Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 181
Văn bản gốc(Tây Tạng)
Trang 1 / 21 (50.000 ký tự/trang)
༄༅༅། །རྣམ་འགྲེལ་དང་ནི་དེའི་རྒྱན་གྱི། །འགྲེལ་བཤད་བློའི་སྒྲིབ་སྦྱོང་བྱེད་འདི། །ཡོན་ཏན་མཆོག་ལྡན་མཁས་རྣམས་ཀྱིས། །མཐོང་བས་རྒྱལ་བ་ཅན་དུ་འགྱུར། ། སློབ་དཔོན་གྱི་གཞུང་འཆད་པའི་ཐབས་སུ་གྱུར་པའི་ལེའུ་དང་པོས་ནི་རྗེས་སུ་དཔག་པ་འཆད། ལེའུ་གཉིས་པ་ཚད་མ་ཡང་དག་ཅེས་བྱ་བའི་ཚིགས་སུ་བཅད་པ་ཕྱེད་ཀྱིས་ནི་ཚད་མ་གྲུབ་པ། ། གསུམ་པ་ནི་མངོན་སུམ་འཆད་པ་ཡིན་ནོ་ཞེས་འཆད་པ་པོ་དང་ཉན་པ་པོ་སྦྱོང་བར་བྱེད་པ་མ་ཡིན་ཏེ། དོན་མངོན་པར་མ་བརྗོད་པའི་ཕྱིར་རོ་ཞེས་བྱ་བའི་དགོངས་པས། དེ་ལྟར་སྤྱིའི་མཚན་ཉིད་ཅེས་བྱ་བ་ སྨོས་སོ། །གལ་ཏེ་ཡང་འདི་ནི་སློབ་དཔོན་གྱི་གཞུང་འཆད་པ་དེ་ལྟ་ན་ཡང་ལེའུ་དང་པོ་བཤད་པའི་ཞར་ལ་ཚད་མ་དག་གི་སྤྱིའི་མཚན་ཉིད་དང་། དེའི་རྗེས་སུ་གཞུང་གཞན་བཀོད་པའི་ཁྱད་པར་ གྱིས་སོ་ཞེས་སྟོན་པར་རིགས་སོ། །དེ་ལྟར་ཡང་། ཚད་མ་མི་སླུ་ཅན་ཤེས་པ། །ཞེས་བྱ་བས་ནི་སྤྱིའི་མཚན་ཉིད་བསྟན་པ་ཡིན་ལ། དེ་དག་གི་ཁྱད་པར་གྱི་མཚན་ཉིད་ནི། མངོན་སུམ་ དང་ནི་རྗེས་དཔག་དང་། །ཅེས་བྱ་བ་ལ་སོགས་པ་སོ་སོར་སྣང་བའི་དབྱེ་བ་བརྗོད་པས་གསལ་བ་ཉིད་དུ་བྱས་པ་ཡིན་ནོ། །གྲངས་ཀྱི་ངེས་པ་འདི་ནི་མཚན་ཉིད་ཀྱི་ཡན་ལག་ཡིན་པའི་ཕྱིར་དང་པོ་བྱས་པ་མ་ཡིན་ ནམ། གང་གི་ཕྱིར་གསལ་བའི་དབྱེ་བ་རྣམ་པར་གཞག་པ་ལ་གསལ་བ་སོ་སོའི་ངེས་པའི་མཚན་ཉིད་བརྗོད་པར་ནུས་པ་མ་ཡིན་ནོ། །དེ་ན་གསལ་བའི་དབྱེ་བ་རྣམ་པར་གཞག་པ་གཙོ་བོ་ཉིད་ཀྱི་རང་གི་ངོ་བོའི་དབྱེ་བའི་རང་བཞིན་ གྱི་མཚན་གྱི་ངོ་བོ་ལས་གཞན་ཡོད་པ་མ་ཡིན་པའི་ཕྱིར་དེ་དག་ཉིད་ཀྱིས་དེ་གཉིས་རྟོགས་པ་ཡིན་ལ། ཚད་མ་གཞན་ནི་དེ་དག་ཙམ་གྱི་གཞལ་བྱ་ཡིན་པས་བྱ་བ་རྫོགས་པའི་ལས་སུ་བསྒྲུབ་པ་ནི་སྒྲུབ་པར་བྱེད་པའི་རིགས་པ་ ལས་འདས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཚད་མ་ནི་རིགས་པ་ཡིན་ལ་གཉིས་ནི་གཞལ་བྱ་སྟེ། རིགས་པར་བྱེད་པའི་ཡུལ་ཏེ་གསལ་བ་དང་མི་གསལ་བའི་སོ་སོར་སྣང་བ་ཉིད་ཀྱིས་གཉིས་ཡིན་པའི་ཕྱིར་རོ། །གསལ་ བའི་སོ་སོར་སྣང་བ་འདི་ཉིད་ནི་དོན་གྱིས་དངོས་སུ་བསྐྱེད་བྱ་ཡིན་པ་ཉིད་ལ་དོན་དུ་སྒྲོ་འདོགས་པའི་ཡུལ་ཡིན་པའི་ཕྱིར་ནུས་པ་ཡིན་ནོ། །མི་གསལ་བའི་ཡུལ་སོ་སོར་སྣང་བ་ནི་དོན་གྱིས་བརྒྱུད་ནས་སྐྱེད་པར་སྒྲོ་འདོགས་པའི་ཡུལ་ཡིན་ པའི་ཕྱིར་མི་ནུས་པ་ཡིན་ཏེ་རྣམ་པ་གཉིས་པོ་འདི་ལས་གཞན་པའི་རྣམ་པ་ནི་ཡོད་པ་མ་ཡིན་ཏེ། གང་གིས་ཚད་མ་གཞན་དུ་འགྱུར། །ཞེས་བྱ་བའི་ཐ་ཚིག་གོ། །གསལ་བ་སོ་སོར་སྣང་བ་ཉིད་དོན་ཉིད་ཡིན་པའི་ཕྱིར་ནུས་པ་ཡིན་ན་ནི་རབ་རིབ་ཅན་གྱིས་སྐྲ་ཤད་དུ་སོ་སོར་སྣང་བ་ལ་ ཡང་འགྱུར་རོ་སྙམ་དུ་སེམས་པ་ལ་རབ་རིབ་ཅན་གྱིས་དམིགས་པར་ཞེས་བྱ་བ་སྨོས་ཏེ། གནོད་པར་བྱེད་པ་མེད་པ་ཡིན་ན་གསལ་བར་སོ་སོར་སྣང་བ་ནུས་པའི་རང་བཞིན་ཡིན་པའི་ཕྱིར་ཁྱབ་ཆེས་པར་ཐལ་བ་མ་ཡིན་ནོ། །གལ་ཏེ་ཁྱད་པར་སོ་སོར་སྣང་བ་ཇི་ལྟར་དངོས་སུ་ཁྱད་པར་གྱི་བསྐྱེད་བྱ་ ཡིན་པ་དེ་བཞིན་དུ་སྤྱིའི་སོ་སོར་སྣང་བ་ཡང་སྤྱིའི་དངོས་སུ་བསྐྱེད་བྱ་ཉིད་དུ་འགྱུར་གྲང་ན། ཅིའི་ཕྱིར་བརྒྱུད་པས་ཁྱད་པར་གྱི་བསྐྱེད་བྱ་ཁོ་ན་ཡིན་པར་བརྗོད་པར་བྱེད་སྙམ་དུ་སེམས་པ་ལ། ཡུལ་གཅིག་ཉིད་ཅེས་བྱ་བ་སྨོས་ཏེ་ཁྱད་པར་ལས་གཞན་པའི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ ནུས་པ་མི་རྟོགས་པའི་ཕྱིར་རོ་ཞེས་འཆད་པར་འགྱུར་བའི་ཕྱིར་རོ་སྙམ་དུ་དགོངས་པའོ། །གལ་ཏེ་གཅིག་ཉིད་ཇི་ལྟར་རྣམ་པ་གཉིས་སུ་འགྱུར་ཞེ་ན། རྟོགས་པའི་དབྱེ་བ་ཞེས་བྱ་བ་སྨོས་ཏེ། གསལ་བ་དང་མི་གསལ་བའི་ངོ་བོའོ། །དེའི་ཁྱད་པར་ཉམས་སུ་མྱོང་བ་ཡང་ཐ་མི་དད་པ་ཡིན་ནོ་ཞེ་ན། རྟོགས་པའི་དབྱེ་བ་ཡང་ཞེས་བྱ་བ་སྨོས་སོ། །སོ་སོར་སྣང་བ་དང་དེ་དང་ལྡན་པ་དག་ལ་བྱེ་བྲག་མེད་དོ་ཞེ་ན། དེ་ཉིད་ནི་ཞེས་བྱ་བ་སྨོས་སོ། །ཐ་དད་པ་ཉིད་ཡིན་ན་ཉམས་སུ་མྱོང་བ་ཐ་དད་ཀྱང་སོ་སོར་སྣང་བ་ཐ་དད་པར་མི་འགྱུར་རོ་སྙམ་དུ་སེམས་པ་ནི། གལ་ཏེ་རྟོགས་པའི་བྱེ་བྲག་ ཅེས་བྱ་བའོ། །དབྱེ་བ་ཡིན་ཡང་ཤེས་པའི་དབང་གིས་གནས་པའི་ཤེས་བྱ་ནི་ཤེས་པའི་བྱ་བའི་དབྱེ་བ་ཇི་ལྟ་བས་ཕྱེ་བ་ཡིན་ནོ་ཞེས་བསྟན་པ་ནི། ཤེས་པ་དང་། ཤེས་བྱ་དག་ནི་ཞེས་བྱ་བའོ། །གལ་ཏེ་བརྒྱུད་པས་ནུས་པ་ཉིད་སྤྱིའི་མཚན་ཉིད་ཡིན་ན་མི་ནུས་པ་ཞེས་ཇི་ལྟར་ བརྗོད་ཅེ་ན། བརྒྱུད་པ་ཞེས་བྱ་བ་སྨོས་ཏེ། དངོས་སུ་སྐྱེད་པར་བྱེད་པའི་ནུས་པ་ལས་གཞན་པའི་ནུས་པ་མེད་པ་ཡིན་ནོ་ཞེས་བྱ་བ་མ་ཡིན་པ་དགག་པའོ། །དངོས་སམ་ཞེས་བྱ་བ་ནི་སྐྲ་ཤད་ལ་སོགས་པའོ། །བརྒྱུད་པས་ཞེས་བྱ་བ་ནི་སྒྲའོ། །གནོད་པར་བྱེད་པའི་ཚད་ མ་ནི་མི་སླུ་བའི་ཤེས་པའོ། །ཡང་ན་གཉི་ག་ཡང་དངོས་ཁོ་ན་ཡིན་ཏེ། འདི་ལྟར་ཤེས་པ་ཁ་ཅིག་ནི་སྲེག་པ་དང་འཚོད་པ་ལ་སོགས་པའི་མཚན་ཉིད་ཀྱི་དོན་བྱེད་པ་ལ་ནུས་པ་ཅན་དུ་དངོས་སུ་སྣང་བ་ཡིན་ལ། གཞན་ལ་ནི་དངོས་ཁོ་ནའི་ནུས་པ་ཡོད་པ་མ་ཡིན་པས། ནུས་པ་ཉིད་ཀྱང་མི་ནུས་པར་སོ་སོར་སྣང་བཞིན་པའི་ངོ་བོས་སོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱིས་ན་ཕྱི་རོལ་གྱི་དོན་གྱི་བྱ་བ་ནུས་པ་མེད་པའི་ཕྱིར་སྐྲ་ཤད་ལ་སོགས་མེད་པའི་ཞེས་སྨོས་སོ། །དེ་བཞིན་དུ་ཅུང་ཟད་ནི་དཔེ་དང་ཐུན་མོང་བའི་ངོ་བོས་རྟོགས་པ་ཡིན་ལ་གཞན་ནི་ཐུན་མོང་མ་ཡིན་པས་སོ་ ཞེས་བསྟན་པ་ནི། འདྲ་དང་ཞེས་བྱ་བ་སྟེ། ཤེས་པའི་ངོ་བོའི་དོན་བྱེད་པ་ལ་ནུས་པ་དང་མི་ནུས་པའི་སོ་སོར་སྣང་བའི་དབྱེ་བས་གཅིག་ཉིད་སོ་སོར་སྣང་བ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཁོ་ན་མངོན་སུམ་དུ་སྒྲའི་ཡུལ་མ་ཡིན་པ་ཉིད་ཀྱིས་སྣང་བ་ཡིན་ལ། རྗེས་སུ་དཔག་པ་ནི་ཡུལ་ཉིད་ཀྱིས་ཡིན་ ནོ་ཞེས་བྱ་བ་ནི་དབྱེ་བ་ཡིན་ནོ་ཞེས་བསྟན་པ་ནི་ཡུལ་དང་ཞེས་བྱ་བ་སྟེ། སྒྲ་ལས་བྱུང་བའི་ཤེས་པ་ལ་སྣང་བའི་ཕྱིར་ཞེས་བྱ་བའི་དོན་ནི་མ་ཡིན་ཏེ། ངེས་པར་བྱེད་པ་མེད་པས་སྐྲ་ཤད་ལ་སོགས་པ་བཞིན་དུ་དོན་མེད་པའི་ཕྱིར་རོ། །ཡུལ་གང་ཡོད་ན་དབང་པོ་ལ་སོགས་པའི་རྒྱུ་མཚན་གཞན་ཡོད་པ་ན་ བློ་སྟེ་རྟོགས་པ་ནི་མངོན་སུམ་དུ་མངོན་དུ་བྱེད་པ་གང་འབྱུང་བ་ཡིན་ནོ། །རྗེས་སུ་དཔག་པ་ལ་ནི་དེ་ཡོད་ཀྱང་མངོན་དུ་བྱེད་པ་མི་འབྱུང་ངོ་། །དུ་བ་ལ་དབང་པོའི་བྱ་བ་ཡོད་ཀྱང་རྗེས་སུ་དཔག་པར་བྱ་བ་མངོན་དུ་བྱེད་པ་མི་འབྱུང་བ་ཡིན་པར་བསྟན་པ་ནི། རྒྱུ་མཚན་གཞན་ནི་ཞེས་བྱ་བའོ། །དེ་ཉིད་རྣམ་པ་ ཅི་ཞིག་ལྟར་ཞེས་བྱ་བ་མངོན་དུ་བྱ་བ་མེད་ནའོ། །གལ་ཏེ་ཞེས་བྱ་བ་ནི་འདྲ་བ་ཉིད་ཙམ་སྤྱིའི་མཚན་ཉིད་ཡིན་ན་ནི་ཐལ་ཆེས་སོ། །བ་མེན་དེ་ནི་འདི་ཞེས་བྱ་བ་ནི་བ་ལང་ཇི་ལྟར་གྱུར་པ་དེ་ལྟ་བུའི་བ་མེན་ནོ་ཞེས་ལྷག་པར་སྟོན་པའི་ངག་ལས་རྟོགས་པའི་བ་ལང་གི་འདྲ་བ་ཉིད་དང་། བྱེ་བྲག་ཅན་གྱི་བ་མེན་ ཉིད་བ་མེན་གྱི་སྒྲའི་བརྗོད་བྱ་བ་ནི་བ་མེན་མཐོང་བ་ལས་ནི་རྗེས་སུ་དྲན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བ་ལང་མངོན་སུམ་མ་ཡིན་པ་ལ་བ་མེན་གྱི་འདྲ་བ་ཉིད་མཐོང་བ་ནི་བ་ལང་དང་འདྲ་བའི་བ་མེན་མཐོང་བའི་ཁོངས་སུ་གཏོགས་པ་ཡིན་ཏེ་དེ་འཛིན་པས་དེ་མཐོང་བའི་ཁོངས་སུ་གཏོགས་པ་ཡིན་ཏེ། དེ་མི་འཛིན་པས་དེ་མཐོང་བ་ཉིད་མེད་པའི་ཕྱིར་རོ། །འདྲ་བའི་བདག་ཉིད་ཅན་གསུམ་པོ་དེ་དག་ཀྱང་འདྲ་བ་ཁོ་ན་ཡིན་ནོ་ཞེས་ངེས་པར་འཛིན་པའི་ཕྱིར་གསལ་བ་ཡིན་པར་བསྟན་པ་ནི། འདྲ་བའི་ངོ་བོ་ཉིད་དུ་ནི་ཞེས་བྱ་བའོ། །གལ་ཏེ་ཡང་སྤྱི་ནི་འདྲ་བའི་ངོ་བོར་འགྱུར་བར་འོས་པ་མ་ཡིན་ཏེ། མངོན་སུམ་གྱི་ཡུལ་ཉིད་ཀྱིས་ཁྱད་པར་ཡིན་པའི་ཕྱིར་རོ། །ཁྱད་པར་མེད་པར་སོ་སོར་སྣང་བ་ནི་གསལ་བ་མ་ཡིན་པའི་ཕྱིར་སྤྱི་ཡིན་པར་འདོད་དོ། །གང་གི་ཕྱིར་ནི་སྤྱིའི་སྒོ་ནས་ཀུན་དུ་སྣང་བཞིན་པའི་ཁྱད་པར་ནི་སྤྱིའི་མཚན་ཉིད་ཡིན་གྱི་སྤྱི་ཁོ་ན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་དུ་བསྟན་པ་ནི་ དེའི་ངོ་བོ་ཞེས་བྱ་བའོ། །རིག་པར་བྱེད་པའི་མངོན་སུམ་ནི་སྤྱི་དང་ཁྱད་པར་དང་ལྡན་པ་ཉིད་ཡིན་ཏེ་གཞན་དུ་མི་རིགས་པའི་ཕྱིར་རོ་ཞེས་བསྟན་པ་ནི། ཐ་དད་པར་རྟོགས་པ་མེད་པའི་ཕྱིར་ཞེས་བྱ་བའོ། །དེར་ཞེན་པ་ཡང་ཁྱད་པར་གྱི་ཡུལ་ཁོ་ན་ཉམས་སུ་མྱོང་བར་བསྟན་པ་ནི། འདྲ་བའོ་ སྙམ་དུ་ཞེས་བྱ་བའོ། །རྗེས་སུ་དཔག་པ་ལ་ནི་མངོན་སུམ་གྱིས་ཉམས་སུ་མྱོང་བ་ཉེ་བས་རྟོགས་པ་མ་ཡིན་པར་བསྟན་པ་ནི། རྗེས་སུ་དཔག་པའི་ཞེས་བྱ་བའོ། །མངོན་སུམ་གྱིས་རྟོགས་པའི་ཉེ་བ་མ་ཡིན་ཡང་སྒྲ་ལས་རྟོགས་པའི་སྤྱི་མ་ཡིན་ནམ་ཞེས་བྱ་བ་འདིས་ཁྱབ་ཆེས་པར་དོགས་པ་ གསལ་བ་ནི་འདི་ལ་ལན་ཞེས་བྱ་བའོ། །མངོན་སུམ་ལས་རྗེས་སུ་དཔག་པར་བྱ་བ་ཉིད་སྒྲའི་ཡུལ་ཉིད་ཀྱིས་ཐ་དད་པ་ཡིན་ནོ། །དེའི་ཡུལ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་བཞིན་དུ་སྒྲ་ཡང་ཚད་མར་འགྱུར་རོ་ཞེས་ཟེར་བ་ནི་གལ་ཏེ་སྒྲའི་ཡུལ་ཞེས་བྱའོ། །རྗེས་སུ་དཔག་པར་བྱ་བ་ནི་སྒྲ་ གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཉིད་ཡིན་པར་བསྟན་པ་ནི་གཞན་དོན་ཞེས་བྱ་བའོ། །སྒྲའི་ཡུལ་ཉིད་ཀྱིས་སྤྱིའི་མཚན་ཉིད་མེ་ལ་སྦྱིན་སྲེག་ལས་མཐོ་རིས་སོ་ཞེས་བྱ་བ་འདི་ལ་ཡང་འགྱུར་རོ་སྙམ་དུ་སེམས་པ་ལ། རང་གི་མཚན་ཉིད་ཁོ་ན་སྒྲའི་ཡུལ་དང་ཡུལ་མ་ཡིན་པ་ཉིད་ཀྱིས་ གསལ་བ་དང་མི་གསལ་བའི་ངོ་བོ་ཡིན་པའི་ཕྱིར། མཚན་ཉིད་གཉིས་ཡིན་ནོ་ཞེས་བྱ་བ་ནི་གནས་སྐབས་སུ་མི་འགྱུར་བར་བསྟན་པ་ལ། སྒྲའི་སྤྱོད་ཡུལ་མ་ཡིན་པ་ཞེས་བྱ་བ་སྟེ། འདི་དག་གི་ནང་དུ་སྤྱིའི་སྒྲའི་ཡུལ་མ་ཡིན་ནོ་ཞེས་དེ་ལྟར་རྣམ་པར་གཅོད་པར་བྱེད་པ་ནི་དགག་པ་བྱེད་པའོ། ། འདི་ལས་ཅིར་འགྱུར་ཞེ་ན། སྒྲའི་ཞེས་བྱ་བ་སྨོས་སོ། །གནས་སྐབས་ཉིད་བསྟན་པ་ནི། སྤྱིའི་སྒྲ་ཁོ་ནའི་ཞེས་བྱ་བའོ། །ཡུལ་བཞིན་དུ་ཡུལ་མ་ཡིན་པ་ལ་ཡང་གནས་སྐབས་མཚུངས་པར་བསྟན་པ་ནི། ཡུལ་མ་ཡིན་པ་ཡང་ཞེས་བྱ་བའོ། །གནས་ སྐབས་ལ་ལྟོས་པ་མེད་པ་ལ་ནི་སྒྲའི་ཡུལ་དང་ཡུལ་མ་ཡིན་པ་དག་ནི་དོན་དང་ཅིག་ཤོས་དག་གོ་ཞེས་བསྟན་པ་ནི་དེས་ན་སྒྲའི་ཡུལ་ཡང་ཞེས་བྱ་བའོ། །གཞན་གྱི་འདོད་པས་བཤད་པ་ནི། རྒྱུ་མཚན་གཞན་ཞེས་བྱ་བའོ། །རང་གི་འདོད་པ་བསྟན་པ་ནི། ཡང་ན་རྒྱུ་ མཚན་གཞན་ཞེས་བྱ་བའོ། །ལྐོག་ཏུ་གྱུར་པ་ཞེས་བྱ་བ་ནི་རང་གི་ངོ་བོ་མ་དམིགས་པའི་ཕྱིར་རོ། །སྤྱི་དེ་ཞེས་བྱ་བ་ནི་མི་གསལ་བའི་སོ་སོར་སྣང་བའི་ཡུལ་ཡིན་པའི་ཕྱིར་རོ། །མ་གྲུབ་པ་ནི་གཏན་ཚིགས་སུ་མི་འགྱུར་རོ་ཞེས་ཟེར་བ་ནི། གལ་ཏེ་མངོན་སུམ་ཞེས་བྱ་བའོ། །ཚད་ མ་གཉིས་ཉིད་དུ་བསྒྲུབ་པར་བྱ་བ་ལ། གཞལ་བྱ་གཉིས་ཉིད་ནི་རང་གི་སྒྲུབ་པ་ལ་ཚད་མ་གཞན་ལ་ལྟོས་པ་ནི་འགལ་བ་ཡིན་ཏེ། བསྒྲུབ་པར་བྱ་བ་ཕྱིན་ཅི་ལོག་ཏུ་སྒྲུབ་པར་བྱེད་པའི་ཕྱིར་རོ་ཞེས་ཟེར་བ་ནི། ཚད་མ་གཞན་གྱིས་ཞེས་བྱ་བའོ། །མ་གྲུབ་པ་ཉིད་ཡིན་ནོ་ཞེས་ཟེར་བ་ནི། འོན་ ཏེ་ཚད་མ་གཉིས་ཉིད་ཀྱིས་ཞེས་བྱ་བ་ནི། གལ་ཏེ་ཚད་མ་དག་གིས་ཉམས་སུ་མྱོང་བཞིན་པ་ཡིན་པའི་ཕྱིར། མ་གྲུབ་པ་ཉིད་མ་ཡིན་པ་དེ་ལྟ་ན་བྱང་གི་སྒྲ་མི་སྙན་དང་ལྷ་མོ་ཨ་ས་ར་ལ་སོགས་པའི་ཤེས་པ་ནི་གསུམ་ལ་སོགས་པ་ཉིད་ཡིན་པར་འགལ་བར་འགྱུར་ཏེ་གཞལ་བྱ་གཞན་ཡོད་པའི་ཕྱིར་ རོ་ཞེས་ཟེར་བ་ནི། གསུམ་པ་ལ་སོགས་པ་ཡིས་ཞེས་བྱ་བའོ། །རང་གི་མཚན་ཉིད་གཅིག་པོ་ཚད་མའི་དབྱེ་བ་ལས་ཇི་ལྟར་རྣམ་པ་གཉིས་ཡིན་པ་དེ་བཞིན་དུ་སྒྲ་ལ་སོགས་པའི་ཚད་མའི་དབྱེ་བ་ལས་རྣམ་པ་གསུམ་པ་ལ་སོགས་པར་ཡང་འགྱུར་རོ་ཞེས་ཟེར་བ་ནི་ཚད་མའི་དབྱེ་བས་ཞེས་བྱ་ བའོ། །གལ་ཏེ་མངོན་སུམ་དང་མངོན་སུམ་མ་ཡིན་པའི་ངོ་བོའི་གཞལ་བྱ་ནི་ཚད་མ་དག་གིས་གྲུབ་པ་ཁོ་ན་ཡིན་ནོ་ཞེས་ཟེར་ཡང་། འཇུག་ན་རྗེས་དཔག་ཅེས་བྱ་བ་སྟེ། མངོན་སུམ་གྱིས་འབྲེལ་པ་མ་བཟུང་བའི་ཕྱིར་རོ། །གཏན་ཚིགས་ཀུན་ལས་ངེས་མི་འགྱུར། །ཞེས་བྱ་བ་ནི་གཅིག་དང་ གསུམ་ཉིད་ལ་སོགས་པ་མི་མཐུན་པའི་ཕྱོགས་ལ་གནོད་པ་ཅན་གྱི་ཚད་མ་མེད་པས་ལྡོག་པ་ལ་ཐེ་ཚོམ་ཟ་བའི་མ་ངེས་པ་ཡིན་ནོ་སྙམ་དུ་སེམས་པའོ། །ཇི་སྐད་སྨྲས་པ་རྣམས་སྡུད་པར་བྱེད་པ་ནི། དེ་ལྟར་གཞལ་བྱ་གཉིས་ཞེས་བྱ་བའོ། །གསལ་བ་དང་མི་གསལ་བར་སྣང་བའི་གཞལ་ བྱ་གཉིས་པོ་ཤེས་པའི་བདག་ཉིད་རང་རིག་པ་ཉིད་དུ་བསྟན་པ་ནི། ཡུལ་རྣམ་པ་གཉིས་ནི་ཞེས་བྱ་བ་སྟེ། རང་རིག་པ་འཁྲུལ་པ་ཡིན་ན་ཕྱི་རོལ་ཡང་འགྲུབ་པར་མི་འགྱུར་བར་བསྟན་པ་ནི། ཤེས་པ་ཐ་དད་ཅེས་བྱ་བའོ། །གསལ་བ་དང་མི་གསལ་བའི་རྟོགས་པའི་དབྱེ་བས་ནི་ཚད་མའི་ དབྱེ་བ་ལ་མ་ངེས་པ་ཡིན་ནོ་ཞེས་ཟེར་བ་ནི། རྟོགས་པ་ཐ་དད་ཉིད་ཡིན་ཡང་ཞེས་བྱ་བ་སྟེ། ཚད་མ་མི་སླུ་བ་ཅན་ཞེས་བྱ་བ་ལ་སོགས་པས་ཚད་མ་མ་ཡིན་གསལ་བ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ཉིད་ཀྱིས་རང་གི་ངོ་བོས་གྲུབ་ན་ཚད་མའི་ཐ་མི་དད་པ་ཉིད་གྲུབ་པ་མ་ཡིན་ནམ་ཞེས་ བསྟན་པ་ནི་དེའི་ཐ་དད་ཅེས་བྱའོ། །དེ་འདི་ཡང་གཅིག་ཉིད་དུ་མངོན་པར་ཞེན་པ་བསལ་བའི་ཕྱིར་ཁ་ཅིག་ཏུ་ཐ་དད་པའི་ཐ་སྙད་དུ་འགྱུར་བར་བསྟན་པ་ནི། རྣམ་རྟོག་བཅས་པའོ་ཞེས་བྱ་བ་ནི། སྔོན་དང་འདྲ་བ་ནི་དེ་ལྟ་བུའི་སྒྲུབ་བྱེད་ཡིན་ནའོ། །དོན་དེ་དགོས་པའི་གཏན་ཚིགས་ཉིད་དོ། །དོན་ སྒྲུབ་ནི་དགོས་པ་སྒྲུབ་པ་སྟེ། རང་གི་ངོ་བོ་ནི་མངོན་སུམ་ཡིན་ལ་དོན་བྱེད་པ་དང་འབྲེལ་པ་ཉིད་ནི་རྗེས་སུ་དཔག་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྤྱིའི་རྣམ་པས་ཞེས་བྱ་བ་ནི་དོན་བྱེད་པ་དང་འབྲེལ་པ་ཉིད་ཀྱིས་འདྲ་བའི་དོན་བྱེད་པ་དང་འབྲེལ་པ་ཉིད་ཀྱི་ངོ་བོ་འཛིན་པའི་རྣམ་པའོ། །གལ་ཏེ་ གང་ཞིག་ཡུལ་དེར་ནི། །ཞེས་བྱ་བ་ལ་སོགས་པས་དང་པོར་ཞུགས་པས་རྗེས་སུ་དཔག་པའི་དབང་ཉིད་ཀྱིས་གོམས་པའི་ཡུལ་ལ་ཡང་མངོན་སུམ་འཇུག་པར་བྱེད་པ་ཉིད་ཡིན་པར་བསྟན་པ་ཡིན་ནོ། །འོན་ཏེ་གོམས་པ་ལས་བྱུང་བའི་མངོན་སུམ་འཇུག་པའི་རྒྱུ་ཡིན་པའི་ཕྱིར། རྗེས་སུ་ དཔག་པ་གཙོ་བོ་མ་ཡིན་གྱི་བློ་ནི་ཚད་མ་ཉིད། བླང་དང་དོར་བའི་དངོས་པོ་ཡི། །འཇུག་པ་དེ་གཙོ་ཉིད་ཕྱིར་དང་། །ཞེས་བསྟན་པ་ཡིན་ནོ་ཞེ་ན། མངོན་སུམ་མེད་པར་ཞེས་བྱ་བའོ། །དུ་བ་མཐོང་བ་ལས་མེ་རྗེས་སུ་དཔོག་པ་ན་རྗེས་སུ་དཔག་པ་འཇུག་པར་བྱེད་པ་ཉིད་ལ་སོགས་པ་ལ་ མངོན་སུམ་གཙོ་བོ་མ་ཡིན་ནོ་ཞེ་ན། གང་ཞིག་ཏུ་སོགས་ཞེས་བྱ་བའོ། །འབྲས་བུའི་རྟགས་ལ་སོགས་པའི་ཡུལ་ཅན་ཞེས་བྱ་བ་ནི་གོམས་པ་ལས་མེ་མེད་ན་མེ་འབྱུང་བའི་དུ་བ་མཐོང་ན་མངོན་སུམ་ཉིད་མེ་རྣམ་པར་འཇོག་པར་བྱེད་པ་ཡིན་ནོ་ཞེས་ཟེར་བ་ནི། འོན་ཏེ་ཡང་དེ་ལ་འཇུག་པར་བྱེད་པ་ནི་མངོན་སུམ་ཉིད་དུ་ཞེས་བྱ་བའོ། །མེ་ཙམ་གྱིས་འབྲས་བུ་ཉིད་དུ་གོམས་པའི་དུ་བ་ནི་ཉེ་བ་ན་གནས་པའི་མེའི་འབྲས་བུ་ཉིད་དུ་རྗེས་སུ་དཔག་པ་ཡིན་པར་བསྟན་པའོ། །དེ་ལྟར་རྟོགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། རྟགས་མཐོང་བ་ཉིད་རྟགས་ཅན་མཐོང་ བ་ཡིན་ནོ་ཞེས་ཁས་ལེན་ན་ནི་ཕ་རོལ་པོ་མི་འདོད་པ་ཐོབ་པར་འགྱུར་བ་བསྟན་པ་ནི། འདིར་ཡང་རྟགས་ཀྱི་སྒྲུབ་བྱེད་ཀྱི། །མངོན་སུམ་ཉིད་ཀྱིས་འཇིག་རྟེན་གཞན། །ཞེས་བྱ་བའོ། །ཐབས་ཁས་ལེན་པ་ནི་ཐབས་ལས་བྱུང་བ་ལ་ལྟོས་པ་ཡིན་གྱི། རང་དབང་མ་ཡིན་པར་བསྟན་པ་ནི། རྗེས་དཔག་ ཚད་མ་ཉིད་མིན་ན། །ཞེས་བྱ་བའོ། །རྗེས་སུ་དཔག་པ་ནི་དངོས་སུ་མངོན་དུ་བྱེད་པ་མ་ཡིན་པའི་ཕྱིར་སྡུག་བསྔལ་ལ་སོགས་པའི་ཆོས་མངོན་སུམ་པ་བཞིན་དུ་ནམ་ཡང་ཐབས་ལས་བྱུང་བ་ལ་དེ་ལྟ་མ་ཡིན་པར་བསྟན་པ་ནི། གལ་ཏེ་རྗེས་སུ་དཔག་པས་ཞེས་བྱ་བའོ། །གལ་ ཏེ་རྟགས་ཀྱིས་མངོན་སུམ་གོམས་པ་ཡིན་ན། ཅི་མངོན་སུམ་བཞིན་དུ་ལྐོག་ཏུ་གྱུར་པ་མི་འཛིན་པ་ལ་ཡུལ་དུ་བྱེད་པའམ་འཛིན་པ་ལས་ཡིན། གལ་ཏེ་མི་འཛིན་པ་ལ་ཡིན་ན། འདིར་ཡང་རྟགས་ཀྱི་ཞེས་བྱ་བ་ལ་སོགས་པ་ནས་རྗེས་སུ་དཔག་པ་ཚད་མར་བསྒྲུབས་པས་ཁོ་བོ་ ཅག་ལ་ཅི་ཞིག་བྱ་ཞེས་བྱ་བའི་བར་གྱིས་བསྟན་ཟིན་ཏོ། །འཛིན་པ་ལ་ཡིན་ན་ཡང་། །འདི་ལ་གལ་ཏེ་ལྐོག་གྱུར་ཀྱང་། །མངོན་སུམ་ལས་ཞེས་བསྟན་པ་ཡིན་ནོ། །འདྲ་བའི་ངོ་བོར་ཞེས་བྱ་བ་ལ་ནི་དཔེ་ལ་མཐོང་བའི་ངོ་བོ་སྟེ། འདི་སྐད་དུ། འདྲ་བདག་ཉིད་ལས་ལྐོག་གྱུར་པ། །ཞེས་ གསུངས་པའོ། །དེ་སྣང་བའི་ཤེས་པ་ཙམ་འབྱུང་བ་དེའི་ཡུལ་ཉིད་ནི་འདིའི་ཁྱབ་བྱེད་འདིས་རྟོགས་པར་བསྟན་པ་ནི། སྒྲ་ཡི་ཤེས་པ་དེ་ཉིད་ཀྱང་། །ཞེས་བྱ་བའོ། །འདི་ཉིད་རིགས་པ་ཅན་རྣམས་ཀྱིས་ཉེ་བར་འཇལ་བ་ཡིན་ནོ་ཞེས་ཟེར་བ་ལ། ཉེ་བར་འཇལ་བས་ཞེས་བྱ་བ་སྨོས་ཏེ། བ་མེན་ གྱིས་འདི་བྱོས་ཞེས་འཛུད་པ་ནི་བ་མེན་གྱི་སྒྲ་མ་རྟོགས་པར་བ་མེན་གྱི་སྒྲའི་མིང་ཅན་རྟོགས་པ་དང་ལྡན་པ་ཡང་བ་མེན་རྟོགས་པར་མི་བྱེད་པ་དེ་ལ་དགོན་པ་པ་ན་རེ་བ་ལང་ཇི་ལྟ་བུ་ཡིན་པ་བ་མེན་དེ་ལྟ་བུ་ཡིན་ཞེས་བ་མེན་བ་ལང་དང་འདྲའོ་ཞེས་སྨྲས་པ་དེ་ཐོས་པ་དང་ལྡན་པས་ཀྱང་རིལ་པོ་མཐོང་ནས་ སྔར་བསྟན་པའི་ངག་དྲན་ནས་བ་ལང་དང་འདྲ་བར་ངེས་པར་བྱེད་པ་དེའི་ངེས་པ་ནི་ཉེ་བར་འཇལ་བའི་འབྲས་བུ་ཡིན་གྱི། མིང་དང་མིང་ཅན་འབྲེལ་པའི་ངེས་པ་ནི་མ་ཡིན་ཏེ། དེ་ལ་འཛུད་པའི་རྗེས་སུ་འབྲངས་ནས་རང་ཉིད་ཀྱིས་མངོན་སུམ་གྱི་དངོས་པོ་ལ་དྲན་པའི་བདག་ཉིད་འབྱུང་ བའི་ཕྱིར་རོ། །རྗེས་སུ་དཔག་པ་ནི་མངོན་སུམ་ཙམ་གྱི་ཡུལ་ལ་མ་ཡིན་ཏེ། ལྐོག་ཏུ་གྱུར་པ་ཡུལ་ཡིན་པའི་ཕྱིར་རོ། །འདིར་ནི་མིང་ཅན་ཉིད་དམ་ཅིག་ཤོས་ཀྱང་རུང་མངོན་སུམ་པ་ཉིད་དྲན་པ་ཡིན་ནོ། །འདི་ལ་མངོན་སུམ་པ་ཁྱད་པར་ཡིན་གྱི་རྗེས་སུ་དཔག་པ་ལ་ནི་ལྐོག་ཏུ་གྱུར་པ་ཡིན་ནོ་ཞེས་ བྱ་བའི་དོན་ཏོ། །འདྲ་བ་ཉིད་ནི་མངོན་སུམ་གྱི་ཡུལ་མ་ཡིན་པ་ཉེ་ཞིང་མཚན་ཉིད་མི་འདྲ་བ་མ་ཡིན་པའི་ཡུལ་དེ་ལ་སྣང་བ་རྣམ་པར་རྟོག་པ་ཙམ་ལས་བྱུང་བ་ནི་དེའི་ཡུལ་ཉིད་ཡིན་པ་དེས་རྟོགས་པ་དེས་ན་རང་གི་ངོ་བོས་འདྲ་བར་སྣང་བའི་རྣམ་པར་རྟོག་པས་འདྲ་བའི་ཡུལ་ཉིད་རྟོགས་པའི་ ཕྱིར་རང་བཞིན་གྱི་གཏན་ཚིགས་ཡིན་གྱི་ཚད་མ་གཞན་ནི་མ་ཡིན་ནོ། །རྒྱལ་དཔོག་པ་ནི་བ་ལང་རིལ་པོ་མཐོང་བས་བ་མེན་མཐོང་བ་ན་བ་ལང་ཉེ་བ་མ་ཡིན་ན་འདི་ནི་བ་ལང་དང་འདྲའོ་ཞེས་ཤེས་པ་ནི་མངོན་སུམ་ཡིན་ལ། འདི་དང་འདྲ་བ་ནི་བ་ལང་ངོ་ཞེས་བྱ་བ་ནི་ཉེ་བར་འཇལ་བ་ཡིན་ནོ་ཞེས་ ཟེར་རོ། །འདི་ལ་ཡང་སྔར་དང་ཕྱིས་དངོས་པོ་མཐོང་བའི་མངོན་སུམ་ཡིན་ལ། རྣམ་པར་རྟོག་པ་ནི་འདྲ་བ་ཉིད་ཀྱི་ཡུལ་ཅན་ཡིན་པས་རང་བཞིན་གྱི་གཏན་ཚིགས་ཁོ་ན་ཡིན་ནོ་ཞེས་བསྟན་པ་ནི། དེའི་ངོ་བོ་མངོན་སུམ་གྱིས་ཞེས་བྱ་བའོ། །རྣམ་པར་རྟོག་པ་མངོན་སུམ་ཡིན་པར་འདོད་པ་ལ་ ནི་མངོན་སུམ་ཉིད་འདི་ཡིན་ཏེ། འདི་ལྟར་དེ་དང་འདྲ་བ་ནི་འདི་ཡིན་ནོ་ཞེས་མ་ཤེས་པས་ནི་དེ་དང་འདྲ་བ་འདི་ཡིན་ནོ་ཞེས་རྟོགས་པ་དེས་ན། འདིའི་འདྲ་བ་ཉིད་འདི་དེའི་འདྲ་བ་ཉིད་དོ་ཞེས་དེའི་འདྲ་བ་ཉིད་རྟོགས་པ་ཁོ་ན་འདིའི་འདྲ་བ་རྟོགས་པ་འདྲ་བ་ཡིན་ནོ་ཞེས་བྱ་བ་ལ་དབྱེ་བ་མེད་པར་བསྟན་པ་ནི། འདི་ ལྟར་འདི་དེ་དང་འདྲའོ་ཞེས་བྱ་བའོ། །མངོན་སུམ་རྟོགས་པ་མེད་པར་སྨྲ་བ་ལ་ནི་བདག་གི་རྗེས་སུ་བྱེད་པ་ནི་འདྲ་བ་ཡིན་ལ། དེའི་ཐ་སྙད་རྣམ་རྟོག་ཡིན་པ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ་ཞེས་བསྟན་པ་ནི་དེའི་རྗེས་སུ་བྱེད་པ་ཞེས་བྱ་བའོ། །འདྲ་བ་ཉིད་དུ་སྣང་བའི་ རྣམ་པར་རྟོག་པ་ནི་དེའི་སྣང་བའི་རྣམ་པར་རྟོག་པ་དེའི་སྣང་བ་ཙམ་ལས་བྱུང་བའི་དེའི་ཡུལ་ཉིད་ལ་སྟེ། ལྐོག་ཤལ་ལ་སོགས་པར་སྣང་བའི་བ་ལང་གི་རྣམ་པར་རྟོག་པ་ཡང་དེར་སྣང་བ་ཙམ་ལས་བྱུང་བའི་ལྐོག་ཤལ་ལ་སོགས་པའི་ཡུལ་ཉིད་ལ་རང་བཞིན་གྱི་གཏན་ཚིགས་རང་གི་དོན་གྱི་རྗེས་སུ་ དཔག་པའོ། །རང་གི་རྟོགས་པ་གཞན་ལ་གོ་བར་བྱེད་པ་ན་འདི་ནི་འདི་དང་འདྲའོ་ཞེས་དེ་ལྟ་བུའི་རྣམ་པར་རྟོག་པའི་ཡུལ་ཉིད་ཁོ་ན་བ་བ་ལང་འདི་ཡིན་ཏེ། ལྐོག་ཤལ་དང་ལྡན་པའི་ཕྱིར་བ་ལང་གི་ཤེས་པའི་ལྐོག་ཤལ་ལ་སོགས་པའི་ཡུལ་ཉིད་བཞིན་ནོ་ཞེས་ཐ་སྙད་དུ་བྱེད་པར་བརྗོད་དོ་ཞེས་བཤད་ པ་ནི། དེ་ནི་འདི་དང་འདྲའོ་ཞེས་བྱ་བ་སྟེ། འདིར་ཡང་དེ་དང་མཚན་ཉིད་མི་མཐུན་པ་མ་ཡིན་པ་དངོས་པོ་དེའི་ངོ་བོ་ནི། དེ་ནི་འདི་དང་འདྲའོ་ཞེས་རྟོགས་པའི་ཡུལ་རྟོགས་པ་ཉིད་ཀྱི་ཤེས་པ་ཡིན་ཏེ་བ་ལང་གི་ཤེས་པའི་ལྐོག་ཤལ་ལ་སོགས་པ་བཞིན་དུ་རྣམ་པར་རྟོག་པའི་ཡུལ་ནི་འདྲ་བ་ཉིད་ཡིན་ ཏེ། དེ་ཡང་མཚན་ཉིད་མི་འདྲ་བའི་དངོས་པོའི་ངོ་བོ་ནི་རྟོག་པ་དེ་ཁོ་ནས་ཤེས་སོ་སྙམ་དུ་དགོངས་པའོ། །དངོས་པོ་གང་དག་གི་ངོ་བོ་བརྟག་བྱ་དང་འདྲ་བ་ཉིད་དེ་ནི་སྔ་མ་དང་ཕྱི་མའི་མངོན་སུམ་དག་ཉིད་ཀྱིས་རྟོགས་པ་ཡིན་པར་བསྟན་པ་ནི། རྣམ་པ་གཉིས་ནི་ཞེས་བྱ་བ་སྟེ། དེར་ནི་གཉིས་ ཁོ་ན་ཡིན་གྱི་གཅིག་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡུལ་ལས་གཞན་པ་དབང་པོ་དང་གསལ་བ་ལ་སོགས་པའི་རྒྱུ་མཚན་གཞན་རྣམས་མེད་ན་བློ་ཡོད་པ་མ་ཡིན་པ་ནི་རྐྱེན་གཞན་ཚང་བར་བསྟན་པ་ཡིན་ནོ། །བློ་ནི་འབྱུང་དང་ཞེས་བྱ་བས་རང་བཞིན་བརྗོད་པ་ཡིན་པར་བསྟན་པ་ནི། གང་ལ་ རྒྱུ་མཚན་གཞན་ཡོད་པ་ན་ཞེས་བྱ་བའོ། །དམིགས་པའི་མི་དམིགས་པ་ནི་དམིགས་པ་མེད་པ་མ་ཡིན་ནམ། དེ་ཡང་མི་རིགས་ན་མེད་པའི་ཐ་སྙད་བྱེད་པ་ཉིད་མ་ཡིན་ཏེ། ཤིན་ཏུ་མྱོས་པ་དང་། བརྒྱལ་བ་ལ་སོགས་པའི་གནས་སྐབས་ན་མི་མཐོང་བའི་ཕྱིར། དེའི་ཚེ་ན་སྣང་བ་མི་ དམིགས་པ་མེད་པ་ཡང་མ་ཡིན་ལ་གཞན་མཐོང་བ་དང་སོ་སོར་འབྲེལ་པ་དྲན་པ་དག་ཀྱང་མེད་པའི་ཤེས་པ་ལ་དགོངས་པ་དང་ལྡན་པ་མ་ཡིན་ཏེ་ཚད་མ་མེད་པའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །དེས་ན་གཞན་མཐོང་བ་ཉིད་དེ་ལས་གཞན་པ་དམིགས་པས་དབེན་པ་ནི་དེ་མེད་པར་གོ་བར་བྱེད་ པས་དངོས་པོའི་མེད་པ་རྟོགས་པར་བྱེད་པའི་ཕྱིར་ལྟོས་པ་ཡིན་ཏེ། གཞན་དུ་ན་དེ་ལ་ཕན་པར་ཉེ་བར་མཚོན་པ་མེད་པར་བསྟན་པ་ནི། དེ་ལ་འགའ་ཞིག་ཅེས་བྱ་བའོ། །རྟོགས་པ་ནི་ཤེས་པ་སྟེ་སྣང་བའི་ངོ་བོ་གཅིག་ཉིད་དུ་ངེས་པའི་ཕྱིར་རོ། །ཤེས་བྱ་ནི་སྣང་བ་དང་མི་སྣང་བའི་དབྱེ་བས་ མ་ངེས་པ་ཡིན་པའི་ཕྱིར་རྟོགས་པ་མ་ཡིན་པར་བསྟན་པ་ནི་རྟོགས་པའི་རྣམ་པ་ཞེས་བྱ་བའོ། །རྟོགས་པ་ནི་ཤེས་པའོ། །ལྐོག་ཏུ་གྱུར་པ་དང་ཅིག་ཤོས་ཀྱང་ཡིན་ལ། ཤེས་པ་ཡང་ཡིན་པས་ལྐོག་ཏུ་གྱུར་པ་དང་ཅིག་ཤོས་ཀྱི་ཤེས་པ་དེ་དག་གང་གི་ཡུལ་ཡིན་པ་དེ་ནི་དེ་བཞིན་ནོ། །འདི་ ཡང་ཕྱིས་ཞེས་བྱ་བ་ནི་དོན་དང་དོན་མེད་ནུས་པ་གང་ཞེས་བྱ་བ་འདི་ལའོ། །གཅིག་ལ་འཇུག་པའི་མངོན་སུམ་ལ་གཞན་མི་སྣང་བ་ལ་བདག་མི་འཇུག་གོ་ཞེས་བདག་རིག་པ་ལྐོག་ཏུ་གྱུར་པ་ལ་མི་འཇུག་པའི་རིག་པ་ཡང་། མངོན་སུམ་གྱི་རིག་པ་ལྟ་བུ་ཡིན་པའི་ཕྱིར་ལྐོག་ཏུ་གྱུར་པ་དང་ལྐོག་ ཏུ་མ་གྱུར་པའི་རིག་པ་གཅིག་ཉིད་ཡིན་པར་བསྟན་པ་ནི། གང་ལ་ང་ནི་མེད་པ་དེ་ཞེས་བྱ་བའོ། །ཅི་ལས་ཤེས་ཤེ་ན་ངེས་པ་ཉིད་དུ་རྟོགས་པ་ཉིད་ནི་ཞེས་བྱ་བའོ། །རྗེས་སུ་དཔག་པར་བྱ་བ་ལ་འབྲེལ་པ་འཛིན་པའི་དུས་སུ་མངོན་སུམ་འཇུག་པ་ཁོ་ན་མ་ཡིན་ནམ་སྙམ་སེམས་པ་ལ་མངོན་སུམ་ གྱིས་རྟོགས་ཀྱང་ཞེས་སྨོས་སོ། །ལྐོག་གྱུར་ཉིད་ཅེས་བྱ་བ་ནི་རྗེས་སུ་དཔག་པ་འཇུག་པའི་དུས་སུའོ། །དེའི་ཚེ་ཡང་ཆོས་ཅན་མངོན་སུམ་པ་མ་ཡིན་པའི་ཕྱིར་ཆོས་ཀྱང་མངོན་སུམ་པ་མ་ཡིན་ནོ། །སེམས་པ་ནི་དོན་ཤེས་ཞེས་བྱ་བའོ། །མངོན་སུམ་ལས་ཞེས་བྱ་བ་ནི་དེ་དང་དེ་མ་ཡིན་ པར་རིག་པ་དང་། རིག་པ་མ་ཡིན་པའི་རྟགས་འཛིན་པ་ལས་སོ། །རང་རིག་པའི་མངོན་སུམ་ཞེས་བྱ་བ་ནི་ཕྱི་རོལ་རིག་པ་མ་ཡིན་པའི་ངོ་བོའོ། །དབང་པོའི་ཤེས་པ་ཞེས་བྱ་བ་ནི་འབྲེལ་པ་འཛིན་པའི་དུས་སུ་འབྱུང་བའོ། །འབྲེལ་པ་རྟོགས་པ་ཞེས་བྱ་བ་ནི་རྟགས་འཛིན་པའི་མངོན་སུམ་ གྱིས་ཆོས་དང་ཆོས་ཅན་གྱིའོ། །ཇི་ལྟར་ཡང་མངོན་སུམ་འཇུག་པས་དོན་མངོན་སུམ་པ་ཡིན་པ་དེ་བཞིན་དུ། དེ་ལོག་པས་མངོན་སུམ་པར་མ་ཡིན་པར་འགྱུར་བའི་ཕྱིར། མངོན་སུམ་དང་དེ་ལོག་པ་དང་ལྡན་པའི་ཆོས་ཀྱང་ཆོས་ཅན་ལ་མངོན་སུམ་པ་དང་ལྐོག་ ཏུ་གྱུར་པ་ཡིན་ནོ་ཞེས་བསྟན་པ་ནི་ཐ་དད་མེད་པར་གནས་པའི་སྒྲུབ་པའི་ངོ་བོ་ཞེས་བྱ་བའོ། །གང་གི་ཕྱིར་མངོན་སུམ་པའི་ས་ཕྱོགས་ནི་ཆོས་ཅན་ལ་བུམ་པ་མེད་པ་ནི་ཆོས་ཡིན་ཏེ་མེད་པའི་ས་ཕྱོགས་ནི་མངོན་སུམ་པ་མ་ཡིན་པའི་མེད་པའི་ཤེས་པའི་ཁོངས་སུ་གཏོགས་པའི་ཤེས་པ་ཅན་ ནི་མངོན་སུམ་པ་མ་ཡིན་པའི་ཆོས་ཅན་ལ་ཡང་མངོན་སུམ་ཡིན་ནོ་ཞེས་བྱ་བ་ནི་དཔེ་ཡིན་ནོ། །དངོས་པོ་མི་འཛིན་ཀྱང་ཆོས་འཛིན་པ་ཡིན་ན། ཆོས་རིག་པ་ཡིན་ཡང་རིག་པར་མི་འགྱུར་རོ་ཞེས་ལྡོག་པའི་ཤུགས་ཀྱིས་ཆོས་ཅན་རིག་ན་ཐམས་ཅད་རིག་པར་བསྒྲུབ་པར་འགྱུར་རོ་སྙམ་དུ་སེམས་པ་ ལ་དམིགས་ཀྱིས་བསལ་བར་བསྟན་པ་ནི། དངོས་པོ་དང་ཐ་མི་དད་པ་ཞེས་བྱ་བ་སྟེ། གཞན་གྱིས་སྒྲོ་བཏགས་པའི་ངོ་བོ་ནི་མེ་དང་ལྡན་པའི་ཕྱོགས་བཞིན་དུ་ཆོས་ཅན་མངོན་སུམ་ཉིད་ཡིན་ཡང་མངོན་སུམ་མ་ཡིན་ལ། གཞན་གྱིས་སྒྲོ་མ་བཏགས་པའི་དངོས་པོའི་ཆོས་ནི་སྐད་ཅིག་པ་ཉིད་ བཞིན་དུ་ཆོས་ཅན་དང་ལྷན་ཅིག་མངོན་སུམ་གཅིག་གི་ཡུལ་ཡིན་ཞེས་བྱ་བའི་དོན་ཏོ། །ཆོས་གཙོ་བོའི་རྒོལ་བ་ལ་བསྟན་པ་ནི། རྗེས་སུ་དཔག་པས་ཞེས་བྱ་བའོ། །ཆོས་ཅན་གཙོ་བོ་ལ་བསྟན་པ་ནི་མངོན་སུམ་ཉིད་དུ་གྱུར་ན་ཡང་ཞེས་བྱ་བའོ། །མཐོང་བའི་ངོ་བོ་ཞེས་བྱ་བ་ནི་ཆོས་ཅན་གྱི་ འབྲེལ་པ་འཛིན་པའི་དུས་སུའོ། །ཆོས་ཅན་བཞིན་དུ་ཆོས་ཀྱང་འབྲེལ་པ་འཛིན་པའི་དུས་སུ་མངོན་སུམ་པ་ཡིན་ནོ་སྙམ་དུ་སེམས་པ་ལ། རྗེས་སུ་དཔག་པས་ཞེས་བྱ་བ་སྨོས་ཏེ། མི་འདོད་ཀྱང་ཞེས་བྱ་བ་ནི་ལྟོས་པ་མེད་ཀྱང་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་ལྐོག་ཏུ་གྱུར་པ་ཉིད་དོ། །ལྐོག་ ཏུ་གྱུར་པའི་དངོས་པོའི་ངེས་པ་ཉིད་ནི་རྗེས་སུ་དཔག་པའི་དངོས་པོ་དང་འབྲེལ་པའི་ངོ་བོ་ཚད་མ་ཉིད་དུ་ངེས་པ་ཡིན་པར་བསྟན་པ་ནི་འདིས་ནི་ཞེས་བྱ་བའོ། །རྟོགས་པར་བྱེད་པ་ཉིད་ནི་ཚད་མ་ཉིད་མ་ཡིན་ཏེ་ཚད་མེད་པ་ཡིན་པ་ལ་ཡང་ཡོད་པའི་ཕྱིར་རོ། །རྟོགས་པའི་ཁྱད་པར་ནི་དངོས་པོ་དང་འབྲེལ་ པ་ཉིད་དུ་བསྟན་པ་ནི། དངོས་དང་འབྲེལ་པ་ཙམ་གྱིས་ཞེས་བྱ་བའོ། །གང་ཞིག་རྒྱུའི་ཚོགས་པ་ལས་ཞེས་བྱ་བ་ལ་སོགས་པའི་རིགས་པའི་རྒྱུའི་ཚོགས་པ་ཡང་འབྲས་བུའི་རྟོགས་པར་བྱེད་པ་ཉིད་དུ་བསྟན་པ་ནི། གང་ཕྱིར་ཚོགས་པ་ཡོད་གྱུར་ལ། །ཞེས་བྱ་བའོ། །གཞལ་བྱ་གཉིས་ ལས་ཞེས་བྱ་བ་ནི་དེའི་ཤེས་པ་ཡིན་ལ་འདིར་ཤེས་པ་ཡང་འཛིན་པ་ཁོ་ན་སྟེ་ཤེས་པར་བྱེད་པ་པོའི་དབང་དུ་བྱས་པ་གང་ཡིན་པ་ལས་ཞེས་བྱ་བའི་རིགས་པ་ལས་བསྟན་པའི་དབྱེ་བས་རང་གི་རྒྱུ་མཚན་རྟོགས་པར་བྱེད་དོ། །དེའི་ཕྱིར་འདི་འབྲས་བུའི་གཏན་ཚིགས་ཡིན་པར་བསྟན་པ་ ནི་གལ་ཏེ་ཡང་གདོན་མི་ཟ་བར་ཞེས་བྱ་བའོ། །གཞལ་བྱ་དང་ལྡན་པ་ཉིད་ཀྱིས་ཚད་མ་ཉིད་ལ་ཁྱབ་པ་ཡིན་པར་བསྟན་པ་ནི། གཞལ་བྱ་གཉིས་ལས་ཞེས་བྱ་བའོ། །བདག་ནི་ཚད་མ་ཡིན་ལ་དེ་ཡང་རྟག་པའི་ཕྱིར། གཞལ་བྱ་མེད་ཀྱང་ཡོད་ན་ཇི་ལྟར་ཁྱབ་པ་ཡིན་སྙམ་དུ་སེམས་པས་ བདག་ཡོད་དོ་ཞེ་ན་ཞེས་བྱ་བའོ། །བདག་ཙམ་ནི་ཚད་མ་མ་ཡིན་གྱི་འོན་ཀྱང་དེའི་རྣམ་པར་འགྱུར་བ་ཡིན་ལ། དེ་ཡང་གཞལ་བྱ་ཡོད་ན་ཡོད་ལ་དེ་མེད་ན་ནི་མ་ཡིན་ནོ་ཞེས་བསྟན་པ་ནི་དེ་ཡང་ཞེས་བྱ་བའོ། །གཅིག་ཅེས་བྱ་བ་ནི་རང་གི་མཚན་ཉིད་དོ། །གཞན་ཞེས་བྱ་བ་ནི་སྤྱིའི་ མཚན་ཉིད་དོ། །རྟོགས་བཞིན་པ་ཐམས་ཅད་ནི་རང་གི་ངོ་བོ་ཁོ་ནས་ཡིན་གྱི། གཞན་གྱི་ངོ་བོས་མ་ཡིན་པ་མ་ཡིན་ནམ་དེའི་ཕྱིར་ཇི་ལྟར་དེ་ལས་གཞན་པ་ཞེས་ཇི་ལྟར་བརྗོད་སྙམ་དུ་སེམས་པ་ལ། གཞན་གྱི་ངོ་བོ་རྟོགས་པ་ཉིད་སྒྲུབ་པར་བྱེད་པ་ནི་དོན་བྱེད་ནུས་པ་ནི་རང་གི་ངོ་བོ་དམིགས་པ་ ལའོ་གཞན་ནི་རང་གི་ངོ་བོ་དམིགས་པ་མེད་ན་དམིགས་བཞིན་པ་ཀུན་རྫོབ་པའི་ཡང་དག་པའི་རྟོགས་པས་རྟོགས་བཞིན་པའི་གཞན་གྱི་ངོ་བོས་དམིགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་དག་དེ་ལྟར་རྟོགས་པ་ནི་རང་གི་མཚན་ཉིད་དང་ཅིག་ཤོས་ཉིད་དུ་སྔོན་གྱི་སློབ་དཔོན་རྣམས་ཀྱིས་ གསུངས་སོ་ཞེས་བྱ་བའི་དོན་ཏོ། །བར་སྐབས་ཀྱི་རྒོལ་བ་ལ་བསྟན་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །འབྲས་བུ་དང་། རྒྱུ་དང་། དེའི་ནུས་པ་ཡང་ཚད་མས་རྟོགས་པ་ཁོ་ན་ཡིན་ཡང་སྒྱུ་མ་ལ་སོགས་པ་བཞིན་དུ་མེད་པ་ཡིན་ནོ་ཞེས་བྱ་བའོ། །ཕྱོགས་སྔ་མ་པའི་བསམ་པ་ནི་ གནོད་པར་བྱེད་པ་མེད་ན་མི་རིགས་སོ་སྙམ་པས་ཚད་མ་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་མ་ཡིན་ནོ་ཞེས་བསྟན་པ་ནི། གལ་ཏེ་དོན་ནུས་པ་འགལ་ཡང་ཞེས་བྱ་བ་ལ་སོགས་པའོ། །བྱེད་པ་མེད་པ་ཞེས་བྱ་བ་ནི་དེའི་རང་གི་ངོ་བོ་ཉམས་པ་མ་ཡིན་ཡང་དེ་ལ་གཞན་མེད་ན་འབྲས་བུ་མཐོང་ བ་མ་ཡིན་ནོ། །ཡུལ་ཉུང་ཟད་ལ་ཁྱབ་པ་ཉིད་ཁོ་ན་ཁྱབ་པ་མ་ཡིན་པ་ཉིད་ཡིན་ལ་དེ་ཡང་མངོན་སུམ་གྱི་ཡུལ་མ་ཡིན་པར་བསྟན་པ་ནི། དེ་ཡུལ་ཁྱབ་མིན་ཞེས་བྱ་བའོ། །རྟག་པ་ཉིད་དེ་དུས་གཞན་དུ་གནས་ཉིད་ཀྱི་ངོ་བོ་ནི་མངོན་སུམ་གྱི་ཡུལ་མ་ཡིན་ནོ། །རྟག་པ་མེད་ཅེས་བྱ་བ་ནི་ སྐད་ཅིག་པ་ལས་ཏེ་བྱེད་པ་སྟེ་བྱ་བ་དེའི་དུས་ན་མེད་པར་བསྟན་པ་ནི་སྐད་ཅིག་པའི་ཞེས་བྱ་བའོ། །ཡོད་པ་ནི་སྐྱེས་པའོ། །རང་གི་ངོ་བོ་ལས་བྱེད་པ་གཞན་པ་མ་ཡིན་ནོ་ཞེས་བསྟན་པ་ནི། དེའི་དེ་མ་ཐག་ཅེས་བྱ་བའོ། །འབྲས་བུ་དེ་གཞན་ཡང་སྟེ་རྒྱུ་མ་ཡིན་པར་འདོད་པ་ཡང་སྔ་མའི་དེ་མ་ ཐག་པ་ཞེས་འཁྲུལ་པའོ། །ཐམས་ཅད་ལྟོས་པ་ཞེས་བྱ་བ་ནི་འབྲས་བུ་དུ་བ་ཉིད་བོང་བུ་ལ་ལྟོས་པར་ཡང་འགྱུར་རོ། །དེ་དང་འབྲེལ་པ་ནི་སྐད་ཅིག་དང་འབྲེལ་པ་སྟེ་རྒྱུན་དང་ངོ་། །ཐ་དད་པ་ལ་ནི་ཞེས་བྱ་བ་ནི་རྒྱུན་དང་རྒྱུན་ཅན་དག་གིའོ། །རྒྱུན་དེའི་ཡང་སྨྲས་པ་དང་། མ་སྨྲས་པ་ཡང་ སྡུད་པ་ནི། རྒྱུན་ཉིད་དེ་ལས་ཞེས་བྱ་བའོ། །བརྟགས་པ་ཞེས་བྱ་བ་ནི་རྒྱུན་དུའོ། །དེ་དང་འབྲེལ་པས་ཞེས་བྱ་བ་ནི་རྒྱུན་དང་ངོ་། །རྒྱུན་གྱི་བྱེད་པ་པོ་ཡིན་པའི་ཕྱིར་སྐད་ཅིག་མ་རྣམས་ཡོད་པ་གཙོ་བོ་ཡིན་ནོ་སྙམ་དུ་སེམས་པ་ནི། རྒྱུ་དང་འབྲས་བུ་འབྲེལ་པ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་ཙམ་ གྱི་རྒྱུ་ཉིད་ནི་རྒྱུ་དང་ཅིག་ཤོས་དག་ལ་ཡང་མཚུངས་པ་ཡོད་པར་བསྟན་པ་ནི། ཁམས་གསུམ་གྱི་ཞེས་བྱ་བའོ། །རྟག་དང་ཅིག་ཤོས་ཕྱོགས་དག་ནི། །ཞེས་བྱ་བ་ནི་རྟག་པ་ནི་ལྡོག་པ་མེད་པ་སྐད་ཅིག་པ་ཡིན་ན་རྗེས་སུ་འགྲོ་བའི་ཁྱད་པར་མེད་དོ། །སྐད་ཅིག་པ་ནི་རྒྱུན་གྱིས་བྱེད། །ཅེས་ པ་ལ་རྒྱུན་གཞན་ལ་ལྟོས་ན་ཐུག་པ་མེད་པར་འགྱུར་བར་བསྟན་པ་ནི། གལ་ཏེ་རྒྱུན་གཞན་དག་ཏུ་ནི་ཞེས་བྱ་བའོ། །འབྲས་བུ་ཉིད་མེད་པ་ནི་རྗེས་སུ་འགྲོ་བ་ཉིད་ཀྱིས་སོ། །སྐད་ཅིག་པའི་རྒྱུན་ཡང་རྒྱུན་གྱི་འབྲས་བུ་ཡིན་ཞེས་བྱ་བའི་ཕྱོགས་ལ་དེ་ཡང་སྐད་ཅིག་པ་ཡིན་པའི་ཕྱིར་རྒྱུན་གཞན་ལ་ ལྟོས་པ་ནི་ཐུག་པ་མེད་པར་བསྟན་པ་ནི། གང་གི་ཕྱིར་འདིར་ཡང་རྒྱུན་གྱིས་ཞེས་བྱ་བ་སྟེ། འབྲས་བུ་ཉིད་ལ་བྱེད་པ་པོ་ནི་རྒྱུ་མཚན་ཡིན་ཏེ། སྦྱོར་བར་བྱེད་པ་པོ་ཡིན་ཏེ་དེའི་སྟོབས་ཀྱིས་འབྲས་བུ་ཉིད་དུ་གསལ་བའི་ཕྱིར་རོ། །གཞན་པའི་འབྲས་བུ་ཡིས་ཞེས་བྱ་བ་ནི་མི་ཤེས་པའི་ངོ་བོའི་ འཚེད་པ་དང་། འཚེད་པ་ལ་སོགས་པས་སོ། །རྩ་བའི་ཞེས་བྱ་བ་ནི་མེ་དང་སྔོན་པོ་ལ་སོགས་པའོ། །དེ་ལྟར་མི་སྲིད་པའི་མཚན་ཉིད་བསྟན་ནས་ཁྱབ་ཆེས་པ་བསྟན་པ་ནི། ཤེས་པའི་འབྲས་བུས་ཞེས་བྱ་བ་སྟེ། རྨི་ལམ་དུ་མཐོང་བ་ནི་མེད་ཀྱང་ཤེས་པ་ལ་གནོད་པ་མེད་པ་ཁོ་ནའོ་ ཞེས་བྱ་བའི་དོན་ཏོ། །ཤེས་པ་ཤེས་བྱའི་འབྲས་བུ་ཉིད་ཤེས་པ་ལ་མངོན་སུམ་མེད་པར་བསྟན་པ་ནི། འདི་ལའང་ཞེས་བྱ་བའོ། །དེས་སམ་ནི་འབྲས་བུའི་ངོ་བོས་སོ། །མངོན་སུམ་དེ་ཉིད་ལས་མིན་ཏེ། །ཞེས་བྱ་བ་ནི་འབྲས་བུ་སྟེ་དེ་ཞེས་བྱ་བ་ནི་མངོན་སུམ་སྟེ་འབྲས་བུའོ། ། སྔར་ནི་ཤེས་བྱའི་ངོ་བོ་རྒྱུ་ཡིན་པའི་དུས་སུའོ། །འཇུག་པ་མིན་པ་ནི་འབྲས་བུ་དང་རྒྱུ་དག་མ་སྐྱེས་པ་ན་དུས་མཚུངས་པ་ནི་མ་ཡིན་པའི་ཕྱིར། འཇུག་པའི་སྔ་རོལ་དུ་ཞེས་བྱ་བར་འབྲེལ་ཏོ། །དེ་སྟེ་ཁྱོད་ལ་འབྲས་ཉིད་མིན་ཏེ་དུས་མཚུངས་པའི་ཕྱིར་རོ། །འོན་ཏེ་དེའི་དུས་ན་འབྲས་བུ་ དམིགས་ནས་རྒྱུ་ནི་དུས་སྔ་མ་པར་ངེས་པར་བྱེད་དོ་སྙམ་དུ་སེམས་པ་སེལ་བར་བྱེད་པ་ནི་དེ་ཡང་ཞེས་བྱ་བའོ། །གཞན་གྱི་ཕྱོགས་རྗེས་སུ་བརྗོད་ནས་སུན་འབྱིན་པ་ནི། དེ་ལྟར་མཐར་ཐུག་ཉིད་མེད་པར། །ཞེས་བྱ་བ་སྟེ། འབྲས་བུ་དེ་ཤེས་པའི་དུས་ན་མེད་པས་དེ་ཉིད་ཀྱིས་ཤེས་པ་མ་ཡིན་ལ། ཡིན་ན་ཡང་དུས་མཚུངས་པའི་ཕྱིར་འབྲས་བུ་ཉིད་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་མཐར་ཐུག་པ་མེད་པར་རྗེས་སུ་འཇུག་གོ་ཞེས་བྱ་བའི་དོན་ཏོ། །རྒྱུ་དང་འབྲས་བུ་ཉིད་ནི་བྱེད་པ་དང་བྱ་བ་ཉིད་དོ། །ཀ་བ་གཅིག་ཉིད་བུམ་པ་དང་ལྷན་ཅིག་གམ། ལྷན་ཅིག་མ་ཡིན་པར་སྔར་མཐོང་བ་ངོ་ ཤེས་པས་གལ་ཏེ་དམིགས་ན་སྐད་ཅིག་པར་འདོད་པ་ཉམས་པར་འགྱུར་རོ་ཞེས་བསྟན་པ་ནི། དེ་ལྟར་བརྟག་པར་ཞེས་བྱ་བའོ། །སོ་སོར་ཞེས་བྱ་བ་ནི་སྔ་མའི་ངོ་བོ་ཕྱི་མ་ལ་མ་ཡིན་ཞིང་དེ་ལ་ཕྱི་མ་ཡང་མ་ཡིན་ནོ། །དྲན་པ་ནི་རྣམ་པར་རྟོག་པ་སྟེ་ཐོག་མ་མེད་པའི་བག་ཆགས་ཀྱི་བསྐྱེད་བྱ་ ཡིན་ལ། ཉམས་སུ་མྱོང་བའི་བག་ཆགས་ཀྱི་བསྐྱེད་བྱའི་དྲན་པ་ནི་ཇི་ལྟར་ཉམས་སུ་མྱོང་བ་ཁོ་ན་ལ་འཇུག་གི །གཅིག་ཉིད་ལ་མ་ཡིན་པར་བསྟན་པ་ནི། སྔ་མ་དང་ཕྱི་མའི་རྟོགས་པ་ཡིས་ཞེས་བྱ་བའོ། །ཉམས་སུ་མྱང་བ་འམ་ཉམས་སུ་མྱོང་བའི་བག་ཆགས་ མེད་ན་ཕྱི་རོལ་རྣམས་ལ་བདག་རིག་པར་བྱེད་པ་པོ་ཉིད་ཡིན་ན། ཐམས་ཅད་ཐམས་ཅད་མཐོང་བར་འགྱུར་བར་བསྟན་པ་ནི། གལ་ཏེ་བདག་གཅིག་ཉིད་ཡོད་ཀྱང་ཞེས་བྱ་བའོ། །ཇི་ལྟར་ཕྱི་རོལ་གྱི་སྒྲུབ་པ་ལ་ཚད་མ་དགོས་པ་དེ་བཞིན་དུ། བདག་ཀྱང་ངོ་སྙམ་དུ་སེམས་པ་འཁྲུལ་པ་ཡིན་ པར་བསྟན་པ་ནི་བདག་ལ་བརྟེན་པ་ཞེས་བྱ་བའོ། །ཚད་མ་ནི་བདག་མེད་ཀྱང་འཁྲུལ་པ་མ་ཡིན་པར་བསྟན་པ་ནི། བདག་ལ་བརྟེན་པ་མ་ཡིན་ཡང་ཞེས་བྱ་བའོ། །ཐོབ་པར་བྱེད་པའི་ཤེས་པའི་ཐོབ་པ་ནི་ཚད་མ་ཉིད་ཡིན་ཏེ། དེ་ནི་བདག་མེད་ཀྱང་འབྲས་ཉིད་ལ་སོགས་པ་བཞིན་དུ་རྗེས་སུ་ འགྲོ་བ་དང་ལྡོག་པའི་ལས་བྱུང་བའི་རྣམ་པར་རྟོག་པས་རྟོགས་པ་ཉིད་དུ་བསྟན་པ་ནི། མཐོང་བའི་ཞེས་བྱ་བའོ། །བདག་ཡོད་ན་ཡང་ཞེས་བྱ་བ་ནི་ཙམ་གྱིས་ཞེས་བྱ་བ་དེའི་བཤད་པའོ། །གང་རུང་ནི་ཞེས་བྱ་བ་ནི་ཤེས་པའི་འོ། །དེ་ལྟ་ཡིན་ན་བདག་ཡོད་ཀྱང་གང་ཞིག་ཚད་མ་ཡིན་ཞེ་ ན། མངོན་སུམ་དང་ནི་རྗེས་དཔག་དག །ཁོ་ན་ཞེས་བྱ་བ་སྨོས་སོ། །དེ་ལྟ་ཡིན་ན་དེ་དག་ཁོ་ནས་བདག་གམ་ཕྱི་རོལ་གྱི་མི་རྟག་པ་ཉིད་རྟོགས་པར་བྱེད་དོ་སྙམ་དུ་སེམས་པ་ལ་སྔ་མ་དང་ཕྱི་མའི་ཞེས་བྱ་བ་སྨོས་སོ། །དེའི་ཕྱིར་དེ་དག་ཙམ་ནི་དེ་ཁོ་ན་ཉིད་ཡིན་པར་བསྟན་པ་ནི་ཤེས་པས་ མི་མྱོང་བའི་ཞེས་བྱ་བའོ། །འབྲས་བུ་ལ་སོགས་པ་ཉིད་གྲུབ་ན་རྒྱུའི་དོན་ལ་རྗེས་སུ་དཔག་པ་འབྲས་བུ་མཐོང་བ་ཡིན་གྱི། མ་གྲུབ་ན་མ་ཡིན་ནོ་ཞེས་བསྟན་པ་ནི་རྗེས་སུ་དཔག་པ་དེ་ཡང་ཞེས་བྱ་བ་སྟེ། དངོས་ལ་ནི་འབྲས་བུར་གྱུར་པའམ། རྒྱུར་གྱུར་པ་ལ་མངོན་སུམ་གྱིས་རིག་པ་མེད་ན་ མི་འབྱུང་བ་འཛིན་པ་མེད་པའི་ཕྱིར་རྗེས་སུ་དཔག་པ་འཇུག་པ་མེད་དོ་ཞེས་བྱ་བར་འབྲེལ་ཏོ། །རྗེས་སུ་དཔག་པ་ཁོ་ནས་མེད་ན་མི་འབྱུང་བ་རིགས་པ་ཡིན་ཐུག་པ་མེད་པར་བསྟན་པ་ནི། སྔོན་རོལ་མངོན་སུམ་ཞེས་བྱ་བའོ། །འབྲས་བུ་ཉིད་ལ་སོགས་པ་འབའ་ཞིག་མ་ཡིན་པ་མ་ཡིན་ཞིང་། གཟུང་བ་ཉིད་ལ་སོགས་པ་ཡང་མ་ཡིན་པར་བསྟན་པ་ནི། འབྲས་སོགས་གཞལ་བྱ་རེ་ཞིག་ཞོག །ཅེས་བྱ་བའོ། །དེ་ལྟར་ཡང་དེ་དོན་མེད་པར་ནུས་པ་མ་ཡིན་པར་བསྟན་པ་ནི་གཞི་མེད་ཅེས་བྱ་བ་ལ་སོགས་པའོ། །གལ་ཏེ་འདི་ནི་སྔོན་པོའོ་ཞེས་བྱ་བའི་རྣམ་པར་ཤེས་པ་ལ་ཕྱི་རོལ་ གྱི་སྔོན་པོ་ལ་རྟོག་པ་ན་ཇི་ལྟར་དམིགས་པ་མེད་པ་ཡིན་ཞེ་ན། ཤེས་པ་དམིགས་དང་བཅས་འགྱུར་ན། །ཞེས་བྱ་བ་སྨོས་སོ། །རྣམ་པར་རྟོག་པ་ནི་གཟུང་བ་དང་འཛིན་པ་ཉིད་དུ་མཐོང་བ་ལ་དབྱེ་བ་བྱེད་པ་ཡིན་ཏེ། དེ་མ་ཡིན་པའི་ངོ་བོར་རིག་པ་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི་ འགྲོ་འདིར་རྒྱུ་ཉིད་ཅེས་བྱ་བ་སྟེ། གལ་ཏེ་ཡང་མཐོང་བའི་རྗེས་སུ་དཔག་པའི་རྣམ་པར་རྟོག་པ་སྔོན་པོ་དང་དེ་མཐོང་བ་དག་གི་རྒྱུ་དང་། རྒྱུ་དང་ལྡན་པ་ཉིད་ཁོ་ན་རྗེས་སུ་འབྲང་བར་བྱེད་པ་སྟེ། མཐོང་བ་ལ་དབྱེ་བ་མེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །གནོད་པ་མེད་པའི་སོ་སོར་སྣང་བའི་རྒྱུ་ མཚན་གྱིས་དམིགས་པ་དང་བཅས་པ་ཡིན་ན་རབ་རིབ་ཅན་གྱི་ཤེས་པ་ལ་ཡང་དེར་སྣང་བའི་གནོད་པ་མེད་པའི་ཕྱིར་དེར་འགྱུར་རོ། །དོན་མེད་ཀྱང་འབྱུང་བའི་ཕྱིར་དེར་མི་འགྱུར་རོ་ཞེ་ན་ཡང་། དོན་རྒྱུ་ཉིད་ཁོ་ནས་དམིགས་པ་དང་བཅས་པ་ཉིད་དུ་བསྟན་པ་ནི། སྣང་བ་ཙམ་གྱིས་ཞེས་བྱ་ བའོ། །འོན་ཏེ་རྒྱུ་ཉིད་ཀྱང་མ་ངེས་པའི་སྣང་བ་ཙམ་གྱིས་མི་འགྲུབ་པོ་ཞེ་ན། གང་ཞིག་གང་གི་ཞེས་བྱ་བའོ། །དོན་རྒྱུ་ཉིད་མི་འཛིན་པའི་ཕྱིར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར་གཞན་གྱི་འདོད་པ་ཉིད་ཀྱི་འབྲས་བུ་དང་རྒྱུ་ཉིད་རྗེས་སུ་རྗོད་པར་བྱེད་པ་ནི་འདི་ནི་ཞེས་བྱ་བའོ། །སྔོན་པོ་གཟུང་བར་བྱ་བ་ཉིད་ ཀྱིས་གསལ་བར་སྣང་བཞིན་པ་ནི་རྒྱུ་ཉིད་ཀྱིས་དམིགས་པ་མ་ཡིན་པར་བརྗོད་པ་ཡིན་ན། རྒྱུ་གང་གིས་རབ་རིབ་ཅན་གྱི་ཤེས་པར་ཐལ་བར་འགྱུར་སྙམ་དུ་སེམས་པ་ནི། རྒྱུ་ཉིད་ཀྱིས་ནི་དམིགས་པ་མ་ཡིན་གྱི་ཞེས་བྱ་བ་སྟེ་རྒྱུ་ཉིད་ཙམ་གྱིས་མ་ཡིན་པའོ། །རྒྱུ་ཉིད་བཞིན་དུ་གཟུང་བྱ་ཉིད་ཀྱང་མི་ འགྲུབ་པོ། །དེའི་ཕྱིར་ཐལ་ཆེས་པ་ཁོ་ན་ཡིན་པར་བསྟན་པ་ནི་སྔོན་པོ་ལ་སོགས་པ་མ་གཏོགས་པའི་ཞེས་བྱ་བའོ། །དོན་གྱི་བྱ་བ་བྱེད་པ་ཉིད་དང་། ཅིག་ཤོས་དག་གིས་སོ་སོར་སྣང་བཞིན་པའི་ཁྱད་པར་ལས་དམིགས་པ་དང་བཅས་པ་དང་། ཅིག་ཤོས་ཉིད་ཀྱི་ཁྱད་པར་ཡིན་ནོ་སྙམ་དུ་སེམས་ པ་ནི་འཁྲུལ་པ་ཉིད་ཅེས་བྱ་བའོ། །དོན་བྱེད་ནུས་པའི་ཤེས་པ་ནི་ངོ་བོ་ཉིད་ཀྱིས་རྟོགས་པར་བྱེད་པ་ནི་དོན་བྱ་མྱོང་བ་ཞེས་བྱ་བའོ། །སོ་སོར་སྣང་བཞིན་པ་དེ་ཉིད་མྱང་བྱ་མྱོང་བྱེད་གང་ཡིན་པ་དེ་ནི་དེ་མྱོང་བ་སྟེ། དེའི་འཛིན་བྱེད་ལས་གཞན་གྱི་ཤེས་པ་ཡིན་ནོ་ཞེས་བྱ་བའི་དོན་ ཏོ། །དེ་ཉིད་དམ་ཤེས་པ་ཞེས་བྱ་བ་བརྟག་པ་གསུམ་པ་ཡིན་པར་བསྟན་པ་ནི་འོན་ཏེ་དེ་ཡང་མྱོང་ཞེས་བྱ་བའམ། གཞན་ཞེས་བྱ་བའི་དོན་གྱི་བདག་ཉིད་ཡིན་ནམ་ཅི་ཞེས་བྱ་བ་ནི་དེའི་འོག་ཏུ་ཡང་མཐའ་གསལ་བར་བྱེད་པའི་ཕྱིར་དོན་བྱ་བ་སྟེ་དོན་སྒྲུབ་པར་བྱེད་པ་ནི་ཐ་དད་པ་ཡིན་པའམ། དོན་གྱི་ ངོ་བོ་འམ་དེའི་ཤེས་པ་གཞན་གྱི་ངོ་བོ་ཡིན་པར་ཡང་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྒྱུ་རྣམས་ནི་གདོན་མི་ཟ་བར་འབྲས་བུ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་རིགས་པས་འཁྲུལ་པར་མངོན་པར་འདོད་པའི་ཤེས་པ་ལ་ཡང་དོན་བྱེད་པ་མེད་པ་ཙམ་གྱིས། མི་བདེན་པ་ཁོ་ནར་ངེས་པར་བྱེད་པ་མ་ཡིན་ པར་བསྟན་པ་ནི་དེའི་བྱ་བ་དོན་གཞན་ལ་ཞེས་བྱ་བའོ། །གལ་ཏེ་གཞན་ཞེས་བྱ་བ་ནི་གཟུགས་ཀྱིའོ། །རང་མྱང་བ་ལ་ཡང་ཞེས་བྱ་བ་ནི་གཟུགས་རིག་པ་ལ་ཡང་ངོ་། །དེ་ནི་མྱོང་ཡང་ནི་རེག་བྱ་རིག་པ་ལ་ཡང་ངོ་། །འཁྲུལ་པ་ལ་ཡང་སྟེ་རིག་པའི་ཤེས་པ་ལ་ཡང་ཡོངས་སུ་ཚིམ་པར་འགྱུར་རོ། ། དགུན་སྨད་ཀྱི་དུས་སུ་མཁྲིས་པའི་རིམས་ཀྱིས་གྲང་བའི་རེག་པ་ཡང་དྲོ་བ་ཡིན་པར་སྣང་བར་བསྟན་པ་ནི་གྲང་བའི་དུས་སུ་ཞེས་བྱ་བ་སྟེ། དགུན་སྨད་ལ་ནི་གྲང་བའི་རེག་པས་གཞན་ལ་གནོད་པར་མཐོང་གི་རིམས་ནད་ཅན་ལ་ཡང་དྲོ་བར་ཚོར་བར་ཡོད་པས་ཡོངས་སུ་ཚིམ་པར་བྱེད་པར་བརྗོད་པ་ཡིན་ ནོ། །ཚད་མར་གྱུར་པ་ཉིད་ཀྱི་མྱོང་བ་ནི་ཡོངས་སུ་ཚིམ་པར་བྱེད་པ་ཡིན་གྱི། རང་དབང་ནི་མ་ཡིན་ནོ་ཞེ་ན་མྱོང་བ་ཚད་མ་ཡིན་ན་ནི་ཞེས་བྱ་བའོ། །དེ་ལ་ཡང་སྐྱོན་ཅན་ཞེས་བྱ་བ་ནི་རབ་རིབ་ཅན་གྱི་བློ་ཡང་དམིགས་པ་དང་བཅས་པ་ཉིད་དུ་འགྱུར་རོ་ཞེས་བྱ་བའོ། །ཡོངས་སུ་ཚིམ་པ་བཞིན་དུ་ལྷག་ པར་སྨོས་པ་ཡང་དེ་ལ་མྱོང་བར་འགྱུར་བར་བསྟན་པ་ནི་དོན་དུ་ནི་སྨོས་པ་ཞེས་བྱ་བའོ། །ཀུན་སྒྲུབ་བྱེད་ཅེས་བྱ་བ་ནི་རབ་རིབ་ཅན་གྱི་མྱོང་བ་ཡང་ངོ་། །བཤད་པ་ཡིན་ནོ་ཞེས་བྱ་བ་ནི་མྱོང་བ་ལ་གཞན་དབང་ཡིན་གྱི་རང་དབང་མ་ཡིན་པར་རོ། །དེ་ཉིད་བསྟན་པ་ནི་གཞན་ཡང་ཉམས་སུ་མྱོང་བ་ཞེས་བྱ་བ་ ལ་སོགས་པའོ། །དེ་དག་ཅེས་བྱ་བ་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པ་དག་གོ། །ཅིའི་ཕྱིར་ཉམས་སུ་མྱོང་བ་མེད་ཅེ་ན། གང་ཕྱིར་མངོན་སུམ་རྗེས་དཔག་གིས། །ཞེས་བྱ་བ་སྨོས་སོ། །གལ་ཏེ་རང་གི་མཐོང་བ་ལ་རྗེས་སུ་དཔག་པ་ཡིན་པ་དེ་ལྟ་ན་གང་ལ་ཡིན་ཞེ་ན་སྤྱིའི་ཡུལ་ཅན་ ནི་འདྲ་བའི་ཡུལ་ཅན་ནོ། །ཁྱད་པར་རིག་པ་མིན་པ་ནི་རང་གི་མཚན་ཉིད་རིག་པ་མིན་པའོ། །རིག་བཅས་ཞེས་བྱ་བ་ལ་རིག་པ་སྟེ། ཚད་མ་དང་ལྷན་ཅིག་འཇུག་པ་ཚད་མ་དང་ལྷན་ཅིག་པ་ཞེས་བྱ་བའི་དོན་ཏོ། །གང་གིས་རིག་ཅེ་ན་རབ་རིབ་ཅན་གྱིས་སོ། །རབ་རིབ་ཅན་མ་ཡིན་པས་རིག་ པ་ནི་ཐམས་ཅད་ཀྱིས་རིག་པར་བྱེད་དོ་ཞེས་པ་མི་རིགས་པར་བསྟན་པ་ནི་རབ་རིབ་ཅན་གྱིས་ཞེས་བྱ་བའོ། །ཀ་བ་འཛིན་པ་ནི་རབ་རིབ་ཅན་གྱི་དམིགས་བྱ་མ་ཡིན་པའི་མཚོན་པའོ། །ཅུང་ཟད་ཀྱང་དམིགས་པ་མ་ཡིན་ནོ་ཞེས་བྱ་བའི་འོག་ཏུ་གཞན་གྱི་དམིགས་བྱ་ཞེས་རྟོགས་པར་བྱའོ། །མངོན་ སུམ་ཉིད་ཀྱིས་གཞན་གྱི་དམིགས་བྱ་ཉིད་དགག་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟ་བུ་ཞིག་ཅེ་ན་གཞན་གྱིས་དམིགས་པར་བྱ་བ་ཞེས་བྱ་བ་ལ་སོགས་པའོ། །ཡུལ་མ་ཡིན་པའི་ཕྱིར་ནི་མི་སྣང་བའི་ཕྱིར་རོ། །དེའི་ནི་གཞན་གྱི་དམིགས་པར་བྱ་བ་ཉིད་ཀྱིའོ། །དེའི་ཞེས་བྱ་བ་ནི་གཞན་གྱི་ དམིགས་བྱ་ཡིན་པའི་ཕྱིར་དངོས་པོ་གཞན་གྱི་ངོ་བོའོ། །གལ་ཏེ་དེས་དངོས་པོའི་ངོ་བོ་མི་དམིགས་པ་དེ་ལྟ་ན་ཅི་ཞིག་དམིགས་པར་བྱེད་ཅེ་ན་དམིགས་བཞིན་པ་ཉིད་ཅེས་བྱ་བའོ། །དམིགས་བཞིན་པ་ཉིད་མ་དམིགས་ན་དངོས་པོ་དམིགས་པ་མ་ཡིན་ནོ། །དེ་གལ་ཏེ་དམིགས་ན་དེ་ཁོ་ན་དམིགས་ པ་ཡིན་གྱི་དངོས་པོ་ནི་མ་ཡིན་ནོ་ཞེ་ན་གང་ཞིག་ཅེས་བྱ་བའོ། །རང་རང་གི་དམིགས་བྱ་ཉིད་མ་གཏོགས་པ་མ་དམིགས་པའི་ཕྱིར་དང་། དེ་ཁོ་ན་དངོས་པོ་ཡིན་གྱི་གཞན་མ་ཡིན་པར་བསྟན་པ་ནི་དམིགས་པ་ལས་ཐ་དད་པ་ཞེས་བྱ་བའོ། །ཕྱི་རོལ་གྱི་དོན་མི་བྱེད་པ་ནི་བདེན་མོད་ཀྱི་ཅུང་ཟད་ཉམས་སུ་མྱོང་བ་ཁོ་ན་ སྔོན་པོ་ལ་སོགས་པའི་སྣང་བ་དང་། ཆགས་པ་ལ་སོགས་པ་མྱོང་བའི་ངོ་བོའི་དོན་གྱི་བྱ་བ་བྱེད་ཀྱི་ཅུང་ཟད་ནི་མི་བྱེད་དོ་ཞེས་ནུས་པ་དང་། ཅིག་ཤོས་དག་གིས་ཡོད་པ་དང་མེད་པའི་རྣམ་པར་གཞག་པའོ་སྙམ་དུ་སེམས་པ་ནི་ཅི་སྟེ་མྱོང་བ་རྣམས་ཞེས་བྱ་བའོ། །ཕྱོགས་འདི་ལ་རང་རིག་པའི་ཤེས་པ་ ལ་ལྐོག་ཏུ་གྱུར་པ་མེད་པས་ཡུལ་དེ་ལ་རྗེས་སུ་དཔག་པ་མེད་པའི་ཕྱིར་གཉིས་ཉིད་ཉམས་པ་ཡིན་པར་བསྟན་པ་ནི། རང་རིག་ཙམ་གྱི་ཞེས་བྱ་བའོ། །རྒྱུད་གཞན་གྱི་ཤེས་པ་ལྐོག་ཏུ་གྱུར་པའི་ཡུལ་དེ་ལ་རྗེས་སུ་དཔག་པར་འགྱུར་རོ་སྙམ་དུ་སེམས་པ་ལ་ཤེས་གཉིས་རྒྱུ་ འབྲས་བོར་ཡང་ཞེས་བྱ་བ་སྨོས་སོ། །འབྲས་བུ་མཐོང་བ་ལས་རྒྱུད་གཞན་གྱི་ཤེས་པ་རྗེས་སུ་དཔོག་པར་བྱེད་ལ་འབྲས་བུ་ཉིད་ཀྱང་འགའ་ཞིག་གིས་རང་གི་རྒྱུད་ལ་གཟུང་བར་བྱ་བ་དེ་ཡང་རང་རིག་པ་ཙམ་གྱིས་འཛིན་པར་མི་བྱེད་ཅིང་གཞན་རིག་པའི་ཤེས་པ་ནི་མ་ཡིན་ཏེ། གང་གི་ཕྱིར་དེ་ཉིད་གཞན་ དུ་འགྱུར་བ་ནི་མ་ཡིན་ནོ། །འབྲས་བུ་རིག་པར་བྱེད་པའི་དུས་ན་རྒྱུ་སྔ་རོལ་དུ་མངོན་སུམ་གྱིས་ཤེས་པ་དྲན་པ་ལས་ཉམས་སུ་མྱོང་བའི་བག་ཆགས་ལས་འབྱུང་ངོ་སྙམ་དུ་སེམས་པ་ལ། གལ་ཏེ་རྒྱུ་ཉིད་རྗེས་དཔག་གིས། །ཞེས་བྱ་བ་ལས་སོ། །ཇི་ལྟར་ཉམས་སུ་མྱོང་བ་དྲན་པ་ལས་ཏེ། དྲན་པ་ཡང་དེའི་དུས་ཉིད་ལ། །ཞེས་བྱ་བའི་རིགས་པས་དྲན་པ་སྔ་རོལ་དུ་བྱུང་བ་མ་ཡིན་ཞིང་། ཤེས་པའི་རྒྱུ་འབྲས་བུའི་དུས་ན་མ་ཡིན་ནོ་ཞེས་བསྟན་པ་ནི་དེ་ཚེ་ཞེས་བྱ་བ་ནི་དེའི་དུས་ཏེ་ད་ལྟ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེའི་དྲན་པ་ད་ལྟར་བ་མ་ཡིན་ནམ། དེའི་ཕྱིར་དེ་ཡང་དེ་ཁོ་ན་ཉིད་ཡིན་ནོ་སྙམ་དུ་ སེམས་པ་ལ་སྔར་ནི་ཞེས་བྱ་བའོ། །དེའི་ཤེས་པ་དང་ལྡན་པ་ཡིན་ཡང་དེ་དེའི་ནི་མ་ཡིན་ནོ། །གང་གི་ཕྱིར་ཤེས་པ་ཡོད་པ་ཉིད་ཀྱི་ཕྱིར་ཤེས་བྱ་ཡང་ཐམས་ཅད་དུ་ཡོད་པ་མ་ཡིན་པར་བསྟན་པ་ནི། དེའི་ཤེས་ད་ལྟར་ཡོད་མིན་ན། །ཞེས་བྱ་བ་སྟེ་དེའི་ཤེས་པ་ནི་རྒྱུའི་ཤེས་པའོ། །གང་གི་ཚེ་ ན་ཡོད་པ་དེའི་ཚེ་རྗེས་སུ་དཔོག་པར་བྱེད་པ་ཡིན་ནོ་སྙམ་དུ་སེམས་པ་ལ་སྔ་མ་ཉིད་དུ་ཞེས་བྱ་བའོ། །སྔ་རོལ་དུ་མངོན་སུམ་གྱིས་རིག་ན་རྗེས་སུ་དཔག་པ་དོན་མེད་པར་བསྟན་པ་ནི། མིན་ཏེ་མངོན་སུམ་གྱིས་རིག་ཕྱིར། །ཞེས་བྱ་བའོ། །མངོན་སུམ་གྱིས་རིག་པ་ལ་ཡང་སྔ་རོལ་ཉིད་ནི་མངོན་ སུམ་གྱིས་མི་རིག་སྟེ། རྗེས་སུ་དཔག་པའི་ཡུལ་ཡིན་ནོ་སྙམ་དུ་སེམས་པ་ལ། དེ་ལ་རྗེས་སུ་དཔག་པ་ཡིས། །ཞེས་བྱ་བའོ། །རང་རིག་པ་ཙམ་གྱི་ངོ་བོའི་དྲན་པ་དེས་སྔར་གྱི་འབྲས་བུ་ཉིད་དུ་ཤེས་པར་མི་བྱེད་པར་བསྟན་པ་ནི་དེས་དེ་ཞེས་བྱ་བའོ། །ད་ནི་ད་ལྟར་བའི་རྟོག་གེ་བ་རྣམས་དགའ་བའི་ ཆེད་དུ་གཞལ་བྱའི་རྣམ་རྟོག་བསྟན་པ་ནི། རྒྱུ་དང་འབྲས་བུའི་དངོས་པོ་འདི། །ཞེས་བྱ་བའོ། །མེད་པའི་སྐྱེ་བ་རྟོགས་ན་རྟའི་རྭ་ཡང་རྟོགས་པར་འགྱུར་ཏེ། སྔ་ན་མེད་པ་ཞེས་བྱ་བ་ནི་སྐྱེ་བའི་ཁོ་ནའི་ཁྱད་པར་ལ་ཁྱད་པར་མ་རྟོགས་ན། མེད་པ་ཅི་ལྟར་ཁྱད་པར་དུ་མ་བྱས་ཀྱང་སྔ་ན་མེད་པ་མ་ཡིན་པར་ བསྟན་པ་ནི་མཐོང་བ་བློ་ལ་གནས་པའི་སྐྱེ་བ་ཡིན་ན། སྔ་ན་མེད་པ་ཤེས་པར་མི་རིགས་ཏེ་སྐྱེ་བ་ལ་ཁྱད་པར་དུ། གཏན་མེད་པ་ལས་ལྡོག་པའི་ཕྱིར། །ཞེས་བྱ་བའི་དོན་ཏོ། །དེ་བསྟན་པ་ནི། ཇི་སྲིད་སྐྱེ་བ་མ་ཡིན་པ། །ཞེས་བྱ་བའོ། །འཇིམ་པའི་གོང་བུ་དང་། དབྱིབས་ ལ་སོགས་པ་རྒྱུར་མངོན་པར་འདོད་པར་ཁྱད་པར་དུ་མ་བྱས་པ་ཉིད་ཀྱི་མེད་པ་འབྲས་བུས་སྟོང་པ་ཉིད་ཀྱི་ངོ་བོ་ནི་རྒྱུ་རྟོགས་པ་ཉིད་ཀྱི་རྟོགས་པ་དེའི་ཕྱིར། ཕན་ཚུན་བརྟེན་པ་མ་ཡིན་ནོ་སྙམ་དུ་སེམས་པ་ནི་གལ་ཏེ་འབྲས་བུས་སྟོང་པའི་ཞེས་བྱ་བའོ། །ལན་བཏབ་ཟིན་ཏོ་ཞེས་བྱ་བ་ནི་སྐད་ཅིག་པ་དང་། ཅིག་ཤོས་ཀྱི་ཕྱོགས་དག་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པར་རོ། །གལ་ཏེ་ཡང་འབྲས་བུ་སྟོང་པའི་ངོ་བོ་སྔ་ན་མེད་པ་ལ་འབྲས་བུ་ནི་ཐལ་ཆེས་པ་ཡིན་ཡང་གཏན་མེད་པ་ལ་ནི་ཐལ་ཆེས་པ་མ་ཡིན་ནོ་སྙམ་དུ་སེམས་པ་ལ་ནི་སྔ་ན་མེད་པ་ཞེས་བྱ་བ་སྨོས་སོ། །འབྲས་བུ་ཉིད་ལ་སོགས་པ་མེད་ན་ ཐམས་ཅད་མེད་པར་ཐལ་བར་འགྱུར་བས་རྟོགས་པ་ལ་འགལ་བ་ཡོད་པ་མ་ཡིན་ཏེ། རྟོགས་པ་ནི་སྔོན་པོ་ལ་སོགས་པ་ཉིད་ཙམ་གྱི་ཡུལ་ཡིན་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ་དེའི་ཕྱིར་ཚད་ཡོད་ཅེས་བྱ་བ་སྨོས་སོ། །མེད་པ་སྐྱེ་ན་ཐམས་ཅད་ལས་སྐྱེ་བར་འགྱུར་ཏེ། ཉེ་བ་དང་རིང་བ་དག་མེད་པའི་ ཕྱིར་རོ། །ཡོད་ན་ཡང་དེ་ཉིད་འབྲས་བུ་ཉིད་ཡིན་པའི་ཕྱིར་ཡོད་པའི་འབྲས་བུ་ཡིན་ནོ་སྙམ་དུ་སེམས་པ་ནི་ཇི་སྟེ་ཡང་ཡོད་པ་ཉིད་འབྲས་བུ་ཡིན་ཏེ་ཞེས་བྱ་བའོ། །ཁ་ཅིག་ཏུ་ཡོད་པ་དང་མེད་པ་དག་ཁོ་ན་ཉེ་བ་དང་རིང་བ་དག་ཡིན་གྱི། གཞན་དག་ནི་མ་ཡིན་ནོ་ཞེས་བསྟན་པ་ནི་བལྟས་མཉན་ཞེས་ བྱ་བའོ། །དབང་ཕྱུག་རྒྱུ་ཡིན་པའི་ཕྱོགས་ལ་ལྟོས་ནས་བྱེད་པ་ནི་མེད་པ་ལ་མི་སྲིད་པ་མ་ཡིན་ནམ་ཞེས་བསྟན་པ་ནི་གལ་ཏེ་དབང་ཕྱུག་ཅེས་བྱ་བའོ། །དབང་པོ་ལས་འདས་བློ་ཞེས་བྱ་བ་དེའི་ཚེ་འབྲས་བུ་མེད་ཀྱང་དབང་པོ་ལས་འདས་པ་མཐོང་བས་བཟུང་བ་ནི་རྒྱུ་ངེས་པའི་སྦྱོར་བས་བྱེད་པ་ཁོ་ནའོ་ ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་ཡང་མེད་པ་ལ་ཡང་བྱེད་པ་ཡོད་ན་ཡོད་པའི་འབྲས་བུ་ཞེས་སྨྲས་པ་དང་དབང་ཕྱུག་དང་བཅས་པ་དང་། དབང་ཕྱུག་མེད་པས་ཅི་ཞིག་བྱ། །ཞེས་གསལ་བར་བསྟན་པ་ནི། འདིར་ཡང་འབྲས་ཞེས་བྱ་བའོ། །གསལ་བ་ཁོ་ནར་ བཤད་པ་ནི་ཅི་ཐམས་ཅད་ཅེས་བྱ་བའོ། །དབང་ཕྱུག་མེད་པ་དང་། དབང་ཕྱུག་དང་བཅས་པ་གསལ་བར་བྱེད་པ་ཅིག་མེད་པ་ཉིད་ལ་ཞེས་བྱ་བའོ། །ཐམས་ཅད་ཡོད་ན་ནི་ཞེས་བྱ་བ་ནི་དབང་ཕྱུག་དང་བཅས་པ་དང་། ཅིག་ཤོས་དག་ལ་མཚུངས་སོ། །ལན་དུ་ཕྱོགས་གཉིས་ལ་མཚུངས་ པར་བསྟན་པ་ནི་ཐམས་ཅད་ཀྱི་ཚེ་ཞེས་བྱ་བའོ། །འབྲས་བུའི་ཡོད་པ་དང་མེད་པ་ཉིད་བརྟག་པར་བྱས་ནས་རྒྱུའི་བརྟག་པ་བྱེད་པ་ནི་མེད་པའི་རྒྱུ་ལས་ཏེ་ཞིག་པ་ལས་སོ། །སྔ་ན་མེད་པ་ཞེས་བྱ་བ་ནི་འབྲས་བུའི་སྔ་རོལ་དུ་ཞིག་པའི་ཕྱིར་སྔ་ན་མེད་པ་ནི་རྒྱུའི་འོ། །འདི་རྣམས་ནི་སྔར་མ་བྱུང་བ་ རྒྱུར་འདོད་པ་རྣམས་ཀྱིའོ། །ཡོད་པ་ནི་རང་གི་དུས་བཞིན་དུ་ཕྱིས་ཀྱང་རྒྱུ་མ་ཡིན་ལ། མེད་པ་ནི་སྔར་བྱུང་བ་བཞིན་དུ་རྒྱུ་རྣམས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གང་བྱུང་འདི་རྣམས་དེ་བྱེད་པ། །ཞེས་བྱ་བའི་རིགས་པ་བསྟན་པ་ནི། དེ་སྟེ་རང་བཞིན་བྱེད་ཡིན་ན། །འབྲས་བུ་འབྱུང་བའི་ དུས་སུ་ཡིན་གྱི། རྒྱུའི་ནི་མ་ཡིན་ནོ་ཞེས་བྱ་བའི་རིམ་པའོ། །དེའི་ཕྱིར་འདི་ལ་དུས་མཚུངས་པ་ཡིན་ནོ་ཞེས་བྱ་བའི་སྐྱོན་མེད་པ་སྟེ། འབྲས་བུའི་དུས་ནི་མེད་པ་ནི་རྒྱུ་ཉིད་དུ་མི་རིགས་པ་ཡིན་ལ། དེའི་དུས་སུ་ཡོད་པ་ཡང་རྒྱུ་ཉིད་ཇི་ལྟར་ཡིན། རྒྱུ་བཞིན་དུ་རེ་བ་མེད་པའི་ཕྱིར་རོ་ཞེས་དགོངས་ པའོ། །སྔོན་རོལ་སྣང་བའི་ཤེས་པ་རེས་འགའ་བ་ནི་དབང་པོ་ལ་སོགས་པ་ལ་མེད་པའི་རྒྱུ་རང་དང་རྗེས་སུ་མཐུན་པ་རྟོགས་པར་བྱེད་པ་མ་ཡིན་ནམ་ཞེས་ཐེ་ཚོམ་ཟ་བ་ནི་ཇི་སྟེ་ཡང་ཤེས་པའི་ཞེས་བྱ་བ་ནི་སྔ་མར་ཞེས་བྱ་བ་ནི་སྔ་རོལ་ཏུ་བྱུང་བ་སྟེ། འབྲས་བུ་དེ་ཉིད་ནི་རྗེས་སུ་དཔག་པས་རྟོགས་ པའི་དོན་གྱིས་ཡོད་པའི་འབྲས་བུ་ནི་དེའི་ངོ་བོ་སྟེ། རྗེས་སུ་དཔག་པས་ནི་འདི་རྟོགས་པར་མི་བྱེད་དེ་མངོན་སུམ་གྱི་ཡུལ་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །རྟོགས་བཞིན་པའི་མངོན་སུམ་གྱི་འབྲས་བུ་འདི་ནི་དེ་མེད་ན་མི་འབྱུང་ངོ་ཞེས་ལྡོག་པ་ལས་དོན་གྲུབ་པ་ཡིན་ཏེ། འདི་རྗེས་སུ་དཔག་པ་ པར་བྱ་བ་ནི་མ་ཡིན་ཏེ། མངོན་སུམ་པ་ཡིན་པའི་ཕྱིར་མངོན་སུམ་གྱི་ཡང་མ་ཡིན་ཏེ། དེ་མེད་ན་ཞེས་རྟོགས་པ་ཡིན་ཏེ། ལྐོག་ཏུ་གྱུར་པའི་ཕྱིར་ཞེས་བྱ་བ་ནི་གནས་སྐབས་ཀྱི་དོན་ཏོ། །རྗེས་སུ་དཔག་པས་ཀྱང་རང་གི་ངོ་བོ་རྟོགས་པ་མ་ཡིན་ཏེ། མངོན་པར་ཞེན་པ་ཙམ་ཡིན་ཏེ་ཞེས་ བསྟན་པ་ནི་རྟོགས་པར་གྱུར་པ་ཞེས་བྱ་བའོ། །དངོས་པོའི་ངོ་བོ་གཉིས་ལ་གསལ་བ་ནི་མངོན་སུམ་གྱི་ཡུལ་ཡིན་ལ། མི་གསལ་བ་ནི་རྗེས་སུ་དཔག་པའི་ཡུལ་ཡིན་ནོ་སྙམ་དུ་སེམས་པ་ནི་རྣམ་པ་མི་གསལ་བ་ཞེས་བྱ་བའོ། །མངོན་སུམ་གྱི་ངོ་བོའི་བདག་ཉིད་ཁོ་ན་ཅིག་ཤོས་ཀྱང་ངོ་ ཞེས་མངོན་སུམ་ལ་ངོ་བོ་གཉིས་སུ་སྣང་བར་འགྱུར་རོ་ཞེས་བསྟན་པ་ནི་མངོན་སུམ་དེ་ཞེས་བྱ་བའོ། །གལ་ཏེ་ཡང་གཉི་ག་ལན་ཅིག་སྣང་བ་མ་ཡིན་ཏེ་ཚུ་རོལ་དང་ཕ་རོལ་གྱི་ཆ་བཞིན་དུ་རིམ་གྱིས་རྟོགས་ཀྱང་མངོན་སུམ་ཁོ་ན་ཡིན་པར་བསྟན་པ་ནི་རང་བཞིན་གཉིས་ནི་ཞེས་བྱ་བ་སྟེ། རྗེས་སུ་དཔག་པ་ཡང་མི་ གསལ་བའི་དངོས་པོའི་ངོ་བོ་ལ་རེག་པས་མངོན་སུམ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཁྱད་པར་གྱི་དབང་གིས་ནི་ཐག་རིང་བ་དང་ཉེ་བ་དག་གིའོ། །ངོ་བོ་གཉིས་ལས་ལྷག་པའི་དངོས་པོའི་ངོ་བོ་ཉིད་རྟོགས་པ་མ་ཡིན་པར་བསྟན་པ་ནི་གལ་ཏེ་ཁྱད་པར་ཐ་དད་པས་ཞེས་བྱ་བའོ། །རྗེས་སུ་དཔག་ པས་ཞེས་བྱ་བ་ནི་མངོན་སུམ་བཞིན་དུ་དངོས་པོའི་ངོ་བོ་སྣང་བའི་ཕྱིར་ཤེས་པ་དབང་པོ་ལས་སྐྱེས་པར་འགྱུར་རོ། །དབང་པོ་ལ་སོགས་པ་རྟག་ཏུ་རྗེས་སུ་དཔག་པར་བྱ་བ། རྗེས་སུ་དཔོག་བཞིན་པ་ན་དབང་པོ་དང་འབྲེལ་པ་མ་ཡིན་པར་རྗེས་སུ་དཔོག་པར་བྱེད་པ་ཇི་ལྟ་བ་དེ་ཁོ་ན་བཞིན་དུ་འཇུག་པའི་ ཡུལ་འདི་ལ་ཡང་རྗེས་སུ་དཔོག་པར་བྱེད་པ་མ་ཡིན་ནོ་སྙམ་དུ་སེམས་པ་ནི་ཇི་སྟེ་དབང་པོ་དང་འབྲེལ་པ་ཞེས་བྱ་བའོ། །རྟག་ཏུ་རྗེས་སུ་དཔོག་པ་བཞིན་དུ་རྗེས་སུ་དཔག་པའི་ཡུལ་གཞན་ཡང་འཇུག་པའི་ཡུལ་མ་ཡིན་པར་འགྱུར་བ་དེའི་ཕྱིར། འཇུག་པར་བྱེད་པ་མ་ཡིན་པའི་རྗེས་སུ་དཔག་པ་ཚད་ མར་འགྱུར་བ་མ་ཡིན་པར་བསྟན་པ་ནི། དེ་ལ་འཇུག་པ་དོན་མེད་ཡིན། །ཞེས་བྱ་བའོ། །རྟག་པའི་རྗེས་སུ་དཔག་པ་ནི་འཇུག་པར་བྱེད་པའི་རྗེས་སུ་དཔག་པ་ལ་མཁོ་བ་ཉིད་དུ་འདོད་པ་ཡིན་ལ་དེ་མིན་ན་དེར་ཡང་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སངས་རྒྱས་པའི་ཡང་མངོན་སུམ་ནི་རང་གི་ཡུལ་ འདས་པ་དང་མ་འོངས་པ་རིག་པ་མ་ཡིན་ཏེ། རང་གི་དུས་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་རོ་ཞེས་ཟེར་བ་ནི་གལ་ཏེ་ཞེས་བྱ་བའོ། །གལ་ཏེ་འདི་ནི་ཁྱེད་ལ་ཡང་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནི་འདས་པ་ལ་སོགས་པར་སྣང་བའི་ཤེས་པའོ། །དེའི་ནི་སངས་རྒྱས་པའི་འོ། །གཞན་ ལས་ཀྱང་ཞེས་བྱ་བ་ནི་བག་ཆགས་ལ་སོགས་པ་ལས་ཀྱང་ངོ་། །མཐོང་བའི་ཞེས་བྱ་བ་ནི་ད་ལྟར་བའི་རྟགས་ཏེ། དུས་གཞན་གྱི་རྟགས་ཅན་གྱིས་ཁྱབ་པར་བྱེད་ཅེས་བྱ་བའི་ཤུགས་ཀྱིས་དེའི་དུས་ན་བསྒྲུབ་པར་བྱ་བ་ཡོད་པ་ཡིན་ནོ། །གལ་ཏེ་ཤེས་པ་ཞེས་བྱ་བ་ནི་རྗེས་སུ་དཔག་པའོ། །ཇི་ལྟར་རྣམ་ པར་འཇོག་པ་ཞེས་བྱ་བ་ནི་དེ་ཤེས་ན་མེའི་ཤེས་པ་སྐྱེད་པར་བྱེད་པའི་གཞན་དུ་ནི་མ་ཡིན་ཞེས་བྱ་བ་ནི་དུ་བ་ལ་སོགས་པའོ། །དེ་ལ་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་ཤེས་པ་ལའོ། །སྔ་མའི་ངོ་བོ་ཉིད་ཀྱིས་རྟོགས་བཞིན་པ། །ཞེས་བྱ་བ་ནི་རྗེས་སུ་དཔག་པས་སོ། །དེ་ནི་མི་མཐོང་བ་ཉིད་དོ་ཞེས་ བྱ་བ་ནི་རྗེས་སུ་དཔག་པས་མངོན་པར་ཞེན་པའི་བྱ་བ་ཅན་ཡིན་པའི་ཕྱིར་རོ། །རྟོགས་པ་མེད་པ་ཉིད་ཅེས་བྱ་བ་ནི་རང་གི་ངོ་བོར་རོ། །ལྐོག་ཏུ་གྱུར་པ་ཉིད་དུ་ཞེས་བྱ་བ་ནི་རང་གི་ངོ་བོར་མ་རྟོགས་པ་ཁོ་ན་དོན་ལྐོག་ཏུ་གྱུར་པ་ནི་ཐེ་ཚོམ་མོ། །དེ་ནི་མངོན་སུམ་ཉིད་ཅེས་བྱ་བ་ནི་དོན་གྱི་ངོ་བོ་ཡིན་པའི་ཕྱིར་ རོ། །ཐེ་ཚོམ་འབྲེལ་པའང་ཡོད་མ་ཡིན། །ཞེས་བྱ་བ་ནི་རང་གི་ངོ་བོར་རྗེས་སུ་དཔག་པས་བདག་ཉིད་ཐམས་ཅད་ངེས་པ་ལ་ཐེ་ཚོམ་ཟ་བ་ནི་མི་རིགས་ལ་མངོན་སུམ་གྱིས་མཐོང་བ་ལ་ནི་ངེས་པའི་བདག་ཉིད་མ་ཡིན་པའི་ཕྱིར་ཐེ་ཚོམ་ཟའོ། །སྐད་ཅིག་པ་ལ་སོགས་པ་ལ་ནི་ཐལ་བ་ལས་མེ་རྗེས་སུ་དཔོག་པ་ ན་ཞིག་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །མངོན་སུམ་ཉིད་ཡིན་ན་ལྐོག་ཏུ་གྱུར་པ་ཉིད་མ་ཡིན་པར་བསྟན་པ་ནི། དེས་ན་ལྐོག་ཏུ་གྱུར་པའི་དོན་གྱི་ཡུལ་ཅན་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ནུས་པ་ཉིད་ཁོ་ནར་དམིགས་ཀྱིས་བསལ་བར་བྱེད་པའོ། །ནུས་མེད་ན་ཞེས་བྱ་བ་ནི་རང་གི་ངོ་བོ་མ་ ཡིན་ཞེས་བྱ་བའི་དོན་ཏོ། །འབད་པས་དུབ་ལས་ལྡང་འདོད་པའི། །སྙན་དངགས་མཁན་པོ་རྣམས་ཀྱི་གཙོ། །རྩོད་དང་སྐྱོན་དངོས་ལས་ནི་རྒྱལ་བའོ། །རྒྱལ་བ་ཅན་དག་གོ་བར་འགྱུར། །ནུས་མཐོང་ཞེས་བྱ་བའི་ལན་བསྟན་པའི་ཕྱིར་སྔ་མའི་ཕྱོགས་ཀྱང་མཐོང་བའི་ཡུལ་ཁོ་ན་ལ་མ་ཡིན་ནམ། དེའི་ ཕྱིར་མངོན་སུམ་གྱི་ངོ་བོའི་མཐོང་བ་མེད་ཅེས་བྱ་བ་ཁོ་ན་རིགས་པར་འོས་པ་ཡིན་ནོ་སྙམ་དུ་སེམས་པ་ལ་འདི་ལྟར་ས་བོན་ལས་ཞེས་བྱ་བ་སྟེ། མཐོང་བ་ཞེས་བྱ་བ་རང་གི་ངོ་བོའི་ཡུལ་ཅན་མ་ཡིན་མོད་ཀྱི་འོན་ཀྱང་ནུས་པའི་ཡུལ་ཅན་ཡིན་ལ་དེ་ནི་མངོན་སུམ་མ་ཡིན་ནོ། །དེས་ན་འདི་མཐོང་བ་ནི་རྟོགས་ པའི་ཚིག་ཡིན་པར་ཇི་སྐད་བསྟན་པ་སྟེ། རྒྱུ་ལ་སོགས་པ་ལ་འཇིག་རྟེན་པའི་རྟོགས་པ་ཡོད་དོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་དབྱེ་བ་མེད་པར་ཞེས་བྱ་བ་ནི་མཐོང་བ་དང་འདྲ་བར་མཐོང་བ་ཞེས་ཉེ་བར་བཏགས་པའོ། །ལྷག་པར་མོས་པ་ནི་བསྟན་པའི་རྣམ་པར་རྟོག་པའོ། །རྣམ་པར་རྟོག་པ་ཉིད་ ནི་ཕལ་ཆེར་འཇིག་རྟེན་པ་ཐ་སྙད་དུ་བྱེད་པ་ཡིན་པར་བསྟན་པ་ནི་དངོས་འདི་བདག་གིས་དྲན་པ་ཞེས་བྱ་བ་སྟེ། ཁྱིམ་ནས་བྱུང་ནས་སླར་ཁྱིམ་དུ་འོང་བ་ནི། དྲན་པའི་ངོ་བོའི་ལྷག་པར་མོས་པའི་དབང་གིས་སོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་གཞག་པ་ཐམས་ཅད་ཀྱི། །ཞེས་བྱ་བ་ནི་འབྲས་བུ་དང་རྒྱུ་ དང་གཟུང་བྱ་དང་འཛིན་བྱེད་ཀྱི་ངོ་བོ་ལ་སོགས་པ་རྣམས་ཀྱི་སྟེ། མངོན་སུམ་ནི་རང་གི་ངོ་བོ་རིག་པ་ཙམ་གྱི་མཐར་ཐུག་པ་ཡིན་པའི་ཕྱིར་རོ། །སྒྱུ་མ་ལྟ་བུར་མ་བརྟགས་ན་ཉམས་དགའ་བའི་མངོན་སུམ་གྱིས་རྟོགས་པ་ཉིད་ཀུན་རྫོབ་ཅེས་འཆད་པ་ནི། གང་གིས་རང་གི་ངོ་བོ་ཡིས། །གཞན་གྱི་ངོ་བོ་ སྒྲིབ་བྱེད་པ། །ཞེས་བསྟན་པའི་ཀུན་རྫོབ་ཀྱི་མཚན་ཉིད་དང་འགལ་བ་ཅན་ཡིན་པར་བསྟན་པ་ནི། བསམ་པ་ནི་ཞེས་བྱ་བའོ། །མ་བརྟགས་ན་ཞེས་བྱ་བ་ནི་ཚད་མ་ཅན་མ་ཡིན་པའི་རྟོགས་པའི་དོན་ཞེས་བྱ་བའི་དོན་ཏོ། །མེ་མ་དམིགས་ན་མི་དམིགས་པའི་དུ་བ་མི་དམིགས་པ་ནི་མེ་དམིགས་ན་དམིགས་སོ་ ཞེས་བྱ་བའི་མངོན་སུམ་དང་། མི་དམིགས་པ་ལྔ་པོ་འབྲས་བུ་དང་རྒྱུ་ཉིད་ཀྱི་དངོས་པོ་རྣམས་དང་མཐུན་པའི་རྣམ་པར་རྟོག་པ་སྐྱེད་པའི་རྣམ་པར་གཞག་པར་བྱེད་པ་མ་ཡིན་ནམ་སྙམ་དུ་སེམས་པ་ལ་འདི་ལྟར་རྒྱུ་དང་འབྲས་བུའི་རྟགས་ནི་ཞེས་བྱ་བ་སྟེ། རེ་ཞིག་མངོན་སུམ་དང་མི་དམིགས་པ་རྣམས་ མངོན་སུམ་གྱི་ངོ་བོ་སྟེ། རང་གི་ཡུལ་རྣམས་ལ་འབྲས་བུ་དང་ཅིག་ཤོས་ཉིད་ཀྱིས་སྦྱོར་བར་བྱེད་པ་མ་ཡིན་ཏེ། སྦྱོར་བར་བྱེད་པའི་བདག་ཉིད་མ་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པའི་ངོ་བོ་ཡང་རྗེས་སུ་དཔག་པ་ལ་འབྲེལ་པ་འཛིན་པར་བྱེད་པ་མ་ཡིན་པར་བསྟན་པ་ནི་དེ་བཞིན་རྗེས་དཔག་གི་ ཞེས་བྱ་བའོ། །གཉི་ག་འཛིན་པ་ཙམ་གྱི་བྱ་བ་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྦྱོར་བར་མི་བྱེད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །འདིའི་དེ་མ་ཐག་ཏུ་ཞེས་བྱ་བ་ནི་མངོན་སུམ་ཉམས་སུ་མྱོང་བ་ལས་བྱུང་བའི་རྣམ་པར་རྟོག་པའི་བསམ་པ་རྒོལ་བའོ། །འདི་ལྟར་འདི་ཉིད་ ལས་བྱུང་བའམ་ཞེས་བྱ་བ་ལ་སོགས་པ་ནི། གཞན་དང་འབྲེལ་པ་དང་མ་འབྲེལ་པ་དང་། ཤིན་ཏུ་མ་འབྲེལ་པ་རྣམ་པར་གཅོད་པ་ལ་རིམ་པ་ཇི་ལྟ་བ་བཞིན་དུ་མཐོང་ངོ་། །མངོན་སུམ་གྱི་རྗེས་ལས་བྱུང་བའི་རྣམ་པར་རྟོག་པ་ནི་མངོན་སུམ་གྱིས་མཐོང་བའི་ཆ་ཙམ་གྱི་རྗེས་སུ་འབྲངས་པར་བྱེད་པ་ཡིན་ གྱི་ཁྱབ་པ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། ད་ལྟར་ཡང་ཞེས་བྱ་བའོ། །ངེས་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་ཁྱབ་པ་མེད་པའི་ཕྱིར་རོ། །འདི་ལས་བྱུང་བ་ཉིད་དོ་ཞེས་ངེས་པར་བཟུང་བ་ཡང་མ་ཡིན་ཏེ་ཞེས་བྱ་བ་འདི་ནི་མ་འབྲེལ་པ་རྣམ་པར་གཅོད་པ་བསྟན་ཅིང་ཤིན་ཏུ་མ་འབྲེལ་པ་རྣམ་པར་གཅོད་པར་བསྟན་པ་ ཡང་། འདི་ལས་ཞེས་བྱ་བ་ལ་སོགས་པས་སོ། །མི་དམིགས་པ་ལས་བྱུང་བའི་རྣམ་པར་རྟོག་པའི་བསམ་པས་ཟེར་བ་ནི་ཇི་ལྟར་དེ་མེད་ན་ཞེས་བྱ་བའོ། །མི་དམིགས་པ་ནི་མངོན་སུམ་ལས་གཞན་པ་ཡང་ཡིན་ལ། རྗེས་སུ་དཔག་པ་ཡང་ཡིན་ནོ་ཞེས་བྱ་བའི་ཕྱོགས་ལ་བསྟན་པ་ནི་དེ་ལྟ་བུར་ གྱུར་ན་ཞེས་བྱ་བའོ། །གཞན་མ་ཡིན་ཞེས་བྱ་བ་ནི་གཞན་པ་མ་ཡིན་པ་སྟེ་མངོན་སུམ་ཉིད་ཡིན་ཏེ། གཞན་དམིགས་པ་ནི་མི་དམིགས་པ་ཡིན་པའི་ཕྱིར་རོ། །མངོན་སུམ་ལ་བརྗོད་པའི་ཞེས་བྱ་བ་ནི་མངོན་སུམ་ལས་བྱུང་བའི་རྣམ་པར་རྟོག་པ་བརྗོད་པའོ། །གལ་ཏེ་རྗེས་སུ་དཔག་པ་ཡིན་ ནོ་ཞེས་བྱ་བ་དེ་དག་ཙམ་ནི་རྒོལ་བ་ཡིན་ཏེ། རྗེས་སུ་དཔག་པས་གཞན་ཚོལ་ན་ཐུག་པ་མེད་པར་བསྟན་པ་ནི་རྗེས་སུ་དཔག་པ་ཐུག་པ་མེད་པར་ཡང་འགྱུར་རོ་ཞེས་བྱ་བའོ། །ཡུལ་དང་དུས་ངེས་པའི་མངོན་སུམ་ལས་བྱུང་བའི་རྣམ་པར་རྟོག་པ་ནི་ཡུལ་ངེས་པ་ལ་སོགས་པར་མངོན་པར་ཞེན་པར་ མི་བྱེད་ལ། མེད་པ་ལས་ཀྱང་མ་ཡིན་ཏེ། ཡུལ་ལ་སོགས་པ་ངེས་པ་མེད་པའི་ཕྱིར་རོ་སྙམ་དུ་སེམས་པས་ཟེར་བ་ནི། འོན་ཏེ་དངོས་པོ་མེད་པའི་ཞེས་བྱ་བ་སྟེ། ཡོད་པའི་དངོས་པོ་བཟུང་ནས་ནི། །མི་མཐུན་ཕྱོགས་དག་དྲན་བྱས་ཀྱང་། །ཡིད་ཀྱི་མེད་པའི་ཤེས་པ་ནི། །དབང་པོ་ལ་ལྟོས་མེད་པར་ འབྱུང་། །ཞེས་བྱ་བའི་རིགས་པས། ཡུལ་ལ་ངེས་པ་ཉིད་ཀྱི་དངོས་པོ་ངེས་པ་ལ་དངོས་པོ་མེད་པའི་ཚད་མས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །དེ་ཡོད་ན་ཡོད་པའི་རྟགས་ཡིན་ལ་དེ་ལས་ཀྱང་རྟགས་གཞན་ལ་དེའི་འབྲས་བུ་ཉིད་དུ་ཤེས་པ་ནི། འབྲེལ་པ་འཛིན་པ་ལ་ལྟོས་པའི་ཕྱིར་རྗེས་སུ་དཔག་ པ་ནི་མ་ཡིན་ལ་གནོད་པ་ཅན་མེད་པའི་ཕྱིར་ཚད་མ་ནི་ཡིན་ནོ། །དཔྱོད་པ་ཞེས་བྱ་བའི་ཚད་མ་ཡིན་པ་ནི་ཡུལ་དང་དུས་ལ་སོགས་པ་ངེས་པ་ཅན་དུ་འཇོག་པར་བྱེད་དོ་སྙམ་དུ་སེམས་པ་ནི་དཔྱོད་པའི་ཚད་མས་རྟོགས་པར་བྱ་བ་ཞེས་བྱ་བའོ། །ངེས་པའི་མཚན་ཉིད་ཅེས་བྱ་བ་ནི་དེ་ཡོད་ན་ཡོད་པའི་ རྟགས་ལས་རྟགས་ཅན་གྱི་དབྱེ་བ་གསལ་བ་ནི་དེའི་འབྲས་བུ་རྟོགས་པ་ཞེས་ངེས་པར་རྟོགས་པ་ཡིན་ནོ། །གང་གི་ཕྱིར་དུ་བ་ནི་མེ་ཉིད་ལས་བྱུང་བར་ལན་ཅིག་མ་ཡིན་པར་དམིགས་པ་ཡིན་གྱི། གཞན་ལས་ནི་མ་ཡིན་ནོ་ཞེས་བྱ་བའི་གཞན་དུ་མི་འཐད་པ་འདིས་མེ་ལ་ངེས་སོ་ཞེས་ངེས་པའི་ཤེས་ པ་ནི་དོན་གྱིས་གོ་བ་ལས་ཞེས་བྱ་བའི་དོན་ཏོ། །དེ་ཡོད་པ་ཉིད་ན་ཡོད་པ་ཞེས་བྱ་བའི་ཁོངས་སུ་གཏོགས་པའི་ངེས་པ་ཅན་ནི་རྟགས་ཡིན་ལ། དེ་ཙམ་ནི་མ་ཡིན་ཏེ་འཁྲུལ་པའི་ཕྱིར་རོ། །གལ་ཏེ་དེ་འགྲུབ་ན་གཞན་རྟགས་ཅན་མ་ཡིན་ཞིང་ཚད་མ་གཞན་པོ་དཔྱོད་པའམ་དོན་གྱིས་གོ་བ་ཡང་ མ་ཡིན་ནོ་ཞེས་བསྟན་པ་ནི། གལ་ཏེ་རྒྱུ་དང་འབྲས་བུ་ཡི། །ཞེས་བྱ་བའོ། །དེ་ལས་འབྱུང་བ་ཞེས་བྱ་བ་ནི་དེ་ཁོ་ན་ལས་ངེས་པ་ཅན་ཁོངས་སུ་གཏོགས་པའོ། །དེ་ལ་སྐྱོན་ནི་ཞེས་བྱ་བ་ནི་དེ་ཁོ་ན་ལས་ཞེས་བྱ་བའི་ངེས་པས་ཁྱབ་པོ། །མངོན་སུམ་གྱིས་མ་ཡིན་ཞིང་དེ་ལས་བྱུང་བའི་རྣམ་པར་རྟོག་ པས་ཀྱང་མ་ཡིན་ཏེ། ཡུལ་དང་དུས་ངེས་པའི་ཕྱིར་རོ། །དེ་ཁོ་ན་ལས་བྱུང་བའི་ཕྱིར་གཞན་གྱི་འབྲས་བུ་ཉིད་མ་ཡིན་དུ་ཟིན་ཀྱང་། དེ་ཉིད་ནི་གཞན་ནོ་སྙམ་དུ་སེམས་པ་ལ། དེ་ཡང་ཡུལ་ངེས་པ་ལ་སོགས་པའི་སྦྱོར་བ་མི་བྱེད་པའི་མངོན་སུམ་གྱིས་མ་རྟོགས་པ་ཉིད་དུ་བསྟན་པ་ནི་ངེས་པ་ཅན་ཞེས་བྱ་བ་སྟེ་ ཁྱབ་པས་སོ། །འོན་ཏེ་དེ་ཡོད་ན་འབྱུང་བ་ཙམ་ནི་རྟགས་ཡིན་ལ། དེ་ཡོད་ན་ཡོད་པ་ཁོ་ན་ནི་རྟགས་ཅན་ནོ་སྙམ་དུ་སེམས་པ་ནི་གལ་ཏེ་ངེས་པ་ནི་དཔྱོད་པའམ་ཞེས་བྱ་བའོ། །དེ་ཙམ་གྱི་ངེས་པ་ཅན་ཁྱབ་པའི་མངོན་སུམ་གྱིས་ཁྱབ་པ་མ་ཡིན་པར་བསྟན་པ་ནི་གལ་ཏེ་ད་ལྟར་ཞེས་བྱ་བའོ། །མ་ཁྱབ་པ་ལས་ རྟོགས་པ་ནི་ངེས་པ་ཅན་མ་ཡིན་ནོ་ཞེས་བསྟན་པ་ནི་འོ་ན་བུམ་པ་ཞེས་བྱ་བའོ། །ལན་ཅིག་མ་ཡིན་པར་ལྷན་ཅིག་ཏུ་དམིགས་པ་རྣམས་ཀྱང་འཁྲུལ་པར་མཐོང་བའི་ཕྱིར་མ་མཐོང་བ་ལ་ཡང་ཡིད་ཆེས་པ་མེད་དོ། །མ་མཐོང་བ་ལ་ནི་ཡུལ་དང་དུས་ལ་སོགས་པ་བསྐལ་པ་རྣམས་ཀྱི་ མེད་པ་ཉིད་དུ་སྒྲུབ་པར་བྱེད་པ་མ་ཡིན་པར་བསྟན་པ་ནི་འོ་ན་ནི་འདི་ཉིད་ཀྱིས་ཞེས་བྱ་བ་སྟེ། ཡིད་བརྟན་དུ་མེད་པའི་ཡུལ་ལ་ཡང་ཡིད་ཆེས་པ་ནི་རིང་པོ་མཐོང་བ་མ་ཡིན་པ་རྣམས་ཀྱི་ཀུན་རྫོབ་པ་ཉིད་ཡིན་གྱི། ཚད་མ་ཅན་མ་ཡིན་པར་བསྟན་པ་ནི་ནུས་པ་རྟོགས་པ་ཞེས་བྱ་བ་སྟེ། འབྱུང་བར་འགྱུར་ བ་གནོད་པར་བྱེད་པ་མེད་པ་ནི་གནོད་པ་ཅན་མ་འོངས་པ་མ་ཡིན་པའི་ཕྱིར། དེའི་ཡུལ་ལ་ཐེ་ཚོམ་ཟ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡིད་མི་ཆེས་པ་དང་ཡིད་ཆེས་པའི་རྟོགས་པ་དེ་ཉིད་ལ་བརྟེན་ནས་སྔར་མཐོང་བ་ངོ་ཤེས་པའམ་དྲན་པ་འབྱུང་བ་ཚད་མ་མ་ཡིན་པའི་རྟོགས་པ་འཕེན་པ་ཡིན་པར་བསྟན་ པ་ནི། ངོ་ཤེས་སྔར་གྱི་མཐོང་བ་དང་། །ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནས་ཀུན་རྫོབ་ཅེས་བྱ་བའི་བར་གྱིས་དགོས་པ་བསྟན་ནས་གསུངས་སོ་ཞེས་བྱ་བ་ནི་འདོད་ན་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་དེ་ལྟར་ཞེས་བྱ་བ་འདིས་ནི་གང་ཡང་རུང་བའམ་དེ་ཞེས་བྱ་བ་བཞིན་དུ་མ་གུས་པའི་ཚིག་ནི་མ་ ཡིན་ཏེ། འོན་ཏེ་ཀུན་རྫོབ་ཇི་ལྟ་བ་དེ་བཞིན་དུ་གཞག་གི་ཚད་མའི་འཇུག་པས་དཀྲུགས་པར་མ་བྱེད་ཅིག་ཅེས་རྣམ་པར་དབྱེ་བའི་ཚིག་གོ། །གང་གི་ཕྱིར་ཚད་མ་འཇུག་པར་བྱེད་ན་ཀུན་རྫོབ་ཀྱི་འབྲས་བུ་ཉིད་ལ་སོགས་པ་འཇིག་པར་འགྱུར་ཏེ། རྣམ་པར་དབྱེ་བ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི་ འཇིག་རྟེན་གྱི་ཐ་སྙད་ཅེས་བྱ་བའོ། །དེ་ལྟ་ཡིན་ན་སྐད་ཅིག་པ་མ་ཡིན་པ་ཉིད་ལ་སོགས་པ་ཡང་རྟོགས་པས་གྲུབ་པ། ཐ་སྙད་པ་ཁོ་ན་ཡིན་ནོ་སྙམ་སེམས་པ་ལ། གནོད་པ་ཉིད་ཀྱི་ཕྱིར་མ་ཡིན་ནོ་ཞེས་བསྟན་པ་ནི་སྨོས་པའི་རྣམ་པར་དབྱེ་བ་ཙམ་གྱིས་ཞེས་བྱ་བ་སྟེ། མི་སྨོད་པའི་རྣམ་པར་རྟོག་པ་ནི་ མོས་པ་ཡིན་གྱི། སྐད་ཅིག་པ་ཡིན་པའི་རྣམ་པར་རྟོག་པ་ནི་འབྲས་བུ་ཉིད་ལ་སོགས་རྣམ་པར་རྟོག་པ་བཞིན་དུ་མི་སྨོད་པ་མ་ཡིན་ན། སྐད་ཅིག་པ་ཉིད་ཀྱི་རྣམ་པར་རྟོག་པ་ནི་མ་སྨད་པ་ཡིན་ཡང་ཚད་མས་མ་དཔྱད་པས་བསྒོམ་པར་བྱ་བ་ཁོ་ན་ཞེས་བྱ་བའི་དོན་ཏོ། །ཚད་མ་དང་ཚད་མ་མ་ཡིན་པ་ དང་། འབྲས་བུ་དང་ཅིག་ཤོས་ཉིད་ལ་སོགས་པའི་དབྱེ་བའི་རྣམ་པར་རྟོག་པ་ཉམས་སུ་མྱོང་བ་མེད་ན། སྒོམ་པ་པོ་མེད་པའི་ཕྱིར་སྒོམ་པ་ལ་སོགས་པ་མེད་དེ། རྣམ་པར་རྟོག་པའི་བག་ཆགས་ལས་བྱུང་བ་ཉིད་ཀྱི་ཕྱི་མ་ཞེས་བསྟན་པ་ནི། འཇིག་རྟེན་གྱི་ཐ་སྙད་ཀྱི་རྒྱུར་ཞེས་བྱ་བའོ། །སྔོན་པོ་ལ་སོགས་ པ་མེད་པའི་ཕྱིར་དེ་ལས་ཐ་མི་དད་པའི་ཤེས་པ་མེད་པ་ནི་ཀུན་རྫོབ་ཡིན་ཏེ། འཇིག་རྟེན་གྱི་ཐ་སྙད་ཀྱིས་ཡོངས་སུ་ཚིམ་པར་བྱེད་པའི་ཕྱིར། དེའི་མངོན་པའི་ང་རྒྱལ་དུ་ཡོད་པ་ཡིན་པའི་ཕྱིར་འགའ་བ་མེད་དོ་ཞེས་དབུ་མ་པའི་འདོད་པ་བསྟན་པ་ནི་སྔོན་པོ་ལ་སོགས་པ་ཞེས་བྱ་བའོ། །གཞན་ལ་ཡང་ཞེས་བྱ་བ་ནི་སད་ པའི་གནས་སྐབས་ན་ཡང་བག་ཆགས་ཙམ་ལས་བྱུང་བའི་ཤེས་པ་ནི་བྱ་བ་མེད་པ་ཡིན་ནོ། །རང་རིག་པའི་མངོན་སུམ་ལས་བདེན་པའི་ཤེས་པ་ལས་ཐ་མི་དད་པའི་སྔོན་པོ་ལ་སོགས་པ་ནི་དེའི་བདག་ཉིད་དུ་ཡོད་པ་ཡིན་གྱི། སྐྱེ་བ་ལ་སོགས་པ་ནི་དེ་ལྟ་མ་ཡིན་པའི་ཕྱིར་མི་བདེན་པའི་ཀུན་རྫོབ་ཡིན་ཏེ། སྔ་མ་དང་ ཕྱི་མའི་མངོན་སུམ་ལས་བྱུང་བའི་རྣམ་པར་རྟོག་པས་རྟོགས་པའི་ཕྱིར་ཡོད་དོ་ཞེས་བྱ་བ་ནི་རྣལ་འབྱོར་སྤྱོད་པ་པའི་ལྟ་བུ་བསྟན་པ་ནི་ཡང་ན་སྐྱེ་བ་ལ་སོགས་པ་ཞེས་བྱ་བའོ། །དེ་འདི་ལྟར་ཚད་མ་དང་འཇིག་རྟེན་གྱི་ཐ་སྙད་ལ་ལྟོས་ནས། ཡོད་པ་དང་མེད་པ་དག་ལ་འགལ་བ་མེད་པ་ལ། འགྲེལ་པ་བྱེད་པ་ པོའི་འགལ་བར་སྨྲ་བ་ནི། མ་ངེས་པ་ཉིད་ཡིན་པར་བསྟན་པ་ནི་ཇི་སྟེ་ཀུན་རྫོབ་ཅེས་བྱ་བ་ནི་ཞེས་བྱ་བའོ། །སྐྱེ་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་སྐྱེ་བ་མེད་པའོ། །དེ་མ་ཐག་པའི་རྒྱུ་ནི་འབྲས་བུ་ལས་སྔ་རོལ་ན་ཡོད་པ་མ་ཡིན་ཏེ། འདས་ནས་ཡུན་རིང་དུ་ལོན་པ་ཡིན་ལ་མེད་པ་ཡིན་ཡང་གང་ཁོ་ན་དེ་མེད་པའི་ དུས་ན་ཡོད་པ་དེ་ཁོ་ན་རྒྱུ་ཡིན་ཏེ། དེ་མ་ཐག་པ་ཡིན་པའི་ཕྱིར་རོ། །སྔ་མ་ནི་མ་ཡིན་ཏེ། ཡུན་རིང་བའི་ཕྱིར་རོ་སྙམ་དུ་སེམས་པ་ལ་སྐད་ཅིག་གི་དངོས་པོ་ཞེས་བྱ་བའོ། །དྲི་ལ་སོགས་པའི་མཚན་ཉིད་ཀྱང་གཟུགས་ཀྱི་འབྲས་བུ་ལ་གཟུགས་ཀྱི་སྐད་ཅིག་པ་བཞིན་དུ་དེ་མ་ཐག་པ་ཡིན་པའི་ཕྱིར། རྒྱུར་འགྱུར་བ་ཞིག་ན་རྗེས་སུ་འགྲོ་བ་དང་ལྡོག་པ་དག་མེད་པའི་ཕྱིར་མ་ཡིན་ནོ་ཞེས་བྱ་བ་འདི་ཡང་། འདས་ནས་ཡུན་རིང་དུ་ལོན་པ་བར་དུ་ཆོད་པ་ལ་ཡང་མཚུངས་པ་ཡིན་ཏེ། དོན་གྱིས་ནུས་པ་མེད་པ་རྣམས་ལ་དེ་མ་ཐག་པ་རྣམས་ལ་དགོས་པ་མེད་དོ་ཞེས་བྱ་བའི་རིགས་པས་དེ་མ་ཐག་པ་ཉིད་ ཀྱི་རྒྱུ་ཡིན་ན། དྲི་ལ་སོགས་པ་རྒྱུ་མ་ཡིན་པ་ཉིད་ཀྱིས་ཐ་དད་པ་ཉིད་མ་གྲུབ་པོ་ཞེས་བསྟན་པ་ནི། འདི་ནི་ཞེས་བྱ་བའོ། །རྣམ་པར་རྟོག་པའི་རྟོགས་པ་ལ་དེ་མེད་པའི་ཕྱིར་རྟོགས་པ་མེད་པ་ཅན་གྱི་ཤེས་པ་ཡིན་ལ། དེས་གྲུབ་པ་ནི་མ་བརྟགས་པས་གྲུབ་པ་ཡིན་ན་ཚད་མས་ གྲུབ་པ་ཉིད་ཇི་ལྟར་ཀུན་རྫོབ་ཡིན་ཞེས་བསྟན་པ་ནི་བརྟག་པ་ཞེས་བྱ་བ་སྟེ། ཚད་མ་ཅན་མ་ཡིན་པའི་རྟོགས་པ་ནི་ཀུན་རྫོབ་སྟེ། སྒྱུ་མ་ལ་སོགས་པས་བསྟན་པ་ཞེས་བྱ་བའི་དོན་ཏོ། །རྟོགས་པ་གང་ལ་ཚད་མ་རྗེས་སུ་འཇུག་པ་དེ་ནི་ཀུན་རྫོབ་མ་ཡིན་ཞེས་བསྟན་པ་ནི་བསྟན་བཅོས་བྱེད་པའི་ཞེས་བྱ་ བའོ། །རང་རིག་པ་ལས་ཕྱི་རོལ་གྱི་ཚད་མ་དང་། ཅིག་ཤོས་ཀྱི་རྣམ་པར་དབྱེ་བ་ནི་ཀུན་རྫོབ་ཁོ་ན་ཡིན་ཏེ། ཕྱི་རོལ་གྱི་དོན་ལ་ལྟོས་པ་ཡིན་ནོ་ཞེས་བསྟན་པ་ནི་ཚད་མ་དང་ཚད་མ་མ་ཡིན་པ་ཞེས་བྱ་བའོ། །ཐོབ་པ་ཞེས་བྱ་བ་ནི་སྐྱེ་བ་སྐྱེ་བཞིན་པ་ལས་ཐ་མི་དད་པའི་ཕྱིར་ཐོབ་པ་སྟེ། ཕྲད་པའི་ མཐར་ཐུག་པའི་ངོ་བོའོ། །གང་ལ་ལྟོས་ནས་སྒྲུབ་བྱེད་ཀྱི་ཤེས་པ་ཚད་མ་ཡིན་པ་དེ་ཤེས་པ་གཞན་ཡིན་པར་བསྟན་པ་ནི་ཐོབ་པ་ཞེས་བྱ་བ་སྟེ། གལ་ཏེ་ཤེས་པ་སྔ་མས་དོན་རིག་པ་ཡིན་ན་ཤེས་པ་ཕྱི་མ་དོན་མེད་པ་ཡིན་ལ། དེ་དག་ཙམ་རྟོགས་པར་བྱེད་པ་ཡིན་པས་ཅིའི་ཕྱིར་ལྟོས་པ་ཡིན། ལྷག་པར་རྟོགས་པར་བྱེད་པ་ཉིད་ཡིན་པས་སྔ་མ་པ་ནི་ཡུལ་གཞན་པ་མི་སླུ་བ་དང་། ཅིག་ཤོས་ཀྱི་ཤེས་པ་གཞན་འཇུག་པ་ནི། རང་གི་དོན་ཤེས་པའི་ཚད་མ་ཉིད་མ་ཡིན་ནོ། །དེ་ལྟ་མོད་ཀྱི་རང་གི་ཡུལ་རྣམ་པར་འཇོག་པ་ནི་མ་ཡིན་ནོ། །རྟོགས་པའི་ངོ་བོ་ཉིད་ཀྱིས་ནི་ཡུལ་རྣམ་པར་འཇོག་ པར་བྱེད་པ་ཡིན་གྱི་རྟོགས་པ་གཞན་རང་གི་ཡུལ་རྣམ་པར་གཞག་པ་བྱེད་པས་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་རྟོགས་པ་གཞན་ཡང་དེ་ལས་གཞན་པའི་རྣམ་པར་གཞག་པའི་ཡུལ་ལ་ཡིན་ཞིང་། དེ་ཡང་དེ་བཞིན་ནོ་ཞེས་མཐར་ཐུག་པ་མེད་པའི་ཕྱིར་རོ། །གང་དུ་ཡང་རང་གི་ཡུལ་རྣམ་པར་ གཞག་པ་མེད་པའི་ཕྱིར་རོ། །ཤེས་པ་མ་ལུས་པ་ཚད་མ་མ་ཡིན་པར་ཐལ་བར་འགྱུར་རོ། །ཅིའི་ཕྱིར་ཐོབ་པ་དོན་དུ་གཉེར་བར་འགྱུར། །ཞེས་བྱ་བ་ནི། དེ་ལྟ་བུ་ཉིད་དམིགས་པ་ཉིད་ཀྱིས་ཡང་ཚད་མ་ནི་དོན་མེད་དོ་ཞེས་བྱ་བའི་དགོས་པའོ། །བློ་ཐམས་ཅད་ཚད་མ་ཡིན་པར་ནི་མི་རིགས་པ་ མ་ཡིན་ནམ། གཞན་ཉིད་དུ་གྲུབ་པའི་ཕྱིར་ཡང་། ཚད་མའི་སྐབས་དང་ཞེས་པ་ཡོད་དོ་ཞེས་བྱ་བའི་རིགས་པ་དང་། གནོད་པ་ཅན་ཉིད་ཚད་མ་ཡིན་པའི་ཕྱིར་དང་། གནོད་པ་ཅན་ཡང་རང་གི་ངོ་བོ་ལ་གནོད་པར་བྱེད་པ་མ་ཡིན་ཏེ། རྟོགས་བཞིན་པ་ཡིན་པའི་ཕྱིར་རོ། །ཐོབ་བྱ་ལ་ནི་གནོད་པ་ཡིན་ ཏེ། དེའི་ཚད་མེད་པའི་ཕྱིར་དེའི་ཡུལ་མ་ཡིན་པ་སྔ་མ་དེའི་གནོད་པས་གནོད་བྱར་ཅི་ལྟར་འགྱུར། ཕྲད་པའི་མཐར་ཐུག་པ་ཐོབ་པའི་ཚད་མ་ཉིད་ནི། གནོད་བྱ་གནོད་བྱེད་ཀྱི་ཡུལ་མཚུངས་པ་ཉིད་དེ་ཡང་བཀག་པ་ཡིན་ཏེ། རང་གི་དུས་ཙམ་ཡུལ་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །འདི་ནི་ ཞེས་བྱ་བ་ནི་གཞན་ནོ། །དེས་ཞེས་བྱ་བ་ནི་སྔ་མའི་ཤེས་པས་སོ། །དེ་ལྟར་ན་ཡང་ཞེས་བྱ་བ་ལ་སོགས་པ་ནི་ལན་ཡིན་ཏེ། ཐམས་ཅད་ལ་ཡང་གཞན་འགའ་ཞིག་ཐོབ་པ་ཡོད་པའི་ཕྱིར་རོ། །དེ་ལྟ་ན་ཡང་ཚད་མ་དང་ཚད་མ་མ་ཡིན་པའི་རྣམ་པར་དབྱེ་བ་མེད་དོ་ཞེས་བསྟན་པ་ནི་དེའི་ཕྱིར་དོན་དམ་ པ་ཞེས་བྱ་བའོ། །གཞན་པ་ཙམ་ནི་ཡུལ་མ་ཡིན་མོད་ཀྱི། འོན་ཀྱང་མངོན་པར་འདོད་པའི་ཕྲད་པའི་མཐར་ཐུག་པ་ཐོབ་པ་ནི་ཚད་མ་ཡིན་ནོ་ཞེས་འཇིག་རྟེན་པ་འདོད་པ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་དེ་ཀུན་རྫོབ་པ་ཉིད་ཡིན་པར་བསྟན་པ་ནི་ཀུན་རྫོབ་ཏུ་ཅི་ལྟ་བ་དེ་ལྟ་ཡིན་དུ་ཟད་དོ་ཞེས་བྱ་བའོ། །ཅིའི་ཕྱིར་ མངོན་པར་འདོད་པ་ཡིན་ཞེ་ན། དེས་ན་དངོས་པོའི་དེ་ཁོ་ན་ཉིད་ཅེས་བྱ་བ་སྟེ། གང་ཞིག་ཇི་ལྟ་བ་ཡིན་པ་དེ་དེ་ཉིད་ཡིན་པར་ནི་ཀུན་རྫོབ་ཡིན་ཞེས་རྣམ་པར་དབྱེ་བ་ཡིན་པ་དེ་ལྟར་དེ་དེ་ཉིད་ཡིན་ནོ། །སྤྱི་ལ་ཡང་ཞེས་བྱ་བ་ནི། དཔྱིད་ཀྱི་དུས་སུ་བྲམ་ཟེ་མེ་རྣམས་བསྟེན་པ་དང་། བྲམ་ཟེ་ལ་སྦྱིན་པ་ཞེས་ བྱ་བ་ལ་སོགས་པའི་དོན་བྱེད་པ་ནི་སྤྱི་ལ་སོགས་པ་ཐམས་ཅད་ལ་ཡང་ཡོད་པའི་ཕྱི་རོལ་གྱི་དོན་བྱེད་པ་ཡོད་པ་མ་ཡིན་ཞེས་བསམ་པར་བྱའི། མེད་པ་ལ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི་བློ་ལ་ཞེས་བྱ་བ་སྟེ། འདི་ལ་བློའི་མཚན་ཉིད་དང་ལྡན་པ་ཉིད་ཡོད་པ་མ་ཡིན་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་ བྱེད་པའི་བློ་ནི་ཡོད་པ་ཡིན་ཏེ། གཟུགས་ལ་སོགས་པའི་བློ་བཞིན་ནོ། །འབད་པ་ལ་སོགས་པ་ཙམ་ལས་བྱུང་བ་ས