Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 176

Văn bản gốc(Tây Tạng)

Trang 17 / 22 (50.000 ký tự/trang)
ིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། འགལ་བ་མེད་པའི་ཕྱིར་ཏེ། སྐྱེས་བུའི་གཙོ་བོའི་དོན་ལ་ཚད་མས་སླུ་བ་མེད་པ་ཅན་ལ་གནོད་པ་མེད་པའི་ཕྱིར་རོ། །གནས་གསུམ་པ་ལ་ཁས་བླངས་པའི་མི་སླུ་བའི་ཚིག་ནི་སྐྱེས་བུའི་དོན་གྱི་སྐབས་དང་འགལ་བ་ཅུང་ཟད་ཀྱང་
ཡོད་པ་མ་ཡིན་ནོ། །བདེན་པ་བཞི་ཕྱིན་ཅི་མ་ལོག་པར་སྟོན་པར་མཛད་པ་ནི་གཙོ་བོའི་དོན་ལ་འཇིག་རྟེན་སླུ་བ་མ་ཡིན་ཏེ། གཙོ་བོའི་དོན་ལ་སྐྱེས་བུ་མ་བསླུས་པས་གནས་གསུམ་པ་ལ་ཡང་འཆད་པ་པོ་ཡང་དགོས་པ་མེད་པར་ལྡོག་པར་སྟོན་པ་གང་ཡིན་པ་དེ་ནི་འབྲས་བུ་མེད་པའི་ཕྱིར་རོ། །གལ་ཏེ་
སྐྱེས་བུ་གཙོ་བོའི་དོན་ལ་སླུ་བར་བྱེད་པ་ཡིན་ལ། གཞན་ལ་ཕན་པས་འཇུག་པ་དབང་པོ་ལས་འདས་པའི་དོན་མཐོང་བ་ཅན་ཡིན་ན། གདོན་མི་ཟ་བར་འགའ་ཞིག་ལ་གཞན་མི་སླུ་བར་འགྱུར་བ་ཡིན་པ་དེའི་དབང་པོ་ལས་འདས་པའི་དོན་མཐོང་བ་ཉིད་ནི་ངེས་པར་ནུས་པ་མ་ཡིན་ནོ། །དེ་བས་ན་རིགས་པས་
བགྲོད་པར་བྱ་བའི་སྐྱེས་བུའི་དོན་ལ་མི་སླུ་བ་ཡིན་གྱི་མི་ཤེས་པ་ཉིད་ཀྱིས་ན་ཤིན་ཏུ་ལྐོག་ཏུ་གྱུར་པ་ལ་སླུ་བར་ཡང་འགྱུར་རོ་ཞེ་ན། ངེས་པར་མི་ནུས་པ་ཅན་གྱི་དོན་འདི་ཉིད་ནི་བདེན་ཏེ། འོན་ཀྱང་སྐྱེས་བུའི་འཇུག་པ་ལ་ལྟོས་ནས་དེ་ལྟར་རྣམ་པར་གཞག་པ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར་དེ་དང་ཞེས་བྱ་བ་
ལ་སོགས་པ་སྨོས་པ་ལ། རྣམ་པ་གཉི་གས་ཀྱང་ཞེས་བྱ་བ་ནི་ཚིགས་སུ་བཅད་པ་གཉིས་བསྟན་པ་རྣམས་སོ། །དེ་དང་དེ་གོ་སྐབས་མེད་པས་ལུང་ནི་རྗེས་སུ་དཔག་པ་ཉིད་དུ་བརྗོད་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །རྗེས་སུ་དཔག་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ཉིད་ཡིན་ཞེས་བྱ་བར་བལྟ་བར་
བྱའོ། །ལུང་ལ་འཇུག་པ་ཡོད་ན་དེ་ལྟ་བུའི་ལུང་གི་འབྲེལ་པས་འཇུག་པར་བྱ་བའི་དོན་ཁོ་ན་ཉིད་ལ་མི་སླུ་བར་བྱེད་པས་ནི་མ་ཡིན་ནོ། །དེ་ལྟར་ན་སྟེ། བཤད་པའི་རྣམ་པས་ཀྱང་ལུང་ལ་བརྟེན་པའི་ཤེས་པ་ཉེས་པ་མེད་པ་མ་ཡིན་ཏེ་སྐྱོན་དང་བཅས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྒྲ་དག་ནི་དོན་རྣམས་ལ་
མེད་ན་མི་འབྱུང་བ་ཉིད་མ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། སྒྲ་རྣམས་དངོས་དང་ལྷན་ཅིག་ཏུ། །མེད་ན་མི་འབྱུང་ཉིད་མེད་ཕྱིར། །ཞེས་བྱ་བ་ལ་སོགས་པས་བསྟན་ཟིན་ཏོ། །སྐྱེས་བུའི་ཕུལ་དུ་བྱུང་བ་ཉིད་ནི་ཉེས་པ་ཟད་པ་ཉིད་ལ་སོགས་པའོ། །དེ་ལ་ལྟོས་པའི་ཚིག་གང་ཡིན་པ་དེ་

ནི་ཇི་བཞིན་དོན་དུ་གཞན་གྱིས་ཤེས་ཏེ། རབ་ཏུ་ཤེས་པར་འགྱུར་རོ། །དོན་ཇི་ལྟ་བ་བཞིན་དུ་དངོས་པོ་ཇི་ལྟར་གནས་པ་དེ་བཞིན་དུ་མཐོང་བ་སྟེ་ཤེས་པ་ནི་དོན་ཇི་ལྟ་བ་མཐོང་བའོ། །གང་ལ་དེ་དང་བར་བྱས་པའི་རྩེ་བ་དང་འདོད་ཆགས་དང་བྲལ་བ་ལ་སོགས་པ་ཡོད་པ་དེ་ནི་དོན་ཇི་ལྟ་བ་བཞིན་དུ་མཐོང་
བ་ལ་སོགས་པའོ། །དེ་ཉིད་ཡོན་ཏན་ཡིན་ཏེ། དེ་དང་ལྡན་པའི་སྐྱེས་བུ་ནི་ཉེས་པ་ཟད་པའོ། །དེས་བྱས་པ་ནི་ཉེས་པ་ཟད་པ་དེས་སྦྱར་བ་སྟེ། ལུང་ནི་མི་སླུ་བ་ཞེས་བྱའོ་ཞེས་བྱ་བ་ནི་གཞན་དག་གིའོ། །གྲུབ་པའི་མཐའ་སྨྲ་བས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཤད་མ་ཐག་པའི་དོན་
གང་ཡིན་པ་དེ་ཉིད་ནི་ཁོ་བོ་ཅག་འདོད་པ་ཁོ་ན་ཡིན་ཏེ། ཁོ་བོ་ཅག་ནི་དེ་ལྟ་བུར་གྱུར་པ་སྤོང་བར་ནི་མི་བྱེད་དོ། །འོན་ཀྱང་གལ་ཏེ་དོན་ཇི་ལྟ་བ་བཞིན་དུ་མཐོང་བ་ལ་སོགས་པའི་མཚན་ཉིད་ཅན་གྱི་ཕུལ་དུ་བྱུང་བ་དེ་སྐྱེས་བུས་ངེས་པར་ཤེས་པར་ནུས་ན་དེ་ཡང་ཤེས་པར་མི་ནུས་སོ། །རྟོག་པ་ཞེས་བྱ་བ་ལ་
སོགས་པས་འཆད་པར་བྱེད་དེ། རྟོག་པ་སྔོན་དུ་གཏོང་བ་ཐམས་ཅད་ནི་ལུང་ངམ་ལུང་མ་ཡིན་པ་ཚོལ་བར་བྱེད་པ་སྟེ་དཔྱོད་པར་བྱེད་དོ། །ལུང་མ་ཡིན་པ་བཏང་ནས་ལུང་གི་སྒོ་ནས་འཇུག་པ་ཅན་ཏེ། ལུང་གི་དོན་ལ་ནན་ཏན་དུ་བྱེད་པར་འདོད་པ་ཡིན་གྱི། ཕོངས་པ་སྟེ་ཆགས་པས་ནི་མ་ཡིན་ནོ། །འཇུག་པ་
འདོད་པ་ཅན་དེ་ཉིད་ཀྱང་ཇི་ལྟར་ཞེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་དོ། །ཇི་ལྟར་ཡང་ཞེས་བྱ་བ་ནི་སྲིད་པར་གྱུར་པའོ། །འདི་ལ་ཞེས་བྱ་བ་ནི་ལུང་ལས་སོ། །ནན་ཏན་དུ་བྱས་པ་སྟེ། མངོན་སུམ་བྱས་པའི་དོན་ཤེས་ནས་འཇུག་པ་ན་དོན་དང་ལྡན་པར་འགྱུར་ཏེ། འབྲས་བུ་དང་ལྡན་པར་འགྱུར་རོ། །དེ་ལྟར་སྐྱེས་
བུ་ཚོལ་བར་བྱེད་པ་ན་མཐོང་བར་ནུས་པ་ཅན་ཏེ་ངེས་པ་མངོན་སུམ་དང་རྗེས་སུ་དཔག་པས་ཤེས་པར་བྱ་བའི་དོན་གང་ཡིན་པ་དེ་ལ། མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་གནོད་པ་མེད་པ་ནི་སླུ་བ་མེད་པ་སྟེ། དེ་ཉིད་རྐྱེན་དེ་དམིགས་པ་དེས་མངོན་སུམ་དང་རྗེས་སུ་དཔག་པས་ཤེས་པར་བྱ་བ་མ་ཡིན་པའི་
དོན་གཞན་དག་ལ་ཡང་འཇུག་ནུས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཐ་སྙད་ནི་དེ་ལྟར་ཕལ་ཆེ་བ་ཅན་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ཞེས་བྱ་བ་ནི་ཡུལ་གཅིག་ལ་མི་སླུ་བ་མཐོང་བས་འཇིག་རྟེན་པའི་ཐ་སྙད་གང་ལ་གཞན་ལ་འཇུག་པ་ཕལ་ཆེ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གལ་ཏེ་སྐྱེས་བུ་

ཉེས་པ་ཟད་པ་གང་ཡིན་པ་དེའི་ཚིག་ལས་འཇུག་པར་བྱའོ་ཞེས་དེ་ལྟར་འདོད་པ་དེའི་ཚེ། སྐྱེས་བུ་ཡོངས་སུ་བརྟགས་ནས་འཇུག་པར་ཁས་ལེན་པར་འགྱུར་བ་ན་མི་འཇུག་པ་ཁོ་ནར་འགྱུར་རོ་འཇུག་པ་ཉིད་དུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེ་ལྟ་བུར་གྱུར་པའི་དོན་ཇི་ལྟ་བ་བཞིན་
དུ་མཐོང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་སྐྱེས་བུ་དེ་ཤེས་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །འཇུག་པ་མེད་པར་བརྒལ་བ་ཡིན་གྱི། དོན་ཇི་ལྟ་བ་བཞིན་དུ་མཐོང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་སྐྱེས་བུ་དག་མི་འདོད་པའི་ཕྱིར་ཡང་མ་ཡིན་ནོ། །དེ་ལྟ་བུར་གྱུར་པ་ཉིད་ནི་ཡོད་པ་མ་ཡིན་ནོ་
ཞེས་ཁོ་བོ་ཅག་འདོད་པ་ཁོ་ན་ཡིན་ཏེ། དེ་དག་ཀྱང་བདེན་པ་སྨྲ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དོན་ཇི་ལྟ་བ་བཞིན་དུ་མཐོང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་སྐྱེས་བུ་དེ་འདྲ་བ་དག་ནི་ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར་ཏེ། དངོས་པོ་ཇི་ལྟར་གནས་པ་བཞིན་དུ་སྟོན་པར་མཛད་པ་ཉིད་ཀྱི་ཕྱིར་རོ། །
དེ་ལྟ་བུར་གྱུར་པའི་སྐྱེས་བུ་ཤེས་པར་མི་ནུས་པ་ཡང་། ཅིའི་ཕྱིར་ཞེ་ན། ཚད་མ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུ་འདི་ནི་འདི་ལྟར་ཉེས་པ་དང་ལྡན་པའམ། མིན་ཏེ་ཉེས་པ་དང་ལྡན་པ་མ་ཡིན་ཏེ་འོན་ཀྱང་ཉེས་པ་མེད་པ་ཅན་ནི་ཞེས་བྱ་བ་ནི་དེ་ལྟར་ཏེ། གཞན་ཉེས་པ་མེད་ཀྱང་རྟོགས་དཀའ་
ཞེས་ནི་གཞན་གྱིས་ཤེས་ཉེས་མེད་ཀྱང་ཞེས་བྱ་བ་དེ་ལ་ལྟོས་ནས་རྟོགས་དཀའ་བའི་ཞེས་བྱ་བ་བུད་མེད་ཀྱི་རྟགས་ཚིག་གཅིག་པར་བསྟན་ཏེ། གཞན་ཉེས་པ་ཞེས་བྱ་བ་དེ་ལ་ལྟོས་ནས་རྟོགས་དཀའ་ཞེས་བྱ་བ་རྣམ་པར་བསྒྱུར་ལ་སྐྱེས་པའི་རྟགས་ཀྱིས་མང་པོའི་ཚིག་རྣམ་པར་སྦྱར་བར་བྱའོ། །ཅིའི་
ཕྱིར་ཞེ་ན། གཞན་གྱི་ཡོན་ཏན་དང་ཉེས་པ་ངེས་པར་བྱེད་པ་དག་གི། ཚད་མ་རྣམས་ནི་རྙེད་དཀའི་ཕྱིར་ཏེ། ཐོབ་པར་དཀའ་བ་ཉིད་ཀྱི་ཕྱིར་རོ། །སྐྱེས་བུ་དག་ཅེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། སྐྱེས་བུ་གང་དག་ལ་ཡང་དག་པ་དང་ལོག་པར་འཇུག་པའི་ལུས་དང་ངག་གི་ལས་ཀྱི་མཚན་ཉིད་
ཅན་ཡོད་པ་དེ་དག་ནི་ཡང་དག་པ་དང་ལོག་པར་འཇུག་པ་ཅན་ཡིན་ནོ། །སེམས་ལས་བྱུང་བ་ནི་སེམས་ལས་བྱུང་བ་སྟེ། ཡོན་ཏན་དང་སྐྱོན་དག་གོ། །སེམས་ལས་བྱུང་བའི་ཡོན་ཏན་སྙིང་རྗེ་དང་འདོད་ཆགས་དང་བྲལ་བ་དང་རྟོགས་པ་ལ་སོགས་པའི་རྒྱུ་དག་ལས་ཡང་དག་པར་འཇུག་པ་ཅན་དང་།

