Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 176

Văn bản gốc(Tây Tạng)

Trang 18 / 22 (50.000 ký tự/trang)
ི་འགྱུར་བའི་ཕྱིར། དོན་དུ་མ་དང་འབྲེལ་པ་ཅན་གྱི་སྒྲས་ཀྱང་སྐྱེས་བུས་ལེགས་པར་བྱས་པ་ལས་འདོད་པའི་དོན་ལ་སོ་སོར་

ངེས་པ་སྟོན་པ་ཡིན་ནོ་ཞེས་ཁས་བླང་བར་བྱའོ། །དེ་ཡང་སྔ་མ་བཞིན་ཏེ། དོན་དུ་མ་དང་མངོན་འབྲེལ་ན། །འགལ་བ་གསལ་བར་བྱེད་པ་སྲིད། །ཅེས་བྱ་བ་ལ་སོགས་པ་དེས་ཐར་པར་འགྱུར་བ་བཤད་ཟིན་ཏོ། །རེ་ཞིག་དེ་ལྟར་འབྲེལ་པ་རྟག་པ་དང་མི་རྟག་པ་དག་སྐྱེས་བུ་ལ་རག་ལས་པ་
ཉིད་མ་ཡིན་པའི་སྐྱོན་བཤད་ཟིན་ཏོ། །འབྲེལ་པ་སྐྱེས་བུའི་འདོད་པས་འཇུག་པ་ཡིན་ན་ཡང་སྐྱེས་བུས་བྱས་པ་ཉིད་ཡིན་པའི་ཕྱིར་འཁྲུལ་པར་དོགས་པར་འགྱུར་ཏེ། སྐྱེས་བུ་འཁྲུལ་པའི་རྒྱུ་ཁས་ལེན་པའི་ཕྱིར་རོ། །འབྲེལ་པ་རྟག་པ་ཉིད་ཀྱི་སྐྱོན་གཞན་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
བརྗོད་པར་བྱ་བའི་དོན་འབྲེལ་པ་ཅན་རྣམས་མི་རྟག་ཕྱིར། དེ་དག་འཇིག་པ་ཅན་ཡིན་ན་དེ་ལ་བརྟེན་པ་འབྲེལ་པ་ཡང་འཇིག་པ་ཡིན་པ་དེ་ལྟར་ན། འབྲེལ་པ་ལ་རྟག་ཡོད་མ་ཡིན། །གཞན་ལ་བརྟེན་པ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད། གཞན་ལ་བརྟེན་པ་ཅན་འབྲེལ་པ་ཡིན་ཏེ། འབྲེལ་
པ་འདི་ལ་གཞན་ལ་བརྟེན་པ་ཡོད་པའི་ཕྱིར་རོ། །ནིའི་སྒྲས་ནི་ངེས་པར་གཟུང་བའོ། །ཅིའི་ཕྱིར་ཞེ་ན། འབྲེལ་པ་ཅན་ལ་འབྲེལ་པ་རག་ལས་པ་མེད་པ་ཡིན་ན་འབྲེལ་པ་ཅན་དེ་དག་གི་འབྲེལ་པ་ཉིད་མི་རུང་བའི་ཕྱིར་རོ། །རྟ་བ་ལང་དང་འདྲ་བར་ལྟོས་པ་མེད་པས་དོན་འགའ་ཞིག་དེ་དང་ལྡན་པར་མི་འགྱུར་
རོ། །སྒྲ་དང་དོན་གྱི་འབྲེལ་པའི་རྟེན་དེ་ཡང་མི་རྟག་པ་ཡིན་ཏེ། དོན་རྣམས་མི་རྟག་པ་ཉིད་ཀྱི་ཕྱིར་རོ། །རྟེན་དེ་ཞིག་ཅིང་ཉམས་པ་དང་། འབྲེལ་པ་བརྟེན་པ་ཡང་ཞིག་པར་འགྱུར་ཏེ། སྒྲོན་མ་འཇིག་པ་ན་དེ་ལ་བརྟེན་པའི་འཇིག་པ་ལྟ་བུའོ། །དེ་ལྟ་མ་ཡིན་ན་སྟེ། གལ་ཏེ་རྟེན་འཇིག་པ་ན་ཡང་
བརྟེན་པ་མི་འཇིག་པ་འདོད་པ་དེའི་ཚེ། རྟེན་དུ་མངོན་པར་འདོད་པ་དེ་ལ་འབྲེལ་པ་བརྟེན་པར་མི་འགྱུར་རོ། །གང་ཞིག་གང་འཇིག་པ་ན་མི་འཇིག་པ་དེ་ནི་དེ་ལ་བརྟེན་པར་རིགས་པ་མ་ཡིན་ཏེ། དཔེར་ན་བུམ་པ་འཇིག་པ་ན་སྣམ་བུ་མི་འཇིག་པ་ལྟ་བུའོ། །རྟེན་འཇིག་པ་ན་འཇིག་པར་འགྱུར་བ་
དེ་བས་ན་འབྲེལ་པ་རྟག་པ་མ་ཡིན་ནོ། །དེའི་རྟེན་གྱི་དོན་ཡང་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི་འབྲེལ་པ་དེའི་འབྲེལ་པ་ཅན་ཅིའི་རྟེན་ཡིན་ཞེས་རྟེན་བརྗོད་པར་བྱའོ། །རྟེན་གྱི་དོན་ནི་ཕན་འདོགས་པའི་དོན་ཡིན་ན་དེ་ལ་ཡང་འདི་ལ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འབྲེལ་པ་རྟག་པ་ལ་ཕན་གདགས་སུ་མེད་པ་

ཉིད་ཀྱི་ཕྱིར་ཏེ། ཕུལ་དུ་བྱུང་བར་བྱར་མེད་པ་ཉིད་ཀྱི་ཕྱིར་རོ། །ཕན་འདོགས་པར་མི་བྱེད་པའི་རྟེན་དུ་མངོན་པར་འདོད་པ་ཡང་རྟེན་མ་ཡིན་པར་འགྱུར་རོ། །གལ་ཏེ། འབྲེལ་པ་ཅན་རྣམས་མི་རྟག་ཕྱིར། །འབྲེལ་པ་ལ་རྟག་ཡོད་མ་ཡིན། །ཞེས་གང་བཤད་པ་གསལ་བར་བརྗོད་པར་
བྱ་བར་འགྱུར་ན་སྐྱོན་དེར་འགྱུར་ཏེ། འོན་ཀྱང་རིགས་བརྗོད་པར་བྱ་སྟེ། རིགས་རྟག་པ་དེ་བརྗོད་པར་བྱ་བ་ཉིད་ཡིན་པའི་ཕྱིར། འབྲེལ་པ་ཅན་ཞིག་པས་འབྲེལ་པ་མི་རྟག་པ་ཉིད་ཀྱི་སྐྱོན་ཡོད་པ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་འགོག་པར་བྱེད་དེ། ལན་ནི་དེ་ལྟར་ཡིན་ན་གལ་ཏེ་
རིགས་བརྗོད་པར་བྱ་བ་གྲུབ་ན་རིགས་ནི་བརྗོད་པར་བྱ་བ་མ་ཡིན་ཏེ། དེ་བརྗོད་པ་ལ་དགོས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཅི་ནས་སྐྱེས་བུ་དོན་བྱེད་པར་ནུས་པ་ཤེས་ནས་དེ་བསྒྲུབ་ཕྱིར། འཇུག་པར་འགྱུར་ཞེས་དོན་རྣམས་ལ། །རྗོད་པར་བྱེད་པ་སྦྱོར་བར་བྱེད། །དེ་ལ་རིགས་དོན་བྱེད་རུང་མིན། །ཞེས་བྱ་བ་གཞན་
སེལ་བའི་སྐབས་སུ་དཔྱད་ཅིང་བརྟགས་ཟིན་ཏོ། །བརྗོད་པ་ཐམས་ཅད་ལ་རིགས་མེད་པའི་རྒྱུའི་ཕྱིར། རིགས་བརྗོད་པ་མི་རུང་བའི་ཕྱིར་རོ། །གང་ལ་རིགས་མེད་པ་ཡིན་ཞེ་ན། འདོད་རྒྱལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱི་རོལ་གྱི་རྒྱུ་མཚན་མེད་པར་སྒྲ་སྦྱོར་བར་འདོད་པ་ན་འདོད་རྒྱལ་ཉིད་དེ།
ཕ་རོལ་གྱི་རྒྱུ་མཚན་མེད་པར་གསལ་བ་རྣམས་ལ་སྦྱོར་བར་བྱེད་ཅེས་བྱ་བའི་དོན་ཏོ། །ལྷ་སྦྱིན་ལ་སོགས་པའི་སྒྲ་གསལ་བར་བརྗོད་པ་རྣམས་ལ། སྒྲ་རྣམས་ཀྱི་འཇུག་པ་རྣམ་པ་བཞིས་སྟོན་ལ་གང་ཡིན་པ་དེ་དག་གི་འདོད་པས་འདི་སྐད་དུ། རིགས་ཀྱི་སྒྲ་དང་། ཡོན་ཏན་གྱི་སྒྲ་དང་། བྱེད་པའི་སྒྲ་
དང་། འདོད་རྒྱལ་གྱི་སྒྲ་ཞེས་བརྗོད་དོ། །འདིར་ལྷ་སྦྱིན་ལ་སོགས་པ་སྤྱིའི་སྒྲ་བརྗོད་པར་བྱ་བ་ཡོད་པ་མ་ཡིན་ནོ། །གལ་ཏེ་རྣམ་པ་ཐམས་ཅད་དུ་རིགས་བརྗོད་པ་དེའི་ཚེ་ཐམས་ཅད་དུ་རིགས་བརྗོད་པར་ཁས་ལེན་པ་ན་ཁྱད་པར་གཞན་སྤངས་པ་སྟེ། གསལ་བ་གཞན་ཡོངས་སུ་བཏང་ནས་གསལ་བ་གཞན་
མངོན་པར་འདོད་པ་འགའ་ཞིག་ལ་འཇུག་པར་མི་རུང་བའི་ཕྱིར་རོ། །སྤྱི་བརྗོད་པ་ན་ཁྱད་པར་གཞན་སྤངས་ནས་ཁྱད་པར་གཞན་ལ་འཇུག་པར་རིགས་པ་མ་ཡིན་ནོ། །བ་ལང་གསད་པར་མི་བྱ་ཞེས་བརྗོད་པ་ན། གསལ་བ་འགའ་ཞིག་ཡུལ་དུ་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་བྱེ་བྲག་མེད་པར་

ཐམས་ཅད་ཁོ་ན་ཡིན་ནོ། །ཁྱད་པར་གཞན་འགའ་ཞིག་ལ་འཇུག་པ་ཡང་མཐོང་སྟེ། འདི་ལྟར་བའི་བདག་པོས་ཁུགས་ཤིག་ཅེས་བརྗོད་པ་ན། བདག་པོ་གཞན་དང་ལྡན་པའི་བོར་ནས་བ་རྣམ་པར་ངེས་པ་དེད་ནས་འོངས་པར་འགྱུར་བ་དེ་བས་ན་ཐམས་ཅད་དུ་རིགས་བརྗོད་པར་བྱ་བ་མ་ཡིན་ནོ། །
གང་གི་ཕྱིར་དེ་ལྟར་ངོ་བོ་ཉིད་ཀྱིས་ཐ་དད་པ་དག་གི་འབྲེལ་པ་དོན་དམ་པ་པ་མི་འཐད་པ་དེའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་ཅན་གྱི་ཞེས་བྱ་བ་ཡོད་པ་དང་ལྡན་པའི་དངོས་པོ་སྟེ། འབྲས་བུ་མངོན་པར་འདོད་པའི་རྒྱུར་མངོན་པར་འདོད་པ་ཡོད་པ་དང་མེད་པའི་སྒོ་ནས། ཡོད་པ་དང་མེད་པ་གང་ཡིན་པ་དེ་དག་
ནི་འབྲེལ་པ་པ་ཡིན་ཏེ། བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་ཉིད་ནི་ཐ་དད་པ་རྣམས་ཀྱི་འབྲེལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་ལྟ་ཡིན་པ་རྒྱུ་དེའི་ཕྱིར་རྒྱུར་གྱུར་པ་དོན་རྣམས་དང་ལྷན་ཅིག་འབྲས་བུའི་བདག་ཉིད་ཅན་གྱི་སྒྲ་རྣམས་ཀྱི་འབྲེལ་པ་དེ་བྱེད་པ་པོ་སྐྱེས་བུའི་བློ་
སྟེ་ཤེས་པས་ལེགས་པར་བྱས་ཤིང་རྣམ་པར་གཞག་པ་ཡིན་ནོ། །དོན་ཡོད་ན་སྒྲ་ཡོད་པའི་ཕྱིར་དང་མེད་ན་མི་སྦྱོར་བའི་ཕྱིར་དོན་ཡོད་པ་དང་མེད་པའི་སྒོ་ནས་སྒྲ་ཡོད་པ་དང་མེད་པ་གང་ཡིན་པ་དེ་དག་ལ་བརྟེན་ནས་བློས་དོན་དང་སྒྲ་དག་གི་འབྲེལ་པ་རྣམས་གཞག་པ་ཡིན་ནོ་ཞེས་བྱ་བ་ནི་ངག་
གི་དོན་ཏོ། །དེ་ཉིད་ཡོད་པ་དང་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། དོན་གྱི་སྒོ་ནས་སྒྲ་ཡོད་པ་དང་མེད་པ་གང་ཡིན་པ་དེ་དག་ལ་བརྟེན་ནས། རང་བཞིན་གྱི་འབྲེལ་པ་ཅན་གྱི་དོན་དང་སྒྲ་དག་མ་འདྲེས་སུ་ཟིན་ཀྱང་ཐོག་མ་མེད་པའི་དུས་ནས་ཐ་སྙད་ལ་གོམས་པ་ལས་སྐྱེས་བུ་ལ་འདྲེས་པར་
སྣང་བ་སྟེ། རྣམ་པར་རྟོག་པའི་བློ་ལ་སྣང་བར་འགྱུར་རོ། །ཕྱིར་ནི་གཏན་ཚིགས་ཀྱི་དངོས་པོ་རྣམས་ཀྱིས་འདྲེས་པ་དང་འབྲེལ་པ་ནི་སྐྱེས་བུས་བྱས་པ་ཡིན་ཏེ། ཐ་སྙད་ཀྱི་བག་ཆགས་ཀྱི་སྟོབས་ཀྱིས་གཞག་པར་འགྱུར་བ་ཉིད་ཀྱི་ཕྱིར་རོ། །འབྲེལ་པ་དོན་དམ་པར་ཡོད་པར་འགྱུར་བ་ཁས་
ལེན་པ་ལ་སྐྱོན་གཞན་བསྟན་པའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྗོད་པར་བྱ་བ་ཉིད་དུ་འདོད་པའི་རྟེན་ཞིག་པ་ལས་འབྲེལ་པ་ཞིག་པར་གྱུར་པ་ན། དེའི་རྗོད་པར་བྱེད་པ་ཉིད་དུ་འདོད་པས་འབྲེལ་པ་མེད་པ་ཅན་གྱི་སྒྲ་དེ་ཡང་། འདི་ལ་འབྲེལ་པ་མེད་པ་དེ་ལྟར་ན་དེའི་

དངོས་པོ་སྟེ། འབྲེལ་པ་མེད་པའི་ཕྱིར། འདི་ནི་སྔ་ན་མེད་པའི་བརྗོད་པར་བྱ་བ་དང་འབྲེལ་པ་མ་ཡིན་ནོ། །དེ་ནི་བརྗོད་པར་བྱ་བ་དང་སྔར་ངོ་བོ་ཉིད་ཀྱིས་འབྲེལ་པར་རྣམ་པར་གཞག་པ་གང་ཡིན་པ་དེ་ནི། རྟེན་ཞིག་པ་ལས་ཞིག་པར་འགྱུར་ལ་འབྲེལ་པ་གཞན་ནི་ཡོད་པ་མ་ཡིན་
པས་ན་མེད་པ་དང་འབྲེལ་པར་མི་འགྱུར་རོ། །གལ་ཏེ་བརྗོད་པར་བྱ་བར་མངོན་པར་འདོད་པས་གསལ་བྱ་རྣམས་མཐའ་ཡས་པ་ཅན་ཡིན་པའི་ཕྱིར། གསལ་བ་རེ་རེ་ཞིག་ན་ཡང་གསལ་བ་གཞན་སྲིད་པས། འབྲེལ་པ་ཞིག་པ་མ་ཡིན་ནོ་ཞེ་ན། གདོན་མི་ཟ་བར་འབྲེལ་པ་ཞིག་པར་ཁས་བླང་བར་
བྱའོ། །དེ་ལྟ་མ་ཡིན་ན་གསལ་བ་འབྲེལ་པའི་རྟེན་དུ་མི་འགྱུར་ཏེ། ཞིག་ན་ཡང་འབྲེལ་པ་ལ་འཇིག་པ་མེད་པའི་ཕྱིར་རོ། །སྐྱེས་ཤིང་འབྱུང་བ་ཞེས་བྱ་བ་ནི་སྔར་མ་བྱུང་བ་ཡིན་ཏེ། གང་དང་གང་དག་སྐྱེས་པ་དེ་རྣམས་ལ་རེ་ཞིག་སྐྱེས་པ་ལས་སྔར་འབྲེལ་པ་གནས་པ་མ་ཡིན་ཏེ། གཉི་ག་
ལ་གནས་པ་ནི་འབྲལ་བ་ཅན་མེད་པར་གནས་པར་མི་རུང་བའི་ཕྱིར་རོ། །འབྲེལ་པ་གནས་པ་མེད་པ་དེའི་ཕྱིར་དེ་དག་ནི་འབྲེལ་པ་ཅན་མ་ཡིན་པར་འགྱུར་བ་དེ་བས་ན་བརྗོད་པར་བྱ་བ་མ་ཡིན་པར་ཡང་འགྱུར་རོ། །གལ་ཏེ་ཡང་དེ་ལ་འབྲེལ་པ་གནས་པ་མེད་པ་དེ་ལྟར་ན་ཡང་དོན་དེ་རྣམས་དང་
ལྷན་ཅིག་འབྲེལ་པ་སྐྱེ་བར་འགྱུར་བ་དེ་བས་ན་སྐྱོན་འདི་མེད་དོ་ཞེ་ན། དེ་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་ཤིང་བྱུང་བའི་དངོས་པོ་དེ་ཡང་འབྲེལ་པ་དོན་དང་ལྷན་ཅིག་སྐྱེས་པ་ན་སྟེ་རྟོགས་པར་འགྱུར། སྒྲ་རྣམས་ལ་ནི་རང་བཞིན་དག །རྣམ་པར་ལྡོག་པར་མི་རིགས་སོ། །གང་
འདི་ཕྱིས་དོན་དང་ལྷན་ཅིག་འབྲེལ་པ་སྐྱེས་པར་འགྱུར་ན། སྒྲ་ལ་སྔར་དེ་དང་འབྲེལ་པ་ཅན་གྱི་རང་བཞིན་ཉིད་ཡོད་པ་མ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ། །ཕྱིས་འགྱུར་རོ་ཞེ་ན། སྒྲ་རྣམས་ཀྱི་རང་བཞིན་རྣམ་པར་བཟློག་པར་གྱུར་ན་དེ་ཡང་རྟག་པ་ཉིད་ཀྱི་ཕྱིར་མི་རིགས་སོ། །ཅི་སྟེ་ཞེས་བྱ་
བ་ལ་སོགས་པས་འཆད་པར་བྱེད་དེ། སྔར་འབྲེལ་པ་ཅན་ཞིག་ནས་སྒྲ་གང་ལ་འབྲེལ་པ་ཞིག་ཡོད་པ་དེ་ལ་དོན་གཞན་ཏེ་ཕྱིར་འབྱུང་བ་ལ་འབྲེལ་པ་མེད་ཅིང་བྲལ་བའམ། དེ་བཞིན་དུ་དོན་རྣམས་ཏེ། ཕྱིས་འབྱུང་བ་རྣམས་བརྗོད་པར་བྱ་བ་ཡིན་པར་མ་གྱུར་ཅིག་སྙམ་པས་སྐྱེས་ཤིང་འབྱུང་བའི་

