འབྲས་བུ་འབྱུང་ངོ་སྙམ་ན་དེ་ཡོད་པ་དང་མེད་པ་དག་འབྲས་ བུ་སྐྱེད་པ་དང་མི་སྐྱེད་པར་མི་འགྱུར་རོ། །དེའི་ཕྱིར་ལྷན་ཅིག་བྱེད་པའི་འབྲས་བུ་སྐྱེད་པ་ནི་ནུས་པའི་ཁྱད་པར་ལས་རུང་བའི་གནས་སྐབས་ན་སྐྱེའི་ཐམས་ཅད་དུ་མ་ཡིན་ནོ། །གང་གི་ལྷན་ཅིག་བྱེད་པ་ལོགས་ཤིག་ཏུ་གནས་པ་ན་ཐུག་པ་མེད་པའི་འཇིགས་པས་ཁྱད་པར་གྲུབ་པར་ཉེ་བར་གནས་ པ་མེད་དོ། །དེ་ཕན་ཚུན་ཐོག་མར་ཕྲད་པའི་སྐད་ཅིག་མ་འབྱུང་བ་ཡོད་པར་སྦྱོར་བ་མ་ཡིན་པ་ཉིད་དོ། རྒྱུ་དེས་ན་དང་པོའི་ཁྱད་པར་གྱི་འབྲས་བུ་སྐྱེད་པ་དང་རྗེས་སུ་འབྲེལ་པའི་ལྷན་ཅིག་བྱེད་པ་དུས་མཚུངས་པས་ཕན་མི་འདོགས་ཏེ། ཞིང་དང་ས་བོན་ལ་སོགས་པ་མི་སྐྱེད་པ་དང་སྐྱེད་པ་འདི་འདོད་ པའི་ཕྱིར་རོ། །དེས་ན་ཚོགས་པའི་གནས་སྐབས་བཞིན་དུ་ཐམས་ཅད་ཀྱི་ཚོགས་པའི་གནས་སྐབས་སུ་འབྱུང་བའི་སྐད་ཅིག་མ་རྣམས་ཀྱང་ཁྱད་པར་དེ་སྐྱེད་པའི་ངོ་བོས་མི་སྐྱེད་པ་ལས་ཚོགས་པའི་གནས་སྐབས་ན་སྐྱེད་པའི་ཕྱིར་དཔེར་ན་སྐད་ཅིག་མ་རྣམས་དོན་གཅིག་པར་བྱེད་པ་ སོ་སོར་ངེས་པའི་མཚན་ཉིད་ཀྱི་ལྷན་ཅིག་བྱེད་པ་དེ་བཞིན་དུ་བརྟན་པའི་རང་བཞིན་ཡང་འགྱུར་ཏེ་ཐབས་ཐམས་ཅད་ཟབ་པའི་ཕྱིར་རོ། །སྐད་ཅིག་མ་ཡིན་པར་སྨྲ་བ་ན་ནད་སྙོམས་པ་ཉིད་ལ་ལྷག་པར་སེམས་པ་བཞིན་དུ་དེ་ཉིད་ལ་མཆོག་ཏུ་བྱེད་པར་འགྱུར་རོ། །གྲུབ་པའི་མཐའ་སྨྲ་བས་ སྐབས་སུ་གཞན་བཞད་གད་བྱེད་པ་ནི་ཁོ་བོ་ནི་ཡང་དང་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་དང་ཡང་བརྗོད་ཀྱང་འཇིག་རྟེན་གྱི་རིགས་རྟོགས་པར་འགྱུར་ན་བརྒྱ་ཕྲག་སྨྲས་པས་ཅི་ཞིག་བྱ། །ལན་གཉིས་དང་གསུམ་གཞན་གྱི་དོན་ལ་མི་འཇུག་པ་ལ་ཁོ་བོ་ཅག་ཡང་དང་ཡང་དུ་རྗོད་པར་བྱེད་ པ་ལ་ཅུང་ཟད་ཀྱང་ཡིད་སྐྱོ་བར་མི་འགྱུར་རོ། །དེ་ལྟར་རྒོལ་བ་ལ་བསྟན་བཅོས་བྱེད་པས་རྣམ་གྲངས་གཞན་གྱིས་ལ་ལར་དེ་ཉིད་ཀྱི་དོན་གསལ་བར་བྱེད་པས་ཟློས་པ་ཡོངས་སུ་སྤོང་བ་ལ་འབད་པ་དེ་དག་ནི་གནས་མ་ཡིན་པས་ཡོངས་སུ་ངལ་བ་ཉིད་དོ། །གལ་ཏེ་སྐྱོ་བ་མེད་པ་དེ་ལྟ་ན་སྨོས་ ཤིག་ཅེ་ན། གང་གི་ཕྱིར་ལྷན་ཅིག་བྱེད་པ་རྣམས་ནི་ཁྱད་པར་དུ་མི་སྐྱེད་པའི་ཕྱིར་ལྷན་ཅིག་བྱེད་པ་ཉིད་དོན་དམ་པར་ན་འགའ་ཞིག་ཏུ་སྲིད་དེ། གང་གི་ཕྱིར་སྐད་ཅིག་དང་པོ་བྱུང་ན་ས་བོན་ལ་སོགས་པ་དེ་རྣམས་མེད་པའི་ཕྱིར་འབྲས་བུ་སྐྱེད་པ་དང་རྗེས་སུ་མཐུན་པའི་ཁྱད་པར་དུ་བྱེད་པའི་ ལྷན་ཅིག་བྱེད་པ་སྤངས་པར་འགྱུར་རོ། །འོན་ཀྱང་དོན་གཅིག་བྱེད་པ་ཁོ་ནའི་ལྷན་ཅིག་བྱེད་པ་རྣམས་ནི་དོན་དམ་པར་ན་ལྷན་ཅིག་བྱེད་པ་ཉིད་དུ་སྔར་བཤད་པའི་རིགས་པ་རྣམས་ཀྱིས་སྲིད་པ་ཡིན་ནོ། །དེ་ཡང་ཐོག་མར་ཕྲད་པ་ལ་རྟེན་པ་ཡོད་པ་ཉིད་ཡིན་ན་ཅིས་ན་ལྷན་ཅིག་བྱེད་པར་མི་ འགྱུར། གཞན་གྱིས་སྨྲས་པ་དོན་གཅིག་བྱེད་པར་ཁས་བླངས་ན་དེའི་ཚེ་སོ་སོའི་གནས་སྐབས་དེ་ན་སྐྱེད་པར་ནུས་པར་ཁས་བླངས་པས་དེའི་གནས་སྐབས་ལྟ་བུར་སོ་སོ་བ་ལ་ཡང་འགྱུར་རོ། །དེ་ལྟ་ན་དེའི་གནས་སྐབས་ཀྱང་ཕན་ཚུན་ཁྱད་པར་མེད་པ་ཁོ་ནར་ སྐྱེད་དོ། །དེ་དག་སོ་སོ་བས་ཀྱང་དེ་ཁྱད་པར་དུ་བྱེད་ན་ཇི་ལྟར་ཐལ་བར་མི་འགྱུར། གང་དག་ཚོགས་པ་དང་མ་ཚོགས་པའི་གནས་སྐབས་འགའ་ཞིག་ལ་ཁྱད་པར་ཡོད་པའི་ཕྱིར་རོ། །གལ་ཏེ་ཡིན་ན་ཉེས་པ་ཅི་ཞིག་ཏུ་འགྱུར་ཞེ་ན། དེ་ལྟ་ན་འབྲས་བུ་སྐྱེད་པ་དང་འབྲེལ་པའི་ཁྱད་པར་ སོ་སོར་བྱེད་པར་ཐལ་བར་འགྱུར་བ་དེའི་ཕྱིར་ཁྱད་པར་ལས་བྱུང་བའི་ངང་ཚུལ་ཅན་མྱུ་གུ་ལ་སོགས་པའི་འབྲས་བུའི་ཁྱད་པར་བཞིན་དུ་འབའ་ཞིག་བ་ལས་ལྷན་ཅིག་བྱེད་པར་འགྱུར་རོ་ཞེས་སེམས་པ་ན་འདི་དག་ཐམས་ཅད་ཀྱི་ལན་བཏབ་ཟིན་ཏོ། །དེ་ལྟ་ན་ཚོགས་པ་དང་མ་ཚོགས་ པའི་གནས་སྐབས་ཁྱད་པར་མེད་པ་ཁོ་ནར་སྐད་ཅིག་མས་འཇིག་པ་ཡིན་ནོ་ཞེས་གང་བརྗོད་པ་དེ་ཅི་ཁྱད་པར་ཙམ་ལ་ལྟོས་པ་ཡིན་ནམ་ཡང་ན་འབྲས་བུ་བསྐྱེད་པར་རྗེས་སུ་འབྲེལ་པའི་ཁྱད་པར་སྐྱེད་པར་བྱེད་པ་ལ་ལྟོས་པ་ཡིན། གལ་ཏེ་རྫས་ལ་སོགས་པར་རྣམ་པར་རྟོག་ན་ནི་དེ་མི་ རིགས་སོ། །འགའ་ཞིག་ཁྱད་པར་ཙམ་སྤངས་པའི་གནས་སྐབས་ནི་མི་སྲིད་དེ་ཐམས་ཅད་དུ་རྐྱེན་གཞན་དང་གཞན་རུང་བའི་རྒྱུ་མཚན་གྱིས་གཞན་དང་གཞན་པའི་ཁྱད་པར་བྱུང་བས་རེས་འགའ་ཅུང་ཟད་ཅིག་གཅིག་པ་ཉིད་མ་ཡིན་ཏེ། རྟེན་དང་གྲིབ་མ་དང་ཉི་མ་དང་རླུང་དང་ གྲང་བ་ལ་སོགས་པ་བཞིན་དུ་འབྱུང་བ་སྲིད་དོ། །དེ་ཡོད་ཀྱང་དེ་དང་འདྲ་བའི་རྒྱུ་ཐ་དད་པ་མེད་པའི་ཕྱིར་རོ། །འདི་ཙམ་དུ་འགྱུར་ཏེ་འགའ་ཞིག་ལ་ལར་འབྲས་བུ་དང་རྗེས་སུ་འབྲེལ་པས་ཡིན་གྱི་ཐམས་ཅད་ཀྱིས་ཐམས་ཅད་ལ་མ་ཡིན་ནོ་ཞེས་དེ་ཡང་སྔར་བཤད་ཟིན་ཏོ། །བསྟན་པ་ནི་ སྐད་ཅིག་མ་རེ་རེ་རྐྱེན་གཞན་དང་གཞན་འབྲེལ་པས་སྐད་ཅིག་མ་རེ་རེ་ནུས་པ་ཐ་དད་པའི་འདུ་བྱེད་རྒྱུན་དང་ལྡན་པའོ། །གལ་ཏེ་ཡང་འགའ་ཞིག་ལས་འདྲ་བའི་ངོ་བོར་རྟོགས་པ་དེ་ལྟ་ན་ཡང་ཐ་དད་པ་ཁོ་ན་འདི་དག་ངོ་བོ་ཅུང་ཟད་ཅིག་འགའ་ཞིག་གི་རྒྱུ་ཡིན་ནོ་ཞེ་ན། སྐད་ཅིག་ པའི་ངོ་བོ་རྣམས་གཞན་དང་གཞན་སྐྱེད་པ་ལ་གཅིག་པ་མེད་པའི་ཕྱིར་ཞེས་ཤིན་ཏུ་བསྡུས་པ་འདིར་བཤད་པ་དང་། དེ་ལྟར་ཁོ་བོ་ཅག་གིས་ཡང་དང་ཡང་དུ་བརྗོད་དོ་ཞེས་གཉི་ག་སྨོས་པ་ཡང་རིགས་སོ། །ཇི་ལྟར་རྣམ་པ་གང་གིས་དངོས་པོའི་རྒྱུན་ལ་ཁྱད་པར་དུ་སྐྱེ་བ་དེ་ཡང་བཤད་ཟིན་ ཏོ། །དེ་ལ་སྐད་ཅིག་མ་སྔ་མ་ནི་རང་གི་ངང་གིས་ལྡོག་པ་ཁོ་ནས་ཁྱད་པར་ཅན་གྱི་སྐད་ཅིག་མ་སྐྱེད་པས་ཁྱད་པར་སྐྱེད་པ་ཡིན་ནོ་ཞེས་བྱའོ། །འོན་ཏེ་འབྲས་བུ་སྐྱེད་པར་ནུས་པའི་ཁྱད་པར་སྐྱེད་པར་བྱེད་པའི་ཁྱད་པར་ལ་ལྟོས་པས་སྔ་མ་བཞིན་དུ་ཐོག་མར་ཕྲད་པ་ལ་རྟེན་པར་ཕན་ཚུན་ཁྱད་པར་ མེད་པ་ཡིན་ནོ་ཞེས་མངོན་པར་འདོད་པ་དེ་ཡང་མི་རིགས་སོ། །གང་གིས་འབྲས་བུ་སྐྱེད་པར་ནུས་པའི་ཁྱད་པར་སྐྱེད་པར་བྱེད་པ་ནི་ཞིང་དང་ས་བོན་ལ་སོགས་པ་ཅི་འདྲ་བའི་བར་དུ་ཆོད་པ་ལ་སོགས་པ་སྤངས་པའི་ཡུལ་ཉེ་བ་ན་དེ་ཡོད་པ་ཉིད་དེ། ཡོད་པ་དེ་ཙམ་གྱི་རྒྱུ་མཚན་དང་སྐྱེད་ པར་བྱེད་པར་རྣམ་པར་གཞག་གོ། །རྣམ་པ་དེ་ལྟ་བུ་དེ་ཡང་ཐམས་ཅད་ལ་ཡོད་པ་མ་ཡིན་པའི་ཕྱིར་ཇི་ལྟར་སོ་སོར་ཡང་འབྲས་བུ་སྐྱེད་པ་དང་རྗེས་སུ་མཐུན་པའི་ཁྱད་པར་འདི་དག་སྐྱེད་པར་འགྱུར་རོ། །གང་གི་ཕྱིར་འབའ་ཞིག་པ་ཡང་འབྲས་བུ་བྱེད་པར་ཐལ་བར་འགྱུར་བ་དེ་བསྟན་ཏོ། ། གང་དག་ཡུལ་རུང་བ་ཅན་དེ་ནི་རུང་བའི་ཡུལ་དེ་ལས་བྱུང་བས་རུང་བའི་ཡུལ་ཅན་ནོ། །དེ་ལ་སོགས་པ་གང་དག་བར་དུ་མ་ཆོད་པའི་ཡུལ་ཅན་ལ་སོགས་པའི་གནས་སྐབས་ཐ་དད་པ་དེ་བཞིན་དུ་བཤད་དོ། །དེ་ཡང་དེའི་གནས་སྐབས་ཐ་དད་པ་ཡང་དེ་སྐད་དུ་རུང་བའི་ཡུལ་ཅན་ནི་བར་དུ་ མ་ཆོད་པའི་ཡུལ་ལ་སོགས་པའི་གནས་སྐབས་ཀྱི་བྱེ་བྲག་ཞིང་དང་ས་བོན་ལ་སོགས་པ་རྣམས་ཀྱིས་ཉེ་བར་བསྐྱེད་པ་གང་ཡིན་པ་དེ་ནི་འབྲས་བུ་སྐྱེད་པར་ནུས་པའི་མཚན་ཉིད་འབྲས་བུ་བྱེད་པའི་ངང་ཚུལ་ཅན་ཏེ། རྣམ་པ་དེ་ལྟ་བུའི་ས་བོན་ལ་སོགས་པས་ཐམས་ཅད་དུ་ནི་མ་ཡིན་ནོ་ཞེས་ བཤད་དོ། །ཇི་ལྟར་འདི་དག་སོ་སོར་ཡང་རྣམ་པ་དེ་ལྟ་བུའི་ཁྱད་པར་འགྱུར་ཞེ་ན། འདི་དག་ཀྱང་སྔར་བཤད་ཟིན་ཏོ། །དེ་ལ་བར་དུ་ཆོད་པའི་ཡུལ་ལ་སོགས་པའི་གཟུགས་དང་དབང་པོ་ལ་སོགས་པའི་ཚོགས་པ་གང་ཡིན་པ་དེ་རྣམ་པར་ཤེས་པ་སྐྱེད་པར་ནུས་པའི་རྒྱུ་ཡིན་ནོ་ཞེས་ བརྗོད་པ་དེ་ཡང་དཔེ་ཙམ་ཡིན་པའི་ཕྱིར་རོ། །འདིར་ཡང་དེ་ལ་བར་དུ་མ་ཆོད་པའི་ཡུལ་ལ་སོགས་པའི་ཞིང་དང་ས་བོན་ལ་སོགས་པའི་ཚོགས་པ་གང་ཡིན་པ་དེ་ནི་འབྲས་བུ་སྐྱེད་པ་དང་རྗེས་སུ་འབྲེལ་པའི་ཁྱད་པར་སྐྱེད་པར་ནུས་པའི་རྒྱུ་ཡིན་ནོ་ཞེས་རྟོགས་པ་ཁོ་ནའོ། ། དེ་ཡང་རྣམ་པ་དེ་ལྟ་བུའི་ཁྱད་པར་གྱི་སྐྱེད་པར་བྱེད་པ་པོ་ཁྱད་པར་དང་ལྡན་པ་གང་ལས་སྐྱེས་པ་དེ་ནི་དེ་དག་ཕན་ཚུན་ཉེ་བར་འགྲོ་བ་ལ་སོགས་པ་རྟེན་དང་རྐྱེན་གྱི་བྱེ་བྲག་གང་ཡིན་པ་དེ་ནི་དེའི་རྒྱུ་ཡིན་ཏེ་སྐྱེད་པར་ནུས་པའི་རྒྱུ་ཡིན་པའི་ཕྱིར་རོ། །འདི་དག་ཀྱང་སྔར་བཤད་ཟིན་ཏོ། །དེ་དག་ ཀྱང་ཞེས་བྱ་བ་སྨོས་ཏེ་འབྲས་བུ་སྐྱེད་པར་ནུས་པའི་ཁྱད་པར་གྱི་སྐྱེད་པར་བྱེད་པ་པོ་ཁྱད་པར་དང་ལྡན་པ་གང་ལས་སྐྱེད་པ་དེ་ནི་ཕན་ཚུན་ཉེ་བར་འགྲོ་བ་ལ་སོགས་པ་རྟེན་དང་རྐྱེན་གྱི་བྱེ་བྲག་གང་ཡིན་པ་དེ་ནི་དེའི་རྒྱུ་ཡིན་ཏེ། སྐྱེད་པར་ནུས་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ཕན་ཚུན་ཉེ་བར་ འགྲོ་བ་ལ་སོགས་པའི་རྟེན་བདག་ཉིད་ཇི་ལྟ་བའི་རྐྱེན་གྱིས་རུང་བའི་ཡུལ་ལ་སོགས་པ་གནས་སྐབས་ལས་སྐྱེས་པ་དེ་དག་ལྷན་ཅིག་པའི་ངོ་བོ་ཉིད་དུ་གྲུབ་པ་ཤེས་པའི་རྒྱུ་ཉིད་དུ་བསྟན་ཏོ་ཞེས་བྱ་བ་འདིས་འདིར་ཡང་རྟོགས་པར་བྱ་བ་ཡིན་ནོ། །དེའི་ཕྱིར་གལ་ཏེ་འདི་དག་ཀྱང་ཕན་ཚུན་མི་སྐྱེད་ན་ ཁྱད་པར་དུ་མི་འགྱུར་ཏེ། རང་གི་རྒྱུས་བྱེད་པ་གང་གིས་བསལ་བར་ནུས། རང་གི་ཁོ་ན་ལས་སྐྱེ་བ་ཁྱད་པར་རྣམས་འབྱུང་བ་ནི་ཕན་ཚུན་དེའི་ཡོན་ཏན་མི་བྱེད་དོ། །གང་གི་ཕྱིར་ཕན་ཚུན་ཁྱད་པར་དུ་རུང་བར་བསྟན་པ་ནི་མཛེས་ཏེ། དེ་དག་འབྲས་བུ་སྐྱེད་པར་རུང་བའི་ཁྱད་པར་སྐྱེད་པར་བྱེད་པ་ རྣམས་རེ་རེ་ནུས་ཀྱང་ཆ་ཤས་ཀྱི་འབྲས་བུ་སྐྱེད་པའམ་མ་ལུས་པ་རེ་རེས་བྱེད་པ་ནི་མི་རིགས་སོ། །ཇི་ལྟ་བུའི་འབའ་ཞིག་པ་རྣམས་ཀྱི་བྱ་བ་དང་བྱེད་པ་པོའི་ཁྱད་པར་དུ་མ་ཆོད་པ་ལ་སོགས་པའི་ཡུལ་གྱི་ཞིང་དང་ས་བོན་ལ་སོགས་པ་ཅན་སོ་སོར་རེ་རེ་ནས་ནུས་པའི་དངོས་པོ་ལས་མི་འབྱུང་བའི་ཕྱིར་རོ་ ཞེས་བྱ་བ་དེ་དག་སྔོན་ཡང་མེད་ཕྱིས་ཀྱང་མེད་སོ་སོ་བའི་ངོ་བོས་ཀྱང་མེད་པས་ནུས་པ་ཡང་སྔོན་དང་ཕྱིས་དང་ཐ་དད་པའི་ངོ་བོས་འབྱུང་བའི་ཉེས་པ་དག་གིས་གོས་པ་མེད་དོ་ཞེས་བྱ་བ་འདི་དག་ཀྱང་ལན་མང་དུ་བཤད་ཟིན་ཏོ། །དེས་ན་རྣམ་པ་དེ་ལྟ་བུའི་ཁྱད་པར་རང་གི་ཉེ་བར་ལེན་པ་ཙམ་དང་རྗེས་སུ་ལ་ འབྲེལ་པ་ཁས་མི་ལེན་པ་དང་འགའ་ཞིག་པ་ལས་ཐལ་བར་མི་འགྱུར་བས་གང་ལས་འབྲས་བུ་སྐྱེད་པར་ནུས་པའི་ཁྱད་པར་དུ་སྐྱེས་པས་འབྲས་བུར་ཡང་འགྱུར། སླར་ཡང་འདི་འདོད་པར་གྱུར་ན་རྙེད་པར་ག་ལ་འགྱུར་གང་གི་ཚེ་མྱུ་གུ་ལ་སོགས་པའི་འབྲས་བུ་ནི་ལྷན་ཅིག་བྱེད་པ་ཕན་ཚུན་ འབྲས་བུ་སྐྱེད་པར་ནུས་པའི་ཁྱད་པར་བརྒྱུད་པར་སྐྱེད་པར་བྱེད་པ་ཡིན་ནོ། །འབྲས་བུ་སྐྱེད་པར་ནུས་པའི་ཁྱད་པར་ཡང་བར་དུ་ཆོད་པ་ལ་སོགས་པའི་ཡུལ་གྱི་རིམ་པ་ཙམ་གྱིས་ཡིན་པ་དེའི་ཕྱིར་འབྲས་བུ་རྣམ་པ་གཉིས་སོ་ཞེས་བྱ་བ་སྨོས་ཏེ་གང་གི་ཕྱིར་དེ་ལྟར་རྣམ་པར་ཕྱེ་བ་དེའི་ཕྱིར་རོ། །ཇི་ ལྟར་འབྲས་བུ་རྣམ་པ་གཉིས་པ་ཡིན་ཞེ་ན་ལྷན་ཅིག་བྱེད་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷན་ཅིག་བྱེད་པ་བར་དུ་མ་ཆོད་པ་ལ་སོགས་པའི་ཡུལ་གྱི་མཇུག་ཐོགས་སུ་སྐྱེས་པ་ཅན་ཕན་ཚུན་སྔ་མའི་གནས་སྐབས་ལ་ལྟོས་པའི་ཁྱད་པར་ཅན་གྱི་སྐད་ཅིག་མའི་མཚན་ཉིད་ཀྱི་ཁྱད་པར་དེ་ ན་ཕྱི་མ་ཕྱི་མ་ཁྱད་པར་ཅན་དང་ཆོས་ཁྱད་པར་ཅན་ལ་སོགས་པའི་སྐད་ཅིག་མའི་དངོས་པོའི་ངོ་བོ་ཉིད་སྐྱེད་པའི་ཆོས་གང་ཡིན་པ་དེའི་བདག་ཉིད་ཀྱི་འབྲས་བུ་གཅིག་པ་དང་གཞན་ནི་དེ་ལས་བཟློག་པའོ། །གང་ལྷན་ཅིག་བྱེད་པ་ཉེ་བ་ཙམ་འབྱུང་བ་ནི་ཕན་ཚུན་བྱེད་པ་དང་ཁྱད་པར་ཕན་ཚུན་ བྱེད་པ་ལ་མི་ལྟོས་སོ། །འདིར་དཔེ་ནི་མྱུ་གུ་ལ་སོགས་པའོ། །སོགས་པའི་སྒྲས་ནི་འབྲས་ཆན་ལ་སོགས་པ་གཟུང་ངོ་། །མི་སྡོད་པར་སྐྱེད་པའི་རྒྱུའི་ཚུལ་དབང་པོ་གང་ཡིན་པ་དེའི་རྣམ་པར་ཤེས་པ་ལྟ་བུའོ། །སྣང་བ་ལས་མུན་ཁུང་དུ་ཞུགས་པའི་དབང་པོ་བསལ་བའི་ཕྱིར་ཁྱད་པར་ འདི་དག་ཡིན་ནོ། །འདི་དག་ག་ལས་ཤེ་ན། རྒྱུ་དང་འབྲས་བུའི་ངོ་བོ་ཉིད་ཐ་དད་པའི་ཕྱིར་རོ། །འབྲས་བུ་འགའ་ཞིག་རྒྱུའི་ཚོགས་པ་དང་ཉེ་བ་ཙམ་ལས་སྐྱེ་བའི་རང་བཞིན་དང་དེ་ལས་གཞན་པ་ནི་དེའི་ཡོངས་སུ་འགྱུར་བ་ལ་ལྟོས་པ་ཡིན་ནོ། །རྒྱུ་རྣམས་ཀྱང་ཅུང་ཟད་ཅིག་རང་དང་ཉེ་བ་ ཙམ་གྱིས་འབྲས་བུ་སྐྱེད་པའི་ངོ་བོ་ནི་རང་གི་རྒྱུ་ཁོ་ནས་ཡིན་ནོ། །གང་གིས་ཕན་ཚུན་བྱས་ནས་ཁྱད་པར་བརྒྱུད་པས་རང་གི་འབྲས་བུ་བྱེད་པ་ལ་ལྟོས་པ་ཡིན་གྱི་གཞན་པ་ནི་དེ་ལས་བཟློག་པའི་རང་བཞིན་ཡིན་ནོ། །དཔེར་ན་ཅུང་ཟད་ཅིག་འབྲས་ཀྱི་མྱུ་གུ་སྐྱེད་པའི་ངོ་བོ་དང་གཞན་ནི་དེ་ལས་ བཟློག་པ་སྟེ། འབྲས་ཀྱི་མྱུ་གུ་སྐྱེད་པའི་རང་བཞིན་དེ་ནི་ནས་ཀྱི་མྱུ་གུ་སྐྱེད་པའི་རང་བཞིན་མ་ཡིན་པ་དངོས་པོ་ནི་རང་གི་རྒྱུའི་སྟོབས་ཀྱིས་འོངས་པ་ཚད་མས་རྟོགས་པའི་རང་བཞིན་ལ་བརྒལ་ཞིང་བརྟག་པར་མི་རིགས་སོ། །གང་དང་གང་སྐྱེད་པའི་རང་བཞིན་དུ་ཚད་མས་རྟོགས་པ་དེ་ཅི་ཐམས་ ཅད་ཀྱི་རང་བཞིན་དེ་ཡིན་ནམ། ཡང་ན་ནི་དེ་ཉིད་ཀྱི་ཞེས་དེ་ལྟར་དཔྱད་པ་འཇུག་པ་ན། དེ་ལ་ཐམས་ཅད་དུ་དེའི་རང་བཞིན་ཡིན་ན་ནི་ཕྱི་མ་བཞིན་དུ་སྔོན་ཡང་དེའི་འབྲས་བུ་བྱེད་པར་ཐལ་བར་འགྱུར་ལ། གཞན་གྱི་ངོ་བོས་ནི་བྱེད་པ་པོ་མ་ཡིན་པས་རང་བཞིན་ཐ་དད་དོ། །འབྲས་དང་ ནས་ཀྱི་ས་བོན་བཞིན་དུ་བྱེད་པ་པོ་མ་ཡིན་པའི་གནས་སྐབས་དཔྱོད་པ་ནི་དེ་ཁོ་ན་ཉིད་སེམས་པར་བརྗོད་དོ། །འདྲེ་བ་གཞན་འབྱུང་བའི་རྒྱུ་མཚན་གྱིས་གཅིག་ཏུ་ངོ་ཤེས་པ་ཡིན་ཏེ་སྐྲ་དང་སེན་མོ་ལ་སོགས་པ་རྣམས་བྲེགས་པ་ལས་སྐྱེ་བ་བཞིན་དུ་འདིར་ཡང་འགལ་བ་མེད་པའི་ཕྱིར་ རོ། །གང་གི་ཚེ་རྒྱུ་དང་འབྲས་བུའི་ངོ་བོ་ཉིད་ཐ་དད་པས་འབྲས་བུ་གཉིས་སུ་རིགས་པར་བྱའོ། །དེ་ལ་ནི་དེ་ལྟར་གྱུར་ནའོ། །ལྷན་ཅིག་བྱེད་པ་རྣམས་ནི་ཞིང་དང་ས་བོན་ལ་སོགས་པའོ། །དེ་དག་ཕན་ཚུན་རྒྱུན་གྱིས་ཕན་འདོགས་པ་ལ་ལྟོས་པའི་རྒྱུ་མཐའ་མའི་གནས་སྐབས་སུ་གྱུར་པ་ གང་ཡིན་པ་དེ་ནི་མྱུ་གུ་ལ་སོགས་པའི་འབྲས་བུ་གང་ཡིན་པ་དེ་སྐྱེད་པའི་རྒྱུ་མཚན་གྱི་ལྷན་ཅིག་སྐྱེད་པའི་རྐྱེན་སྐད་ཅིག་མ་དང་པོའི་མཇུག་ཐོགས་སུ་སྐད་ཅིག་མ་གཉིས་པའི་དངོས་པོ་ཁྱད་པར་ཅན་གྱི་ངོ་བོ་ནི་གང་ཁྱད་པར་གྱི་འབྲས་བུ་སྐྱེད་པར་ནུས་པའི་དང་པོ་ལས་བྱུང་ངོ་། །དེ་དང་དེ་དག་ ལྷན་ཅིག་བྱེད་པ་རྣམས་ཐོག་མར་ཕྲད་པ་ལ་རྟེན་པའི་ཕན་ཚུན་ཁྱད་པར་དུ་བྱས་པའི་ཁྱད་པར་གང་ཡིན་པ་དེ་ནི་སྐྱེད་པ་ཅན་མ་ཡིན་ཏེ་ཕན་ཚུན་ཉེ་བར་འགྲོ་བ་ལ་སོགས་པ་ལ་བརྟེན་པ་ཉིད་ཀྱི་རྐྱེན་གྱི་བྱེ་བྲག་ལ་དེ་འབྱུང་བའི་ཕྱིར་རོ། །དེས་ན་འབྲས་བུ་སྐྱེད་པ་དང་རྗེས་སུ་མཐུན་པ་ལ་སོགས་ པ་གང་གི་ཁྱད་པར་ལས་སྐད་ཅིག་མ་དང་པོ་དང་ཉེ་བའི་ལྷན་ཅིག་བྱེད་པ་རྣམས་དང་གཞན་སྒྲུབ་པའི་ཁྱད་པར་སྐྱེད་པ་ཉིད་དང་མཚུངས་སོ། །དེ་ཕན་ཚུན་གྱི་ཁྱད་པར་ནི་འདྲེན་མ་ཡིན་ཏེ། དེ་ཕྱི་མ་ཕྱི་མའི་སྐད་ཅིག་མའི་དངོས་པོའི་མཚན་ཉིད་སྐྱེད་པའི་ཕྱིར་རོ། །དེ་དང་དེ་དག་སྐྱེ་བའི་ལྷན་ ཅིག་བྱེད་པས་བྱས་པའི་ཁྱད་པར་སྐྱེད་པའོ། །གང་ལས་ཤེ་ན། དེའི་རང་བཞིན་ཡིན་པའི་ཕྱིར་དེ་དང་པོ་འདིའི་ཁྱད་པར་ནི་ཕན་ཚུན་འདུས་པ་ལ་སོགས་པའི་བརྟེན་པའི་རྐྱེན་གྱི་ཁྱད་པར་གྱིས་སྒྲུབ་པ་དང་རྗེས་སུ་མཐུན་པའི་ཁྱད་པར་གྱི་ལྷན་ཅིག་བྱེད་པ་རྣམས་ཕན་ཚུན་ཕན་འདོགས་པ་ལ་མི་ལྟོས་ པར་སྐྱེད་པའི་རང་བཞིན་ཡིན་པའི་ཕྱིར་དང་། འདི་དག་གི་ཁྱད་པར་རྣམས་ལྷན་ཅིག་བྱེད་པས་བྱས་པའི་འབྲས་བུ་སྐྱེད་པ་དང་རྗེས་སུ་མཐུན་པའི་ཁྱད་པར་སྐྱེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གང་གི་དེ་ལྟ་ཡིན་པ་དེའི་ཕྱིར་ཐུག་པ་མེད་པ་མ་ཡིན་ནོ་ཞེས་གནས་སྐབས་དུ་མར་སྔར་ བཤད་ཟིན་ཏོ། །འོན་ཏེ་ལྷན་ཅིག་བྱེད་པ་ཞིང་ལ་སོགས་པ་དང་ས་བོན་ལ་སོགས་པ་དང་། སྦྱང་ལ་སོགས་པ་ན་གནས་པ་དེ་ལ་ཡང་ཞིང་ལ་སོགས་པས་བྱས་པའི་ཁྱད་པར་ཉེ་བར་གནས་པས་དེ་ལྟར་ཐུག་པ་མེད་པར་འགྱུར་རོ་ཞེ་ན། དེའི་བྱེ་བྲག་ཁས་མ་བླངས་པའི་ཕྱིར་སྐྱེས་ བུའི་རྩོལ་བ་ལ་སོགས་པས་ཞིང་ལ་སོགས་པ་རྨོ་བའི་རྒྱུ་བར་དུ་མ་ཆོད་པའི་ས་གཤིན་པ་ས་བོན་དང་ཕྲད་པའི་མཚན་ཉིད་ལས་འབྲས་བུ་སྐྱེད་པར་ནུས་པའི་ཁྱད་པར་དང་སྐྱེད་པར་བྱེད་པའི་ཁྱད་པར་ཁས་བླངས་པའི་ཕྱིར་རོ། །དེ་ལ་གཞན་གྱི་དེ་སྐད་དུ་བཤད་པའི་ཇི་ལྟར་ཐོག་མར་ཕྲད་ པ་ལ་བརྟེན་པའི་ཞིང་དང་ས་བོན་ལ་སོགས་པ་ཕན་ཚུན་ཁྱད་པར་དུ་བྱེད་པས་འབྲས་བུ་སྐྱེད་པ་དང་རྗེས་སུ་མཐུན་པའི་ཁྱད་པར་སྐྱེད་ན་ནི་དེ་བཞིན་དུ་བརྟན་པའི་ངོ་བོ་ཡོད་པས་ཀྱང་དེའི་འབྲས་བུ་གཅིག་ཏུ་ངེས་པར་འགྱུར་ཏེ་ཕན་ཚུན་བྱས་པའི་ཁྱད་པར་ལ་མི་ལྟོས་པ་ཁོ་ནར་འབྱུང་བས་དེ་ཡང་ ཁས་བླང་བར་གྱིས་ཤིག །གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐད་ཅིག་མ་བཞིན་དུ་སྐད་ཅིག་མ་མ་ཡིན་པ་བརྒྱ་ལ་འབྲས་བུ་སྐྱེད་པར་འགྱུར་རོ་ཞེ་ན། སྐྱེད་ལ་ནི་རག་སྟེ། ཅུང་ཟད་ཅིག་འཛིན་པ་ནི་མེད་དོ། །འོན་ཀྱང་གང་གི་ཕྱིར་ངོ་བོ་ཉིད་ཀྱིས་འབྲས་བུ་བྱེད་པ་དེ་ནི་གལ་ཏེ་ མི་ཐོགས་ཤིང་མི་སྡོད་པར་འབྲས་བུ་སྐྱེད་པར་བྱེད་པའི་ཆོས་ཅན་གྱིས་བྱེད་པ་ནི་དེ་ལྟ་བུའི་ངང་ཚུལ་ཅན་གང་ཡིན་པ་དེས་ཡིན་ཏེ། དེ་སྐད་དུ་དེའི་ཚེ་སོ་སོ་ན་ཡོད་པ་འབའ་ཞིག་གིས་ཀྱང་ཡིན་ནོ། །འབའ་ཞིག་པ་ནི་ལྷན་ཅིག་མ་ཡིན་པའོ། །དེ་ལྟར་འགྱུར་བ་ནི་རྒྱུ་དང་འབྲས་བུར་ འགྱུར་རོ་ཞེས་ལན་མང་དུ་བཤད་ཟིན་ཏོ། །དེའི་ངོ་བོ་ཉིད་མ་ཡིན་པ་ནི་མི་སྡོད་པའོ། །སྐྱེད་པར་བྱེད་པ་མ་ཡིན་པ་ནི་མ་ཚང་བའི་ངོ་བོ་ཉིད་དོ། །དེའི་ཚེ་ཡང་ཞེས་བྱ་བ་ནི་ལྷན་ཅིག་པའི་གནས་སྐབས་ན་ཡང་སྔོན་བཞིན་དུ་མི་སྐྱེད་པ་ཉིད་དུ་འགྱུར་རོ། །གཞན་གྱི་ངོ་ བོ་སྐྱེད་པར་བྱེད་པ་ཉིད་ནི་སྔར་བཀག་ཟིན་ཏོ། །དེ་ལྟར་ན་དོན་གཅིག་བྱེད་པ་དང་ཁྱད་པར་སྐྱེད་པ་ནི་སྐད་ཅིག་མ་མ་ཡིན་པ་ལ་ལྷན་ཅིག་བྱེད་པ་བཀག་པའི་མཇུག་བསྡུ་བ་ནི་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པ་གཉིས་པ་ལ་ཡང་ལྷན་ཅིག་བྱེད་པ་ཉིད་མི་རིགས་ཏེ་ སྐད་ཅིག་མ་མ་ཡིན་པ་ལ་ལྷན་ཅིག་བྱེད་པ་འགའ་ཞིག་ཀྱང་མེད་པས་དེ་འབའ་ཞིག་གིས་ཀྱང་སྐྱེད་པར་འགྱུར་རོ། །ལྷན་ཅིག་བྱེད་པའི་རྐྱེན་ལ་ལྟོས་པའི་སྐད་ཅིག་མ་མ་ཡིན་པ་གཞན་དག་རྒྱུར་བརྗོད་པ་ལ་རིགས་པ་ཅི་ཞིག་ཡོད་སྙམ་ནས་བསྟན་པ་ནི་དངོས་པོའི་ཞེས་བྱ་བ་ ལ་སོགས་པ་སྨོས་སོ། །རྒྱུ་རྟག་པར་སྨྲ་བ་གང་ཡིན་པ་དེ་ནི་གང་གི་ཚེ་ལྷན་ཅིག་བྱེད་པའི་རྐྱེན་གཞན་ལ་ལྟོས་ནས་འབྲས་བུ་སྐྱེད་པ་ཡིན་ན་ནི་དེའི་ཚེ་རྟག་པའི་རྒྱུ་དེ་ནི་རྐྱེན་གཞན་ལ་ལྟོས་ནས་སྐྱེད་པར་བྱེད་པའི་ངོ་བོ་གཞན་ཞིག་སྐྱེ་ཞེས་བྱ་བར་གདོན་མི་ཟ་བར་གསལ་བ་ ཡིན་ནོ། །འབྲས་བུ་མ་ཡིན་པ་དང་འབྲས་བུ་དེར་ཉམས་སུ་མི་མྱོང་བ་མ་ཡིན་པ་ནི་ལྟོས་པར་བརྗོད་དོ། །གང་གི་ཚེ་ལྷན་ཅིག་བྱེད་པ་ཚོགས་ཤིང་ཉེ་བར་གྱུར་པ་གང་ཡིན་པ་དེ་ནི་གནས་པ་ཅན་ནོ། །དེ་ལ་ད་ལྟར་བའི་དངོས་པོ་ནི་རྒྱུན་ནོ། །ཕལ་ཆེར་ནི་མང་པོའོ། །ལྷན་ཅིག་བྱེད་པའི་ རྐྱེན་གྱི་ཁྱད་པར་སྐྱེད་པས་རང་གི་འབྲས་བུ་སྐྱེད་པ་མཐོང་སྟེ་ས་བོན་ལ་སོགས་པ་བཞིན་ནོ། །དེའི་ཕྱིར་འདི་ལྟར་རྣམ་པར་དབྱེ་བར་བྱ་སྟེ། ཕལ་ཆེར་སྨོས་པ་ནི་མི་སྡོད་པའི་དབང་པོ་ལ་སོགས་པའི་ཚོགས་པ་རྣམ་པར་གཅད་པའི་ཕྱིར་རོ། །དེ་སྲིད་པར་འགྱུར་བའི་ཚུལ་གྱིས་སྐད་ ཅིག་མ་མ་ཡིན་པ་ལ་སོགས་པ་རྣམས་སོ་སོར་ཡོད་པ་སྲིད་པས་རེས་འགའ་བར་བརྟག་པར་ཡང་མི་ནུས་པའི་ཕྱིར་རོ། །སྔོན་སྐྱེད་པར་བྱེད་པ་མ་ཡིན་པ་ཕྱིས་སྐྱེད་པར་བྱེད་པའི་ངོ་བོ་ཉིད་ཀྱིས་སྐྱེད་པ་ལ་འགལ་བ་མེད་དོ། །དེ་ཉིད་སྐྱེད་པར་བྱེད་པ་དེའི་བདག་ཉིད་ཀྱི་ངོ་བོ་ནི་སྐྱེད་པར་མི་ བྱེད་པ་མི་རིགས་ཏེ་དེའི་བདག་ཉིད་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ངོ་བོ་གཞན་གཅིག་འཛིན་ཏོ། །དེ་ལ་འབའ་ཞིག་པའི་སྐྱེད་པར་བྱེད་པའི་རང་བཞིན་རང་གི་ངང་གིས་འགག་པ་ཙམ་དུ་ཁས་བླངས་པས་དེ་ཐམས་ཅད་ལེགས་པར་གནས་པ་ཡིན་ནོ། །ཡང་ན་སྐྱེད་པར་བྱེད་པའི་རང་ བཞིན་གཞན་པ་ཡིན་པའི་གཞུང་འདོད་པས་གལ་ཏེ་རྟག་པའི་རྒྱུ་སྔོན་སྐྱེད་པར་བྱེད་པའི་ངོ་བོར་མི་འགྱུར་གྱི་དེ་ནི་སྔར་ཡང་ཡོད་པ་ལས་རྐྱེན་གཞན་ལ་ལྟོས་ནས་དེ་སྐྱེད་པ་ཡང་རིགས་པ་ཡིན་ནོ་ཞེ་ན། སྐྱེད་པར་བྱེད་པའི་ངོ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་ཚོགས་པའི་ གནས་སྐབས་ལས་སྔོན་ཡང་སྐྱེད་པར་བྱེད་པའི་རང་བཞིན་དུ་གྱུར་པ་དེའི་ཚེ་མི་བྱེད་པ་ནི་མི་རུང་ངོ་། །ཚོགས་པའི་གནས་སྐབས་ན་ཡང་དེའི་རང་བཞིན་ཡིན་པ་ཁོ་ནས་བྱེད་པས་གཞན་གྱི་ངོ་བོའི་སྐྱེད་པར་བྱེད་པ་སྔོན་བཀག་པའི་ཕྱིར་སྐྱེད་པར་མི་བྱེད་དོ། །དེའི་ཕྱིར་དེ་འདིའི་ངོ་བོར་ཡིན་ ན་ནི་སྔོན་མེད་པར་གྱུར་ཏེ། གལ་ཏེ་རྐྱེན་གཞན་གྱིས་ཀྱང་འདི་བྱེད་པ་མ་ཡིན་ན་ཅིས་ན་ད་ལྟར་གཞན་ལ་ལྟོས་པ་ཉིད་དུ་འགྱུར་ཞེ་ན། དེ་ལྟར་ན་དེ་དང་དེའི་ངོ་བོས་སྐྱེད་པ་ཡིན་པའི་ཕྱིར་གང་དང་གང་གི་རང་བཞིན་ཡིན་པ་དེ་ནི་རང་གི་རྒྱུ་ཁོ་ན་ལས་དེ་དང་འདྲ་བར་སྐྱེ་བར་འགྱུར་རོ། །དེའི་ དངོས་པོ་འདི་ནི་རྒྱུ་གཞན་ལ་ལྟོས་པ་མ་ཡིན་ནོ་ཞེས་བྱ་བ་མ་ངེས་པ་སྤངས་པར་བཤད་པ་ལ་རྣམ་གྲངས་གཞན་གྱིས་མ་ངེས་པ་བརྗོད་པ་དེ་ཡོངས་སུ་སྤོང་བར་འདོད་ནས་ཕན་ཚུན་རྐྱེན་དུ་རུང་བ་ཞེས་བྱ་བ་ལ་སོགས་པ་མཛད་དོ། །དེ་ལ་རིགས་པ་གང་གིས་སྐད་ཅིག་མ་རྣམས་ལ་རྒྱུ་དང་ འབྲས་བུ་ཡོད་པ་དེ་ནི་སྐད་ཅིག་མ་མ་ཡིན་པ་རྣམས་ལ་མི་སྲིད་པར་བསྟན་པ་ནི་ཞར་ལ་བྱུང་བ་ཉེ་བར་བཀོད་པ་དེ་རྫོགས་ནས། རྣལ་མ་བརྗོད་པ་ནི་དེ་ལྟ་བས་ན་གང་གི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ངོ་བོ་ཉིད་ཀྱིས་མི་གནས་པའི་ཆོས་ཉིད་ཀྱི་དངོས་པོ་ལ་འཇིག་པའི་ རྒྱུ་དགོས་པ་མེད་ན་ངོ་བོ་ཉིད་ཀྱིས་གནས་པ་ཆོས་འབྱུང་བར་འགྱུར་རམ་ཞེ་ན། དངོས་པོ་གནས་པའི་ཆོས་ཅན་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གནས་པའི་ཆོས་ཅན་ལ་ནི་འཇིག་པའི་རྒྱུ་དག་ཅུང་ཟད་ཀྱང་མི་དགོས་པས་དེ་ནི་རང་གི་རྒྱུ་ལས་ཡང་དག་པར་སྐྱེའོ། །བརྟན་པའི་ ངོ་བོ་གང་ཡིན་པ་དེ་ནི་གཞན་མི་བརྟན་པར་སྐྱེད་པར་སུ་ཞིག་གིས་ཀྱང་བྱ་བར་མི་ནུས་པའི་ཕྱིར་རོ། །དངོས་པོའི་བདག་ཉིད་མི་འགྱུར་ན། རྒྱུན་ཁོ་ན་ལ་བདག་ཉིད་རང་གི་ངོ་བོ་ཡོངས་སུ་གཏོང་བར་མི་འགྱུར་རོ། །ཡང་ན་རྟག་པའི་ ཆོས་ཀྱང་གཞན་དུ་རྟོགས་སོ་ཞེས་འདོད་ན། དེའི་ཚེ་གཞན་དུ་རྟོགས་ན་དེའི་ངོ་བོ་ཁོ་ན་རྟག་པའི་ཆོས་ཅན་གྱི་བདག་ཉིད་དུ་མི་འགྱུར་རོ། །མི་རྟག་པའི་ཆོས་ཀྱི་ངོ་བོ་ནི་སྔར་མེད་པ་ལས་ཕྱིས་བྱུང་བ་རིགས་པ་ཡིན་པའི་བདག་ཉིད་ཡིན་པ་དེ་ལ་ནི་རེས་འགའ་འབྱུང་ བར་མི་རིགས་སོ། །དེའི་ངོ་བོ་ཉིད་མ་ཡིན་པར་ཐལ་བར་འགྱུར་ཏེ། འགལ་བའི་ཆོས་ཉེ་བར་གནས་པ་ནི་ཐ་དད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །དེ་ལྟར་གྱུར་ན་སྔ་མ་ཉིད་རྣམ་པར་རྟོག་པའི་ངོ་བོ་ནི་མི་བརྟན་པའི་ཆོས་ཡིན་ནོ་ཞེས་བྱ་བ་དང་ དེ་ལ་འཇིག་པའི་རྒྱུ་དོན་མེད་དོ་ཞེས་བྱ་བའི་སྐྱོན་རྣམས་བརྟག་པ་སྔ་མར་ཟད་པས་སྔར་བཤད་ཟིན་ཏོ། །ཡང་ན་འདི་བརྟན་པའི་ངོ་བོ་ཉིད་འབའ་ཞིག་པ་འདི་སྔར་མི་བརྟན་པའི་ངོ་བོ་ཡིན་ན་ནི་འཇིག་པའི་རྒྱུ་ལས་སྐྱེ་བ་ཡིན་གྱི། གཞན་དུ་ན་ལྡོག་པར་མི་རིགས་སོ་ཞེ་ ན། ཕ་རོལ་ལས་ཞེས་བྱ་བ་སྨོས་ཏེ། འཇིག་པའི་རྒྱུ་ཡིས་གནས་པའི་ཆོས་ཅན་དེ་ལས་གཞན་གྱི་ངོ་བོ་ཉིད་དུ་གནས་པའི་ཆོས་ཉིད་ཀྱི་མཚན་ཉིད་དུ་འགྱུར་ཏེ། དེ་སྔོན་གནས་པའི་ཆོས་ནི་རང་གི་རྒྱུ་ལས་ཡང་དག་པར་འབྱུང་བའི་ཕྱིར་རོ། །ངོ་བོ་ཉིད་ལས་ཕ་རོལ་པོ་ནི་ གཞན་གྱི་ངོ་བོ་ཉིད་དེ་དེ་ནི་གྲུབ་པ་དང་མ་གྲུབ་པའི་ཕྱིར་དང་རྒྱུ་ཐ་དད་པའི་ཕྱིར་ཇི་ལྟར་དེའི་ངོ་བོར་འགྱུར། གལ་ཏེ་དའི་བདག་ཉིད་དུ་སྣང་བའི་ཕྱིར་རོ་ཞེ་ན། འདྲ་བ་ལས་ཐ་དད་པར་མི་རྟོགས་པས་དེ་བཞིན་དུ་སྣང་བར་འགྱུར་གྱི་གང་གི་ཚེ་འདི་སྔ་མའི་ངོ་བོར་གྱུར་པ་ལས་གཞན་དུ་ འགྱུར་བ་དེ་ལྟ་མ་ཡིན་ན་ཚད་མ་དང་འགལ་བ་གང་གིས་ཟློག་པར་འགྱུར། གལ་ཏེ་གཞན་གྱི་ངོ་བོ་ཡིན་ནོ་ཞེ་ན། གང་ཞིག་གཞན་གྱི་ངོ་བོ་ཡིན་ན་དེ་ཇི་ལྟར་དེ་ཡིན་གཞན་གཞན་གྱི་ངོ་བོ་ཡིན་པ་ནི་མི་རིགས་ཏེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གང་ཞིག་གཞན་གྱི་ངོ་བོ་ཡིན་ པ་དེ་ཅིས་དེར་མི་འགྱུར་ཞེ་ན། དངོས་པོ་ཐ་དད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་གཞན་པ་ཉིད་དེ་གཞན་པའི་ངོ་བོར་འགྱུར་བ་ལ་ཉེས་པ་ཅི་ཞིག་ཡོད་ཅེ་ན། དེ་ལྟ་ན་ཞེས་བྱ་བ་སྨོས་ཏེ། དངོས་པོ་གཞན་དུ་འགྱུར་བ་ནི་འཇིག་པའི་རྒྱུ་ལ་སྐྱེས་པའི་རང་བཞིན་ནོ། ། དངོས་པོ་སྔ་མ་ནི་རང་གི་རྒྱུ་ལ་སྐྱེས་པའོ། །འཕོ་བ་མེད་པའི་ཆོས་ལ་གནས་པ་ནི་གནས་པ་ལྡོག་པ་ལ་བརྟེན་པར་མི་འགྱུར་བའོ། །འཇིག་པའི་རྒྱུས་དངོས་པོ་གཞན་སྐྱེད་པར་བྱེད་པའི་ཕྱིར་དེ་གནས་པའི་ཆོས་ལ་གཞན་དུ་འགྱུར་བའི་ལྡོག་པ་མེད་དོ། །ཐོ་བ་ལ་སོགས་པས་དངོས་པོ་ གཞན་འབྱུང་བ་ན་གཞན་ལྡོག་པར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཉེ་བ་ནས་དེ་སྐྱེད་པ་ཡིན་པ་ཡང་སྔར་བཤད་ཟིན་ཏོ། །འོ་ན་ནི་ཟངས་མ་ལ་སོགས་པ་སྲ་བ་ལ་སོགས་པའི་ངོ་བོ་འཇིག་པའི་རྒྱུས་ཞུ་བ་ལ་སོགས་པའི་རང་བཞིན་གཞན་སྐྱེད་པ་ མཐོང་བ་ཉིད་དེ་སྔ་མ་འཕོ་བ་མེད་པའི་ཆོས་མ་ཡིན་ནོ་ཞེ་ན། འདིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཤད་མ་ཐག་པའི་སྲ་བ་ལ་སོགས་པའོ། །སོགས་པ་སྨོས་པས་ནི་སྙི་བ་ལ་སོགས་པ་བསྡུའོ། །མེ་དང་གྲང་བ་ལ་སོགས་པས་ཟངས་མ་དང་གསེར་ལ་སོགས་པ་དག་ སྙི་བ་དང་སྲ་བ་ལ་སོགས་པ་རང་བཞིན་གཞན་སྐྱེད་པར་རྣམ་པར་གནས་པའི་ངོ་བོ་ཟངས་ལ་སོགས་པ་བསལ་ཞིང་སྤངས་པ་ཡིན་ཏེ་སྐྱོན་མཚུངས་པའི་ཕྱིར་རོ། །དེ་ལྟ་ན་འོན་ཏེ་སྔ་མ་འཕོ་བ་མེད་པའི་ཆོས་ལ་གནས་པ་མེད་པར་མི་རིགས་ཏེ་དེ་ལ་ངོ་བོ་གཞན་འབྱུང་བ་ཡིན་ནོ་ཞེ་ན། དེ་ལ་ཡང་ཞེས་བྱ་བ་སྨོས་ཏེ། སྲ་བ་ལ་སོགས་པའི་ངོ་བོ་ཅན་གྱི་ཟངས་མ་ལ་སོགས་པ་སྔ་མ་སྲ་བ་དང་སྙི་བ་ལ་སོགས་པའི་ངོ་བོ་རང་གི་ངང་གིས་འཇིག་པ་ཅན་ཡིན་པའི་ཕྱིར་འཇིག་པའི་རྒྱུ་དང་འབྲེལ་པས་ཞིག་པ་ཡིན་ནོ། །མེ་ལ་སོགས་པ་སྨོས་པས་ནི་ཆུ་བླུགས་པ་དང་གྲང་བ་དང་ རླུང་ལ་སོགས་པ་ལྷན་ཅིག་བྱེད་པ་ཕན་ཚུན་ཉེ་བར་འདུས་པ་ལ་སོགས་པ་རྟེན་གྱི་ཁྱད་པར་གྱིས་ཕུལ་དུ་བྱུང་བར་སྐྱེད་པ་དང་། ཉེ་བར་ལེན་པ་ལ་རག་ལས་པ་སྲ་བ་ལ་སོགས་པའི་ངོ་བོ་ཅན་གྱི་ཟངས་མ་ལ་སོགས་པ་རང་གི་ངང་གིས་ལྡོག་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཉེ་བར་ལེན་ པའི་རྒྱུ་དང་མེ་ལ་སོགས་པ་ལྷན་ཅིག་བྱེད་པའི་རྐྱེན་གྱིས་ཉེ་བར་ལེན་པ་ཁྱད་པར་དུ་སྐྱེད་དོ། །གཞན་ཁོ་ན་ནི་སྲ་བ་དང་སྙི་བ་ལ་སོགས་པའི་ངོ་བོ་གཞན་ཞིག་གོ། །སྙི་བ་སྨོས་པ་ནི་ཉེ་བར་མཚོན་པ་ཉིད་ཡིན་པས་སྔ་མ་སྲ་བ་དང་སྙི་བ་ལ་ སོགས་པའི་ངོ་བོ་ཅན་གྱི་ཟངས་མ་ལ་སོགས་པ་རྣམ་པར་གནས་པའི་བདག་ཉིད་སྲ་བ་དང་སྙི་བ་ལ་སོགས་པར་འགྱུར་བ་ནི་སྐྱེས་པ་ཡིན་གྱི་ཡོངས་སུ་གྱུར་པ་ནི་མ་ཡིན་ནོ། །གཞན་གྱིས་འདིར་དེ་ནི་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་གནས་པའི་ཆོས་ཅན་དུ་གྱུར་པ་ལ་འཇིག་པའི་ རྒྱུས་མི་བརྟན་པའི་ངོ་བོ་སྐྱེད་དོ། །དེས་ན་འཇིག་པ་ཡིན་ནོ་ཞེས་སུ་ཞིག་གིས་སྨྲས། །གང་གིས་གང་ཡང་ཕ་རོལ་ལས་གཞན་དུ་འགྱུར་བའི་ཕྱིར་ན་གཞན་གྱི་ངོ་བོ་ཡིན་ནོ་ཞེས་བརྗོད་དེ། འོན་ཀྱང་དེ་རང་གིས་གནས་པའི་ཆོས་ཅན་ཁོ་ན་རང་གི་རྒྱུ་ལས་སྐྱེ་བ་ནི་མི་ བརྟན་པའི་ངོ་བོ་ཡིན་པས་འཇིག་པའི་རྒྱུ་ལས་མི་སྐྱེ་བར་ཇི་ལྟར་ཤེས་རང་གི་རྒྱུ་ཇི་ལྟ་བ་རྣམས་ཀྱིས་རང་བཞིན་གྱིས་གནས་པའི་ཆོས་ཅན་ཁོ་ན་སྐྱེ་བ་ཡིན་ནོ་སྙམ་ན་ནི་མེ་ལ་སོགས་པ་འཇིག་པའི་རྒྱུ་མི་སྲིད་ན་གནས་པའི་ཕྱིར་རོ། །གང་གི་ཚེ་རང་བཞིན་གྱིས་གནས་པའི་ ཆོས་ཅན་རྒྱུ་ལས་སྐྱེ་བར་འགྱུར་བ་དེའི་ཚེ་མི་སྲིད་ཀྱང་གནས་པ་མ་ཡིན་ན་ནི་དེའི་ཕྱིར་དེའི་ངོ་བོ་ཉིད་ཀྱིས་གནས་པའི་ཆོས་ཅན་ཡོད་པ་ལས་རང་གི་རྒྱུ་ཁོ་ནས་འདི་གཞན་གྱི་ངོ་བོར་ངེས་པ་ཡིན་གྱི། དཔེར་ན་མེ་ལ་སོགས་པ་གཞན་དང་འགལ་བ་ལས་འཇིག་པར་ བདག་ཉིད་ཀྱིས་ཉམས་སུ་མྱོང་བ་བཞིན་ནོ། །གཞན་གྱིས་ཞེས་བྱ་བ་ནི་ལས་སུ་བྱ་བའི་ལྔ་པ་དབྱེ་བ་བརྗོད་པ་སྟེ། གཞན་ལ་ལྟོས་སོ་ཞེས་བྱ་བའི་དོན་ཏོ། །རང་གི་རྒྱུ་རྣམས་ཀྱིས་འདིའི་ངོ་བོ་ངེས་པར་བསྐྱེད་པ་ཡིན་ཏེ། དཔེར་ན་ཁྱེད་ཀྱི་འགལ་བ་ལ་ལྟོས་ནས་ རང་ཉིད་ལྡོག་པར་འགྱུར་བ་བཞིན་ནོ། །དེ་སྐད་དུ། དེ་ཡི་ངོ་བོ་ཡོད་པ་ཡང་། །གང་ལ་ལྟོས་ནས་ལྡོག་འགྱུར་བ། །དཔེར་ན་གཞན་གྱི་འགལ་བ་དག །བརྗོད་བཞིན་ཐོ་བ་ལ