སེམས་ལས་བྱུང་བའི་སྐྱོན་ཞེ་སྡང་ལ་སོགས་པའི་རྒྱུ་ལས་ལོག་པར་འཇུག་པ་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དགོངས་པ་འགའ་ཞིག་གིས་བློ་སྔོན་དུ་སོང་བ་ཅན་གྱི་བསམ་པ་ལོག་པར་སྟོན་པ་ལས། ལུས་དང་ངག་གི་ལས་ལ་ཡང་དག་པར་ལོག་པར་འཇུག་པ་ཅན་དག་མ་ཡིན་ནོ་ཞེས་བསམས་པའོ། །
དེ་ཡང་ཞེས་བྱ་བ་གཞན་དག་གི་སེམས་ལས་བྱུང་བའི་ཡོན་ཏན་དང་སྐྱོན་དབང་པོ་ལས་འདས་པ་སྟེ། མིག་གི་དབང་པོ་ལ་སོགས་པ་དག་ལས་ཤིན་ཏུ་འདས་པ་དེ་བས་ན་མངོན་སུམ་གྱིས་ཡོངས་སུ་གཅད་པར་བྱ་བ་མ་ཡིན་ནོ། །རྗེས་སུ་དཔག་པར་བྱ་བར་འགྱུར་ན་ཡང་རང་བཞིན་གྱི་རྟགས་ཀྱིས་ནི་མ་
ཡིན་ཏེ། རང་བཞིན་ཉིད་ནི་བསྒྲུབ་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །འོན་ཀྱང་རྗེས་སུ་དཔག་པས་རང་སྟེ་ཡོན་ཏན་དང་སྐྱོན་གྱི་རང་བཞིན་ལས་བྱུང་ཞིང་སྐྱེས་པའི་ལུས་དང་ངག་གི་ལས་གང་ལ་ཡོད་པའི་འབྲས་བུའི་རྟགས་དེས་རྗེས་སུ་དཔག་པར་བྱ་བ་དག་ཡིན་ན། དེ་ཡང་ཡོད་པ་མ་ཡིན་ཏེ། གང་གི་
ཕྱིར་ལུས་དང་ངག་གི་མཚན་ཉིད་ཅན་གྱི་ཐ་སྙད་ཀྱང་ཕལ་ཆེར་མང་དུ་བློ་སྔོན་དུ་གཏོང་བ་ཞེས་བྱ་བ་སོ་སོར་བརྟགས་པ་བསམ་པ་ལས་རྣམ་པ་གཞན་དུ་ཡང་བྱ་བར་ནུས་ཏེ། འདི་ལྟར་འདོད་ཆགས་དང་བཅས་པ་ཡིན་ཡང་འདོད་ཆགས་དང་བྲལ་བ་བཞིན་དུ་བདག་ཉིད་སྟོན་པར་བྱེད་ཅིང་འདོད་ཆགས་དང་བྲལ་བ་ཡང་
འདོད་ཆགས་དང་བཅས་པ་བཞིན་དུ་སྟོན་པར་བྱེད་དོ། །ཅིའི་ཕྱིར་ཞེ་ན། ཐ་སྙད་དག་ནི་སྐྱེས་བུའི་འདོད་པས་འཇུག་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །གང་ལ་སྐྱེས་བུའི་འདོད་པས་འཇུག་པ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །གལ་ཏེ་སྐྱེས་བུའི་འདོད་པས་འཇུག་པ་ཅན་ཡིན་པ་དེ་ལྟར་ན་ཡང་ཅིའི་
ཕྱིར་རྣམ་པ་གཞན་བྱེད་ཅེ་ན། དེ་དག་ཀྱང་ཞེས་བྱ་བ་སྨོས་ཏེ། སྐྱེས་བུ་གང་དག་ལ་ཐ་སྙད་འདོགས་པར་འཇུག་པ་ཅན་ཡིན་པ་དེ་དག་ཀྱང་བསམ་པ་སྣ་ཚོགས་པ་ཉིད་དེ། འདོད་པ་ཐ་དད་པ་ཅན་ཡིན་པའི་ཕྱིར་རོ། །དེ་བས་ན་ཇི་ལྟར་འདོད་པ་བཞིན་དུ་ཐ་སྙད་ལ་འཇུག་པའི་ཕྱིར། ཡོན་ཏན་དང་སྐྱོན་
ལས་བྱུང་བའི་ཐ་སྙད་དག་ནི་ཐ་དད་པའི་ངེས་པ་ཡོད་པ་མ་ཡིན་ནོ། །དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་ཏེ། རྗེས་སུ་དཔག་པའི་སྐྱེས་བུ་འདི་ནི་གཏན་ཚིགས་འཆོལ་བ་སྟེ། གཏན་ཚིགས་འཁྲུལ་པའི་ཕྱིར་སྐྱེས་བུ་ཉེས་པ་ཟད་པ་ངེས་པ་མེད་པ་ཡིན་ནོ། །ཇི་ལྟར་ལུང་བྱེད་པ་པོའི་རྟོགས་པར་འགྱུར་ཏེ་མ་

ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །མི་འདོད་པའི་ཕྱིར་ནི་མ་ཡིན་ཏེ་དེ་འདྲ་བ་ནི་ཕྱིན་ཅི་མ་ལོག་པ་སྟོན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་ཉེས་པ་མ་ལུས་པ་ཟད་པར་འདོད་པ་ཞེས་བྱ་བ་དེ་ཁས་བླངས་ནས་སྲིད་པའི་ཚད་མ་བསྟན་པའི་སྒོ་ནས་དེ་བསྒྲུབ་པར་འདོད་པའི་ཕྱོགས་སྔ་
མ་ཅི་སྟེ་གང་ཞེས་བྱ་བ་ལ་སོགས་པས་འགོད་པར་བྱེད་དོ། །གང་ཉེས་པ་མེད་པ་ནི་ཉེས་པ་དང་བྲལ་བ་སྟེ། དེ་འདྲ་བའི་སྐྱེས་བུ་ཡོད་པ་ཉིད་མ་ཡིན་ནམ་ཞེ་ན། ཡོད་དོ་ཞེས་བསྟན་པའི་ཕྱིར་འགྲིབ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉེན་པོའི་ཕྱོགས་མངོན་སུམ་དུ་འགྱུར་བ་ན་འགྲིབ་པ་སྟེ་མ་
བསགས་པ་དང་། གཉེན་པོའི་ཕྱོགས་མངོན་སུམ་དུ་མ་གྱུར་པ་ན་ཕུལ་དུ་བྱུང་སྟེ། ཉེ་བར་བསགས་པ་བསྟན་པའི་འདོད་ཆགས་ལ་སོགས་པའི་དངོས་པོ་གང་ཡིན་པ་དེ་དག་འགྲིབ་པ་དང་ཕུལ་དུ་བྱུང་བ་བསྟེན་པ་དག་གོ། །དེ་དག་ཀུན་མི་མཐུན་ཕྱོགས་དང་བཅས་པ་ཉིད་ཕྱིར་ཏེ། གང་གི་མངོན་
སུམ་དུ་གྱུར་པ་དང་མི་འགྱུར་བ་འགྲིབ་པ་དང་ཕུལ་དུ་བྱུང་བ་བརྟེན་པ་དེ་དག་དེ་ཉིད་མི་མཐུན་པའི་ཕྱོགས་ཏེ་གནོད་པ་ཅན་ཡིན་ནོ། །དེ་དང་བཅས་པས་འཇུག་པས་ན་མི་མཐུན་ཕྱོགས་དང་བཅས་པ་སྟེ། དེའི་དངོས་པོ་ཡིན་པ་དེ་ཉིད་ཀྱི་ཕྱིར་རོ། །གནོད་པ་ཅན་དང་བཅས་པ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དོན་
ཏོ། །གནོད་པ་བྱེད་པ་ཅན་གང་གིས་ཉེས་པ་དག་གི་མི་མཐུན་པའི་ཕྱོགས་དང་བཅས་པ་ཉིད་ཀྱིས་གནོད་པ་ཅན་དེ་གོམས་པ་ཡང་དང་ཡང་དུ་རྒྱུན་མི་འཆད་པར་སྐྱེས་པ་ལས་བདག་གྱུར་པས་ཏེ། དེར་འདོད་ཅིང་དེའི་བདག་ཉིད་དུ་གྱུར་པ་ཉིད་དེ་གནོད་པ་ཅན་གྱི་བདག་ཉིད་དུ་གྱུར་པ་དེའི་ཕྱིར།
ཉེས་པའི་གཉེན་པོའི་ཕྱོགས་ཀྱི་བདག་ཉིད་དུ་གྱུར་པའི་རྒྱུད་ལ་ལར་ཟག་པ་འདོད་ཆགས་ལ་སོགས་པ་ཟད་ཅིང་ཉམས་པར་འགྱུར་རོ། །ཉེས་པ་ཐམས་ཅད་ཀྱི་གནོད་པ་ཅན་ནི། བདག་མེད་པའི་ཤེས་པ་ཡིན་ནོ་ཞེས་ལེའུ་གཉིས་པ་ལས་སྟོན་པར་འགྱུར་རོ། །དེ་བས་ན་དེ་ལྟ་བུར་གྱུར་པའི་སྐྱེས་
བུ་ནི་འདོད་པ་མ་ཡིན་གྱི། སྐྱེས་བུ་སྟོན་པ་པོ་ཟག་པ་ཟད་པ་དེ་ཡང་ཤེས་པར་དཀའ་བ་ཡིན་ནོ་ཞེས་དེ་ཙམ་ཞིག་སྨྲའོ། །ཉེས་པ་ནི་ཞེས་བྱ་བ་ལ་སོགས་པས་ཚིག་ལེའུར་བྱས་པའི་དོན་སྟོན་པ་ཡིན་ཏེ། ཉེས་པ་ནི་འདོད་ཆགས་ལ་སོགས་པའོ། །ཅི་ལྟ་བུར་གྱུར་པ་ཞིག་ཅེ་ན། འགྲིབ་པ་དང་ཕུལ་དུ་