དོན་འབྲེལ་པ་དང་ལྡན་པ་སྐྱེ་བར་འགྱུར་བ་དེའི་ཚེ། འབྲེལ་པ་སྐྱེས་བུས་ཟིན་ཀྱང་སྒྲ་ལ་མི་འགྱུར་ཏེ། འབྲེལ་པ་དེ་དང་ལྡན་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཕྱིས་སྐྱེས་པ་དེ་དང་འབྲེལ་པ་མེད་པ་ཅན་གྱི་རང་བཞིན་གྱི་སྒྲ་དེ་ནི་སྟེ། སྒྲ་ལ་སྔར་ཡང་འབྲེལ་པ་མེད་པས་དེ་དང་འབྲེལ་པའི་རང་བཞིན་
ཅན་ཉིད་ཡོད་པ་ཡིན་ནོ་ཞེས་བརྗོད་པར་མི་ནུས་སོ། །སྒྲ་ནི་རྟག་པ་ཉིད་ཀྱི་ཕྱིར་འབྲེལ་པ་མེད་པ་ཅན་གྱི་རང་བཞིན་ལྡོག་པ་ཡོད་པ་མ་ཡིན་པ་དེ་བས་ན། རང་བཞིན་བཟློག་པ་མེད་པ་སྟེ། སྔར་འབྲེལ་པ་མེད་པའི་རང་བཞིན་ཅན་ཡིན་པ་དོར་བ་མེད་པའི་དེའི་ངོ་བོ་མི་རུང་བའི་ཕྱིར་ཏེ། འབྲེལ་པ་དེ་དང་
འབྲེལ་པ་ཅན་གྱི་ངོ་བོ་མི་རུང་བའི་ཕྱིར་རོ། །དེ་བས་ན་སྒྲ་འབྲེལ་པ་ཅན་མ་ཡིན་པར་འགྱུར་ཞེས་བསྟན་ཏོ། །ཅི་སྟེ་སྒྲ་ཕན་འདོགས་པར་བྱེད་པ་མ་ཡིན་པ་ཡང་འབྲེལ་པའི་རྟེན་དུ་འགྱུར་བ་དེ་བས་ན། འདིར་དོན་དང་ལྷན་ཅིག་ཅེས་བྱ་བ་ལ་སོགས་པ་སྨོས་པ་ལ། གཞན་ལས་གྲུབ་པ་ཞེས་བྱ་བ་ནི་
སྒྲ་ལས་གཞན་པའི་དོན་ལས་གྲུབ་པ་སྒྲ་ཕན་འདོགས་པ་མེད་པ་ལ་དེ་མི་རྟེན་པའི་ཕྱིར་རོ། །ཅི་སྟེ་སྒྲ་ནི་འབྲེལ་པ་སྐྱེད་པ་ལ་ལྷན་ཅིག་བྱེད་པ་ཉིད་དུ་འདོད་པ་དེའི་ཚེ། སྒྲ་དེ་ཡང་དེ་སྐྱེད་པར་བྱེད་པའི་ལྷན་ཅིག་བྱེད་པ་ཉིད་དེ། འབྲེལ་པ་སྐྱེད་པར་བྱེད་པའི་ལྷན་ཅིག་བྱེད་པ་ཉིད་ཡིན་ན་སྒྲའི་ནུས་པ་
ཉིད་རྟག་ཏུ་སྐྱེད་པར་ཐལ་བར་འགྱུར་བ་སྟེ། དུས་ཐམས་ཅད་དུ་འབྲེལ་པ་སྐྱེད་པར་ཐལ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ལྟོས་པ་མེད་པར་ཐལ་བར་འགྱུར་རོ། །ཅི་ལྟར་གཞན་ལ་ལྷན་ཅིག་བྱེད་པ་ལ་ལྟོས་པ་མེད་པ་ཡིན་ཞེ་ན། སྒྲ་རྟག་པ་ལ་ཡང་ལྷན་ཅིག་བྱེད་པ་རྣམས་ཀྱིས་ཕན་
གདགས་སུ་མེད་པའི་ཕྱིར་རོ། །གལ་ཏེ་སྔར་འབྲེལ་པ་སྐྱེད་པ་ལ་འདི་ནུས་པ་མེད་པ་ཡིན་པ་དེ་བས་ན་རྟག་ཏུ་འབྲེལ་པ་སྐྱེད་པ་མ་ཡིན་ནོ་ཞེ་ན། ནུས་པ་མེད་པ་ཡིན་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་འབྲེལ་པ་སྐྱེ་བ་ལ་ནུས་པ་མེད་པ་ཡིན་ན་ཡང་། ཕྱིས་ཀྱང་འབྲེལ་པའི་དུས་སུ་
ཡང་ནུས་པ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྔར་གྱི་ནུས་པ་མེད་པའི་རང་བཞིན་མི་འདོར་བའི་ཕྱིར་རོ། །དོན་དམ་པའི་འབྲེལ་པའི་སྐྱོན་གང་ཡིན་པ་འདི་ནི་རྣམ་བརྟགས་ཏེ། བློ་ལ་སྣང་བ་ཡོད་པ་མ་ཡིན་ནོ། །དངོས་པོ་ཞེས་བྱ་བ་ལ་སོགས་པས་འཆད་པ་ལ་སྐྱེས་བུ་གོམས་པ་སྟེ། རྣམ་

པར་རྟོག་པའི་བློ་དེ་ལ་སྣང་བའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་སྐྱེས་བུ་གོམས་པ་ལ་སྣང་བ་ཅན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ལ་ལྟོས་པའི་མཚན་ཉིད་ཅན་ཏེ། བློ་དེ་ལ་གོམས་པ་ལ་ལྟོས་པའི་རྒྱུ་མཚན་འགའ་ཞིག་གིས་སྦྱར་བའི་རྒྱུ་མཚན་ཅན་དེ་ཡང་། སྐྱེས་བུས་བྱས་པའི་འབྲེལ་པ་
ཡིན་གྱི། དངོས་པོ་འདྲེས་པ་ལ་ལྟོས་པ་ཅན་ནི་མ་ཡིན་ཞིང་། དངོས་པོ་རྣམས་འདྲེས་ཤིང་གཅིག་ཏུ་གྱུར་པ་དེ་ལ་ལྟོས་པ་ཅན་དུ་འགྱུར་བ་མ་ཡིན་ཏེ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཐ་དད་པའི་རང་གི་ངོ་བོར་གནས་པའི་ཕྱིར་རོ། །འོན་ཀྱང་སྐྱེས་བུ་དེས་རྟག་ཏུ་ཟིན་ཀྱང་རང་བཞིན་ཏེ། བདག་ཉིད་
གཞན་དུ་བསྒྱུར་བ་མེད་པ་སྟེ། འབྲེལ་པ་ཅན་མ་ཡིན་པའི་རང་བཞིན་བསྟན་པ་མ་གསལ་ཞིང་། གཞན་འབྲེལ་པ་ཅན་གྱི་རང་བཞིན་བྱས་པ་མེད་པ་འགའ་ཞིག་ལས་ཞེས་བྱ་བ་ནི་གང་གི་དེ་ལྟ་བུར་གྱུར་པའི་བག་ཆགས་ཡོངས་སུ་སྨིན་པ་ལས་སོ། །རང་ཉིད་ཀྱིས་དཔྱད་ནས་ཞེས་བྱ་བ་ནི་འདི་ལ་འབྲེལ་པ་མ་
ཡིན་ནོ་ཞེས་སྦྱོར་བར་བྱེད་པའི་ཕྱིར་ཏེ། སྐྱེས་བུའི་ཐ་སྙད་གོམས་པའི་ཕྱིར་རྟག་པ་ཉིད་དུ་མངོན་པར་འདོད་པ་དེ་དག་ཀྱང་དེ་ལྟར་འགྱུར་ཏེ། སྐྱེས་བུས་ཉེ་བར་བཏགས་པའི་འབྲེལ་པ་ཅན་དུ་འགྱུར་ན་ཡང་དེ་ཙམ་གྱིས་སྔ་མའི་གནས་སྐབས་འབྲེལ་པ་མེད་པ་ཅན་གྱི་རང་བཞིན་ལས་འཇིག་པའི་ཆོས་ཅན་མ་
ཡིན་ནོ། །འདི་སྐད་དུ་བློས་ཀུན་དུ་བརྟགས་པའི་འབྲེལ་པ་དེ་ནི་ཀུན་དུ་བརྟགས་པ་དག་རྟག་པ་ཡིན་དུ་ཟིན་ཀྱང་འགལ་བ་ཡོད་པ་མ་ཡིན་པ་དེ་བས་ན། དེ་ཉིད་བརྟེན་པར་བྱ་བར་རིགས་ཀྱི་དོན་དམ་པར་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །རྟེན་ཞིག་པས་ཞེས་བྱ་བ་ལ་སོགས་པ་གཞན་གྱི་བསམ་པ་
ལ་དོགས་པར་བྱེད་པ་ཡིན་ཏེ། གང་དུ་རྟེན་ཉམས་པའི་རྒྱུས་བརྟེན་པ་འཇིག་པའི་ཕྱིར་འབྲེལ་པ་མི་རྟག་པ་ཡིན་ནོ་ཞེས་བཤད་པ་གང་ཡིན་པ་དེ་ལ་སྟེ། སུན་འབྱིན་པ་འདི་ལ་གལ་ཏེ་རྟེན་ནི་འཇིག་ན་ཡང་འབྲེལ་པ་ནི་འཇིག་མིན་རྟག་ཕྱིར་རིགས་དང་འདྲ་ཞེས་བྱ་བ་བརྗོད་དེ། འདི་ལྟར་འབྲེལ་
པ་ནི་རིགས་རྟག་པ་ཉིད་ཀྱི་ཕྱིར་རོ། །རྟེན་ཞིག་ན་ཡང་མི་འཇིག་པ་དེ་དང་འདྲའོ་ཞེས་བྱ་བ་ནི་ལེན་ཡིན་ནོ། །དེ་ལ་ཡང་སུན་འབྱིན་པ་སྨོས་ཏེ། རྟག་རྣམས་ཏེ། རིགས་ལ་སོགས་པ་འགྱུར་བ་མེད་པར་མངོན་པར་འདོད་པ་རྣམས་ལ་རྟེན་གྱི་ནུས་པ་གང་། ཅུང་ཞིག་ཀྱང་བྱེད་པ་མེད་པ་གང་གིས་རྟེན་

དེ་འདོད་པ་ཡིན། འདི་སྐད་དུ་ཞེས་བྱ་བ་ལ་སོགས་པས་ཚིག་ལེའུར་བྱས་པའི་དོན་འཆད་པར་བྱེད་པ་ལ། ཐོས་མོད་ཀྱི་ཞེས་བྱ་བ་འདི་ནི་རབ་ཏུ་གྲགས་པ་ཙམ་དེ་ནི་དངོས་པོ་མེད་པ་ཅན་ཡིན་ནོ་ཞེས་བསྟན་པའི་ཕྱིར། རིགས་རྟག་པ་དེ་ཡང་གསལ་བ་རྣམས་ལ་བརྟེན་པ་ཡིན་ན་ཡང་། རྟེན་དང་ལྷན་
ཅིག་འཇིག་པ་ཡིན་ནོ་ཞེས་ཐོས་མོད་ཀྱི། འོན་ཀྱང་རིགས་ལ་སོགས་པ་རྟག་པ་རྣམས་ལ་རྟེན་གྱིས་བྱས་པའི་ཕན་འདོགས་པའི་རྟེན་གྱི་ནུས་པ་མ་མཐོང་ན། གང་གིས་ན་འདི་རྟེན་མངོན་པར་འདོད་པའི་རྟེན་ཡིན། ཅིའི་ཕྱིར་ཞེ་ན། བྱས་པ་སྟེ་གྲུབ་པའི་རང་བཞིན་ལ་བྱེད་པ་མེད་པའི་ཕྱིར་དང་།
རྟེན་བྱེད་པ་པོ་མ་ཡིན་པ་ཡང་མི་ལྟོས་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་རིགས་དང་འབྲེལ་པ་ནི་རྟེན་ལས་གསལ་བ་སྟེ། མངོན་པར་གསལ་བ་དམིགས་སུ་རུང་བ་ཉིད་དུ་འགྱུར་བ་དེ་ཉིད་རྟེན་གྱིས་བྱས་པའི་ཕན་འདོགས་པའི་རྒྱུ་ཡིན་པ་དེ་བས་ན་དངོས་པོ་ལ་རྟེན་ཞེས་བྱའོ་ཞེ་ན། ལན་དུ་ཤེས་པ་ཞེས་བྱ་
བ་ལ་སོགས་པ་སྨོས་ཏེ། ཤེས་པ་སྐྱེད་བྱེད་ལྷན་ཅིག་བྱེད། སྒྲོན་མ་ལ་སོགས་པ་ལ་རྒྱུ་རྣམས་ཚོགས་པར་འགྱུར་བ་ལས་ཏེ། ཡུལ་རུང་བའི་གནས་སྐབས་ལས་སོ། །དེ་སྐྱེད་པར་ནི་རུང་ཉིད་ཕྱིར་ཏེ། རང་དང་རྗེས་སུ་མཐུན་པའི་རྣམ་པར་ཤེས་པ་སྐྱེད་པའི་ནུས་པ་དང་རྗེས་སུ་མཐུན་པའི་ཕྱིར་
རོ། །རིགས་པ་ཤེས་པ་སྟེ་རིགས་པ་ལ་མཁས་པས་གསལ་བྱ་བུམ་སོགས་ཀྱི། གསལ་བ་སྐྱེ་བ་ལ་ཡང་འདོད། །ཁྱད་མེད་འགྱུར་བ་མེད་རྣམས་ཀྱི་སྟེ། གསལ་བ་དག་ལས་ཤེས་པ་སྐྱེར་རུང་བ་ཉིད་སྐྱེ་བར་མི་བྱེད། རིགས་ལ་སོགས་པ་གསལ་བྱ་དག་རྟག་པ་ཉིད་ཀྱི་ཕྱིར་རོ། །རིགས་
ལ་སོགས་པ་དེ་རྣམས་ཀྱི་གསལ་བྱེད་རང་གི་དོན་ཅི་བྱས་ཏེ་ཕན་གདགས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་རིགས་ལ་སོགས་པ་དེ་དག་གསལ་བྱེད་དེས་གསལ་བ་སྟེ་མངོན་པར་གསལ་བར་འདོད། ལྷན་ཅིག་བྱེད་པ་སྟེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ལྷན་
ཅིག་བྱེད་པ་སྣང་བ་སྟེ། སྒྲོན་མ་ལ་སོགས་པ་ལས་སོ། །ཅི་ལྟ་བུར་གྱུར་པ་ཞེ་ན། ཉེ་བར་ལེན་པ་ལ་ལྟོས་པ་ལས་ཏེ། བུམ་པ་ལ་སོགས་པ་སྐད་ཅིག་མ་སྔ་མ་ནི་ཤེས་པ་བསྐྱེད་པའི་ནུས་པ་མེད་པ་ཡིན་ལ། བུམ་པ་ལ་སོགས་པའི་སྐད་ཅིག་མའི་ནུས་པ་ནི་ཉེ་བར་ལེན་པའི་རྒྱུ་ཡིན་ཏེ། དེ་ལ་