བྱུང་བའི་ཆོས་ཅན་ཏེ། ཁྱད་པར་དུ་བྱེད་པ་དང་མི་བྱེད་པའི་རང་བཞིན་ཅན་དུ་ཡོད་པ་མི་མཐུན་པའི་ཕྱོགས་ཟིལ་གྱིས་གནོན་པ་ཁྱད་པར་དུ་བྱེད་པ་དང་མི་བྱེད་པ་སྟེ། མི་མཐུན་པའི་ཕྱོགས་ཀྱིས་བྱས་པའི་ཟིལ་གྱིས་ནོན་ཅིང་གསལ་བ་གང་ཡིན་པ་དེའི་ཁྱད་པར་དུ་བྱེད་པ་དང་མི་བྱེད་པ་སྒྲུབ་པར་བྱེད་
ཅིང་གོ་བར་བྱེད་དོ། །འགྲིབ་པའི་ཆོས་ཅན་གྱིས་མི་མཐུན་པའི་ཕྱོགས་ཟིལ་གྱིས་གནོན་པའི་ཁྱད་པར་དུ་བྱེད་པ་སྒྲུབ་པར་བྱེད་ཅིང་གནོད་པ་ཅན་གྱིས་ཟིལ་གྱིས་གནོན་པའི་ཁྱད་པར་དུ་བྱེད་པས་ཉེས་པ་དག་འགྲིབ་པའི་ཕྱིར་རོ། །ཕུལ་དུ་བྱུང་བའི་ཆོས་ཅན་གྱིས་ཟིལ་གྱིས་གནོན་པའི་ཁྱད་པར་དུ་བྱེད་པ་སྒྲུབ་
པར་བྱེད་དེ། གནོད་པ་ཅན་གྱིས་ཟིལ་གྱིས་གནོན་པ་སྨོས་པས་དེ་དག་ཕུལ་དུ་བྱུང་བའི་ཆོས་ཅན་ཉིད་ཡིན་པའི་ཕྱིར་རོ། །མེ་ལ་སོགས་པ་དང་འདྲ་བར་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་གྲང་བ་དང་དྲོ་བའི་རེག་པ་ལ་སོགས་པ་གཟུང་ངོ་། །དཔེར་ན་མེ་ལ་སོགས་པ་དག་ནི་ཆུ་ལ་སོགས་པ་གནོད་པ་ཅན་ཁྱད་
པར་དུ་གྱུར་པ་དང་། ཁྱད་པར་དུ་གྱུར་པ་མེད་པ་ཡོད་ན་འཕེལ་བ་དང་འགྲིབ་པའི་ཆོས་ཅན་དག་གིས་གོ་རིམས་བཞིན་དུ་ཆུ་ལ་སོགས་པ་ཟིལ་གྱིས་གནོན་པས་ཁྱད་པར་དུ་གྱུར་པ་དང་ཁྱད་པར་དུ་གྱུར་པ་མེད་པ་སྒྲུབ་པར་བྱེད་པ་དེ་དང་འདྲའོ། །འདོད་ཆགས་ལ་སོགས་པ་དག་ནི་ཕྱི་རོལ་གྱི་དོན་ལ་རག་ལས་པ་ཡིན་
ལ། ཕྱི་རོལ་གྱི་དངོས་པོ་ཡང་དཔྱད་པར་མི་ནུས་པ་མ་ཡིན་ནམ། བཅད་པར་མི་ནུས་པ་དེའི་ཕྱིར་ཉེས་པ་དག་བཅད་པར་མི་ནུས་པ་ཡིན་ཞེ་ན། དེའི་ཕྱིར་དེ་དག་ནི་ཞེས་བྱ་བ་སྨོས་པ་ལ་ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏོ། །འདོད་ཆགས་ལ་སོགས་པ་དེ་དག་ནི་རྣམ་པར་རྟོག་པ་ལས་བྱུང་བ་ཅན་དག་སྟེ། ཚུལ་བཞིན་
མ་ཡིན་པ་ཡིད་ལ་བྱེད་པའི་མཚན་ཉིད་ཅན་གྱི་རྣམ་པར་རྟོག་པ་ལས་སྐྱེས་པ་དེ་དག་ལ་ཞེས་ཚིག་རྣམ་པར་སྦྱར་རོ། །འདི་ལྟར་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་མེད་པའི་ཕྱི་རོལ་གྱི་དོན་ཡོད་ན་ཡང་འདོད་ཆགས་ལ་སོགས་པ་སྐྱེ་བར་མི་འགྱུར་ལ། དེ་སྔོན་དུ་བྱ་བ་ཡོད་ན་དོན་མེད་པར་ཡང་སྐྱེ་བར་འགྱུར་
བ་དེ་བས་ན། རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་འདོད་ཆགས་ལ་སོགས་པ་ནི་རྣམ་པར་རྟོག་པ་ལས་བྱུང་བ་ཅན་ཡིན་ནོ། །གང་གི་ཕྱིར་རྣམ་པར་རྟོག་པ་ལས་བྱུང་བ་དེའི་ཕྱིར་ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱི་རྣམ་པར་རྟོག་པ་ཉེ་བར་ལེན་པ་ཡོད་ན་ཡང་། བདག་མེད་པར་

སྟོན་པའི་མཚན་ཉིད་ཅན་གྱི་ཡད་ཀྱི་ཡོན་ཏན་འགའ་ཞིག་གོམས་པ་ལ་ནང་གི་ཉེ་བར་ལེན་པ་ལ་གུས་པ་མེད་པར་ཁྱད་པར་དུ་གྱུར་པ་མེད་པ་སྟེ། འཕེལ་བ་མེད་པ་ཅན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་སྐད་དུ་རེ་ཞིག་འདི་ལྟར་གཉེན་པོའི་ཕྱོགས་ཤིན་ཏུ་གསལ་བ་མེད་པའི་ཕྱིར། ཉེས་
པའི་རྒྱུ་རྣམ་པ་ཐམས་ཅད་དུ་གཅད་པ་མེད་པ་དེ་ལྟ་ན་ཡང་། གཉེན་པོའི་ཕྱོགས་གོམས་པས་ནུས་པ་ཉམས་པར་བྱས་པ་ཅན་གྱི་ཉེ་བར་ལེན་པ་ལས་ཁྱད་པར་དུ་གྱུར་པ་མེད་པར་བྱེད་དེ་ཉུང་ཞིང་ཆེས་ཉུང་བར་འགྱུར་རོ་འདིས་ནི་གཏན་ཚིགས་བཤད་པ་ཡིན་ནོ། །གང་གི་ཚེ་ཇི་སྐད་དུ་བཤད་པ་ཡིན་གྱི་ཡོན་ཏན་
བསྒོམས་པ་རབ་ཀྱི་མཐར་ཕྱིན་པ་ལ་གནས་པས་གསལ་པོར་གྱུར་པ་དེའི་ཚེ། དེ་གསལ་བ་ན་སྟེ། ཡིད་ཀྱི་ཡོན་ཏན་གསལ་བ་ན་ཡོད་ནའོ། །འདི་རྒྱུ་མཚན་གྱི་བདུན་པའོ། །རྗེས་སུ་འགྲོ་བ་ནི་ཉོན་མོངས་པའི་ས་བོན་ཏེ། འདི་ལས་ཉེས་པ་དག་སྐྱེ་བའི་ཕྱིར་རྗེས་སུ་འགྲོ་བ་ཞེས་བྱའོ། །འཇིག་པ་གང་
ལ་རྗེས་སུ་འགྲོ་བ་ཡོད་པ་མ་ཡིན་པ་དེ་ནི་རྗེས་སུ་འགྲོ་བ་མེད་པ་ཅན་གྱི་འཇིག་པའོ། །ཉེས་པ་གང་དག་ལ་ཆོས་དེ་ཡོད་པ་དེ་དག་ནི་རྗེས་སུ་འགྲོ་བ་མེད་པ་ཅན་གྱི་འཇིག་པའི་ཆོས་ཅན་ཏེ། བག་ཆགས་དང་བཅས་པའི་འཇིག་པའི་ཆོས་ཅན་ཞེས་བྱ་བའི་དོན་ཏོ། །མེ་ལ་སོགས་པ་དང་འདྲ་བ་སྟེ། དཔེར་
ན་མེ་ལ་སོགས་པ་ནི་ཆུ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཤིན་ཏུ་ཁྱད་པར་གྱུར་པ་ཡོད་ན། ཤིན་ཏུ་འཇིག་པའི་ཆོས་ཅན་ཡིན་པ་དེ་དང་འདྲའོ། །སྦྱོར་བ་ཡང་གང་དང་གང་ཉེ་བ་ལས་ཁྱད་པར་དུ་གྱུར་པ་མེད་པའི་ཆོས་ཅན་དེ་དག་ནི་དེ་ཤིན་ཏུ་འཕེལ་བར་གྱུར་པ་ན་དེ་དག་ཟིལ་གྱིས་གནོན་པའི་ཕྱིར་རྗེས་སུ་
འགྲོ་བ་མེད་པ་ཅན་གྱི་འཇིག་པའི་ཆོས་ཅན་ཡིན་ཏེ། དཔེར་ན་མེ་ལ་སོགས་པ་ནི་ཆུ་ལ་སོགས་པ་ཟིལ་གྱིས་གནོན་པ་འཕེལ་བ་ལྟ་བུའོ། །ཉེས་པ་དག་ཀྱང་བདག་མེད་པ་མཐོང་བ་ཉེ་བ་ལས་ཀྱང་ཉེས་པ་ཁྱད་པར་དུ་གྱུར་པ་མེད་པའི་ཆོས་ཅན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །
གང་གི་ཕྱིར་དེ་ལྟ་ཡིན་པ་རྒྱུ་དེ་བས་ན་ཉེས་པ་ཅུང་ཟད་ཀྱང་མེད་པར་འགྱུར་རོ། །ཉེས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་གཞན་གྱི་ཡིན་ཏེ། ཉེས་པ་མེད་པ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། འདི་ལྟར་ཞེས་བྱ་བ་ནི་

རྣམ་པར་དབྱེ་བ་ལྟར་བཅོས་པའི་ཚིག་གི་ཕྲད་ཡིན་ཏེ། གང་གི་ཕྱིར་ཞེས་བྱ་བ་ནི་དོན་འདི་ལ་འཇུག་གོ། །ཉེས་པའི་བདག་ཉིད་དུ་འགྱུར་བའི་མི་མཐུན་པའི་ཕྱོགས་སྐྱེ་བ་དང་འདྲ་བར་ཞེས་བྱ་བ་ནི། ཇི་ལྟར་ཐོག་མ་མེད་པའི་དུས་ནས་གོམས་པའི་ཕྱིར་སྐྱེས་བུ་ཉེས་པའི་བདག་ཉིད་དུ་གྱུར་པའི་མི་མཐུན་པའི་ཕྱོགས་
སྐྱེ་བ་སྟེ། བདག་མེད་པར་མཐོང་བ་སྐྱེ་བ་དེ་བཞིན་དུ་ཉེས་པའི་མི་མཐུན་པའི་ཕྱོགས་ཀྱི་བདག་ཉིད་དུ་གྱུར་པ་ཉིད་ཡོད་ན་ཡང་རྐྱེན་ཇི་ལྟ་བ་བཞིན་ཏེ་བྱེད་པའི་རྒྱུ་ཐག་ཉེ་བ་ཇི་ལྟ་བ་བཞིན་དུ་ཉེས་པ་ཡང་འབྱུང་བ་ཡིན་ནོ། །ཇི་ལྟར་ཉེས་པའི་བདག་ཉིད་དུ་གྱུར་པ་ལ་ཡང་ལམ་གྱིས་གནོད་པར་འགྱུར་བ་དེ་ལྟར། ཉེས་པའི་
བདག་ཉིད་དུ་གྱུར་པའི་གཉེན་པོའི་ཕྱོགས་ལ་ཉེས་པ་གནོད་པར་གྱུར་ཏེ་གཉིས་ཀ་འགལ་བར་འདྲ་བ་ཉིད་ཀྱི་ཕྱིར་རོ།། །།བམ་པོ་ཉི་ཤུ་རྩ་བཞི་པ། ཉེས་པ་འདི་ནི་མེད་དོ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། འཚེ་བ་མེད་པ་ནི་འཁོར་བའི་ཉེ་བར་འཚེ་བ་ཐམས་ཅད་དང་བྲལ་
བའི་ཕྱིར་རོ། །འདི་ལ་མི་རྟག་པ་ལ་སོགས་པའི་རང་གི་མཚན་ཉིད་ཀྱི་དོན་གྱི་ཡུལ་ཡང་དག་པ་འདི་ཕྱིན་ཅི་མ་ལོག་པས་ན་ཡང་དག་པའི་དོན་ནོ། །ཡང་དག་པའི་དོན་སྨོས་པ་ཡང་ལམ་གྱི་སེམས་ཀྱི་རང་བཞིན་ནོ། །ཡང་དག་པའི་དོན་སྨོས་པ་ནི་སེམས་ཀྱི་དོན་ཡིན་ཏེ། དེ་ལ་སྒྲོ་བཏགས་པའི་རྣམ་པས་འཇུག་
པ་དེ་ནི་འཁྲུལ་པ་ཡིན་ནོ། །དེ་ཡང་སེམས་ཀྱི་རང་བཞིན་མ་ཡིན་པ་དེ་ཉིད་ཀྱི་ཕྱིར་ཉེས་པ་ནི་གློ་བུར་བ་དག་ཡིན་ཏེ། སྒྲོ་བཏགས་པའི་རྣམ་པས་འཇུག་པ་ཉིད་ཀྱི་ཕྱིར་རོ། །རེ་ཞིག་གོམས་པར་མ་བྱས་པའི་ལམ་གྱི་གནས་སྐབས་ལ་ཡང་ལམ་གྱི་སེམས་ནི་ཚད་མའི་གྲོགས་ཉིད་ཡིན་པའི་ཕྱིར་རང་བཞིན་ཉིད་དུ་རིགས་ན་ཅི་
གོམས་པར་བྱས་པའི་ལམ་ལ་ཡང་མ་ཡིན། དེ་ཡང་ལེའུ་གཉིས་པ་ལས། སེམས་འདི་ངོ་བོ་ཉིད་ཀྱིས་ནི། །འོད་གསལ་དྲི་མ་གློ་བུར་བ། །དེ་ཡི་རང་བཞིན་ཐོག་མ་ནས། །ནུས་མེད་པའང་ཕྱིས་ནུས་མེད། །ཅེས་བྱ་བ་ལ་སོགས་པས་གསལ་བར་བྱེད་པར་འགྱུར་རོ། །འཚེ་བ་མེད་པར་ཡང་དེ་ཡིན་ལ་ཡང་དག་པའི་
དོན་སེམས་ལ། དེ་ལྟ་བུར་གྱུར་པ་ཡང་དེ་ཡིན་ལ། རང་བཞིན་ཡང་ཡིན་པས་ན་ཞེས་བྱ་བ་ནི་ལས་འཛིན་པའི་སྙིང་པོ་ཅན་གྱི་ལས་འཛིན་པའི་བསྡུ་བའོ། །ཉེ་བར་འཚེ་བ་མེད་པ་ཡང་དག་པའི་དོན་སེམས་ཀྱི་རང་བཞིན་ཉེས་པའི་གཉེན་པོར་གྱུར་པ་ནི་ཡང་དག་པའི་དོན་ཉིད་དུ་གོམས་པའི་ཕྱིར་དང་བདག་

ཉིད་དུ་གྱུར་པ་ཐོབ་པའི་ཕྱིར་ཕྱིན་ཅི་ལོག་སྟེ། ཇི་སྐད་དུ་བཤད་པ་གསུམ་པའི་མཚན་ཉིད་དང་བྲལ་བ་རྣམ་པར་འཚེ་བ་དང་ཡང་དག་པའི་དོན་མ་ཡིན་པ་དང་རང་བཞིན་མ་ཡིན་པའི་ཉེས་པ་དག་གིས་མི་ལྡོག་སྟེ། ལམ་གོམས་པར་གྱུར་པ་ཟིལ་གྱིས་མནན་པས་ཉེས་པ་དག་མི་འབྱུང་
ངོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། འབད་དུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ལམ་གོམས་པར་གྱུར་པ་ཅན་ལ་ཉེས་པ་བསྐྱེད་པའི་ཕྱིར་རྩོལ་བ་ཉིད་ཡོད་པ་མ་ཡིན་པ་དེ་ལྟ་ན་ཡང་ཁས་བླངས་ནས་བརྗོད་པར་བྱའོ། །ཉེས་པ་བསྐྱེད་པའི་ཕྱིར་འབད་དུ་ཟིན་ཀྱང་། བློ་ནི་དེ་
ཕྱོགས་འཛིན་ཕྱིར་རོ། །ཉེས་པའི་གཉེན་པོའི་ཕྱོགས་སུ་གྱུར་པ་ཡོན་ཏན་དང་ལྡན་པ་བདག་མེད་པའི་ལམ་དེའི་ཕྱོགས་འཛིན་པའི་ཕྱིར་ཏེ། ཉེས་པ་བསྐྱེད་པའི་རྩོལ་བ་བཟློག་ནས་ཡོན་ཏན་གྱི་ཕྱོགས་འཛིན་པ་ཉེས་པའི་གཉེན་པོའི་ཕྱོགས་ཁོ་ན་ལ་འབད་རྩོལ་བྱེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །
རེ་ཞིག་དང་པོར་རང་བཞིན་འཆད་པར་བྱེད་དེ། རང་བཞིན་ཏེ་བདག་མེད་པའི་མཚན་ཉིད་ནི་སྐྱེས་བུའི་གཉེན་པོའི་ཕྱོགས་ལ་གནས་པའི་འབད་རྩོལ་མེད་པར་ཟློག་པར་བྱེད་པར་ནུས་པ་མ་ཡིན་ནོ། །གཙང་སྦྲ་ཅན་ཐོད་པ་ཅན་ལ་འདོད་པ་དང་འདྲའོ་ཞེས་བྱ་བ་ནི། དཔེར་ན་གཙང་སྦྲ་ཅན་དུ་གྱུར་ནས་ཐོད་པ་ཅན་དུ་གྱུར་པ་གང་ཡིན་པ་
དེའི་གཙང་སྦྲ་ཅན་གྱི་གནས་སྐབས་ལས་འདོད་པ་གང་ཡིན་པ་དེ་ལ་འབད་རྩོལ་མེད་པར་ལྡོག་མི་ནུས་པ་དེ་དང་འདྲའོ། །ལམ་གྱི་རང་བཞིན་བཟློག་པའི་ཕྱིར་འབད་རྩོལ་བྱེད་པ་ན་ཡང་ཐོབ་པའི་རང་བཞིན་ཡོན་ཏན་ཐོབ་པ་དང་ལྡོག་པའི་རང་བཞིན་སྐྱོན་མཐོང་བར་བྱས་པ་ཡིན་ནོ། །སྐྱོན་མཐོང་བ་དེ་ཡང་མི་མཐུན་པའི་
ཕྱོགས་ཀྱི་བདག་ཉིད་ཅན་དུ་གྱུར་པ་སྟེ། སྐྱོན་གྱི་གཉེན་པོའི་ཕྱོགས་ཀྱི་གོམས་པ་ཅན་གྱི་སྐྱེས་བུའི་ཉེས་པའི་གཉེན་པོའི་ཕྱོགས་ལ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ཡོན་ཏན་མཐོང་བ་དེ་ཡང་མི་མཐུན་པའི་ཕྱོགས་གོམས་པ་ཅན་གྱི་སྐྱོན་དག་ལ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་གཉེན་པོའི་ཕྱོགས་ལ་ཡང་ཉེས་པ་མཐོང་བ་
ཡོད་པ་མ་ཡིན་ཞེ་ན། དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཉེན་པོའི་ཕྱོགས་དེ་ནི་ཉེ་བར་འཚེ་བ་མེད་པ་ཉིད་ཡིན་པའི་ཕྱིར་རོ། །གང་ལ་རྣམ་པར་འཚེ་བ་རྣམ་པ་གསུམ་མེད་པའི་ཕྱིར་ལམ་ནི་རྣམ་པར་འཚེ་བ་མེད་པ་ཉིད་ཡིན་ནོ། །འདི་ལྟར་སེམས་རྣམ་པར་འཆིང་བའི་རྒྱུ་ནི་ཉེས་པའི་རྣམ་པར་འཚེ་བ་ཡིན་ཏེ། གང་གིས་

སེམས་རྣམ་པར་བཅིངས་པ་ན་ཡང་དག་པའི་དོན་མཐོང་བ་ལ་མི་འཇུག་པ་དང་། ལུས་དང་སེམས་ཀྱི་གདུང་བའི་རྒྱུ་ནི་སྡུག་བསྔལ་དང་ཡིད་མི་བདེ་བའི་རྣམ་པར་འཚེ་བ་དང་ཟག་པ་དང་བཅས་པའི་བདེ་བ་རབ་ཏུ་ཞི་བ་ཉིད་མ་ཡིན་པས་དེའི་ཉེ་བར་ལོངས་སྤྱོད་པ་ན་རོ་མྱོང་བ་ཉིད་ཀྱིས་སྐྱོ་བའོ། །དེ་ལ་རྣམ་པར་འཚེ་བ་
དང་པོ་མེད་པ་ནི་ཉེས་པ་མ་ལུས་པ་སྤངས་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། འདོད་ཆགས་ལ་སོགས་པའི་ཉེས་པ་ཐམས་ཅད་སྤངས་ཤིང་བྲལ་བའི་ཕྱིར་རོ། །ཀུན་ནས་དཀྲིས་པ་ཞེས་བྱ་བ་ལ་སོགས་པས་གཉིས་པ་མེད་པར་སྟོན་ཏོ། །འདོད་ཆགས་ལ་མངོན་དུ་རྒྱུ་བ་ནི་ཀུན་ནས་དཀྲིས་པའོ། །ཀུན་ནས་དཀྲིས་པ་དང་
སྐྱེ་བ་ནི་ཀུན་ནས་དཀྲིས་པ་དང་སྐྱེ་བ་དག་སྟེ། དེ་དག་ལ་རག་ལུས་པའི་སྡུག་བསྔལ་གང་ཡིན་པ་དེ་དང་བྲལ་བའི་ཕྱིར་རོ། །འདོད་ཆགས་ལ་སོགས་པའི་སྐྱེ་བའི་ཚེ་ལུས་དང་སེམས་ཡོངས་སུ་གདུང་བའི་མཚན་ཉིད་ཅན་གྱི་སྡུག་བསྔལ་གང་ཡིན་པ་དེ་ནི་ཀུན་ནས་དཀྲིས་པ་ལ་རག་ལུས་པའོ། །སྐྱེ་
བ་དང་རྒ་བ་དང་ན་བའི་སྡུག་བསྔལ་ནི་སྐྱེ་བ་ལ་རག་ལུས་པའོ། །རྣམ་པར་འཚེ་བ་གསུམ་པ་མེད་པ་ནི་རབ་ཏུ་ཞི་བའི་བདེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རབ་ཏུ་ཞི་བ་ནི་འདོད་ཆགས་ལ་སོགས་པ་དང་བྲལ་བའི་མཚན་ཉིད་ཅན་གྱི་མྱ་ངན་ལས་འདས་པའོ། །དེའི་ཟག་པ་མེད་པའི་བདེ་བ་གང་ཡིན་
པ་དེའི་རོ་མྱང་བ་དེ་ལ་སྐྱོ་བ་མེད་པ་སྟེ། རྒྱབ་ཀྱིས་ཕྱོགས་པར་མི་བྱེད་པའི་ཕྱིར་རོ། །ཡང་དག་པའི་དོན་ཅན་མ་ཡིན་པ་ནི་ཡང་དག་པའི་ཡུལ་ཅན་མ་ཡིན་པ་སྟེ། འདོད་ཆགས་ལ་སོགས་པའི་ངོ་བོའོ། །འདིས་ནི་ཕྱི་རོལ་གྱི་རྒྱུ་མཚན་མེད་པར་བསྟན་ཏོ། །འོ་ན་དེ་ཇི་ལྟར་སྐྱེ་བ་ཡིན་ཞེ་ན། ཉེ་བར་ལེན་པའི་སྟོབས་
ལས་བྱུང་བ་ཅན་ཞེས་བྱ་བ་སྨོས་ཏེ། ཕྱིན་ཅི་ལོག་གི་རྣམ་པར་རྟོག་ཅིང་བག་ཆགས་ཀྱི་སྟོབས་ལས་བྱུང་བ་ཅན་ནོ། །དེ་ལྟ་བུར་གྱུར་པ་དེ་ནི་འདོད་ཆགས་ལ་སོགས་པའི་ས་བོན་གྱི་རྣམ་པར་ཤེས་པའི་རྒྱུ་ལ་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་ཏེ། འདོད་ཆགས་ལ་སོགས་པ་ལས་བཟློག་པའི་མཚན་ཉིད་ཅན་གྱི་གཉེན་པོའི་
ཕྱོགས་ཡོངས་སུ་གཟུང་བའི་ཕྱིར་མི་འགྱུར་རོ། །ཕྱིན་ཅི་ལོག་གི་རྣམ་པར་སྒྲོ་བཏགས་ནས་འཇུག་པའི་ཉེས་པ་དག་ནི་ཡང་དག་པའི་དོན་འཛིན་པ་གཉེན་པོའི་ཕྱོགས་གནོད་པ་ཅན་ཡོངས་སུ་གཟུང་བའི་ཕྱིར་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་དག་པའི་དོན་ཅན་ཏེ། ཕྱིན་ཅི་མ་ལོག་པའི་