ལྟོས་པ་ལས་རང་གི་ཡུལ་ལ་ཤེས་པ་སྐྱེད་པར་རུང་བའི་སྐད་ཅིག་མ་གཞན་སྐྱེ་བ་ཁོ་ན་བུམ་པ་ལ་སོགས་པ་མངོན་པར་གསལ་བ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་གལ་ཏེ་སྒྲོན་མ་ལ་སོགས་པ་ལས་ཤེས་པ་སྐྱེད་པར་རུང་བ་ཉིད་བུམ་པ་ལ་སོགས་པ་ཐོབ་པར་མི་འགྱུར་བ་དེའི་ཚེ་
དེ་ལ་ཕན་འདོགས་པ་སྟེ། སྒྲོན་མ་ལ་ཕན་འདོགས་པ་དག་ཤེས་པ་བསྐྱེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་སྒྲོན་མ་ལ་སོགས་པས་སྔར་གསལ་བ་ནུས་པ་མེད་པ་ནི་ནུས་པ་བྱེད་པར་འདོད་པ་དེའི་ཚེ། ནུས་པ་བྱེད་པ་སྒྲོན་མ་ལ་སོགས་པ་ནི་བུམ་པ་ལ་སོགས་པ་ལ་ཤེས་པ་སྐྱེད་པར་
བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། ནུས་པ་དེ་ནི་དེའི་བདག་ཉིད་ཅན་ཉིད་དེ། གསལ་བའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་སྐྱེས་པས་བུམ་པ་ལ་སོགས་པ་ཉིད་བསྐྱེད་པར་འགྱུར་རོ། །ཅི་སྟེ་ཉེས་པ་དེར་མ་གྱུར་ཅིག་སྙམ་པས། སྒྲོན་མ་ལ་སོགས་པས་བྱས་པའི་
ནུས་པ་ནི་གསལ་བྱ་ལས་དོན་གཞན་ཉིད་དུ་འདོད་པ་དེའི་ཚེ། ནུས་པའི་དོན་གཞན་དུ་ཁས་ལེན་ན་ནི་བུམ་པ་ལ་སོགས་པའི་དངོས་པོ་ལ་སྒྲོན་མ་ལ་སོགས་པ་ཕན་འདོགས་པར་བྱེད་པ་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ལ་བྱས་པ་ནི་གཞན་ལ་ཕན་བཏགས་པར་འགྱུར་བ་མ་
ཡིན་ཏེ། ཤིན་ཏུ་ཐལ་ཆེས་པའི་ཕྱིར་རོ། །གང་ཡང་སྒྲོན་མ་ལ་སོགས་པའི་ནུས་པ་དོན་གཞན་ཡིན་པ་དེས་ཀྱང་བུམ་པ་ལ་སོགས་པའི་ཤེས་པ་བསྐྱེད་པའི་ཕྱིར་དུས་ཐམས་ཅད་དུ་ནུས་པ་ཁོ་ན་གཟུང་བར་བྱ་བ་ཡིན་པས། རང་གི་ཡུལ་ལ་ཤེས་པ་བསྐྱེད་པ་མ་ཡིན་པ་བུམ་པ་ལ་སོགས་པ་དག་ནི་
མི་འཛིན་པར་འགྱུར་རོ། །བུམ་པ་ལ་སོགས་པ་འཛིན་པར་འདོད་པ་དེའི་ཚེ། ཡང་སྣང་བ་ལ་ལྟོས་པ་མེད་པ་ཅན་འཛིན་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། སྣང་བ་ལ་ལྟོས་པ་མེད་པའི་བུམ་པ་ལ་སོགས་པ་འཛིན་པ་ཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཇི་ལྟར་ན་སྣང་བ་ལ་ལྟོས་པ་མེད་
པ་ཡིན་ཞེ་ན། ལྟོས་པ་མེད་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུམ་པ་ལ་སོགས་པ་སྣང་བ་ལ་ལྟོས་པ་མེད་པ་ཐོབ་པ་གང་ཡིན་པ་དེ་ནི་བདག་ཉིད་ལ་ཕན་འདོགས་པ་མེད་པ་སྟེ། སྒྲོན་མ་ལ་སོགས་པས་བུམ་པ་ལ་སོགས་པའི་བདག་ཉིད་ལ་ཕན་འདོགས་པ་མེད་པའི་ཕྱིར་རོ། །ནུས་པ་

ཐ་དད་པ་ཡིན་ན་བུམ་པ་ལ་སོགས་པ་དག་ཅུང་ཟད་ཀྱང་ཕན་འདོགས་པ་མ་ཡིན་ནོ། །དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །གསལ་བྱ་འདི་དག་ནི་རང་གི་ཡུལ་ལ་རྣམ་པར་ཤེས་པ་སྐྱེད་པར་བྱེད་པའི་ཕྱིར་ཏེ། དེའི་རྒྱུ་མཚན་ཞེས་བྱ་བའི་དོན་ཏོ། །གཞན་བུམ་པ་ལ་སོགས་པ་ཡང་ལྟོས་པར་གྱུར་པ་
ན། དེ་ལས་ཞེས་བྱ་བ་གཞན་ལས་རང་གི་ངོ་བོ་ཕུལ་དུ་བྱུང་བ་སྟེ། ཤེས་པ་སྐྱེད་པར་རུང་བའི་རང་གི་ངོ་བོ་བདག་གིར་བྱེད་དོ། །རྒྱུ་དེས་ན་སྒྲོན་མ་ལ་སོགས་པ་འདིའི་གསལ་བྱར་མངོན་པར་འདོད་པ་དེ་དག་བསྐྱེད་པར་བྱ་བ་ཁོ་ན་ཡིན་ནོ། །གལ་ཏེ་བསྐྱེད་པར་བྱ་བ་ལ་ཅིའི་ཕྱིར་གསལ་བྱ་ཞེས་
དེ་ལྟར་སྟོན་པར་བྱེད་ཅེ་ན། ཤེས་བྱའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསལ་བྱེད་སྒྲོན་མ་ལ་སོགས་པ་ལས་ཤེས་པའི་ངོ་བོ་སྟེ། གཟུང་བའི་ངོ་བོ་ཐོབ་པ་སྟེ། རྙེད་པའི་རྒྱུའི་ཕྱིར་རོ། །གདོན་མི་ཟ་བར་དེའི་ཡུལ་ཅན་གྱི་ཤེས་པར་འགྱུར་བ་དེ་བས་ན། ཤེས་པའི་དབང་གིས་ཏེ་འབྲས་བུའི་
ཁྱད་པར་དུ་བརྗོད་པ་ཀུན་ནས་འཛིན་པའི་ཤེས་པ་ནི། འབྲས་བུའི་ཁྱད་པར་དུ་བརྗོད་པ་གསལ་བྱ་ལ་སོགས་པའི་སྒྲས་ཀུན་ནས་མ་བཟུང་བའི་ཤེས་པ་ཅན་གྱི་འབྲས་བུ་རྣམས་ལས་ཁྱད་པར་དུ་བྱ་བའི་ཕྱིར། གདོན་མི་ཟ་བར་ཤེས་པས་གཟུང་བར་བྱ་བ་གང་ཡིན་པ་དེ་བསྐྱེད་པར་བྱ་བ་ཡིན་དུ་ཟིན་
ཀྱང་གསལ་བྱ་ཞེས་བརྗོད་དོ། །དེ་ལྟར་གྱུར་པ་ཡིན་པ་གང་ཡིན་པ་དེ་ནི་འབྲས་བུ་ཉིད་ཅེས་བརྗོད་དེ། དེ་ལྟར་རབ་ཏུ་གྲུབ་པའི་དོན་དུ་གསལ་བྱ་བརྗོད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་རིགས་དང་འབྲེལ་པ་ལ་སོགས་པ་དག་ནི་ཞེས་བྱ་བ་ནི་རིགས་དང་འབྲེལ་པ་དང་། དེ་དག་དང་པོར་
བྱས་པ་གང་ལ་ཡོད་པ་དེ་དག་ནི་རིགས་དང་འབྲེལ་པ་ལ་སོགས་པ་དག་གོ། །སོགས་པའི་སྒྲས་ནི་གཞན་རྟག་པ་ལ་མངོན་པར་འདོད་པའི་རྟེན་ཡང་ཡོངས་སུ་གཟུང་ངོ་། །རྟེན་དུ་འདོད་པ་རྣམ་པ་འགའ་ཞིག་གིས་ཕན་གདགས་པར་བྱ་བ་མ་ཡིན་པ་ཉིད་ཡིན་པའི་ཕྱིར་རོ། །ཕན་འདོགས་
པར་བྱེད་པ་མ་ཡིན་པ་དེས་དེ་ལྟར། གསལ་བར་རིགས་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་ཡང་སྒྲ་དང་དོན་དག་གི་འབྲེལ་པ་དངོས་པོ་ཉིད་ཡིན་པར་འགྱུར་བ་ཉིད་ཡིན་པ་དེའི་ཚེ། འབྲེལ་པ་དངོས་པོ་ཉིད་ཡིན་ན་ཡང་འབྲེལ་པ་ཅན་དག་ལས་འབྲེལ་པ་ནི་ཐ་དད་ཕྱིར་ཏེ། འབྲེལ་པ་ཞེས་

བྱ་བ་དངོས་པོ་གསུམ་སྐྱེ་བར་འགྱུར་ལ། དེ་ཡང་གལ་ཏེ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་དེའི་ཚེ། ཐ་དད་ཕྱིར་བློ་སྣ་ཚོགས་འགྱུར་བ་སྟེ། དོན་གསུམ་དམིགས་པ་ཉིད་ཀྱིས་སོ། །འབྲེལ་པ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། སྒྲ་དང་དོན་དག་གི་
འབྲེལ་བ་དེ་ཡང་དངོས་པོར་འགྱུར་ན། ངེས་པར་སྒྲ་དང་དོན་དག་ལས་ཐ་དད་པ་དང་ཐ་དད་པ་མེད་པ་ལས་འདས་པ་སྟེ་བརྒལ་བ་མ་ཡིན་ནོ། །དེ་ཉིད་དང་གཞན་ཉིད་ལས་དངོས་པོ་རྣམ་པ་གཞན་མི་སྲིད་པའི་ཕྱིར་རོ། །དེ་བས་ན་གལ་ཏེ་འབྲེལ་པ་ཅན་དག་ལས་དེ་ཐ་དད་པ་ཡིན་པ་དེའི་ཚེ། དེ་ལས་གཞན་
མ་ཡིན་ཏེ། གང་གི་ཕྱིར་ངོ་བོ་སྟེ་རང་བཞིན་དངོས་པོ་ཡིན་ན་རང་བཞིན་དེའི་ངོ་བོ་ཉིད་མ་ཡིན་པ་ཉིད་དེ། དེ་ཉིད་མ་ཡིན་པ་ནི་གཞན་ཉིད་ཡིན་ནོ་ཞེས་ངོ་བོ་དེར་གྱུར་པ་མ་ཡིན་པ་ནི་གཞན་ཉིད་ལས་མ་འདས་པའི་ཕྱིར་རོ་ཞེས་བྱ་བའི་སྐབས་སུ་བཤད་ཟིན་ཏོ། །འབྲེལ་པ་དེ་ཡང་མིག་གིས་གཟུང་བར་བྱ་
བ་ཡིན་ན། རང་གི་བློ་སྟེ་འབྲེལ་བ་ལ་དམིགས་པ་ཅན་གྱི་བློ་ལས་དེ་ལས་གཞན་པ་དག་ལས་ངོ་བོ་ཐ་དད་པ་ཅན་ཞེས་བྱ་བའི་འབྲེལ་པ་གཞན་པ་དེ་ལས་ངོ་བོ་ཐ་དད་པ་ཅན་དེ་ཉིད་འབྲེལ་པའི་བདག་ཉིད་ཅན་ཡིན་ཏེ། འབྲེལ་པ་ཅན་གྱི་ངོ་བོར་སྣང་བ་མེད་པ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ན་དེ་ལྟར་འགྱུར་བ་སྟེ། དེ་
ལས་གཞན་པ་དག་ལས་ངོ་བོ་ཐ་དད་པ་ཅན་དུ་ཇི་ལྟར་འགྱུར། ཅིའི་ཕྱིར་ཞེ་ན། གནས་སྐབས་ཀྱི་དོན་ལ་སྣང་བ་ཐ་དད་པ་མེད་པ་སྟེ་བྱེ་བྲག་མེད་ཅིང་ཁྱད་པར་མེད་པ་དང་། མ་མཐོང་བ་གང་ཡིན་པ་དེ་དག་ནི་སྣང་བ་ཐ་དད་པ་མེད་པ་དང་། མ་མཐོང་བ་དག་སྟེ་གོ་རིམས་བཞིན་དུ་ཐ་དད་པ་དང་ཡོད་པ་ཉིད་བཟློག་པ་
དག་གི་བརྟེན་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །ཐ་དད་པ་བཟློག་པ་ནི་ཐ་དད་པ་མེད་པ་སྟེ། དེ་མཐོང་བ་དང་ཐ་དད་པ་མེད་པ་རྟེན་ཡིན་ཞིང་། ཡོད་པ་ཉིད་བཟློག་པ་ནི་མེད་པ་ཡིན་ཏེ། སྣང་བ་མ་མཐོང་བ་རྟེན་པ་ཡིན་ནོ། །གང་ལས་ཁྱད་པར་དམིགས་པ་གང་ཡིན་པ་དེ་ལས་གཞན་མ་ཡིན་ཏེ། སྣང་དུ་ཟིན་
ཀྱང་མི་དམིགས་པ་གང་ཡིན་པ་དེ་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་མ་ཡིན་པ་གང་ཞིག་གང་ལས་དོན་གཞན་ཡིན་ནོ་ཞེས་ཁས་ལེན་པ་དང་། སྣང་བ་དེ་ལས་ཐ་དད་པ་མེད་པ་དང་། མ་མཐོང་བ་ཡོད་པ་མ་ཡིན་པ་ལ། གལ་ཏེ་ཐ་དད་པ་དང་ཡོད་པ་ཉིད་དུ་བརྟགས་པ་དེའི་ཚེ། དེ་དག་གིས་

གནས་པ་སྟེ། ཐ་དད་པ་མེད་པ་དང་ངོ་བོ་མེད་པ་དག་གི་གནས་སྐབས་ནི་མེད་པར་ཐལ་བར་འགྱུར་རོ། །འདི་ལྟར་གལ་ཏེ་སྣང་བ་ཐ་དད་པ་མེད་པ་དང་མ་མཐོང་བ་དེ་དག་ནི་གནས་འདིའི་རྒྱུ་མཚན་ཡིན་ན། ཐ་དད་པ་མེད་པ་དང་ངོ་བོ་མེད་པ་དག་ནི་སྒྲུབ་པར་བྱེད་པར་འདོད་པ་མ་ཡིན་པ་དེའི་ཚེ། དེའི་གནས་
སྐབས་རྒྱུན་ཆད་པར་འགྱུར་རོ། །གལ་ཏེ་འབྲེལ་པ་ནི་དབང་པོ་ལས་འདས་པ་ཉིད་ཡིན་པའི་ཕྱིར་ཐ་དད་པ་བློ་ལ་མི་སྣང་དུ་ཟིན་ཀྱང་དབང་པོ་ལ་སོགས་པ་དང་འདྲ་བར་ཇི་སྐད་དུ་བཤད་པའི་སྐྱོན་ཡོད་པ་མ་ཡིན་ཏེ་ཇི་ལྟར་མིག་ལ་སོགས་པའི་དབང་པོ་གཟུགས་ལ་སོགས་པ་ལས་ཐ་དད་པ་བློ་ལ་སྣང་བ་མེད་པ་དེ་ལྟ་ན་
ཡང་། ཐ་དད་པ་ཡོད་པ་དེ་དང་འདྲ་བར་འབྲེལ་བ་ཡང་འགྱུར་ཞེས་བྱ་བའི་དོན་ཏོ། །མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་འགོག་པར་བྱེད་དེ། འབྲེལ་པ་དབང་པོ་ལས་འདས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དབང་པོ་ལས་འདས་པའི་འབྲེལ་པ་དེ་ལས་དོན་མི་རྟོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །
ཅིའི་ཕྱིར་ཞེ་ན། རབ་ཏུ་མ་གྲུབ་པ་སྟེ་རང་གི་ངོ་བོར་མ་ངེས་པ་ནི་ཤེས་པར་བྱེད་པ་ཉིད་མ་ཡིན་པའི་ཕྱིར། གང་ཞིག་གང་ན་ལྷན་ཅིག་འབྲེལ་པ་མ་བཟུང་བ་དེའི་སྒོ་ནས་དེ་རྟོགས་པར་རིགས་པ་མ་ཡིན་ནོ། །དེ་ལྟར་ནི་འགྱུར་ན་གསལ་བར་བྱེད་པ་ཐམས་ཅད་ནི་རང་གི་བདག་ཉིད་ཀྱི་ཤེས་པ་ལ་ལྟོས་ནས། གསལ་བའི་
དོན་གསལ་བར་བྱས་པ་མ་ཡིན་གྱི། འོན་ཀྱང་དབང་པོ་དང་འདྲ་བ་ཐག་ཉེ་བ་ཙམ་གྱིས་ཡིན་ནོ་ཞེ་ན། ཐག་ཉེ་བ་ཙམ་གྱིས་ཞེས་བྱ་བ་སྨོས་ཏེ། ཡོད་པ་ཙམ་གྱིས་དོན་ཤེས་པར་བྱ་བ་ཉིད་ཡིན་པར་ཁས་ལེན་ན་ནི་སྒྲ་དང་དོན་གྱི་འབྲེལ་པ་ལ་བློ་མ་བྱང་བ་རྣམས་ཀྱིས་ཀྱང་དོན་འདི་རྗོད་པར་བྱེད་པ་དོན་འདིའི་ཡིན་ནོ་ཞེས་རྟོགས་པར་
འགྱུར་རོ། །འདོད་པར་ནི་འགྱུར་ན་འབྲེལ་པ་ཐ་དད་པར་དམིགས་པ་ཉིད་ནི་ཡོད་པ་དེ་ཡང་མངོན་སུམ་ལས་འདས་པ་མ་ཡིན་གྱི། འོན་ཀྱང་རྗེས་སུ་དཔག་པ་ལས་ཡིན་ནོ་ཞེ་ན། དེའི་ཕྱིར་རྗེས་སུ་དཔག་པ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲེལ་པ་རྗེས་སུ་དཔག་པ་ལས་རྟོགས་པ་མ་ཡིན་
ནོ། །ཅིའི་ཕྱིར་ཞེ་ན། རྟགས་མེད་པའི་ཕྱིར་ཏེ་འབྲེལ་པ་སྒྲུབ་པར་བྱེད་པའི་རྟགས་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །འབྲས་བུར་གྱུར་པའི་དོན་ཁོང་དུ་ཆུད་པར་བརྟགས་པ་ཡིན་པར་བརྗོད་ན། དེ་ཡང་འབྲེལ་པ་གྲུབ་པ་སྔོན་དུ་སོང་བ་ཅན་ཡིན་ན་དེ་གྲུབ་པ་མེད་པར་ཡོད་པ་མ་ཡིན་པའི་ཕྱིར་རྟགས་མ་ཡིན་

ནོ། །དཔེ་མ་གྲུབ་པའི་ཕྱིར་ཡང་རྗེས་སུ་དཔག་པ་ལས་རྗེས་སུ་གྲུབ་པ་མ་ཡིན་ནོ། །བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་མཚན་ཉིད་ཅན་གྱི་འབྲེལ་པ་ལོག་པར་རྟོགས་པ་དེ་ལྟ་བུར་གྱུར་པའི་འབྲེལ་པ་འགའ་ཞིག་ཀྱང་གྲུབ་པ་མེད་ན་གང་ཞིག་དཔེར་འགྱུར། ཅིའི་ཕྱིར་ཞེ་ན། དཔེ་ཉིད་དུ་བསྟན་
པར་འགྱུར་བ་དེ་ཡང་དབང་པོ་ལས་འདས་པའི་རྒྱུ་ཉིད་ཀྱིས་སྒྲུབ་པར་བྱེད་པ་ལ་ལྟོས་པའི་ཕྱིར་རོ། །སྒྲུབ་པར་བྱེད་པ་ཡང་ཡོད་པ་མ་ཡིན་ཏེ། དེ་ཡང་དཔེ་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་དབང་པོ་ལ་སོགས་པ་དག་ལ་ཡང་སྟེ། དབང་པོ་ལས་འདས་པ་ཉིད་དུ་ཡོད་པ་དག་ལ། སྒྲུབ་པར་བྱེད་པ་རྗེས་
སུ་དཔག་པར་བྱེད་ན། དཔེ་དང་བྲལ་བ་དེ་དང་དེ་ལ་མཚུངས་པ་ཡིན་ནོ་ཞེ་ན། མཚུངས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དབང་པོ་ལ་སོགས་པ་དེ་དག་ནི་རྣམ་པ་གཞན་གྱི་རྗེས་སུ་དཔག་པའི་ཕྱིར་ཏེ། དབང་པོ་མངོན་སུམ་མ་ཡིན་པ་རྣམས་ཀྱི་ངོ་བོ་འགའ་ཞིག་འདིས་སྒྲུབ་པར་མི་བྱེད་ན་གང་གིས་སྐྱོན་
མཚུངས་པར་འགྱུར། འོན་ཀྱང་སྣང་བ་ལ་སོགས་པ་འགའ་ཞིག་ཡོད་པ་ན་རྗེས་སུ་འགྲོ་བ་དང་། ལྡོག་པ་དང་ལྡན་པ་སྟེ། ཡོད་པ་དང་མེད་པ་དང་ལྡན་པ་ཞེས་བྱ་བའི་དོན་ཏེ། མིག་འཛུམས་པ་ལ་སོགས་པའི་གནས་ནི་ལྡོག་པ་དང་ལྡན་པ་ཡིན་ལ། བཟློག་པའི་གནས་སྐབས་ནི་རྗེས་སུ་འགྲོ་བ་དང་ལྡན་པའོ། །
ཤེས་པ་ནི་མངོན་སུམ་འབྲས་བུར་གྱུར་པའོ། །དེ་ལྟ་བུར་གྱུར་པའི་འབྲས་བུའི་ཤེས་པ་དེས་དེ་ཙམ་ལ་མི་འབྱུང་བ་ཅན་ཏེ། གང་ཡོད་པ་དག་ལ་ཡང་མེད་པར་མ་མཐོང་བ་དེ་ཙམ་ལས་མི་འབྱུང་བ་ཅན་ཏེ། མི་སྐྱེ་བའི་བདག་ཉིད་སྒྲུབ་པར་བྱེད་དོ། །དེ་ལས་ལྡོག་པ་ལ་ལྟོས་པ་སྟེ། ཇི་ལྟར་རྒྱུ་ཐག་ཉེ་
བར་གྱུར་པ་ལས་ལྡོག་པའི་རྒྱུ་ལ་ལྟོས་པ་སྒྲུབ་པར་བྱེད་དོ། །རྒྱུ་གཞན་འགའ་ཡང་ཡོད་པ་མ་ཡིན་པ་དེ་བས་ན། ཇི་སྐད་དུ་བཤད་པའི་རིགས་པས་འབྲས་བུའི་སྒོ་ནས་དབང་པོ་གྲུབ་པ་ཡིན་ནོ། །འདིར་དཔེ་ཡང་མྱུ་གུ་ལ་སོགས་པ་རྒྱུ་མ་ཚང་བའི་མི་འབྱུང་བ་ཅན་དག་ཡིན་ནོ། །འདི་ལྟར་
འབྲེལ་པ་ནི་མིག་ལ་སོགས་པ་དང་འདྲ་བར་འབྲས་བུ་ལྡོག་པའི་སྒོ་ནས་རྗེས་སུ་དཔག་པ་མ་ཡིན་ཏེ། འབྲེལ་པ་དེ་མ་གྲུབ་ན་འབྲེལ་པའི་འབྲས་བུ་ཤེས་པ་ཉིད་མེད་པའི་ཕྱིར་རོ། །གལ་ཏེ་སྒྲ་དང་དོན་ཉིད་འབྲེལ་པ་རྗེས་སུ་དཔོག་པའི་རྟགས་ཡིན་ནོ་ཞེ་ན། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།

འབྲེལ་པ་དེ་ལ་ནི་སྒྲ་དང་དོན་གྱི་ངོ་བོ་སྟེ། རང་བཞིན་རྟགས་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྒྲ་དང་དོན་དག་ནི་ཐམས་ཅད་རུང་བ་ཉིད་ཀྱི་ཕྱིར་ཏེ། སྒྲ་ཐམས་ཅད་ནི་དོན་ཐམས་ཅད་ཀྱི་བརྗོད་པར་རུང་བ་ཉིད་ཀྱི་ཕྱིར་དང་། དོན་ཐམས་ཅད་ནི་སྒྲ་ཐམས་ཅད་ཀྱི་བརྗོད་པར་བྱ་བ་ཉིད་དུ་རུང་བའི་ཕྱིར་རོ། །
དོན་གྱི་ཁྱད་པར་རྟོགས་པའི་རྒྱུ་མཚན་ནི་འབྲེལ་པ་ཡིན་ལ། དོན་གྱི་ཁྱད་པར་རྟོགས་པ་ལ་བརྟེན་པའི་འབྲེལ་པ་ནི་སྒྲ་དང་དོན་མ་ངེས་པ་དག་ལས་རྟོགས་པ་མེད་པའི་ཕྱིར་རམ། རྟོགས་ན་ཁྱད་པར་མེད་པར་འབྲེལ་པ་མེད་པ་ཐམས་ཅད་རྟོགས་པར་འགྱུར་བའི་ཕྱིར་དོན་ཐམས་ཅད་རྟོགས་པར་འགྱུར་རོ། །
དེ་ལྟར་ཡང་མ་ཡིན་པ་དེ་བས་ན་སྒྲ་དང་དོན་དག་ལས་འདི་རྟོགས་པ་མ་ཡིན་ནོ། །གལ་ཏེ་སྒྲ་དང་དོན་དག་ལས་འབྲེལ་པའི་ཁྱད་པར་དང་ལྷན་ཅིག་འགའ་ཞིག་ཏུ་འབྲེལ་པ་གྲུབ་པར་འགྱུར་བ་དེའི་ཚེ། འབྲེལ་པའི་ཁྱད་པར་རྟོགས་པར་འགྱུར་ན། འབྲེལ་པའི་ཁྱད་པར་གྱི་སྒྲ་དང་དོན་ལ་རྒྱུ་མཚན་མེད་པ་
ཅན་ཉིད་ལ་འབྲེལ་པའི་ཁྱད་པར་རྟོགས་པར་འདོད་ན། འབྲེལ་པ་རྟོགས་པ་དེ་རྒྱུ་མཚན་མེད་པ་ཅན་ཡིན་པར་འདོད་ན་དེའི་ཁྱད་པར་རྟོགས་པ་ངེས་པ་དང་འདྲ་བ་སྟེ། འབྲེལ་པའི་ཁྱད་པར་རྟོགས་པའི་ངེས་པ་དང་འདྲ་བར་སྒྲ་རྣམས་ཀྱིས་དོན་བསྟན་པ་ན་ཡང་རྒྱུ་མཚན་མེད་པ་ཅན་དུ་ཅིའི་ཕྱིར་མི་འདོད། སྒྲ་
དང་དོན་གྱི་རང་བཞིན་ཅན་གྱི་རྟགས་དེ་ནི་འབྲེལ་པ་ཐམས་ཅད་གོ་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཁྱད་པར་མེད་པ་ཉིད་དུ་དོན་ཐམས་ཅད་རྟོགས་པར་འགྱུར་རོ། །ཐམས་ཅད་ཀྱིས་ཏེ་སྐྱེས་བུས་བཟུང་བའི་བརྡ་དང་མ་བཟུང་བའི་བརྡས་དོན་ཐམས་ཅད་རྟོགས་པར་འགྱུར་རོ། །དེ་བས་ན་ཇི་སྐད་དུ་བཤད་པའི་
རིགས་པས་འབྲེལ་པ་གྲུབ་པས་དོན་རྟོགས་པའི་རྒྱུའི་ཕྱིར། སྐྱེས་བུ་འགའ་ཞིག་གིས་དོན་རྟོགས་པའི་ཕྱིར་ཡང་དག་པའི་མན་ངག་སྟེ། གཞན་གྱི་མན་ངག་ལ་ལྟོས་པར་མི་འགྱུར་རོ། །གལ་ཏེ་སྒྲ་ཡན་གར་བ་ནི་འབྲེལ་པ་བསྟན་པའི་ཕྱིར་རྟག་པ་ཉིད་མ་ཡིན་གྱི་འོན་ཀྱང་མན་ངག་དང་བཅས་པའི་
སྒྲ་ནི་རྟག་པ་ཉིད་ཡིན་ནོ་ཞེ་ན། དེ་བས་ན་ད་ནི་བརྒྱུད་པ་འདིས་ཅི་ཞིག་བྱ་སྟེ། ཡང་དག་པའི་མན་ངག་དང་དེ་ལས་སྒྲ་རྟགས་ཉིད་དང་དེ་ལས་དོན་རྟོགས་པ་ཞེས་བྱ་བ་བརྒྱུད་པ་འདིས་ཅི་ཞིག་བྱ། ཡང་དག་པའི་མན་ངག་ལ་ལྟོས་པར་སྒྲ་ཡན་གར་བ་དོན་དམ་པའི་འབྲེལ་པས་སྟོང་པ་དེ་ཉིད་དོན་ཤེས་

པར་བྱེད་པར་ཅིའི་ཕྱིར་མི་བྱེད་དེ། གང་གི་འབྲེལ་པས་གཞན་རྣམ་པར་རྟོག་པར་བྱེད། སྒྲ་དེ་ཡང་གང་ལ་བསམ་པ་ཅན་གྱིས་ཏེ། དོན་གང་ཞིག་བརྗོད་པའི་བསམ་པ་ཅན་གྱི་སྐྱེས་བུས་རབ་ཏུ་སྦྱོར་བར་བྱེད་པ་བརྡའི་དུས་སུ་མཐོང་གི་གཞན་དུ་མི་མཐོང་སྟེ་ཞེས་བྱ་བ་ནི་བརྗོད་པར་འདོད་
པའི་དོན་ལས་ལྡོག་པར་སྦྱོར་བ་ནི་མི་མཐོང་ངོ་། །འདིས་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་བཤད་པ་དེ་ལྟར་ན། ཇི་སྐད་དུ་བཤད་པའི་མཐོང་བ་དང་མ་མཐོང་བ་དག་ལས་དུ་བ་ལ་སོགས་པ་དང་འདྲ་བར་དོན་དེ་རྟོགས་པ་སྐྱེད་པར་བྱེད་དོ། །མཐོང་བ་དང་མ་མཐོང་བ་དག་གིས་བསྟན་པ་སྒྲ་དང་དོན་དག་གི་མེད་ན་མི་
འབྱུང་བ་ཞེས་བྱ་བ་དེ་ཉིད་འབྲེལ་པ་ཡིན་ནོ། །དོན་རྟོགས་པ་བསྐྱེད་པ་འདི་ལ་ཡང་ཇི་སྐད་དུ་བཤད་པའི་མེད་ན་མི་འབྱུང་བའི་འབྲེལ་པ་མ་རྟོགས་པར། གཞན་དོན་དམ་པའི་འབྲེལ་པའི་ནུས་པ་མ་མཐོང་ཞིང་། འབྲེལ་པའི་དོན་གཞན་དེ་བསྒྲུབ་པའི་ཐབས་ཏེ། བསྒྲུབ་པའི་རྟགས་ཀྱང་ཅུང་ཟད་
ཙམ་ཡང་མ་མཐོང་ངོ་། །དེ་ལྟར་རེ་ཞིག་འབྲེལ་པ་ཐ་དད་པའི་སྐྱོན་དག་བཤད་ནས། ཐ་མི་དད་པར་ཁས་ལེན་པའི་སྐྱོན་ནི་ཅི་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སྒྲ་དང་དོན་དག་གི་འབྲེལ་པ་གཞན་ཉིད་མ་ཡིན་པ་དེའི་ཚེ། འབྲེལ་པ་ཅན་དེ་དག་ལས་འབྲེལ་པ་ཐ་དད་མིན་ན། འབྲེལ་པ་
ཅན་སྒྲ་དང་དོན་འབའ་ཞིག་དེ་ཉིད་ཡིན་པ་དེ་ལྟར་ན། འབྲེལ་པ་ཞེས་བྱ་བ་གང་ཡང་མེད་དོ། །གལ་ཏེ་འོ་ན་དེ་ཉིད་དང་གཞན་ཉིད་དང་བྲལ་བའི་འབྲེལ་པ་ཡིན་ནོ་ཞེ་ན། འདི་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཉིད་དང་གཞན་ཉིད་ཀྱི་རྣམ་པར་རྟོག་པ་འདི་ལས། དངོས་པོ་གཞན་ཡོད་པ་མ་
ཡིན་ཏེ་དངོས་པོ་ཡང་ངོ་བོ་མེད་པའི་ཕྱིར། དེ་ཉིད་དང་གཞན་ཉིད་ལས་འདས་པ་ཡིན་ནོ། །གནས་སྐབས་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། གནས་སྐབས་གཞན་ནི་ཞེས་བྱ་བ་ནི་རང་བཞིན་གཞན་གྱི་གནས་སྐབས་ནའོ། །ངོ་བོ་ཐ་དད་པའི་རྒྱུ་ཅན་ཉིད་ཡིན་པ་དེ་ནི་རང་བཞིན་སྣ་
ཚོགས་པའི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །གང་ཡང་ཐ་དད་པའི་ངོ་བོ་ཅན་ནི་མ་ཡིན་གྱི་འོན་ཀྱང་དེའི་ངོ་བོ་ཉིད་ཅན་ཏེ། འབྲེལ་པའི་ངོ་བོ་ཁོ་ནར་འདོད་པ་འབྲེལ་པ་ཞེས་བྱ་བའི་དངོས་པོ་དེ་ཉིད་ཡིན་པར་འགྱུར་ཏེ། འབྲེལ་པ་ཅན་གྱི་རང་བཞིན་ཁོ་ནར་འགྱུར་གྱི་གཞན་ནི་མ་ཡིན་ནོ། །སྣ་ཚོགས་པ་ཉིད་

མ་ཡིན་དུ་ཟིན་ཀྱང་ཁྱོད་ཀྱིས་བྱས་པ་དང་མི་རྟག་པ་ཉིད་ཐ་དད་པར་གཞག་པར་བྱས་པ་ཡང་མ་ཡིན་ཞེ་ན། སྔར་བཤད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཐ་དད་པ་ཀུན་དུ་བརྟགས་པ་ཡིན་པའི་ཕྱིར་རོ། །སྔར་བཤད་པའི་རིམ་པས་ཞེས་བྱ་བ་ནི་གཞན་སེལ་བར་བྱས་པའི་ལྡོག་པས་བྱས་པའི་ཐ་དད་པའི་
རྟེན་ཅན་གྱིས་སོ། །ལྡོག་པར་བྱས་པའི་ཐ་དད་པ་རྟོགས་པས་བྱས་པ་དེ་ཡང་གཅིག་ལ་འགལ་བ་མེད་པ་ཡིན་གྱི། དངོས་པོ་ཐ་དད་པ་ནི་གཅིག་ལ་འགལ་བ་མེད་པ་མ་ཡིན་ཏེ། འོན་ཀྱང་འགལ་བ་ཁོ་ན་ཡིན་ནོ། །གཅིག་ལ་དོན་དམ་པར་སྣ་ཚོགས་པ་ཉིད་མི་རུང་བའི་ཕྱིར་རོ། །ཐ་དད་པ་དང་ཐ་དད་པ་
མེད་པ་མ་གཏོགས་པ། དངོས་པོ་རྣམ་པ་གཞན་ནི་མེད་དོ། །ཅིའི་ཕྱིར་ཞེ་ན། དངོས་པོ་དེ་ནི་ངོ་བོ་སྟེ་རང་བཞིན་གྱི་མཚན་ཉིད་ཅན་ཉིད་ཡིན་པའི་ཕྱིར་རོ། །ངོ་བོ་ཡང་རྣམ་པར་རྟོག་པ་དེ་ལས་མ་འདས་པའི་ཕྱིར་ཏེ། ཐ་དད་པ་དང་ཐ་དད་པ་མེད་པའི་རྣམ་པར་རྟོག་པ་ལས་མ་འདས་པའི་ཕྱིར་རོ། །གཞན་
ཡང་ངོ་བོ་ཉིད་ཀྱི་དངོས་པོའི་ངོ་བོ་ཐ་དད་ཕྱིར། ངོ་བོ་འདྲེས་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་དེ་ཁོ་ན་ཉིད་ཀྱི་འབྲེལ་པ་ནི་མེད་ཀྱི། འོན་ཀྱང་འབྲེལ་པ་རྟོགས་པས་བྱས་པ་ཡིན་ཞེས་བྱ་བ་ནི། སྔར་ཡོད་པ་དང་མེད་པ་དེ་དག་ལ་བརྟེན་ནས་མ་འདྲེས་སུ་ཟིན་ཀྱང་། ཐ་སྙད་ལ་གོམས་པའི་སྐྱེས་བུ་ལ་འདྲེས་
པར་སྣང་བའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་བཤད་ཟིན་ཏོ། །གང་གི་ཕྱིར་འདྲེས་པའི་མཚན་ཉིད་ཅན་གྱི་འབྲེལ་པ་ནི་དངོས་པོ་མ་འདྲེས་པ་སྟེ་མཚན་ཉིད་ཐ་དད་པ་རྣམས་ལ་ཡོད་པ་མ་ཡིན་ནོ། །སྒྲའམ་དོན་རྣམས་ཀྱི་ངོ་བོ་འདྲེས་པ་ལས་དོན་གཞན་ཉིད་ནི་འབྲེལ་པའི་དངོས་པོ་གསུམ་པ་ཡིན་ནོ་
ཞེ་ན། དེ་དག་གི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དངོས་པོ་ཡོད་པར་གྱུར་པ་དོན་གཞན་ལ་རག་ལུས་པ་སྟེ། འབྲེལ་པ་ཅན་ལ་རག་ལུས་པ་དངོས་པོ་གཞན་གྱི་འབྲེལ་པར་ཇི་ལྟར་འགྱུར། ཅི་སྟེ་ཡང་འགྱུར་ན་ངོ་བོ་ཡང་འདྲེས་པ་ཁོ་ན་འབྲེལ་པ་ཡིན་ན། དེ་ཡང་འབྲེལ་པའི་རྒྱུ་རྫས་གཞན་
གསུམ་པ་ཡོད་ན་འགྱུར་རོ་ཞེས་བསྟན་པར་བྱ་བ་དེའི་ཕྱིར། རྫས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྫས་ཞེས་བྱ་བ་དོན་གཞན་དངོས་པོ་གསུམ་པ་ཇི་ལྟར་ན་གཞན་གྱི་འབྲེལ་པ་ཡིན་ཞེས་སྦྱར་བར་བྱ་སྟེ། འབྲེལ་པའི་རྒྱུའི་འབྲེལ་པའི་ངོ་བོར་འདྲེས་པའི་རྒྱུར་ཇི་ལྟར་འགྱུར་ཞེས་བྱ་བའི་