ཡུལ་ཅན་ནི་མི་འགྱུར་བ་མ་ཡིན་ཏེ་འགྱུར་བ་ཁོ་ན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དངོས་པོའི་སྟོབས་ཀྱིས་སྐྱེ་བའི་ཕྱིར་ཏེ། ཇི་ལྟར་གནས་ལ་སོགས་པའི་དངོས་པོའི་ནུས་པ་བསྐྱེད་པའི་ཕྱིར་རོ། །རེ་ཞིག་ཉེས་པའི་བདག་ཉིད་ཅན་དུ་གནས་ན་ཡང་མི་རྟོག་པ་ལ་སོགས་པ་ཡང་དག་པའི་རྣམ་པར་
འཛིན་པའི་ཚད་མ་དག་གིས་གཉེན་པོའི་ཕྱོགས་ཀྱི་ལམ་སྐྱེད་པར་བྱེད་ན། འོན་ཀྱང་ལྷག་མཐོང་གོམས་པ་ལ་གནས་པ་ལྟ་ཅི་སྨོས། འདོད་ཆགས་ལ་སོགས་པའི་ཉེས་པ་ཡང་དག་པའི་དོན་མ་ཡིན་པ་ཅན་ཏེ། བདེན་པའི་དོན་ཅན་མ་ཡིན་པ་ཡང་དག་པའི་དོན་ཅན་གཉེན་པོའི་ཕྱོགས་ཀྱི་བདག་ཉིད་
ཅན་དུ་འགྱུར་བ་སྟེ། རང་བཞིན་དུ་འགྱུར་བ་གང་ཡིན་པ་དེ་ལ་གནོད་པ་བྱེད་པར་མི་འགྱུར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན་ཉེས་པ་སྤངས་པ་ཅན་དག་གི་ཉེས་པ་ཡང་སྐྱེ་བ་མ་ཡིན་ནོ། །ཉེས་པ་སྐྱེད་པར་བྱེད་པའི་འབད་རྩོལ་ཡོད་ན་ཡང་བློ་ནི་ཡོན་ཏན་གྱི་ཕྱོགས་འཛིན་པའི་རྒྱུའི་ཕྱིར་འདོད་ཆགས་ལ་
སོགས་པའི་གཉེན་པོའི་ཕྱོགས་ཉིད་ལས་རྩོལ་བར་བྱེད་པ་སྟེ། རབ་ཏུ་བརྩོན་པར་བྱེད་པའི་ཕྱིར་རོ། །གང་ཞེ་ན། རྟོགས་པ་དང་ལྡན་པའི་སྟེ། རེ་ཞིག་ཉེས་པའི་བདག་ཉིད་ཅན་དུ་གནས་ན་ཡང་རིགས་པ་དཔྱོད་པར་བྱེད་པའོ། །ཁྱད་པར་དུ་སྟེ་ཕུལ་དུ་བྱུང་བར་སྐྱོན་མེད་པའི་བདག་ཉིད་ཅན་ཏེ། གཉེན་
པོའི་ཕྱོགས་ཀྱི་བདག་ཉིད་ལ་གནས་པ་ཡོན་ཏན་དག་ལ་རྩོལ་བ་བྱེད་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པའི་ཉེས་པ་དེ་དག་སྐྱེད་པར་བྱེད་པ་ནི་སྐྱེད་པར་བྱེད་པའི་རྒྱུ་སྟེ་འདི་ལས་སྐྱེ་ཞིང་འབྱུང་བའི་ཕྱིར་རོ། །ཉེས་པའི་རྒྱུ་གང་གིས་གཉེན་པོའི་ཕྱོགས་གོམས་པ་ལས་དེའི་བདག་ཉིད་དུ་གྱུར་པས་
ཉེས་པ་སྤོང་བར་འགྱུར་བ་ཡང་གང་ཞེ་ན། ཉེས་པའི་ཞེས་བྱ་བ་ལ་སོགས་པས་ཉེས་པའི་རྒྱུ་སྨོས་ཏེ། ཉེས་པའི་རྣམ་པ་ཐམས་ཅད་དག་སྟེ། ཉེས་པའི་རིགས་ནི་འཇིག་ཚོགས་ལྟ་བས་སྐྱེ་བ་ཡིན་ཏེ། བདག་དང་བདག་གིར་མངོན་པར་ཞེན་པ་དག་ལས་བྱུང་བ་ཡིན་ནོ། །ལུང་ལས་ཉོན་མོངས་པ་དག་ནི་མ་
རིག་པའི་རྒྱུ་ཅན་དུ་གསུངས་པ་མ་ཡིན་ནམ། དེ་ལ་ཇི་ལྟར་གནོད་པ་མ་ཡིན་ཏེ། དེ་མ་རིག་ཅེས་བྱ་བ་སྨོས་ཏེ། འཇིག་པའི་ཚོགས་སུ་ལྟ་བ་དེ་ཉིད་མ་རིག་པ་ཡིན་པ་དེ་བས་ན་འགལ་བ་ཡོད་པ་མ་ཡིན་ནོ། །གོ་རིམས་གང་གིས་ཉེས་པ་རྣམས་འཇིག་ཚོགས་སུ་ལྟ་བ་ལས་སྐྱེ་བ་ཡིན་ཞེ་ན། དེར་ཆགས་

ཞེས་བྱ་བ་སྨོས་ཏེ། བདག་དང་བདག་གི་ཉིད་དུ་མངོན་པར་ཞེན་པ་ཅན་གྱི་ཡུལ་དེ་ལ་དེར་ཆགས་པ་སྟེ་བདག་གིར་ཆགས་པའོ། །བདག་དང་བདག་གིར་ཆགས་པ་དེ་ལས་ཞེ་སྡང་ལ་སོགས་པ་འབྱུང་ཞེས་བྱ་བ་ནི་གོ་རིམས་ཡིན་ནོ། །ང་མ་ཡིན་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་པ་ལ། ང་མ་
ཡིན་ཞེས་བྱ་བ་ནི་བདག་གི་རྣམ་པ་འགོག་པའོ། །ངའི་མ་ཡིན་ཞེས་བྱ་བ་ནི་བདག་གི་བའི་རྣམ་པ་འགོག་པ་སྟེ། བདག་མེད་པའི་རྣམ་པ་དང་བདག་གི་མེད་པའི་རྣམ་པར་སྐྱེས་བུ་ལྟ་བའོ། །འཛིན་པ་མེད་པ་ཞེས་བྱ་བ་ནི་བདག་དང་བདག་གི་ཉིད་དང་དེའི་རྗེས་སུ་འཛིན་པར་བྱེད་པས་ཀུན་དུ་བརྟགས་པའི་
འཛིན་པ་ནི་ཡོངས་སུ་འཛིན་པ་སྟེ། དེ་མེད་པར་ཡུལ་འགའ་ཞིག་ལ་ཡང་ཆགས་པ་མེད་དོ། །རྗེས་སུ་ཆགས་པ་མེད་པ་སྟེ། བདག་དང་བདག་གི་ལ་སོགས་པའི་ཆགས་པ་མེད་པ་འགའ་ཞིག་ལ་ཡང་ཞེ་སྡང་མེད་དེ། རྗེས་སུ་ཆགས་པ་མེད་པ་དེ་མེད་པའི་ཕྱིར་རོ། །གལ་ཏེ་ཇི་ལྟར་ཞེ་ན། བདག་
དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་དང་བདག་གི་ལ་ཉེ་བར་གནོད་པ་མེད་པ་ཅན་ཏེ། མི་མཐུན་པར་གནས་པ་མེད་པའི་ངང་ཚུལ་ཅན་བར་མའི་ཕྱོགས་ལ་དེ་མེད་པའི་ཕྱིར་ཏེ། ཞེ་སྡང་མེད་པའི་ཕྱིར་རོ། །ཉེ་བར་གནོད་པ་འཇོམས་པར་བྱེད་པ་ཞེས་བྱ་བ་ནི། བདག་དང་བདག་གིར་འཛིན་པ་ཉེ་བར་གནོད་
པ་སྟེ། འཚེ་བ་གང་ཡིན་པ་དེ་འཇོམས་པར་བྱེད་ཅིང་དེ་འགོག་པར་བྱེད་པ་མཛའ་བོའི་ཕྱོགས་ལ་དེ་མེད་པའི་ཕྱིར་ཏེ། ཞེ་སྡང་མེད་པའི་ཕྱིར་རོ། །འོན་ཀྱང་བདག་དང་བདག་གིར་ཆགས་པའི་ཡུལ་དུ་གྱུར་པ་ལ་འགལ་བར་གནས་པ་མི་མཐུན་པར་འཇུག་པ་གང་ཡིན་པ་དེ་ལ་ཞེ་སྡང་ཡོད་པ་ཡིན་པ་དེ་བས་ན། བདག་དང་
བདག་གིར་ཆགས་པ་མེད་པར་ཞེ་སྡང་མེད་པ་ཡིན་ནོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དེ། གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན། དེ་དག་གིས་ཀྱང་ཞེས་བྱ་བ་དང་བདག་གིར་འཛིན་པ་དག་གིས་ཆགས་པ་སྐྱེད་པར་བྱེད་དོ་ཞེས་ཚིག་རྣམ་པར་བསྒྱུར་ནས་སྦྱར་རོ། །འདོད་ཆགས་
དེས་ཞེ་སྡང་ལ་སོགས་པ་སྐྱེད་ཅིང་སྐྲུན་པར་བྱེད་དོ། །འོན་ཀྱང་བདག་ཏུ་ལྟ་བ་དང་བདག་གིར་ལྟ་བ་དེ་དག་གི་རྒྱུ་གང་ཡིན་ཞེ་ན། རྣམ་པ་མཚུངས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་མཚུངས་པ་ནི་བདག་ཏུ་ལྟ་བ་དེ་ཉིད་དེ། དེ་གོམས་ཏེ་ཐོག་མ་མེད་པའི་དུས་ནས་ཡང་དང་ཡང་དུ་སྐྱེ་

བ་དང་། དེའི་བག་ཆགས་དེ་ལས་སྐྱེས་པའི་བདག་ཏུ་ལྟ་བས་བདག་གིར་འཛིན་པ་སྐྱེད་པར་བྱེད་དོ། །དེ་བས་ན་ཉོན་མོངས་པ་ཐམས་ཅད་ནི་འཇིག་ཚོགས་སུ་ལྟ་བ་ལས་སྐྱེད་པ་ཡིན་ནོ། །གྲུབ་པའི་མཐའ་ལས་འཇིག་ཚོགས་སུ་ལྟ་བ་དེ་ཉིད་ཀྱང་མི་ཤེས་པ་སྟེ་མ་རིག་པའོ་ཞེས་
གསུངས་སོ། །གང་གིས་ཇི་ལྟར་འཇིག་ཚོགས་སུ་ལྟ་བ་ཁོ་ན་མ་རིག་པ་ཡིན་པ་དེའི་ཕྱིར། འདོད་ཆགས་ལ་སོགས་པ་ཉེས་པ་རྣམས་ཀྱི་གཙོ་བོའི་རྒྱུ་ནི་གཏི་མུག་ཡིན་ཏེ། མདོ་ལས་ཉོན་མོངས་པ་ཐམས་ཅད་ནི་མ་རིག་པའི་རྒྱུ་ཅན་ཡིན་ཞེས་གསུངས་སོ། །མདོ་གཞན་ལས་ཉེས་པ་རྣམས་ཀྱི་རྒྱུ་ནི་
འཇིག་ཚོགས་སུ་ལྟ་བ་ཡིན་པར་གསུངས་སོ། །ཅིའི་ཕྱིར་ཞེ་ན། དེ་སྤངས་པ་ན་སྟེ། འཇིག་ཚོགས་སུ་ལྟ་བ་སྤངས་པ་ན་ཉེས་པ་རྣམས་སྤངས་པའི་ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཏི་མུག་དེ་ནི་ཉེས་པའི་རྒྱུ་སྟེ། ཉེས་པའི་བྱེད་རྒྱུར་གསུངས་སོ། །ཅིའི་ཕྱིར་ཞེ་ན། རྨོངས་པ་མེད་པ་སྟེ།
མི་ཤེས་པ་དང་བྲལ་བ་ལ་ཉེས་པ་དག་ནི་སྐྱེ་བའི་ཕྱིར་རོ། །ཕྱོགས་གཞན་དག་ཏུ་ནི་འཇིག་ཚོགས་སུ་ལྟ་བ་ཉེས་པའི་རྒྱུར་གསུངས་པ་ཡིན་ནོ། །གཏི་མུག་དང་འཇིག་ཚོགས་སུ་ལྟ་བའི་རྒྱུ་དེ་དང་དེ་ཉིད་རྒྱུའི་གཙོ་བོར་བསྟན་པ་ཡིན་ན་འགྱུར་གྱི་རྒྱུ་ཙམ་བསྟན་པ་ལ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དབང་
པོ་དང་ཡུལ་དང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་ཚོགས་དུ་མ་ལས་སྐྱེ་བ་ཅན་གྱི་ཉེས་པ་གང་ཡིན་པ་དེ་དག་ནི་གཏི་མུག་དང་འཇིག་ཚོགས་སུ་ལྟ་བ་གཅིག་ལས་སྐྱེས་པ་འགལ་བའི་ཕྱིར་རོ། །དེ་བས་ན་རྒྱུ་གཞན་ཡོད་ན་ཡང་གཙོ་བོ་གཟུང་ནས་གཏི་མུག་དང་འཇིག་ཚོགས་སུ་ལྟ་བ་དག་རྒྱུ་ཉིད་དུ་གསུངས་པ་
ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱའོ། །གལ་ཏེ་གཏི་མུག་ཀྱང་གཞན་ཡིན་ཞིང་འཇིག་ཚོགས་སུ་ལྟ་བ་ཡང་གཞན་ཡིན་ལ། དེ་དག་ཀྱང་གཙོ་བོ་ཡིན་པ་དེའི་ཚེ། གཏི་མུག་དང་འཇིག་ཚོགས་སུ་ལྟ་བ་གཉི་གའི་གཙོ་བོ་ཡིན་ན་ནི་རེ་རེ་བསྟན་པ་སྟེ། ལ་ལར་གཏི་མུག་དང་ལ་ལར་འཇིག་ཚོགས་སུ་ལྟ་བ་
བསྟན་པས་ཞེས་བྱ་བའི་ཐ་ཚིག་གོ། །མཛེས་པ་ལ་བརྟེན་པ་མ་ཡིན་པ་སྟེ། འཆད་པ་པོ་མཁས་པ་ཉིད་མ་ཡིན་པར་སྟོན་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །གང་གི་ཚེ་དེ་དག་གི་རང་བཞིན་དབྱེ་བ་མ་ཡིན་པ་དེའི་ཚེ། གཏི་མུག་གི་སྒྲ་དང་འཇིག་ཚོགས་སུ་ལྟ་བའི་སྒྲ་རྣམ་པ་གཉིས་ཀ་ཡང་དོན་གཅིག་