དོན་ཏོ། །དངོས་པོ་ཡོད་པ་གཞན་ལ་རག་ལུས་པའི་འབྲེལ་པ་ཞེས་བྱ་བ་འདི་ནི། དངོས་པོ་གསུམ་པ་ཁོ་ན་འབྲེལ་པ་ཡིན་ནོ་ཞེས་བཤད་ཟིན་ཏོ། །རྫས་འབྲེལ་པར་འགྱུར་ཞེས་བྱ་བ་འདིས་ནི་དངོས་པོ་གསུམ་པ་ལ་ནི་ངོ་བོ་འདྲེས་པའི་རྒྱུ་ཉིད་དུ་བཤད་དེ། འབྲེལ་པ་ནི་ངོ་བོ་འདྲེས་པའི་
རྒྱུ་ཡིན་ནོ། །འདི་གཉི་ག་ཡང་མི་རིགས་སོ། །དེ་ལ་དང་པོར་རུང་བ་སྟོན་ཏེ། ཡོད་པ་གྲུབ་པ་གཞན་ལ་ལྟོས་པར་མི་འགྱུར་བ་ཞེས་བྱ་བ་གྲུབ་པ་ལ་ཐམས་ཅད་དུ་འདོད་པ་ཉིད་ཀྱི་ཕྱིར་རོ། །ལྟོས་པ་མེད་པར་རང་བརྒྱུད་པ་དེ་ལྟ་བུར་གྱུར་པ་དེ་ནི་གཞན་གྱི་འབྲེལ་པ་མ་ཡིན་ནོ། །རུང་བ་ཡིན་པ་གཉིས་པ་ནི་
རྫས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྫས་ཞེས་བྱ་བ་རང་བཞིན་བརྗོད་པ་སྟེ། དངོས་པོ་གཞན་ཁོ་ན་བརྗོད་པ་ཡིན་ན། དེ་ཇི་ལྟར་འབྲེལ་པ་ཅན་གྱི་རང་བཞིན་གྱི་དངོས་པོ་གཞན་ལ་འདྲེས་པར་འགྱུར་ཏེ། འདྲེས་པའི་རྒྱུར་ཇི་ལྟར་འགྱུར་ཞེས་བྱ་བའི་དོན་ཏོ། །རང་བཞིན་གཞན་ཡོད་པ་ཉིད་ཀྱིས་གཞན་
འབྲེལ་པ་ཅན་གྱི་རང་བཞིན་འདྲེས་པ་མ་ཡིན་ནོ། །གལ་ཏེ་མ་འདྲེས་པ་ཅན་ཏེ་འབྲེལ་པ་ཞེས་བྱ་བའི་འབྲེལ་པ་མེད་པ་དང་འདྲེས་པར་འགྱུར་མོད་ཀྱི་འདྲེས་པ་ཅན་ཏེ་འབྲེལ་པ་དང་འདྲེས་པར་འགྱུར་རོ་ཞེ་ན་དེ་ཉིད་དེ་ལྟར་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འབྲེལ་པ་འདྲེས་པར་འགྱུར་བ་གང་གིས་འབྲེལ་པ་ཅན་
དེ་དག་ལ་འདྲེས་པར་འགྱུར་བའི་འབྲེལ་པ་ཞེས་བྱ་བ་དེ་ཉིད་འབྲེལ་པ་ཅན་དེ་དག་དང་འདྲེས་པར་མ་གྲུབ་པའི་ཕྱིར་རོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་དོན་འབྲེལ་པ་ཅན་གཞན་དག་དོན་གཞན་གསུམ་པ་དང་འདྲེས་པར་གྱུར་པ་དེའི་ཚེ། ཐམས་ཅད་གསུམ་པ་འགའ་ཞིག་དང་འདྲེས་
པར་ཐལ་བར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །འབྲེལ་པར་མངོན་པར་འདོད་པ་དང་། གཞན་ནི་དངོས་པོ་གཞན་དང་འབྲེལ་པ་ཅན་ཉིད་དུ་ཁྱད་པར་ཅུང་ཞིག་ཀྱང་ཡོད་པ་མ་ཡིན་ནོ། །གཞན་ཡང་རེ་ཞིག་དཔྱོད་པ་ལ་ཡི་གེ་སྟེ། དངོས་པོ་ཡོད་པ་གང་ཡིན་པ་དེ་དག་དོན་མེད་པ་ཅན་ཡིན་ནོ། །དེ་
བས་ན་དེ་དག་རྗོད་པར་བྱེད་པ་མ་ཡིན་པ་དེའི་ཕྱིར། དེ་ལ་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་འབྲེལ་པ་གནས་པ་མ་ཡིན་ནོ། །འོ་ན་ཚིག་ལ་སོགས་པ་དོན་དང་བཅས་པ་ཅན་ཉིད་ཡིན་པའི་ཕྱིར་དེ་ལ་འབྲེལ་པ་གནས་པར་འགྱུར་རོ་ཞེ་ན། ཚིག་སོགས་ཀུན་བརྟགས་ཞེས་བྱ་བ་སྨོས་སོ། །སོགས་པའི་

སྒྲས་ནི་ངག་ཀུན་དུ་བརྟགས་པ་ཡིན་ཏེ། ཡི་གེ་བཀོད་པ་ཁོ་ན་ཚིག་དང་ངག་ཀུན་དུ་བརྟགས་པ་དེ་ནི་རྗོད་པར་བྱེད་པར་འགྱུར་རོ། །བློས་ཀུན་ནས་བརྟགས་པའི་ཚིག་དང་ངག་དེ་ཡང་། དངོས་མེད་ལ་སྟེ་དངོས་པོ་མེད་པའི་རང་བཞིན་ལ་ཇི་ལྟར་དོན་དམ་པར་ཏེ། དངོས་པོའི་རང་བཞིན་གྱིས་བརྗོད་
པར་བྱ་བ་དང་རྗོད་པར་བྱེད་པའི་མཚན་ཉིད་ཅན་གྱི་འབྲེལ་པ་འདི་ནི་གནས་པར་གྱུར་པ་ཡིན་ཏེ་མ་ཡིན་ནོ། །རྗོད་པར་བྱེད་པ་ནི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། རྗོད་པར་བྱེད་པ་ནི་ཚིག་གི་ཡན་ལག་སྟེ། འབྲེལ་པ་ཞེས་བྱ་བའི་རྒྱུས་དེ་དང་ལྡན་ཏེ། འབྲེལ་པ་དང་ལྡན་པར་འགྱུར་ནའོ། །ཡི་གེ་ཡོད་
དེ་སྣང་དུ་ཟིན་ཀྱང་རྗོད་པར་བྱེད་པ་མ་ཡིན་ཏེ། དོན་མེད་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་ཏེ། ཡི་གེ་དེ་དག་ལ་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་འབྲེལ་པ་ཡོད་པ་མ་ཡིན་ཏེ། དེ་དག་ལ་གནས་པ་སྟེ། རྗོད་པར་བྱེད་པ་མ་ཡིན་པའི་ཡི་གེ་དེ་དག་འབྲེལ་པ་གནས་པ་ཡོད་
ན། འབྲེལ་པ་རྗོད་པར་བྱེད་པའི་རང་གི་ངོ་བོ་གང་ཡིན་པ་དེ་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །རྗོད་པར་བྱེད་པ་མ་ཡིན་པ་དག་ལ་གནས་པ་ནི་རྗེ་ཁོལ་གྱི་འབྲེལ་པ་དང་འདྲ་བར་རྗོད་པར་བྱེད་པར་འགྱུར་བར་རིགས་པ་མ་ཡིན་ནོ། །གལ་ཏེ་བཀོད་པའི་ཁྱད་པར་ཏེ་མཐར་གྱིས་པའི་ཁྱད་པར་གྱིས་ཡི་གེ་ཉིད་རྗོད་པར་
བྱེད་པ་ཡིན་པ་དེ་བས་ན། ཇི་སྐད་དུ་བཤད་པའི་སྐྱོན་འདི་ཡོད་པ་མ་ཡིན་ནོ་ཞེ་ན། དེ་ཉིད་ནི་དེ་ལྟ་མ་ཡིན་ཏེ། འདི་ལྟར་ཡི་གེ་རྣམས་ལས་བཀོད་པ་དོན་གཞན་ཉིད་མ་ཡིན་པའམ། དོན་གཞན་ཉིད་དུ་འགྱུར་གྲང་ན། དེ་ལ་ཕྱོགས་དང་པོ་ནི་ཡི་གེ་རྣམས་ལས་བཀོད་པ་ནི་དོན་གཞན་མ་ཡིན་པ་ཉིད་ཀྱི་
རྒྱུས་ཐ་དད་པ་མེད་པ་ཉིད་ཀྱི་ཕྱིར་ཏེ། བྱེ་བྲག་མེད་པ་ཉིད་ཀྱི་ཕྱིར་རོ། །གང་ཞིག་གང་ལས་དོན་ཐ་དད་པ་མེད་པ་དེ་ནི། དེ་ལས་རང་བཞིན་ཐ་དད་པ་ཅན་དུ་མི་འགྱུར་རོ། །དེ་བས་ན་ཡི་གེའི་བདག་ཉིད་ཅན་གྱི་བཀོད་པ་དེའི་ངོ་བོ་ཅན་ནོ་ཞེས་བྱ་བའི་ངོ་བོ་གང་ཡིན་པ་དེ་ལས་བཀོད་པ་གཞན་འཚོ་ཞེས་
བྱ་བ་དེ་ཡང་། ཡི་གེ་རྣམས་ལས་ཁྱད་པར་མེད་པའི་ཕྱིར་དོན་རྟོགས་པ་མཚུངས་པར་འགྱུར་རོ། །འོན་ཏེ་ཡི་གེ་རྣམས་ལས་བཀོད་པ་ཐ་དད་པ་ཡིན་ནོ་ཞེ་ན། དེའི་ཕྱིར་དོན་གཞན་ཉིད་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡི་གེ་རྣམས་ལས་བཀོད་པ་དོན་གཞན་ཉིད་ཡིན་ན་ཡང་འོག་ནས་

འགོག་པར་འགྱུར་རོ། །དེ་བས་ན་ཞེས་བྱ་བ་ནི་ངག་ཉེ་བར་དགོད་པའམ་དེའི་ཕྱིར་གྱི་དོན་ཏེ། ཡི་གེ་རྣམས་རྗོད་པར་བྱེད་པ་ཉིད་མ་ཡིན་ན་ཡང་ཚིག་ལ་སོགས་པ་རྗོད་པར་བྱེད་པ་ཡིན་པར་འགྱུར་རོ་སྙམ་ན། ཚིག་ལ་སོགས་པ་དེ་ནི་ཅི་ཡང་མི་རུང་ངོ་། །ཅིའི་ཕྱིར་ཞེ་ན། ཡི་
གེ་རྣམས་ལས་ཚིག་ལ་སོགས་པ་དེ་ཐ་དད་པ་དང་ཐ་དད་པ་མེད་པ་དག་ཀྱང་འགལ་བའི་ཕྱིར་རོ། །ཐ་དད་པ་ཡིན་ན་ནི་སྣང་བ་ཐ་དད་པར་དམིགས་པར་འགྱུར་ལ། མི་སྣང་བ་ཉིད་ཡིན་ན་ཡང་རྗོད་པར་བྱེད་པ་ཉིད་མ་ཡིན་ཏེ། མ་བཟུང་བར་ཤེས་པར་བྱེད་པ་ཉིད་དུ་མི་རུང་བའི་ཕྱིར་རོ། །ཐ་དད་པ་མེད་
པ་ཡིན་ན་ཡང་ཡི་གེ་ཉིད་དང་འདྲ་བར་བརྗོད་པ་ཉིད་མ་ཡིན་པར་ཐལ་བར་འགྱུར་རོ། །གང་གི་ཕྱིར་དེ་ལྟར་ཡི་གེ་རྣམས་ལས་ཚིག་ལ་སོགས་པ་ཐ་དད་པ་དང་ཐ་མི་དད་པ་འགལ་བ་དེ་བས་ན། ཚིག་ལ་སོགས་པ་དངོས་པོར་གྱུར་པ་མ་ཡིན་ནོ། །དབང་པོའི་རྣམ་པར་ཤེས་པ་ཁྱད་པར་ཅན་ཏེ།
ཡི་གེ་བཀོད་པ་འཛིན་པ་ལ་གསལ་བའི་རྣ་བའི་རྣམ་པར་ཤེས་པ་དེའི་རྗེས་སུ་འཇུག་པ་ཞེས་བྱ་བ་དེས་ཉམས་སུ་མྱོང་བའི་སྒོ་ནས་འོངས་པ། རིགས་མཐུན་པའི་བག་ཆགས་རིགས་གཅིག་པའི་རྣམ་པར་རྟོག་པའི་ནུས་པ་ཉེ་བར་ལེན་པ་རྣམ་པར་རྟོག་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །
རིགས་མཐུན་པའི་བག་ཆགས་ཀྱི་ཉེ་བར་ལེན་པ་ཅན་ཡང་དེ་ཡིན་ལ་རྣམ་པར་རྟོག་པ་ཡང་ཡིན་པ་དེ་བས་ན་ཞེས་བྱ་བ་ནི་ཁྱད་པར་གྱི་བསྡུ་བའོ། །དེ་ལ་སྣང་བའི་ཚིག་དང་ངག་ལ་གཅིག་ཏུ་སྣང་བས་སྣང་བར་འགྱུར་བ་ན། གཅིག་ཏུ་འཁྲུལ་ཅིང་རྣམ་པར་འཁྲུལ་པར་འགྱུར་རོ། །འདི་སྐད་དུ་རྣ་
བའི་རྣམ་པར་ཤེས་པ་ཁྱད་པར་ཅན་གྱི་ཕྱིས་འབྱུང་བའི་ཡིད་རྣམ་པར་ཤེས་པ་རྟོགས་པ་དང་བཅས་པ། ཚིག་དང་ངག་ལ་གཅིག་ཏུ་སྒྲོ་འདོགས་པར་བྱེད་དོ་ཞེས་སྟོན་པར་འགྱུར་རོ། །འཁྲུལ་པའི་དབང་གིས་སྒྲོ་འདོགས་པ་དེ་ཉིད་ཀྱི་ཕྱིར། ཚིག་ལ་སོགས་པ་གཅིག་ཏུ་སྣང་བ་ཅན་དེ་ཡང་
ལོག་པ་ཁོ་ན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ལྟར་སྣང་བ་ཅན་གྱི་ཚིག་ལ་སོགས་པ་དོན་དམ་པར་གཅིག་དང་དུ་མ་ཉིད་དུ་མི་རུང་བའི་ཕྱིར་རོ། །རེ་ཞིག་ཚིག་ལ་སོགས་པ་གཅིག་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བློས་ཡི་གེ་བཀོད་པ་དུ་མ་རིམ་པར་འཛིན་པར་མི་རུང་བའི་ཕྱིར་རོ། །གཅིག་ཉིད་

ཡིན་ན་ནི་བློ་གཅིག་ཉིད་ཀྱིས་ཐམས་ཅད་དུ་གཟུང་བར་འགྱུར་རོ། །གཅིག་ལ་བཟུང་བ་མ་བཟུང་བའི་རང་བཞིན་མི་རུང་བའི་ཕྱིར་རོ། །གལ་ཏེ་བློ་གཅིག་གིས་ཚིག་ལ་སོགས་པ་འཛིན་པ་ཡིན་ནོ་ཞེ་ན། དེ་ནི་ཅི་ཞིག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིག་ལ་སོགས་པ་དེ་ནི་བློ་གཅིག་གིས་
གཟུང་བར་བྱ་བ་མ་ཡིན་ཏེ། ཡི་གེའི་ཚོགས་གོ་རིམས་ཇི་ལྟ་བ་བཞིན་དུ་འཛིན་པའི་ཕྱིར་རོ།། །།བམ་པོ་ཉི་ཤུ་རྩ་དྲུག་པ། རེ་ཞིག་ཡི་གེ་གཅིག་རྫོགས་པའི་དུས་ན་བློ་དུ་མ་འདས་པ་ཡིན་ན། ཡི་གེ་མང་པོ་རྣམས་ལ་ལྟ་ཅི་སྨོས་ཞེས་བསྟན་པའི་ཕྱིར་ཡི་གེ་གཅིག་ཅེས་བྱ་བ་
ལ་སོགས་པ་སྨོས་ཏེ། ཡི་གེ་གཅིག་འཛིན་པའི་དུས་ན་བློ་དུ་མ་འགག་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། བློ་རྣམས་ནི་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །དེ་ལྟ་ནི་བདེན་ན། དུས་ཇི་སྲིད་ཚིག་ལ་སོགས་པ་འཛིན་པའི་དུས་དེ་སྲིད་ནི་སྐད་ཅིག་མ་གཅིག་ཡིན་པ་དེ་བས་ན། བློ་གཅིག་ཁོ་ནས་ཚིག་
ལ་སོགས་པ་འཛིན་པར་འགྱུར་རོ་ཞེ་ན། སྐད་ཅིག་མ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐད་ཅིག་མ་ནི་དུས་ཇི་སྲིད་ཀྱི་རྡུལ་ཕྲ་རབ་གཞན་ལས་འདས་པ་དུས་དེ་སྲིད་པ་ཉིད་ཡིན་པའི་ཕྱིར་ཏེ། སྐད་ཅིག་མ་ནི་ཆ་དང་བྲལ་བའི་དུས་ཅན་ཡིན་
པའི་ཕྱིར་རོ། །སྐད་ཅིག་མ་ནི་ཆ་དང་བྲལ་བའི་དུས་ཅན་གྱི་མཐར་ཐུག་པའོ། །དེ་ཡང་རྡུལ་ཕྲ་རབ་གཅིག་ལས་འདས་པའི་དུས་ཅན་ཁོ་ན་ཡིན་པར་རིགས་སོ། །ཇི་སྐད་བཤད་པའི་དུས་ལས་སྐད་ཅིག་མ་ལྷག་པ་ཡིན་པར་ཁས་ལེན་ན་ནི། ཆ་ཅན་ཏེ་སྐད་ཅིག་མ་ཆར་ཆེ་བ་ལ་དུས་ཀྱི་མཐའ་མི་རུང་
བའི་ཕྱིར་རོ། །ཡི་གེ་ཤིན་ཏུ་ཚད་ཆུང་བ་གཅིག་ཀྱང་སྐད་ཅིག་མ་དུ་མས་རྫོགས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྡུལ་ཕྲ་རབ་དུ་མ་འདས་པ་ཅན་དེ་འདས་པའི་མིག་འབྱེད་པ་གང་ལ་ཡོད་པ་དེ་ནི་རྡུལ་ཕྲ་རབ་དུ་མ་འདས་པ་ཅན་གྱི་མིག་འབྱེད་པ་དེ་དང་དུས་མཚུངས་པ་ཅན་ཉིད་ཡིན་
པའི་ཕྱིར། ཨ་ལ་སོགས་པའི་ཡི་གེ་ཐུང་ངུ་སྟེ་ཤིན་ཏུ་ཚད་ཆུང་བ་ཡོངས་སུ་རྫོགས་པ་ཡིན་ནོ། །གལ་ཏེ་ཇི་ལྟར་ཉམས་སུ་མྱོང་བའི་ཤེས་པ་ཡི་གེ་བཀོད་པའི་ཚིག་ལ་སོགས་པ་ལ་འཇུག་པ་དེ་ལྟ་ན་ཡང་ཡི་གེའི་གོ་རིམས་ཉམས་སུ་མྱོང་བའི་སྟོབས་ལས་དྲན་པ་གང་ཡིན་པ་དེ་ནི་ཚིག་ལ་སོགས་

པ་བཀོད་པ་མེད་པ་འཛིན་ཏོ་ཞེ་ན་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་ཉམས་སུ་མྱོང་བ་བཞིན་དུ་དྲན་པའི་ཕྱིར་རོ། །ཇི་ལྟར་སྒྲའི་གོ་རིམས་བཞིན་དུ་ཉམས་སུ་མྱོང་བ་ཇི་ལྟར་དྲན་པས་ཀྱང་ཡིན་ཏེ། དེ་ལྟར་དྲན་པ་ཡང་རིམ་གྱིས་འབྱུང་བ་ཅན་ཡིན་པ་དེ་ལྟ་ན། དེའི་དུས་
ཅན་ཏེ་ཉམས་སུ་མྱོང་བའི་དུས་ཅན་ཁོ་ན་ཡིན་ནོ། །ཇི་ལྟར་ཉམས་སུ་མྱོང་བའི་གོ་རིམས་བཞིན་དུ་ཡིན་པ་དེ་ལྟར་སྒྲ་རྗེས་སུ་དྲན་པའི་གོ་རིམས་ཀྱང་སྲོག་ཆགས་ཐམས་ཅད་ཀྱི་རང་རིག་པའི་ངོ་བོ་ཅན་ཉིད་ཡིན་པ་དེ་ལྟར་ན། ཉམས་སུ་མྱོང་བ་དང་འདྲ་བའི་གོ་རིམས་འདི་ལ་ཁྱད་པར་བརྟགས་པ་
མེད་དོ། །དེ་བས་ན་ཉམས་སུ་མྱོང་བའི་དྲན་པའི་གོ་རིམས་དག་གི་ཁྱད་པར་རྟོགས་པ་མེད་པའི་ཕྱིར་རོ། །དྲན་པ་གཅིག་གིས་ཚིག་དང་ངག་འཛིན་པ་མ་ཡིན་ནོ། །ཚིག་ལ་སོགས་པ་དུ་མ་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བློ་ལ་ཐ་དད་པ་མེད་པར་བློ་ལ་ཐ་དད་པར་མི་སྣང་བའི་ཕྱིར་ཏེ། ཚིག་དང་
ངག་གི་རྣམ་པ་ཅན་གྱི་བློ་ལ་ཐ་དད་པ་མེད་པར་གཅིག་ཉིད་དུ་སྣང་བའི་ཕྱིར་རོ། །བློ་ལ་སྣང་བའི་དབང་གིས་གཅིག་ཉིད་དང་དུ་མ་ཉིད་རྣམ་པར་འཇོག་པར་འགྱུར་ཏེ། བློ་ལ་ཚིག་ལ་སོགས་པ་སྣང་བ་གཅིག་གི་ངོ་བོ་ཅན་ཉིད་ཡིན་པས་ཚིག་དང་ངག་གཅིག་གོ་ཞེས་གཅིག་ཉིད་དུ་སྒྲོ་འདོགས་པའི་
རྣམ་པར་རྟོག་པ་སྐྱེ་བའི་ཕྱིར་རོ། །རེ་ཞིག་ཡི་གེ་རྣམས་ཀྱི་བཀོད་པའི་སྒོ་ནས་ཉམས་སུ་མྱོང་བའི་བློ་སྐྱེ་ཞིང་། དེ་ལ་གཅིག་ཏུ་སྣང་བ་ཡོད་པ་མ་ཡིན་ལ་དྲན་པ་ཡང་ཇི་ལྟར་ཉམས་སུ་མྱོང་བ་བཞིན་སྐྱེ་བར་འགྱུར་ཞིང་དེ་ཡང་གཅིག་པར་འཛིན་པ་མ་ཡིན་ནོ་ཞེས་བཤད་པ་མ་ཡིན་ནམ་དེ་ལ་གང་ལ་ཚིག་
དང་ངག་ཐ་དད་པ་མེད་པར་སྣང་བའི་བློ་གཞན་ཅི་ཞིག་ཡོད་ཅེ་ན། དེ་ལ་ཁ་ཅིག་ནི་ཉམས་སུ་མྱོང་བ་དང་དྲན་པ་གོ་རིམས་བཞིན་དུ་སྐྱེས་ནས་ཕྱིས་འབྱུང་བ་ཅན་གཅིག་ཏུ་ཞེན་པའི་བློ་སྐྱེ་བའི་དབང་དུ་མཛད་ནས་དེ་སྐད་དུ་བཤད་པར་འདོད་དོ། །དཔེར་ན། གཞན་དག་སྒྲ་ཡིས་བསྒོས་པའི་ས་བོན་
ཅན། །ཐ་མའི་སྒྲ་དང་བཅས་པར་ནི། །ཡོངས་སྨིན་སྐྱེ་བ་ཅན་གྱིས་ནི། །བློ་ལ་མིང་དག་ངེས་པར་བྱེད། །ཅེས་བྱ་བ་ལྟ་བུའོ། །དེ་ལྟ་བུར་གྱུར་པའི་བློའི་དབང་གིས་ཀྱང་ཕྱི་རོལ་ལ་ཚིག་དང་ངག་གི་གཅིག་པ་ཉིད་ཁས་བླང་བར་རིགས་པ་མ་ཡིན་ཏེ། གཅིག་ཏུ་སྒྲོ་འདོགས་པའི་བློ་དེ་ནི་

འཁྲུལ་པ་ཉིད་ཀྱི་ཕྱིར་རོ། །གཞན་དག་ནི་བློ་ལས་ཞེས་ལྔ་པ་བརྗོད་དོ། །ཚིག་དང་ངག་གི་རྣམ་པ་ཅན་གྱི་རྣམ་པར་རྟོག་པའི་བློ་ལ་ཚིག་དང་ངག་དག་ཐ་དད་པ་མེད་པར་སྣང་བའི་ཕྱིར་ཏེ། བློ་གཅིག་ལས་ཐ་དད་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །བློ་གཅིག་ལས་ཐ་དད་པ་མེད་པ་ཡིན་ན་ནི་ཇི་ལྟར་ན་
དུ་མར་འགྱུར་ཞེ་ན། དེའི་དུ་མ་ཉིད་དེ་ཚིག་ལ་སོགས་པའི་དུ་མ་ཉིད་ནི་འོག་ནས་འགེགས་པར་འགྱུར་བ་ཉིད་ཕྱིར་རོ། །དེ་ཞེས་བྱ་བ་ནི་གཅིག་དང་དུ་མ་ཉིད་དུ་མི་རུང་བ་དེའི་ཕྱིར། ཚིག་ལ་སོགས་པ་དངོས་པོ་མ་ཡིན་ནོ། །ཡང་ན་དེ་ནི་ཞེས་བྱ་བ་ནི་ཚིག་ལ་སོགས་པ་དང་སྦྱར་ཏེ། ཚིག་ལ་སོགས་པ་ནི་དངོས་
པོ་མ་ཡིན་ཏེ། གཅིག་ཉིད་དང་དུ་མ་ཉིད་མི་རུང་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཅིའི་ཕྱིར་ཞེ་ན། དངོས་པོ་དེའི་རྣམ་པར་རྟོག་པ་དེ་ལས་མ་འདས་པའི་ཕྱིར་ཏེ། གཅིག་དང་དུ་མའི་རྣམ་པར་རྟོག་པ་ལས་མ་འདས་པའི་ཕྱིར་རོ། །གཞན་གྱིས་འདོད་པའི་སྒྲ་དང་དོན་དག་གི་འབྲེལ་པ་དངོས་
པོ་ཡིན་ན་ཡང་། དེ་ཇི་ལྟར་དེའི་རྟེན་ཅན་དུ་འགྱུར་ཏེ། ཚིག་དང་ངག་དངོས་པོར་འགྱུར་བ་མ་ཡིན་པ་དེའི་རྟེན་ཅན་དུ་འགྱུར། གང་ལ་ཚིག་དང་ངག་དེའི་རྟེན་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། ཚིག་ལ་སོགས་པ་མེད་པ་ཉིད་ཀྱི་ཕྱིར་རྟེན་དུ་བྱ་བར་མི་རུང་བའི་ཕྱིར་རོ། །དེ་ལྟར་ན་
ཞེས་བྱ་བ་རྟེན་དུ་གྱུར་པར་བྱ་བ་མེད་པ་ཡིན་ན་འབྲེལ་པ་བརྟེན་པ་མ་ཡིན་པར་འགྱུར་རོ། །དེ་ལྟར་རྟེན་མེད་པ་ཅན་ཉིད་ཡིན་པ་དེའི་ཕྱིར་འབྲེལ་པ་མ་ཡིན་པར་འགྱུར་ཏེ། འབྲེལ་པ་ནི་རྟག་ཏུ་གཞན་དབང་ཉིད་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེ་བས་ན་སྒྲ་དང་དོན་དག་གི་འབྲེལ་པ་ནི་རང་
བཞིན་ཅན་ཉིད་མ་ཡིན་ནོ། །དེའི་བསམ་པ་ཅན་གྱིས་ཞེས་བྱ་བ་ལ་སོགས་པས་སྒྲ་དང་དོན་དག་གི་འབྲེལ་པ་ཅི་འདྲ་བར་རིགས་པ་དང་ལྡན་པ་ཡིན་པ་དེ་སྟོན་པར་བྱེད་དོ། །དེའི་བསམ་པ་ཅན་གྱི་ཞེས་བྱ་བ་ནི་དོན་སྟོན་པར་བྱེད་པའི་བསམ་པ་ཅན་གྱི་སྦྱོར་བ་སྟེ། ནང་གི་གཡོ་འགུལ་ལ་སོགས་པ་གང་ཡིན་པ་
དེ་ལས་བྱུང་བའི་སྒྲའོ། །དེ་ནི་རིགས་པ་དང་ལྡན་པའི་སྟོབས་ཀྱིས་བཤད་དོ། །མངོན་པར་གསལ་བའི་སྒྲ་ནི་གཞན་གྱི་བསམ་པའི་སྒོ་ནས་དེ་སྐད་དུ་བཤད་དོ། །དེར་འཁྲུལ་པ་མེད་པ་ཞེས་བྱ་བ་ནི་དོན་བསྟན་པའི་བསམ་པ་ལ་འཁྲུལ་པ་མེད་པའི་ཕྱིར་རོ། །སྒྲའི་འབྲེལ་པ་འདི་ནི་དེ་ཁོ་ན་ཉིད་དེ་

དོན་བསྟན་པ་ལ་འཁྲུལ་པ་མེད་པ་ཉིད་ཡིན་ཏེ། དོན་བསྟན་པའི་བསམ་པས་སྒྲ་སྦྱོར་བའི་ཕྱིར་རོ། །སྒྲའི་འབྱུང་བ་དང་མངོན་པར་གསལ་བ་དེ་ཡང་དོན་བསྟན་པ་ལ་འཁྲུལ་པ་མེད་པ་ལ་བརྟེན་པ་སྟེ། འཁྲུལ་པ་མེད་པའི་རྒྱུ་མཚན་དེ་ཡང་སྐྱེས་བུའི་སྦྱོར་བས་བྱས་པ་ཉིད་ཀྱི་ཕྱིར་སྐྱེས་
བུས་བྱས་པ་ཡིན་པས་ན། སྒྲ་དང་དོན་དག་གི་འབྲེལ་པ་ནི་སྐྱེས་བུས་བྱས་པ་ཁོ་ན་ཡིན་ནོ། །དེའི་སྒོ་ནས་ཏེ་ཇི་སྐད་དུ་བཤད་པའི་འབྲེལ་པའི་སྒོ་ནས་ནི། དོན་རྟོགས་པ་ལ་ངེས་པ་ཡིན་པ་དེ་ལྟར་ན། སྒྲ་རྣམས་སྐྱེས་བུས་མ་བྱས་པ་ཉིད་ཡིན་པར་བརྗོད་པར་འགྱུར་བ་ན་ཡང་དེ་ཉིད་འཁྲུལ་པ་སྟེ་བླ་བ་ཡིན་
ཏེ། སྐྱེས་བུས་བྱས་པའི་འབྲེལ་པ་ནི་འཁྲུལ་པའི་རྒྱུར་ཁས་ལེན་པའི་ཕྱིར་རོ། །དེ་ལྟར་ན་སྐྱེས་བུས་མ་བྱས་པ་ཉིད་དུ་རྟོག་པ་ནི་དོན་མེད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དཔྱོད་པ་པ་རྣམས་ཀྱིས་རིག་བྱེད་ཀྱི་ངག་རྣམས་སྐྱེས་བུས་མ་བྱས་ཀྱང་འདོད་ལོ། །རིག་བྱེད་ཀྱི་རྩོམ་པ་པོ་རྣམས་བྱེད་པ་
པོ་རྣམས་མི་དྲན་ཕྱིར་ཏེ། རྟགས་ཀྱི་ཕྱིར་རོ། །གང་འདི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། དོན་མང་པོ་དག་གིས་བྱེད་པ་པོ་མི་དྲན་པ་དེ་ཙམ་གྱིས་མ་བྱས་པ་དག་མ་ཡིན་ཏེ། དཔེར་ན་ཁྲོན་པ་རྙིང་པ་ལ་སོགས་པ་ལྟ་བུའོ། །དེ་ལྟར་ན་གཏན་ཚིགས་འཁྲུལ་པའི་ཕྱིར། རིག་བྱེད་པའི་ངག་
རྣམས་བྱེད་པ་པོ་མི་དྲན་པའི་ཕྱིར་སྐྱེས་བུས་མ་བྱས་པ་འདི་ནི་རིགས་པའི་ཚུལ་ཅན་མ་ཡིན་པ་རྒྱལ་དཔོག་པས་རྗོད་པར་བྱེད་དོ། །དེ་ལྟར་ཡང་དེ་ལྟ་བུའི་རྣམ་པའི་དངོས་པོ་འདི་ལ་ཡང་རྗེས་སུ་བརྗོད་པ་ཡོད་དོ། །འདི་ལ་ཅི་ཞིག་བརྗོད་པར་བྱ་སྟེ། གཅིག་ཏུ་དེ་ལྟར་ངན་པ་མུན་ཁྱབ་བྱེད། དེ་ལྟར་ན་རེ་
ཞིག་བྱེད་པ་པོ་མི་དྲན་པའི་ཕྱིར་སྐྱེས་བུས་མ་བྱས་པ་ཉིད་དུ་སྨྲ་བའི་རྒྱལ་དཔོག་གང་ཡིན་པ་དེ་ཉིད་ཤེས་རབ་འཚལ་བ་དེ་འདྲ་བ་སྟེ། ཤིན་ཏུ་རྨོངས་པ་ཇི་ལྟར་སྐྱེ་ཞིང་འབྱུང་སྙམ་པས། ཁོ་བོ་ཅག་གི་སེམས་ངོ་མཚར་དང་རྗེས་སུ་བརྩེ་བ་དང་བཅས་པར་འཇུག་པའི་ཕྱིར་རོ། །སེམས་ངོ་མཚར་དང་
རྗེས་སུ་བརྩེ་བ་དང་བཅས་པའོ། །ཐོབ་པ་ཅན་ཡིན་དུ་ཟིན་ཀྱང་དེ་དང་འདྲ་བའི་མ་རིག་པས་རྣམ་པར་འཚེ་བའི་ཕྱིར་རོ། །ངོ་མཚར་དང་བཅས་པ་དང་མ་རིག་པའི་འཆིང་བ་བརྟེན་པོས་སེམས་ཅན་རྣམས་གདུང་བར་བྱེད་པའི་ཕྱིར་རྗེས་སུ་བརྩེ་བ་དང་བཅས་པའོ། །འདི་ལ་འདིར་གཞན་དག་ཀྱང་

སྟེ། ད་ལྟར་དེའི་གཞུང་གི་རྗེས་སུ་འབྲང་བ་རྟོག་པ་དང་ལྡན་པ་སྙམ་སེམས་པ་དེ་ནི་འདི་ལྟར་ཡིན་ནོ་ཞེས་རྗེས་སུ་རྗོད་པར་བྱེད་པས། སྲིད་པ་སྟེ་འགྲོ་བ་བརྩེ་བ་མེད་ཅིང་སྙིང་རྗེ་མེད་པས་གནོད་པ་ཅན་དུ་མུན་པ་གང་གིས་གནོད་པ་དེ་ནི། སྲིད་པ་བརྩེ་བ་མེད་པས་གནོད་པ་ཅན་ངན་པ་མུན་པ་ཁྱབ་པ་ཡིན་
ནོ། །འདིར་མི་ཤེས་པ་ཉིད་ལ་ངན་པར་བརྗོད་པར་རིགས་ཀྱི་སྲོག་ཆགས་ནི་མ་ཡིན་ནོ། །འདི་ལྟར་སྲོག་ཆགས་དེ་སྐད་དུ་སྨྲ་ན་ཡང་ཕན་འདོགས་པ་སྟེ། ཕན་པ་ཐོབ་པར་འདོད་པ་དེ། དེས་སླུ་བར་བྱེད་ཅིང་འཁྲུལ་པར་བྱེད་པ་ལ་ཉེས་པ་ཅི་ཞིག་ཡོད། འོན་ཀྱང་ཉེས་པ་འདི་ནི་མི་ཤེས་པ་ཁོ་ན་ཡིན་ནོ། །
ཅིའི་ཕྱིར་དེ་ལྟར་སྨྲ་བ་དེ་ཡང་ཤེས་རབ་འཆལ་བ་ཡིན་སྙམ་ན། འདི་ལྟར་སྒྲུབ་པར་བྱེད་པ་འདི་ནི་མ་གྲུབ་པ་དང་མ་ངེས་པ་ཅན་ཡིན་པས་སོ། །དེ་ལ་མ་གྲུབ་པའི་དབང་དུ་མཛད་ནས། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བར་གཤེགས་པ་པ་དག་གིས་རིག་བྱེད་ཀྱི་བྱེད་པ་པོ་བརྒྱད་ལ་
སོགས་པ་དྲན་ནོ། །སོགས་པའི་སྒྲས་ནི་མི་ཐུང་མི་ཐུང་ལྷ་དང་། སྣ་ཚོགས་བཤེས་གཉེན་ལ་སོགས་པའོ། །གཟེགས་ཟན་ཏེ་བྱེ་བྲག་དག་གིས་དབྱིག་གི་སྙིང་པོ་ཅན་ནི་ཚངས་པ་སྟེ། རིག་བྱེད་ཀྱི་བྱེད་པ་པོར་དྲན་པར་བྱེད་དོ། །དེ་བས་ན་བྱེད་པ་པོ་མི་དྲན་པ་མ་གྲུབ་པ་ཡིན་ནོ། །གལ་ཏེ་
བདེ་བར་གཤེགས་པ་པ་དག་དང་གཟེགས་ཟན་དེ་དག་རིག་བྱེད་ཀྱི་བྱེད་པ་པོ་དྲན་པ་སྨྲ་བ་དེ་ལོག་པར་སྨྲ་བ་ཡིན་པ་དེ་བས་ན་གཏན་ཚིགས་གྲུབ་པ་ཡིན་ནོ་ཞེ་ན། ད་ནི་རིག་བྱེད་ལས་གཞན་པའི་སྒྲ་གང་སྐྱེས་བུས་བྱས་པ་ཡིན་ཏེ། འགའ་ཞིག་ཀྱང་སྐྱེས་བུས་བྱས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །
དེ་ལྟར་ཞེས་བྱ་བ་ནི་བྱེད་པ་པོ་དྲན་པར་སྨྲ་བ་ལོག་པ་པོ་ཉིད་ཡིན་ནོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར། གཞོན་ནུ་འབྱུང་བ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་གཞོན་ནུ་འབྱུང་བ་ཅན་ལ་སོགས་པའི་གཞུང་ནག་མོའི་འབངས་ལ་སོགས་པ་བདག་གམ་གཞན་རྩོམ་པ་པོ་ཡིན་
པར་སྟོན་པར་བྱེད་པ་དེའི་ཚེ། ཁྱེད་ཅག་གི་ལོག་པར་སྨྲ་བ་ཡིན་ཏེ། ཁྱེད་ཅག་ནི་རྩོམ་པར་བྱེད་པ་མ་ཡིན་ནོ་ཞེས་དེ་ལྟར་གཞན་དག་སྤོང་བར་བྱེད་པར་འགྱུར་རོ། །གལ་ཏེ་གཞོན་ནུ་འབྱུང་བ་ཅན་ལ་སོགས་པ་དེ་ལ་བྱེད་པ་པོ་སྤོང་བ་ལ་ཁས་བླངས་པས་གནོད་པ་སྟེ། གཞོན་ནུ་འབྱུང་བ་ཅན་ལ་

སོགས་པ་སྐྱེས་བུས་བྱས་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། བྱེད་པ་པོ་མི་དྲན་པ་འདི་ཉིད་སྐྱེས་བུས་མ་བྱས་པར་ཁས་བླངས་པའི་ཡན་ལག་སྟེ། སྒྲུབ་པར་བྱེད་པ་དེ་ཡང་གཞོན་ནུ་འབྱུང་བ་ཅན་ལ་སོགས་པ་ལ་ཡོད་པ་ཡིན་ནོ་ཞེས་བྱ་བ་ཇི་སྐད་དུ་བཤད་པའི་རིགས་པ་འདིས་ཇི་ལྟར་ན་གཞོན་ནུ་
འབྱུང་བ་ཅན་ལ་སོགས་པ་སྐྱེས་བུས་བྱས་པར་འདོད་པ་མ་ཡིན་ནམ། གང་ལ་གང་གིས་གནོད་པ་ཡིན། ཅི་སྟེ་རིགས་པ་མཚུངས་པ་ཡིན་དུ་ཟིན་ཀྱང་གཞོན་ནུ་འབྱུང་བ་ཅན་ལ་སོགས་པ་སྤོང་བ་ཁས་བླངས་པ་དང་འགལ་བར་འདོད་ན། ཁས་བླངས་པས་གནོད་པ་དེ་རིག་བྱེད་སྨྲ་བ་གཞན་ལ་ཡང་
རིག་བྱེད་ཀྱི་ངག་རྣམས་ཀྱི་རྩོམ་པ་པོ་སྤོང་བར་མཚུངས་པ་ཁོ་ན་ཡིན་ནོ། །གལ་ཏེ་རིག་བྱེད་སྨྲ་བ་དེའི་མ་བྱས་པ་ཉིད་འདོད་པ་ཡིན་པའི་ཕྱིར། བྱེད་པ་པོ་སྐྱོན་ཡང་མེད་པ་སྟེ། ཁས་བླངས་པ་ལ་གནོད་པའི་སྐྱོན་ཡོད་པ་མ་ཡིན་ནོ་ཞེ་ན། རིག་བྱེད་སྨྲ་བ་འདིའི་རིག་བྱེད་སྐྱེས་བུས་མ་བྱས་པ་ཡིན་ནོ་
ཞེས་འདོད་ཅིང་ཁས་བླངས་པ་འདི་ཚད་མ་མེད་པ་ཅན་ཏེ། ཚད་མ་དང་བྲལ་བ་ལུང་མཚོན་པའི་རྒྱུ་མཚན་གྱི་བརྟག་པ་གང་ལས་ཐོག་མ་ནས་ཡོད་པར་འགྱུར། དེ་ལྟར་རིག་བྱེད་སྐྱེས་བུས་མ་བྱས་པ་ཉིད་དུ་ཁས་ལེན་པ་ན། བྱེད་པ་པོ་མི་དྲན་པར་ཚད་མར་འཆད་པ་དེ་ལ་སྐྱོན་བསྟན་མ་ཐག་པ་ཡིན་
པ་དེ་ལྟར་ན། འདི་ནི་ཚད་མ་མེད་པ་ཅན་འདོད་པ་ཡིན་ཏེ། ཅི་སྟེ་ཚད་མ་མེད་པར་རིག་བྱེད་སྨྲ་བས་རིག་བྱེད་སྐྱེས་བུས་མ་བྱས་པ་ཉིད་དུ་ཁས་ལེན་པ་དེའི་ཚེ་གློ་བུར་དུ་འཛིན་པ་ཅན་ཏེ། རིགས་པ་མེད་པར་འཛིན་པ་ཅན་གྱི་དཔྱོད་པ་པ་འདི་ཡང་། སྐྱེས་བུས་མ་བྱས་པ་ཉིད་ལ་སོགས་པ་འགའ་
ཞིག་ཏུ་སྒྲུབ་པར་བྱེད་པ་སྟེ། ཚད་མ་ལ་ལྟོས་པས་ཅི་ཞིག་བྱ། གང་གིས་སྐྱེས་བུས་བྱས་པ་དང་སྐྱེས་བུས་མ་བྱས་པ་དཔྱོད་པས་ཞེས་བྱ་བས་སྐྱེས་བུས་བྱས་པ་དང་སྐྱེས་བུས་མ་བྱས་པ་ཉིད་སྒྲུབ་པར་བྱེད་པ་ཉེ་བར་དགོད་པས་བདག་ཉིད་དུབ་པར་བྱེད་དོ། །རིགས་མ་ཡིན་པ་འཛིན་པ་གང་
ཡིན་པ་དེ་ནི་ཐམས་ཅད་དུ་དེ་ཁོ་ན་བཞིན་དུ་འཇུག་པར་འགྱུར་ན། འགའ་ཞིག་ལ་ཚད་མ་འགོད་པའི་སྒོ་ནས་བདག་ཉིད་སྡུག་བསྔལ་བར་བྱེད་པས་ཅི་ཞིག་བྱ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་རིག་བྱེད་སྐྱེས་བུས་མ་བྱས་པ་ཉིད་དུ་ཚད་མ་མེད་པ་ཅན་དེ་ཉིད་འདོད་པའི་གཏན་

ཚིགས་ཀྱིས་རིག་བྱེད་སྨྲ་བའི་རིག་བྱེད་ཀྱི་བྱེད་པ་པོ་སྤོང་བ་ལ་ཁས་བླངས་པས་གནོད་པ་མེད་པར་འདོད་ན་དེ་ལས་གཞན་པ་སྟེ། དཔྱོད་པ་པ་དེ་ལས་གཞན་པའི་སྐྱེས་བུ་གཞོན་ནུ་འབྱུང་བ་ཅན་ལ་སོགས་པ་སྐྱེས་བུས་བྱས་པ་ཉིད་དུ་འདོད་པས། དེ་བྱེད་པ་པོ་སྤོང་བ་ཁས་བླངས་པ་ལ་ཡང་གནོད་པ་མེད་
པར་མཚུངས་པའི་ཕྱིར་ཀླན་ཀ་བཙལ་དུ་མེད་དོ། །དེ་ལ་སྤོང་བ་ལ་ཁས་བླངས་པ་ལ་ཡང་གནོད་པ་ཡིན་ནོ་ཞེས་བྱ་བ་ཀླན་ཀ་འདི་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཕུལ་དུ་བྱུང་བ་མཐོང་བ་མེད་པ་ཅན་ཞེས་བྱ་བ་ལ་སོགས་པ་ལ་སྐྱེས་བུས་བྱས་པ་དང་སྐྱེས་བུས་མ་བྱས་པ་ཉིད་དུ་མངོན་པར་འདོད་
པའི་ངག་རྣམས་རྣམ་པ་དེ་ལྟ་བུར་ཏེ། བྱེད་པ་པོ་མི་དྲན་པའི་ཕྱིར་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་སྐྱེས་བུས་མ་བྱས་པ་ཉིད་དུ་སྒྲུབ་པར་བྱེད་པ་རྣམས་ནི་ཕུལ་དུ་བྱུང་བ་མཐོང་མེད་ཅན་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ན་སྐྱེས་བུས་བྱས་པ་བྱེད་པ་དུ་མ་བྱེད་པ་པོ་དུས་རིང་པོར་འདས་པ་ཅན་དག་ཀྱང་བྱེད་
པ་པོ་དྲན་པ་མེད་པ་ཡོད་པ་དེ་ལྟར་ན། གང་ལས་རིག་བྱེད་ཀྱི་ངག་རྣམས་ཕུལ་དུ་བྱུང་བ་མཐོང་བ་དེ་ཡོད་པ་མ་ཡིན་ཏེ། གང་རིག་བྱེད་ལ་སྐྱེས་བུས་མ་བྱས་པ་རྣམས་ལ་བྱེད་པར་མི་ནུས་པ་ཅན་གྱི་རྣམ་པ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ནོ། །སྐྱེས་བུའི་འབྲས་བུའི་སྒྲའི་ཆོས་རྣམས་ནི་འབྲས་
བུའི་ཆོས་རྣམས་ཏེ། སྐྱེས་བུའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཅན་ཉིད་ལ་སོགས་པ་འབྲས་བུའི་ཆོས་དེ་རྣམས་ལས་ཁྱད་པར་མཐོང་བ་ཅན་མ་ཡིན་ནོ། །ཇི་ལྟར་སྐྱེས་བུས་བྱས་པ་སྐྱེས་བུའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཅན་ཡིན་པ་དེ་ལྟར་རིག་བྱེད་པའི་ཡིན་ན་ཡང་དེ་
བཞིན་དུ་ཕུལ་དུ་བྱུང་བ་མཐོང་བ་ཅན་དུ་འགྱུར་ན་རིག་བྱེད་ཀྱི་སྒྲ་འགའ་ཞིག་ལས་ཕུལ་དུ་བྱུང་བ་སྟེ། སྐྱེས་བུས་མ་བྱས་པའི་མཚན་ཉིད་ཅན་ཁས་ལེན་ཞིང་གཞན་ལ་ནི་མ་ཡིན་པས་ན། ཁས་བླངས་པ་ལ་སྒྲུབ་པར་བྱེད་པ་ཅུང་ཞིག་ཀྱང་ཡོད་པ་མ་ཡིན་པ་དེ་ལྟར་ན། རིག་བྱེད་སྨྲ་བ་འདིའི་
འཇུག་པ་རིགས་པ་མེད་པ་སྟེ་ཚད་མ་མེད་པ་ཁོ་ན་ཡིན་ནོ། །དེ་བས་ན་འདི་ལྟར་ཇི་སྐད་དུ་བཤད་པའི་རྣམ་པས་བྱེད་པ་པོ་མི་དྲན་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །འདིར་མ་ངེས་པ་ཡང་ཡིན་ནོ་ཞེས་བསྟན་པའི་ཕྱིར་བྱེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མན་ངག་

གཅིག་ནས་གཅིག་ཏུ་བརྒྱུད་པ་ནི་ཡང་དག་པའི་མན་ངག་གོ། །བྱེད་པའི་ཡང་དག་པའི་མན་ངག་སྟེ། སྐྱེས་བུས་བྱས་པ་ཉིད་ཀྱི་ཡང་དག་པའི་མན་ངག་རྒྱུན་ཆད་པ་ནྱ་གྲོ་ལ་རྣམ་ཐོས་ཞེས་བྱ་བ་ལ་སོགས་པའི་སྒྲ་གང་དག་ལ་ཡོད་པ་དེ་དག་ནི་བྱེད་པའི་ཡང་དག་པའི་
མན་ངག་རྒྱུན་ཆད་ན། འདིས་ནི་བྱེད་པ་པོ་ཉིད་མི་དྲན་པ་ཅན་བསྟན་ཏོ། །བྱས་པ་ནི་སྐྱེས་བུས་བྱས་པའོ། །དེ་བས་ན་སྐྱེས་བུས་བྱས་པའི་ངག་ལ་ཡང་བྱེད་པ་པོ་མི་དྲན་པ་གནས་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཡིན་ནོ། །གལ་ཏེ་བྱེད་པའི་ཡང་དག་པའི་མན་ངག་རྒྱུན་ཆད་པ་ཅན་གྱིས་
བྱས་པ་དེ་འབད་རྩོལ་དང་ལྡན་པའི་སྐྱེས་བུས་འདི་དག་བྱས་པ་ཡིན་ནོ་ཞེས་དམིགས་པ་དེ་བས་ན། གཏན་ཚིགས་མི་མཐུན་པའི་ཕྱོགས་ལ་གནས་པ་ཅན་མ་ཡིན་ནོ་ཞེ་ན། དེ་ནི་དེ་ལྟར་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འབད་རྩོལ་དང་ལྡན་དུ་ཟིན་ཀྱང་བྱེད་པ་པོ་དྲན་པར་མི་བྱེད་པར་ངེས་པའི་ཕྱིར་རོ། །
འབད་རྩོལ་ཡོད་དུ་ཟིན་ཀྱང་གདོན་མི་ཟ་བར་བྱེད་པ་པོ་དམིགས་པ་མེད་པའི་ཕྱིར་ཐེ་ཚོམ་ཁོ་ན་ཡིན་ནོ། །གཞན་ཡང་སྐྱེས་བུས་མ་བྱས་པར་མངོན་པར་འདོད་པར་གཞན་ལ་ཡང་སྒྲའི་བྱེད་པ་པོ་དམིགས་པ་མེད་པའི་ཕྱིར་མི་དམིགས་པ་དང་། འདིའི་བྱེད་པ་པོ་དམིགས་པའི་ཕྱིར་དམིགས་
པ་ནི་ཚད་མ་གང་ལས་ཀྱང་ངེས་པ་མེད་དོ། །འོན་ཀྱང་གཞན་གྱིས་བསྟན་པ་ལས་སོ། །ཅི་ལྟ་བུར་གྱུར་པ་ཞེ་ན། ཡིད་ཆེས་པར་བྱ་བ་མ་ཡིན་པ་སྟེ། ཚད་མ་ཅན་མ་ཡིན་པ་ལས་སོ། །དེ་ལྟ་བུར་གྱུར་པའི་བསྟན་པ་ལས་དད་པར་བྱེད་པ་པོ་དམིགས་པ་དང་མི་དམིགས་པ་ངེས་པར་རིགས་པ་ཉིད་
མ་ཡིན་པའི་ཕྱིར་རོ། །གལ་ཏེ་རིག་བྱེད་ཀྱི་ངག་རྣམས་ནི་ཁོ་བོས་བྱས་པ་དག་ཡིན་ནོ་ཞེས་དེ་སྐད་དུ་སྨྲ་བ་མི་དམིགས་པ་དེས་ན་རིག་བྱེད་ཀྱི་ངག་རྣམས་བྱེད་པ་པོ་མེད་པར་ངེས་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྒྲ་རྣམས་བདག་ཉིད་ཀྱིས་བྱས་པ་ལ་ཡང་བསྙོན་པ་མཐོང་
བའི་ཕྱིར་རོ། །སྒྲའི་བདག་ཉིད་ཀྱིས་བྱས་སུ་ཟིན་ཀྱང་། ཁོ་བོས་དེ་དག་མ་བྱས་སོ་ཞེས་དེ་ལྟར་བསྙོན་པར་བྱེད་པ་སྟེ། རྗོད་པར་བྱེད་པ་མཐོང་ངོ་། །དེ་ལ་ཅི་འདིས་དེ་དག་བྱས་པའམ་སྤྱི་གཞན་གྱིས་ཞེས་ངེས་པ་ལ་བརྟེན་པ་སྟེ། མཐའ་ལ་བརྟེན་པ་མི་ནུས་པའི་ཕྱིར་རོ། །དེ་བས་ན་དེ་

ལྟར་བྱེད་པ་པོ་མི་དྲན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདིས་མ་གྲུབ་པ་དང་མ་ངེས་པ་དག་གི་སྒོ་ནས་སུན་ཕྱུང་བ་ཡིན་ནོ། །ད་ནི་རིག་བྱེད་སྐྱེས་བུས་མ་བྱས་པ་ཉིད་དུ་རབ་ཏུ་བསྒྲུབ་པའི་ཕྱིར་གཞན་གྱིས་སྨྲས་པའི་གཏན་ཚིགས་གཞན་དག་ཀྱང་སུན་དབྱུང་བའི་ཕྱིར་ཉེ་བར་དགོད་པར་བྱེད་དེ། ཇི་ལྟར་
སྐྱེས་བུ་འདི་སྟེ། རིག་བྱེད་འདོན་པ་དེ་ལྟ་བས་གཞན་ལས་ཐོས་པ་མེད་པར་རིག་བྱེད་འདིའི་ཡི་གེ་དང་ཚིག་གིས་བཀོད་པའོ། །དེ་ཡང་ཡི་གེའི་བཀོད་པ་ནི་ཚིག་ཡིན་ལ་ཚིག་གི་བཀོད་པ་ནི་ངག་ཡིན་ཏེ། འདོན་པའི་ཕྱིར་བརྗོད་ནུས་མེད་དོ། །དེ་
ལྟར་གཞན་ལ་ཡང་སྟེ་རིག་བྱེད་ཀྱི་བྱེད་པ་པོར་མཐོང་བར་འདོད་པ་དེ་ཡང་གཞན་གྱིས་བསྟན་པ་ལ་ལྟོས་པ་ཡིན་ལ། དེ་ཡང་གཞན་གྱིས་ཞེས་བྱ་བ་ཐོག་མ་མེད་པ་ཉིད་ཀྱི་སྐྱེས་བུས་མ་བྱས་པ་ཉིད་དུ་གྲུབ་པ་ཞེས་བྱ་བ་འགའ་སྨྲའོ། །དང་པོ་ཉིད་དུ་མངོན་པར་འདོད་པའི་རིག་བྱེད་འདོན་པ་ནི་
རིག་བྱེད་འདོན་པར་བྱེད་པ་ཉིད་ཡིན་པའི་ཕྱིར། རིག་བྱེད་འདོན་པ་སྔོན་དུ་སོང་བ་ཅན་ཡིན་ཏེ། ད་ལྟར་བའི་རིག་བྱེད་འདོན་པར་བྱེད་པ་དང་འདྲའོ་ཞེས་བྱ་བ་ནི་སྦྱོར་བའོ། །དེ་སྐད་དུ་སྨྲ་བ་དེ་ཡང་གང་བྱེད་པ་པོ་མི་དྲན་པའི་ཕྱིར་ཞེས་བྱ་བ་དེར་བཤད་པ་དེ་ཉིད་ལན་ཡིན་ནོ། །དེ་ལྟར་བཤད་མ་
ཐག་པའི་རྣམ་པས་དེ་ནི་སྐྱེས་བུས་མ་བྱས་པ་ཡིན་ན། གང་སྐྱེས་བུས་མ་བྱས་པ་ཡིན་པར་འགྱུར་ཏེ། གཞན་གཞོན་ནུ་འབྱུང་བ་ཅན་ལ་སོགས་པ་འདོན་པར་བྱེད་པ་སྔོན་དུ་སོང་བ་ཅན་ཉིད་ཡིན་པས་ན་ཐོག་མ་མེད་པ་ཅན་ཉིད་དུ་རབ་ཏུ་གྲུབ་པའི་ཕྱིར་རོ། །དེ་ལ་གལ་ཏེ་རབ་ཏུ་སྒྲུབ་པར་
བྱེད་པ་ཁས་བླངས་པ་ལ་གནོད་པ་ཡིན་ནོ་ཞེ་ན། འདི་ཉིད་ཁས་བླངས་པའི་ཡན་ལག་ཅེས་བྱ་བ་ལ་སོགས་པ་ནས་ཀླན་ཀ་བཙལ་དུ་མེད་དོ་ཞེས་བྱ་བའི་བར་ཐམས་ཅད་བརྗོད་པར་བྱ་སྟེ། དེ་དག་བསྡུ་བའི་ཕྱིར་སོགས་པའི་སྒྲས་རབ་ཏུ་སྦྱར་རོ། །ཐལ་ཆེས་པ་ཉིད་དུ་བསྟན་པའི་ཕྱིར་དེ་ལྟར་ན་ཞེས་བྱ་
བ་ལ་སོགས་པ་སྨོས་ཏེ། སྐྱེས་བུ་གཞོན་ནུ་འབྱུང་བ་ཅན་ལ་སོགས་པའི་གཞུང་དུ་བཀོད་པ་གཞན་དག་ཏུ་ཡང་དག་པའི་མན་ངག་དང་བྲལ་བ་སྟེ། མན་ངག་མེད་པ་གཞན་རྣམས་ཀྱིས་བརྗོད་པ་ཅི་མཐོང་ན་སྟེ་ཅུང་ཟད་ཀྱང་མཐོང་བ་མེད་པར་རོ། །རྒྱུ་གང་གིས་དེ་ཡང་སྟེ་རིག་བྱེད་ལས་གཞན་པའི་

སྒྲའོ། །དེ་ལྟར་ཞེས་བྱ་བ་ནི་སྐྱེས་བུས་མ་བྱས་པར་ཅིའི་ཕྱིར་རྗེས་སུ་དཔོག་སྟེ་རྗེས་སུ་དཔོག་པར་མི་བྱེད། ད་ལྟར་བ་རྣམས་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ད་ལྟར་བ་རྣམས་མན་ངག་མེད་པར་ཀློག་པར་མི་ནུས་པ་ལས་གཞན་དུ་སྐྱེས་བུས་མ་བྱས་པ་
ཉིད་ཀྱི་རྟེན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། སྐྱེས་བུས་མ་བྱས་པ་ཉིད་དུ་བསྒྲུབ་པའི་རྒྱུ་མཚན་ནོ། །གཞན་གྱི་མན་ངག་མེད་པར་རིག་བྱེད་ཀློག་པར་ནུས་པ་མེད་པ་དེ་ལྟར་ན། རིག་བྱེད་ཀྱི་ངག་རྣམས་སྐྱེས་བུས་མ་བྱས་པ་ཉིད་དུ་འདོད་དོ། །མན་ངག་མེད་པར་ཀློག་པར་མི་ནུས་པ་དེ་ནི་
གཅིག་གིས་ཏེ། སྐྱེས་བུ་འགའ་ཞིག་གིས་སྦྱར་བའི་གཞུང་སྐྱེས་བུས་བྱས་པ་ཉིད་དུ་མངོན་པར་འདོད་པ་གཞན་ལ་ཡང་འདོན་པར་བྱེད་པ་གཞན་གྱི་དང་མཚུངས་སོ། །དེའི་རྗེས་སུ་འབྲངས་ནས་ཞེས་བྱ་བ་ནི་མན་ངག་མེད་པར་ཀློག་པར་མི་ནུས་པ་སྐྱེས་བུས་མ་བྱས་པ་ཉིད་ཀྱི་རྟགས་ཀྱི་
སྒོ་ནས་ངག་གི་རྗེས་སུ་འབྲང་བར་བྱེད་པ་དེས། འཇིག་རྟེན་པའི་སྒྲ་ཐམས་ཅད་དེ་ལྟར་ཞེས་བྱ་བ་སྐྱེས་བུས་མ་བྱས་པ་ཉིད་རྗེས་སུ་དཔོག་ཅིང་རྗེས་སུ་དཔྱོད་པའམ་འགའ་ཞིག་ཀྱང་མ་ཡིན་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །ཅི་སྟེ་གཞན་གྱིས་འཇིག་རྟེན་པའི་སྒྲ་རྣམས་སྐྱེས་བུས་མ་བྱས་པ་
ཉིད་དུ་འདོད་ན། དེ་ལ་སྐྱེས་བུས་མ་བྱས་པ་ཉིད་དུ་རྗེས་སུ་དཔོག་པ་ན་ཁས་བླངས་པ་ལ་སོགས་པའི་སྐྱོན་ཡོད་དོ་ཞེ་ན། དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་པའི་ངག་དེ་ནི་དེ་ལྟར་ཞེས་བྱ་བ་སྐྱེས་བུས་མ་བྱས་པ་ཉིད་དུ་མི་འདོད་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །སོགས་
པའི་སྒྲས་ནི་ཁས་བླངས་པ་ལ་གནོད་པ་ལ་སོགས་པ་གཟུང་ངོ་། །འདོད་པ་ནི་དེའི་རྟེན་ཉིད་ཡིན་པའི་ཕྱིར་ཏེ། སྐྱེས་བུས་མ་བྱས་པ་ཉིད་དུ་སྒྲུབ་པར་བྱེད་པའི་རྟེན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་དེ་མ་ཐག་ཏུ་བཤད་ཟིན་ཏོ། །གཞན་ཡང་རིགས་གང་སྟེ། རྫས་སུ་མཚུངས་པའི་རིགས་
གང་ཡིན་པ་རྒྱུ་གང་ལ་རྗེས་སུ་མཚུངས་པའི་ལྡོག་པ་གྲུབ་པས། རྒྱུ་མ་མཐོང་བ་ཅན་གཞན་ལ་གང་གི་རིགས་ཅན་ཉིད་དུ་བྱེ་བྲག་མེད་པར་རྒྱུ་དེ་ལས་གྲུབ་པ་ཡིན་ནོ་ཞེས་དེ་དག་ཡང་དག་པར་ཤེས་སོ། །ཅི་དང་འདྲ་བར་ཞེ་ན། མེ་ཤིང་བཞིན་ཏེ། དཔེར་ན་ཤིང་ལས་མེ་གཅིག་མཐོང་བ་དེ་

དང་མཚུངས་པའི་རང་བཞིན་ཅན་རྒྱུ་མ་མཐོང་བ་ཅན་གཞན་ཡང་དེ་དང་མཚུངས་པའི་རྒྱུ་ཅན་ཉིད་ཡིན་པ་ཁོ་ནར་ཡང་དག་པར་ཤེས་པ་ལྟ་བུའོ། །རྒྱུ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། རྒྱུ་མ་མཐོང་བའི་ཕྱིར་ཏེ། དེའི་རྒྱུ་མ་མཐོང་བ་ཞེས་བྱ་བ་དེ་ཙམ་གྱིས་རྒྱུ་མེད་པ་ཅན་ཞེས་བྱ་
བ་མ་ཡིན་ནོ། །དངོས་པོ་རྒྱུ་མ་མཐོང་བ་ཅན་ཡིན་ན་ཡང་སྟེ། དེ་དག་གི་རྒྱུ་མ་མཐོང་བར་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དངོས་པོ་དེ་ལྟ་བུར་གྱུར་པ་ཡིན་ན་ཡང་དེ་ལས་གཞན་པ་རྒྱུ་མཐོང་བ་ཅན་དག་གིས་རང་བཞིན་ཐ་དད་པ་ཉམས་སུ་མྱོང་བ་མེད་པ་སྟེ། རང་བཞིན་མཚུངས་པ་
ཅན་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུ་རྣམ་པ་ཞེས་བྱ་བ་རྒྱུ་མཚུངས་པ་ཅན་ཡང་དག་པར་རྗེས་སུ་དཔོག་པར་འགྱུར་རོ། །འདི་ལྟར་འཇིག་རྟེན་པའི་སྒྲ་དང་མཚུངས་པའི་ཆོས་ཅན་རིག་བྱེད་པའི་སྒྲ་རྣམས་ཀྱང་འཇིག་རྟེན་པ་དང་འདྲ་བར་སྐྱེས་བུའི་རྒྱུ་ཅན་དུ་འགྱུར་བའམ། འགའ་ཞིག་ཀྱང་
མ་ཡིན་ནོ་ཞེས་བྱ་བ་འདི་ནི་བསྡུས་པའི་དོན་ཏོ། །ཅི་སྟེ་རྒྱུའི་ངོ་བོ་རང་བཞིན་ལྡོག་ཏུ་ཟིན་ཀྱང་དེའི་ངོ་བོ་སྟེ། རྒྱུ་མཐོང་བ་ཅན་སྐྱེས་བུས་བྱས་པའི་སྒྲ་དང་མཚུངས་པའི་ངོ་བོ་རིག་བྱེད་པའི་སྒྲ་གང་གི་ཚེ་ལྡོག་པ་མ་ཡིན་པར་འདོད་པ་དེའི་ཚེ། འབྲས་བུའི་ཆོས་ལས་འདས་པ་སྟེ། འབྲས་བུའི་
ཆོས་འདིའི་རྒྱུར་མངོན་པར་འདོད་པ་གང་ཡིན་པ་ལྡོག་པ་ཡིན་ན། གང་གི་ཚེ་རྒྱུ་ལོག་ཏུ་ཟིན་ཀྱང་འབྲས་བུ་མི་ལྡོག་པ་དེའི་ཚེ། དེའི་འབྲས་བུའི་ཆོས་ལས་འདས་པར་འགྱུར་རོ། །འབྲས་བུའི་ཆོས་ལས་འདས་པ་དེའི་ཕྱིར་སྐྱེས་བུ་དེ་ལས་ངག་ཅུང་ཟད་ཀྱང་འགྱུར་བ་མེད་པས། འཇིག་རྟེན་
པའི་སྒྲ་ཅུང་ཞིག་ཀྱང་དེ་ལྟར་ཏེ། སྐྱེས་བུས་བྱས་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པར་འགྱུར་རོ། །ཅི་སྟེ་འཇིག་རྟེན་པ་དག་གི་ལས་རིག་བྱེད་པ་དག་གི་བྱེ་བྲག་ཡོད་པ་ཡིན་ཏེ། ཁྱད་པར་གང་གིས་འཇིག་རྟེན་པ་ཁོ་ནའི་སྐྱེས་བུས་བྱས་པ་ཡིན་གྱི་རིག་བྱེད་པའི་ནི་མ་ཡིན་པར་འདོད་དོ་ཞེ་ན།
དེའི་ཕྱིར་ངོ་བོའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིག་བྱེད་པ་རྣམས་དང་ཐུན་མོང་མ་ཡིན་པའི་སྐྱེས་བུས་བྱས་པ་དག་གི་ངོ་བོའི་བྱེ་བྲག་བསྟན་པར་བྱ་བ་ཡིན་ན་ནི་ངོ་བོའི་བྱེ་བྲག་གང་ཁོ་ནས་སྐྱེས་བུ་ཞེས་བྱ་བ་རྒྱུ་དེའི་རྗེས་སུ་བྱེད་པར་འགྱུར་རོ། །ཁྱད་པར་འདི་ལྟ་བུ་དང་ལྡན་པ་ནི་སྐྱེས་

བུས་བྱས་པ་ཡིན་ལ། དེ་དང་བྲལ་བ་ཡང་སྐྱེས་བུས་མ་བྱས་པ་ཡིན་ནོ་ཞེས་དེ་ཉིད་བསྟན་པའི་ཕྱིར། གང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱད་པར་གང་གིས་རིག་བྱེད་སྐྱེས་བུས་མ་བྱས་པ་ཉིད་དུ་འདོད་པ་དང་། འཇིག་རྟེན་པ་མི་འདོད་པ་ནི་འདོད་པ་ཕྱིན་ཅི་ལོག་ཏུ་མི་འགྱུར་བ་
དག་སྟེ། གོ་རིམས་བཞིན་དུ་སྐྱེས་བུ་ཉིད་དང་། སྐྱེས་བུས་མ་བྱས་པ་ཉིད་དུ་མི་འགྱུར་ན། རིག་བྱེད་པ་དག་གིས་འཇིག་རྟེན་པ་དག་གི་ལས་གང་ཡང་སྐྱེས་བུས་བྱས་པར་མི་ནུས་པ་ཅན་དུ་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ཁྱད་པར་ཐམས་ཅད་ནི་སྐྱེས་བུ་དག་གིས་བྱས་པར་ནུས་པ་ཅན་ཉིད་
ཡིན་པའི་ཕྱིར་རོ། །དེ་བས་ན་སྐྱེས་བུའི་ངག་རྣམས་ཀྱིས་སྦྱར་བ་ལ་སོགས་པའི་བྱེ་བྲག་ཅན་དུ་མཚུངས་པ་ཉིད་ཀྱི་ཕྱིར། རིག་བྱེད་པའི་སྒྲ་དག་ཀྱང་སྐྱེས་བུས་བྱས་པ་ཁོ་ན་ཡིན་ནོ། །དངོས་པོ་རྣམས་ཀྱིས་ཐ་དད་པ་ནི་རྒྱུ་ཐ་དད་པས་བྱས་པའི་ཕྱིར་རོ། །ཅི་སྟེ་ངག་རྣམས་ཐ་དད་པ་མེད་པ