གིས་རྣམ་གྲངས་སུ་བསྟན་པས་གཙོ་བོ་ལ་འགལ་བ་མེད་དོ། །འཇིག་ཚོགས་སུ་ལྟ་བ་གཙོ་བོ་ཡིན་པ་ཡང་ཉེས་པ་དེ་དག་གི་ཉེ་བར་ལེན་པ་ཉིད་དེ་རྒྱུ་ཉིད་ཀྱིས་ཡིན་ནོ། །དེ་ཉིད་ཀྱང་འདས་མ་ཐག་ཏུ་བསྟན་ཅིང་ལེའུ་གཉིས་པ་ལས་སྟོན་པར་འགྱུར་རོ། །འཇིག་ཚོགས་སུ་ལྟ་བ་དེ་སྤངས་པ་ན་ཉེས་པ་རྣམས་སྤངས་
པའི་ཕྱིར་གཙོ་བོ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན། འཇིག་ཚོགས་སུ་ལྟ་བ་ལས་སྐྱེ་བ་ཅན་གྱི་ཉེས་པ་གང་ཡིན་པ་དེ་རྣམས་ནི་འཇིག་ཚོགས་སུ་ལྟ་བ་དེའི་གཉེན་པོའི་ཕྱོགས་བདག་མེད་པ་མཐོང་བ་དེ་གོམས་པ་ལས་སྤངས་པ་ཡོད་པར་འགྱུར་རོ། །སྐྱེས་བུ་ཆེད་དུ་བྱ་བ་ཉེས་པ་ཟད་པ་ཅན་
རྟོགས་དཀའ་བ་སྟེ། ཁོང་དུ་ཆུད་པར་དཀའ་བ་དེ་ཉེས་པ་ཟད་པ་གང་གིས་བསྟན་པ་ལས་འཇུག་པར་འདོད་པ་ཅན་འདིས་རྟོགས་པ་སྟེ། དེས་བསྟན་པའི་དོན་ནན་ཏན་དུ་བྱེད་པར་འགྱུར་རོ། །སྐྱེས་བུ་ལ་བརྟེན་པ་ཅན་ཏེ་སྐྱེས་བུའི་རྒྱུ་ཅན་གྱི་ཚིག་ནི་ལུང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བཤད་མ་ཐག་པའི་ཚུལ་
གྱིས་ལུང་བྱེད་པ་པོ་རྟོགས་དཀའ་བ་ཉིད་དེ་ཁོང་དུ་ཆུད་པར་དཀའ་བ་ཉིད་ཀྱི་ཕྱིར་རོ། །ཡང་ན་རྟོགས་པ་ནི་བསམ་པ་ཡིན་ཏེ། འདོད་ཆགས་ལ་སོགས་པའི་ཉེས་པ་ཡོད་པ་དེ་ལ་ཞེས་ཚིག་རྣམ་པར་སྦྱར་རོ། །བསམ་པ་དཀའ་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཚིག་རྣམས་ལོག་པ་ཉིད་ཀྱི་རྒྱུ་
ཉེས་པ་རྣམས་སྐྱེས་བུ་ལ་བརྟེན་ཕྱིར་ཏེ། ལོག་པའི་དོན་གྱི་འདོད་ཆགས་ལ་སོགས་པའི་རྒྱུ་ཉེས་པ་གང་ཡིན་པ་དེ་རྣམས་ཀྱིས་ཏེ། འདི་ནི་བྱེད་པ་པོའི་དྲུག་པ་ཡིན་ནོ། །རྟེན་པར་བྱེད་པས་ན་བརྟེན་པ་སྟེ་སྐྱེས་བུ་ལ་བརྟེན་པའོ། །སྐྱེས་བུ་ལ་ཞེས་བྱ་བ་ནི་ལས་ཀྱི་དྲུག་པའོ། །དེ་བས་ན་དོན་ནི་ལོག་
པ་ཉིད་ཀྱི་རྒྱུ་ཉེས་པ་རྣམས་ཀྱིས་སྐྱེས་བུ་ཡོངས་སུ་གཟུང་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་འདི་ཡིན་ནོ། །ཡང་ན་ཉེས་པ་རྣམས་ཞེས་བྱ་བ་ལས་ཀྱི་དྲུག་པ་ཡིན་ཏེ། ཉེས་པ་རྣམས་སྐྱེས་བུ་ལ་བརྟེན་ཕྱིར་ཏེ། སྐྱེས་བུ་རྣམས་ཀྱིས་ཡོངས་སུ་གཟུང་བའི་ཕྱིར་རོ། །སྐྱེས་བུས་མ་བྱས་པའི་ཚིག་ནི་བདེན་པའི་
དོན་ཅན་ཡིན་ཏེ། ལོག་པ་ཉིད་ཀྱི་རྒྱུ་ཉེས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ལ་ལ་སྟེ་དཔྱོད་པ་པོ་རྗོད་པར་བྱེད་དོ། །སྐྱེས་བུས་བྱས་པའམ་མ་བྱས་པའི་ལུང་ཐམས་ཅད་ནི་འཁྲུལ་པར་མི་སྲིད་པ་མ་ཡིན་ཏེ། འཁྲུལ་པ་སྟེ་སླུ་བ་གང་ལ་སྲིད་ཅིང་དོགས་པ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །

འོན་ཀྱང་སྐྱེས་བུས་བྱས་པ་ཁོ་ན་འཁྲུལ་པ་སྲིད་པ་ཁོ་ན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འཁྲུལ་པའི་རྒྱུ་སྟེ། སླུ་བའི་རྒྱུ་ཉེས་པ་རྣམས་ནི་སྐྱེས་བུ་ལ་བརྟེན་པ་ཉིད་ཀྱི་ཕྱིར་རོ། །སྐྱེས་བུས་མ་བྱས་བདེན་དོན་ཅན། །ཞེས་བྱ་བ་གང་ཡིན་པ་དེ་ནི་གཞན་དག་གི་ཡིན་ཏེ། སྐྱེས་བུས་མ་བྱས་
པའི་ངག་ལ་སྐྱེས་བུ་ལྡོག་པས་དེ་ལ་བརྟེན་པའི་ཉེས་པ་ལྡོག་པ་ཉིད་ཀྱི་རྒྱུ་རྣམས་མེད་པ་ཡིན་ལ། རྒྱུ་མེད་པས་ནི་འབྲས་བུ་མེད་པ་སྟེ་ལྡོག་པ་ཉིད་མེད་པ་སྒྲུབ་པར་བྱེད་པའི་ཕྱིར་བཤད་མ་ཐག་པའི་ཚུལ་གྱིས་སྐྱེས་བུས་མ་བྱས་བདེན་དོན་ཅན་ཡིན་ནོ། །དེ་སྐད་དུ་སྨྲ་བའི་དཔྱོད་པ་དེ་ཉིད་ལ་གཞན་གྱི་སྒོ་
ནས་བསྟན་བཅོས་མཛད་པ་ཉིད་ཀྱིས་བསྟན་ཏོ། །ཅི་ཞིག་བརྗོད་ཅེ་ན། ཚིག་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིག་རྣམས་བདེན་པ་ཉིད་ཀྱི་རྒྱུ་ཡོན་ཏན་དེ་རྣམས་ནི་སྐྱེས་བུ་ལ་བརྟེན་པའི་ཕྱིར་ཏེ། སྐྱེས་བུས་མ་བྱས་པའི་ངག་ལ་སྐྱེས་བུ་ལྡོག་པས་བདེན་པ་ཉིད་ཀྱི་རྒྱུ་ཡོན་ཏན་ལོག་པའི་
ཕྱིར་འབྲས་བུ་བདེན་པ་ཉིད་ཀྱང་ལྡོག་པས་སྐྱེས་བུས་མ་བྱས་པའི་ངག་ལོག་པའི་དོན་དུ་ཅིའི་ཕྱིར་མི་འགྱུར་ཞེས་གཞན་དག་རྗོད་པར་བྱེད་དོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། འདོད་ཆགས་ལ་སོགས་པ་དང་ལྡན་པའི་སྐྱེས་བུ་བརྫུན་དུ་སྨྲ་བ་དེ་ལྟར་བརྩེ་བ་སྟེ། སྙིང་རྗེའི་བདག་
ཉིད་ཅན་དུ་གྱུར་པའི་ཆོས་ཉིད་ཀྱང་ཡིན་ནོ། །སྩོགས་པའི་སྒྲས་ནི་ཤེས་རབ་དང་དད་པ་ལ་སོགས་པ་གཟུང་ངོ་། །དེ་དག་དང་ལྡན་པ་བདེན་པ་སྨྲ་བ་མཐོང་ངོ་། །དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །ཇི་ལྟར་ཚིག་ནི་སྐྱེས་བུ་ལ་བརྟེན་པའི་ཕྱིར་ལོག་པའི་དོན་ཉིད་ཡིན་པ་དེ་ལྟར་བདེན་པའི་དོན་ཡང་
སྐྱེས་བུ་ལ་བརྟེན་པ་ཡིན་པའི་ཕྱིར། སྐྱེས་བུ་ལོག་པ་ན་བདེན་པའི་དོན་དེ་ཡང་ལྡོག་པར་བྱེད་དོ། །ཡང་གི་སྒྲ་ནི་ལྡོག་པའི་དོན་ཡང་ཞེས་བྱ་བ་ཡིན་ནོ། །སྐྱེས་བུས་མ་བྱས་པ་དོན་མེད་པར་འགྱུར་རོ། །ཅི་སྟེ་བདེན་པའི་དོན་ལོག་པ་དེ་ལྟ་ན་ཡང་དོན་མེད་པར་མི་འདོད་པ་དེའི་ཚེ་བདེན་པའི་དོན་ཅན་
ཉིད་དམ་ཕྱིན་ཅི་ལོག་པ་སྟེ། ལོག་པའི་དོན་ཅན་ཉིད་དུ་འགྱུར་ཏེ། དོན་གྱིས་བདེན་པའི་དོན་ཅན་ལྡོག་པ་ན་རྣམ་པ་གཞན་མེད་པའི་ཕྱིར་རོ། །བསམ་པ་འདིས་ཀྱང་ལོག་པའི་དོན་ཅི་མིན་ཞེས་བྱ་བའི་ཚིག་ལེའུར་བྱས་པ་བཤད་པ་ཡིན་ནོ། །གཞན་དུ་ན་ནི་དོན་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །

འདོད་པར་ནི་འགྱུར་ན་སྐྱེས་བུ་ལ་ལྟོས་པས་སྒྲ་རྣམས་དོན་དང་ལྡན་པ་ནི་མ་ཡིན་གྱི། འོན་ཀྱང་ངོ་བོ་ཉིད་ཀྱིས་ཡིན་ནོ་ཞེ་ན། སྒྲ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངོ་བོ་སྟེ་རང་བཞིན་གྱིས་དོན་དང་ལྡན་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བརྡ་བརྡས་བྱས་པ་སྐྱེས་བུས་བྱས་པ་ཉིད་མ་ཡིན་ཏེ། འདི་ལྟར་
སྐྱེས་བུས་ལེགས་པར་བྱས་པས་དོན་གསལ་བར་བྱེད་པ་ཡོད་དུ་ཟིན་ཀྱང་། རིག་བྱེད་ནི་སྐྱེས་བུས་བྱས་པ་ཉིད་ཡིན་པར་མི་འགྱུར་རོ་ཞེས་བྱ་བར་བསམས་པའོ། །དེ་ལྟར་ཡང་དོན་ཤེས་བྱེད་པ་དག་གི་རྒྱུ་སྟེ། དོན་གསལ་བར་བྱེད་པའི་རྒྱུ་བརྡ་ནི་རང་ཉིད་ཀྱིས་དོན་རྟོགས་པའི་ཕྱིར་རོ། །དེ་ཡང་བརྡ་ནི་སྐྱེས་
བུ་ལ་བརྟེན་པས་ཏེ། སྐྱེས་བུའི་འདོད་པའི་རྗེས་སུ་བྱེད་ཀྱི་དངོས་པོ་ཇི་ལྟ་བ་བཞིན་གྱི་དབང་གིས་འཇུག་པ་མ་ཡིན་པའི་ཕྱིར། ཚིག་རྣམས་སྐྱེས་བུས་བྱས་མིན་ཡང་སྟེ། ཁས་ལེན་པ་ན་བརྡ་སྐྱེས་བུའི་འདོད་པ་རྗེས་སུ་འཇུག་པ་ལས་དེ་ཕྱིར་ལོག་པ་ཉིད་དུ་སྲིད། འདི་ཞེས་བྱ་བ་ལ་སོགས་པས་འཆད་པར་
བྱེད་དེ། རིག་བྱེད་འདི་སྐྱེས་བུས་མ་བྱས་པ་ཉིད་དུ་བརྟགས་པས་ཅི་ཞིག་བྱ་སྟེ། དགོས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། བརྡ་གང་ལས་ཏེ། གང་གི་ཕྱིར་བརྡ་ལས་སྐྱེས་བུས་མ་བྱས་པའི་ངག་ནི་དོན་རྟོགས་པ་སྟེ། དོན་གསལ་བར་བྱེད་པའི་བརྡ་དེ་སྐྱེས་བུས་བྱས་པ་ཡིན་
པ་དེའི་ཕྱིར་ཕྱིན་ཅི་ལོག་སྟེ། བརྫུན་པར་ཡང་འགྱུར་ཏེ་རང་དབང་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་ཚུལ་ཁྲིམས་སྒྲུབ་པར་བྱེད་པ་སྟེ། རྒྱུ་མཐོ་རིས་འདི་ལ་ཡོད་པ་དེ་ནི་ཚུལ་ཁྲིམས་སྒྲུབ་པར་བྱེད་པ་ཅན་ཡིན་ནོ། །དེ་ལྟར་གྱུར་པ་ཡང་དེ་ལ་མཐོ་རིས་ཀྱང་ཡིན་པས་ན་དེ་སྐད་ཅེས་བྱའོ། །རིག་བྱེད་ཀྱི་ཚིག་
གང་ཡིན་པ་དེ་དང་དེ་ལ་སྐྱེས་བུ་འདི་ནི་མངོན་པར་འདོད་པའི་དོན་ལས་བརྡ་རྣམ་པ་གཞན་གྱིས་ཕྱིན་ཅི་ལོག་ཏུ་འགྱུར་ཏེ། དོན་ཕྱིན་ཅི་ལོག་པ་ཉིད་བྱེད་པར་འགྱུར་རོ། །རྒྱུ་དེས་ན་དོན་ཅི་ལྟ་བ་བཞིན་མ་ཡིན་པ་ཡང་སྟོན་པར་བྱེད་པ་སྲིད་པའི་ཕྱིར་དེ་ཉིད་སྟོན་པ་ཡིན་ཏེ། སྐྱེས་བུས་བྱས་པ་དག་ལ་སྐྱེས་
བུས་བྱས་པ་ནི་སྐྱེས་བུས་ཉེས་པ་ལས་འཁྲུལ་པ་སྲིད་པ་ཅན་ཡིན་ནོ་ཞེས་བཤད་ཟིན་ཏོ། །སྐྱེས་བུ་རྣམས་ཀྱིས་སྒྲ་རྣམས་དོན་དང་ལྷན་ཅིག་འབྲེལ་པ་མ་བྱས་སུ་ཟིན་ཀྱང་། སྒྲའི་རང་གི་ངོ་བོ་དང་འདྲ་བར་རིག་བྱེད་པའི་སྒྲ་རྣམས་དོན་དང་འབྲེལ་པ་ཡིན་ན་ཡང་སྐྱེས་བུས་མ་བྱས་པ་ཡིན་ནོ་ཞེ་ན།

འབྲེལ་པ་སྐྱེས་བུས་མ་བྱས་མིན་ན་ཞེས་བྱ་བ་སྨོས་ཏེ། རིག་བྱེད་པའི་སྒྲ་རྣམས་དོན་དང་ལྷན་ཅིག་འབྲེལ་པ་གང་ཡིན་པ་དེ་ནི་སྐྱེས་དུས་མ་བྱས་པ་ཉིད་དུ་ཁས་ལེན་ན། དོན་རྟོགས་པ་ནི་བརྡ་རིག་པ་མེད་པར་རྟོགས་པར་འགྱུར་ཏེ། བརྡ་ཤེས་པ་ནི་བརྡའི་རིག་པའོ། །དེ་གང་ལ་
མེད་པ་དེ་ནི་བརྡ་རིག་པ་མེད་པ་སྟེ། བརྡ་མངོན་པར་མི་ཤེས་པ་ཅན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ནི་འགྱུར་ན་ཞེས་བྱ་བ་ལ་སོགས་པས་འཆད་པ་ལ་སྒྲ་གང་དག་ལ་སྐྱེས་བུས་མ་བསྐྱེད་ཅིང་འབྲེལ་པ་མ་བྱས་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །སྒྲ་དེ་དག་ནི་དོན་རྣམས་ལ་སྐྱེས་བུ་དག་གི་རང་
བཞིན་དུ་གནས་པའི་དོན་ལས་ཕྱིན་ཅི་ལོག་པ་མ་ཡིན་པར་འགྱུར་ཏེ། འཁྲུལ་པའི་རྒྱུ་བྱེད་པ་མ་ཡིན་ནོ། །ཕྱིན་ཅི་མ་ལོག་པའི་རྒྱུ་དེ་བས་ན་སྐྱོན་ཡོད་པ་སྟེ། སླུ་བའི་མཚན་ཉིད་ཅན་གྱི་ཉེས་པ་ཡོད་པ་མ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས་ད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ད་ནི་ཞེས་བྱ་བ་ནི་འབྲེལ་
བ་སྐྱེས་བུས་བྱས་མིན་ན་བརྡ་ལ་དགོས་པ་ཅི་ཞིག་ཡོད་དེ། ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །གང་ལས་ཞེས་བྱ་བ་ལ་སོགས་པ་ལ། གང་ལས་དོན་རྟོགས་པ་དེ་ཉིད་ནི་སྒྲ་དང་དོན་དག་གིས་འབྲེལ་པ་ཡིན་ནོ། །གལ་ཏེ་དོན་རྟོགས་པའི་རྒྱུའི་འབྲེལ་པ་སྟེ། སྐྱེས་བུས་མ་བྱས་པ་ཡིན་པ་དེའི་ཚེ། སྐྱེས་
བུ་འདི་ནི་ངོ་བོ་ཉིད་ཀྱིས་གྲུབ་པའི་འབྲེལ་པ་ཅན་གྱི་སྒྲ་ལས་དོན་རྟོགས་པར་བྱེད་པ་ན་སྒྲོན་མ་ལ་སོགས་པ་དང་འདྲ་བར་བརྡ་ལ་ལྟོས་པ་མེད་པ་ཉིད་ཡིན་ནོ། །རིག་བྱེད་པའི་སྒྲ་ལས་ཀྱང་དོན་རྟོགས་པའི་ཕྱིར་སྐྱེས་བུ་བརྡ་ལ་ལྟོས་བདེ་བས་ན། སྒྲ་རྣམས་དོན་ཏེ་གདམས་པ་ལས་ཡིན་ཏེ། སྒྲ་དེ་ལས་དོན་རྟོགས་
པ་སྟེ། དོན་ཁོང་དུ་ཆུད་པའི་ཕྱིར་རོ། །ལུས་ཀྱི་བརྡ་ལ་སོགས་པ་ལྟ་བུ་སྟེ། ལུས་ཀྱི་འགྱུར་བ་དང་མིག་འཛུམས་པ་ལ་སོགས་པ་ནི་ལུས་ཀྱི་བརྡའོ། །དཔེར་ན་དེ་ལ་བརྡ་ལས་དོན་འགའ་ཞིག་རྟོགས་པ་དེ་དང་འདྲའོ། །གང་གི་ཚེ་རང་བཞིན་ཉིད་ཀྱིས་སྒྲ་རྣམས་རབ་ཏུ་གསལ་བར་བྱེད་པར་འགྱུར་བ་དེའི་ཚེ།
བརྡ་ལ་ལྟོས་པར་མི་འགྱུར་བ་དེ་བས་ན། སྒྲ་རྣམས་ནི་ངོ་བོ་ཉིད་ཀྱིས་དོན་རྟོགས་པར་རུང་བ་ཉིད་མ་ཡིན་གྱི། འོན་ཀྱང་རྗེས་སུ་མཐུན་པར་ཡང་རུང་བ་ཉིད་ཡིན་ཏེ། སྒྲ་རྣམས་ནི་སྒྲ་ཇི་ལྟ་བ་བཞིན་དུ་འཇུག་པ་ཉིད་དུ་རུང་བ་ཉིད་ཡིན་ནོ། །གལ་ཏེ་ཇི་ལྟར་རྟོགས་པར་འགྱུར་སྙམ་ན། བརྡ་སྟེ་གདགས་པའི་

ཚེ་སྐྱེས་བུ་དེའི་གང་ལ་སྦྱར་བར་འདོད་པས་སྒྲ་རྣམས་ཇི་ལྟར་འདོད་པ་བཞིན་དུ་བརྡར་བྱས་ཤིང་བརྩམས་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཡང་ངོ་བོ་ཉིད་ཀྱིས་གྲུབ་པ་ནི་དོན་འགའ་ཞིག་ལ་སྒྲ་རྣམས་འགྱུར་བ་དེའི་ཚེ། ཁོ་བོ་ཉིད་ཀྱིས་གྲུབ་པ་དག་ལ་སྐྱེས་བུ་འདོད་པའི་དབང་གིས་ཏེ། ཇི་ལྟར་འདོད་པ་བཞིན་དུ་
བརྡས་དོན་བསྟན་པར་མི་རུང་བའི་ཕྱིར་རོ། །དེ་བས་ན་ངོ་བོ་ཉིད་ཀྱིས་དོན་མེད་པ་ཡིན་ཏེ། དེ་དག་ཀྱང་དོན་མེད་པ་ཅན་དུ་གྱུར་པར་སྐྱེས་བུས་ལེགས་པར་བྱས་པ་སྟེ། སྐྱེས་བུའི་བརྡ་ལས་དོན་དང་ལྡན་པར་འགྱུར་གྱི། ངོ་བོ་ཉིད་ཀྱིས་དོན་གསལ་བར་བྱེད་པར་ནུས་པ་ནི་སྒྲོན་མ་ལ་སོགས་པ་དང་འདྲ་བར་སྐྱེས་
བུའི་བརྡ་ལ་ལྟོས་པར་འགྱུར་བ་ནི་མ་ཡིན་ནོ། །ཅི་སྟེ་དོན་མེད་པ་ཅན་དུ་མ་གྱུར་ཅིག་སྙམ་པས་རིག་བྱེད་པའི་སྒྲ་རྣམས་ནི་སྐྱེས་བུས་ལེགས་པར་བྱས་པ་ཉིད་དུ་འདོད་པ་དེའི་ཚེ་སྐྱེས་བུས་བྱས་པ་ཉིད་དུ་འགྱུར་རོ། །གང་གི་ཕྱིར་སྒྲ་དེ་དག་ཀྱང་དེ་དག་གིས་ལེགས་པར་བྱས་པ་སྟེ། སྐྱེས་བུས་ལེགས་པར་བྱས་
པ་ཁོ་ན་སྐྱེས་བུས་བྱས་པ་ཉིད་དུ་རིགས་ཀྱི་སྐྱེས་བུ་ལས་སྐྱེས་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྐྱེས་བུའི་བརྡ་དེ་ཉིད་ལས་དོན་ལས་འཁྲུལ་པ་སྟེ་སླུ་བའི་ཕྱིར་རོ། །འདི་ནི་མི་སླུ་བའི་ཕྱིར་སྐྱེས་བུས་མ་བྱས་པར་འདོད་དོ། །གལ་ཏེ་མ་སྐྱེས་པ་ཡང་སྐྱེས་བུས་ལེགས་པར་བྱས་པ་ལས་འཁྲུལ་པར་
དོགས་ན་མ་སྐྱེས་པ་ཉིད་ཀྱིས་སྐྱེས་བུས་མ་བྱས་པ་ཉིད་ནི་དོན་མེད་པ་ཡིན་ཏེ། འདི་ལྟར་སྐྱེས་བུས་ལེགས་པར་བྱས་པ་ཉིད་ལས་སྒྲ་རྣམས་ནི་སྐྱེས་པ་དང་མ་སྐྱེས་པ་དག་གིས་ལོག་པ་དང་བདེན་པའི་དོན་ཅན་དུ་མི་འགྱུར་རོ། །དེ་ལྟར་ན་སྐྱེས་པ་ཡང་རྣམ་པ་གཞན་དུ་བརྡར་བྱས་པས་ཞེས་བྱ་བ་ལོག་
པའི་དོན་ཅན་ཉིད་དང་འགལ་བས་དངོས་པོ་ཇི་ལྟ་བ་བཞིན་དུ་བརྡར་བྱས་ཤིང་བརྡར་བཏགས་པས། དེ་ལས་གཞན་པའི་སྐྱེས་བུའི་ཆོས་དང་འདྲ་བ་སྟེ། དཔེར་ན་སྒྲ་ལས་གཞན་པ་སྐྱེས་བུའི་ཆོས་མིག་འབྱེད་པ་དང་འཛུམས་པ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་དོན་མེད་པ་ཅན་ཡིན་ན་ཡང་། དངོས་པོ་
ཇི་ལྟ་བ་བཞིན་དུ་སྐྱེས་བུ་བརྡར་བྱས་པ་མི་སླུ་བ་ཡིན་པ་དེ་དང་འདྲ་བར་འགལ་བ་མེད་པ་ཅན་ཏེ། འཁྲུལ་པ་མེད་པ་ཡིན་ནོ། །ཇི་སྟེ་འཁྲུལ་པ་ཡོད་པར་མ་གྱུར་ཅིག་སྙམ་པས་སྐྱེས་བུས་ལེགས་པར་བྱས་པ་མི་འདོད་པ་དེའི་ཚེ། བྱ་རོག་གི་སྐད་ལ་སོགས་པ་དང་འདྲ་བར་དོན་མེད་པ་ཅན་དུ་འགྱུར་

རོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེ་བས་ན་ཞེས་བྱ་བ་དེའི་ཕྱིར་སྐྱེས་བུ་འདི་ལྡོག་པས་རང་གིས་བྱས་པའི་བརྡ་ལས་བྱུང་བ་ཅན་ཏེ། གང་ལ་སྐྱེས་པ་ཡོད་པའི་དོན་གྱི་བློ་སྟེ་དོན་དུ་སྤོབས་པ་དེ་ལྡོག་པར་འགྱུར་རོ། །དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་ཏེ། དེ་ལྡོག་པ་སྟེ་ལྡོག་པའི་
དོན་ཅན་གྱི་རྒྱུ་མཚན་གྱི་སྐྱེས་བུ་དེ་ལོག་པས་གང་ལས་བདེན་པའི་དོན་ཅན་ཉིད་ཡིན་ཏེ། འོན་ཀྱང་དོན་མེད་པ་ཅན་ཁོ་ནར་འགྱུར་རོ། །ཅི་སྟེ་ཡང་སྐྱེས་པ་ཁོ་ན་སྐྱེས་བུས་བྱས་པ་ཉིད་ཡིན་གྱི། བརྡས་བྱས་པ་མ་ཡིན་ན་སྟེ། དག་ལ་འབྲེལ་པ་ནི་སྐྱེས་བུས་མ་བྱས་པ་མ་ཡིན་ཏེ། རྒྱལ་མཚན་གྱི་རྟགས་
ལ་སོགས་པ་དང་འདྲའོ་ཞེས་བྱ་བར་དགོངས་སོ། །འདོད་པར་ནི་འགྱུར་ན་སྒྲ་དང་དོན་དག་གིས་འབྲེལ་པ་ནི་སྐྱེས་བུས་མ་བྱས་པ་ཉིད་ཁོ་ན་ཡིན་ཏེ། དེ་ཡང་རྟོགས་པ་ལ་བརྟེན་པ་མ་ཡིན་པ་དེའི་ཕྱིར་སྐྱེས་བུས་བརྡ་ལ་ལྟོས་པ་ཡིན་ནོ་ཞེ་ན། རྟོགས་པ་ལ་བརྟེན་པ་མ་ཡིན་ན་ཞེས་བྱ་བ་སྨོས་ཏེ། དོན་
རྟོགས་པ་ལ་བརྟེན་པ་མ་ཡིན་པ་ཡང་ཅི་ལྟར་ན་འབྲེལ་པ་ཡིན་ཏེ། རྟོགས་པ་ལ་བརྟེན་པ་ཉིད་ནི་སྒྲ་དང་དོན་དག་གིས་འབྲེལ་པ་ཡིན་གྱི། དེ་ལྟ་མ་ཡིན་ན་གང་ཡང་རུང་བའི་ཚིག་དང་དོན་དག་གི་འབྲེལ་པར་འགྱུར་རོ། །ཅི་སྟེ་འདོད་མོད་ཀྱི། དོན་རྟོགས་པའི་རྒྱུ་ཁོ་ན་འབྲེལ་པ་ཡིན་ཞིང་སྐྱེས་བུས་མ་
བྱས་པ་ཡང་ཡིན་ལ། དེ་ལ་ཡང་བརྡས་གསལ་བར་བྱས་ནས་དོན་རྟོགས་པ་ཡིན་ནོ་ཞེ་ན། བརྡས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། བརྡའི་རྒྱུས་འབྲེལ་པ་དེ་དག་གསལ་བར་བྱ་བ་ཡིན་ན་བརྡ་ལས་གཞན་འབྲེལ་པའི་དོན་རྟོགས་པ་དོན་མེད་པར་འགྱུར་ཏེ་ནུས་པ་མེད་པར་འགྱུར་རོ། །འབྲེལ་པ་ཡོད་ན་
ཡང་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། འབྲེལ་པ་ཡོད་ན་ཡང་གསལ་བར་བྱེད་པ་མེད་ན་སྟེ། རབ་ཏུ་གསལ་བར་བྱེད་པ་མེད་ན་རྟོགས་པའི་རྒྱུ་མ་ཡིན་ནོ། །བརྡས་འབྲེལ་པ་འདིས་གསལ་བར་བྱེད་པ་ཡིན་ནོ། །འོན་ཏེ་འབྲེལ་པ་དེ་བརྡ་ལས་དོན་རྟོགས་པ་གྲུབ་པ་ཡིན་ལ། གྲུབ་པ་ཡོད་ན་
དེ་ལ་ཉེ་བར་གནས་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི། གྲུབ་པ་ཉེ་བར་གནས་པ་ཅན་རྒྱུ་མ་ཡིན་པ་འབྲས་བུ་མེད་པ་ཅན་གསོ་ཞིང་ཡོངས་སུ་སྐྱོང་བས་ཅི་ཞིག་བྱ། འབྲས་བུ་མེད་པ་ཉིད་བསྟན་པར་བྱ་བའི་ཕྱིར། འབྲེལ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲེལ་བའི་བྱ་བ་ནི་དོན་རྟོགས་པ་སྐྱེད་

པར་བྱེད་པ་སྟེ། ཤེས་པ་སྐྱེད་པར་བྱེད་པ་དེ་ཙམ་མོ། །རྟོགས་པ་སྐྱེད་པར་བྱེད་པ་དེ་ནི་བརྡ་ཁོ་ནས་བྱས་ཟིན་པའི་ཕྱིར་འབྲེལ་པ་ནི་འབྲས་བུ་མེད་པ་ཅན་ཡིན་ནོ། །གལ་ཏེ་རྟོགས་པ་ལ་རུང་བ་མ་ཡིན་པ་སྟེ། སྒྲ་ནུས་པ་མེད་པའོ། །བརྡ་སྟེ་ཐ་སྙད་ཀྱི་ནུས་པ་མ་ཡིན་པའི་ཕྱིར་སྒྲའི་རུང་བ་ཉིད་འབྲེལ་པ་ཡིན་ནོ་
ཞེ་ན། དེ་བས་ན་ཅི་སྒྲ་འབྲེལ་པ་ཡིན་པ་ནི་བླ་སྟེ། དེ་ཉིད་འབྲེལ་པ་ཅན་ཡིན་ཞིང་དེ་ཉིད་འབྲེལ་པ་ཡིན་པ་ནི་རིགས་པ་དང་ལྡན་པ་མ་ཡིན་ནོ། །གལ་ཏེ་རུང་བ་ཉིད་འབྲེལ་པ་མ་ཡིན་པར་ཁས་བླངས་ནས་ཅིའི་ཕྱིར་སྒྲའི་རང་བཞིན་ཉིད་འབྲེལ་པར་ཁས་ལེན་པར་འགྱུར་ཞེ་ན། རྒྱུ་དང་ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། རྒྱུ་དང་འབྲས་བུའི་རུང་བ་ཉིད་དང་འདྲ་བར་སྒྲའི་ནུས་པའི་ངོ་བོ་ཁོ་ན་རུང་བ་ཉིད་ཡིན་གྱི། དེ་ལས་གཞན་པ་ནི་མ་ཡིན་ནོ། །འབྲས་བུ་མེད་པའི་རྒྱུའི་རུང་བ་ཉིད་གང་ཡིན་པ་དེ་ནི་དཔེར་ན་རྒྱུའི་བདག་ཉིད་དུ་འགྱུར་བ་དེ་དང་འདྲ་བར་སྒྲའི་རུང་བ་ཉིད་དམ། ཡང་ན་རྒྱུ་དང་འབྲས་བུ་དག་གི་རུང་བ་ཉིད་ཅེས་བལྟ་
བར་བྱ་སྟེ། འདི་ཉིད་ཀྱིས་འདི་ནི་འབྲས་བུ་ཡིན་ནོ་ཞེས་བྱ་བའི་འབྲས་བུའི་རུང་བ་ཉིད་དོ། །འདིའི་འདི་ཉིད་རྒྱུ་ཡིན་ནོ་ཞེས་བྱ་བ་འདིའི་རྒྱུའི་རུང་བ་ཉིད་དེའི་དེ་ཡང་དེ་དག་གི་བདག་ཉིད་དུ་གྱུར་པ་ཁོ་ནའོ། །ཅི་སྟེ་འབྲེལ་པ་ཅན་ཉིད་འབྲེལ་པའི་རང་བཞིན་ཐོབ་པར་མ་གྱུར་ཅིག་སྙམ་པས་གལ་ཏེ་རུང་བ་ཉིད་དེ་སྒྲ་དེ་
ལས་དོན་གཞན་ཡིན་པ་དེའི་ཚེ། དོན་གཞན་དུ་འགྱུར་བའི་རུང་བ་ཉིད་འདིའི་སྒྲའི་ཞེས་བྱ་བའི་སྒྲ་དང་རུང་བ་དག་གི་འབྲེལ་པ་བརྗོད་པས་ཅི་ཞིག་བྱ། གཞན་དུ་ན་སྒྲའི་རུང་བ་ཉིད་འདི་ཞེས་བྱ་བ་གྲུབ་པར་མི་འགྱུར་རོ། །གལ་ཏེ་ཐ་དད་པའི་རུང་བ་ཉིད་དང་གང་ཡིན་པ་དེ་ལ་སྒྲས་ཕན་འདོགས་པར་བྱེད་པ་ཡིན་
ཏེ། སྒྲས་རུང་བ་ཉིད་ལ་ཕན་འདོགས་པར་བྱེད་ཅེས་བྱ་བའི་དོན་ཏོ། །སྒྲས་བསྐྱེད་པར་བྱ་བ་ཉིད་ཡིན་པ་དེའི་ཕྱིར་སྒྲའི་རུང་བ་ཉིད་ཅེས་བརྗོད་པར་རུང་བ་ཡིན་ནོ་ཞེས་བསམས་པའོ། །སྒྲས་རུང་བ་ཉིད་ལ་ཕན་བཏགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྟག་པ་ཉིད་དེ་རུང་བ་ཉིད་ནི་ཕུལ་དུ་བྱུང་དུ་མེད་པ་ཉིད་ཀྱི་
ཕྱིར་རོ། །ཅི་སྟེ་རུང་བ་ཉིད་ལ་ཡང་སྒྲས་ཐ་དད་པ་ཉིད་ཀྱིས་ཕན་འདོགས་པར་བྱེད་པ་དེའི་ཚེ། སྒྲས་བྱས་པའི་ཕན་འདོགས་པར་བྱེད་པ་དང་རུང་བ་ཉིད་ཀྱིས་འབྲེལ་པ་གང་ཡིན་པ་ཞེས་བརྗོད་པར་བྱའོ། །ཅི་སྟེ་ཕན་འདོགས་པ་དང་རུང་བ་དེ་དག་ལ་ཡང་ཕན་འདོགས་པར་བྱེད་པ་གཞན་ཡོད་པ་དེའི་ཚེ། དེ་ལ་

ཡང་ཇི་སྐད་བཤད་པའི་རྣམ་པས་ཕན་འདོགས་པར་བྱེད་པ་གཞན་དང་གཞན་རྟོགས་པ་ན། ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཐུག་པ་མེད་པ་དེས་ན་ཐ་དད་པ་ལ་ཕན་འདོགས་པ་མ་ཡིན་ནོ། །དེ་ལྟར་ཕན་འདོགས་པར་མ་གྲུབ་པ་ཉིད་ནི་རུང་བ་ཉིད་དང་ལྷན་ཅིག་འབྲེལ་པའི་
འབྲེལ་པ་མ་གྲུབ་པ་ཡིན་ནོ། །འོན་ཀྱང་རུང་བ་ཉིད་ཐ་དད་པ་ལ་ཕན་འདོགས་པར་བྱེད་པ་ན། སྒྲ་དང་རང་གི་ངོ་བོས་ཕན་འདོགས་པར་བྱེད་ཀྱི་གཞན་གྱི་ངོ་བོས་ནི་མ་ཡིན་ཏེ། སྒྲ་ནི་ཕན་འདོགས་པའི་བྱེད་པ་ཉིད་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཚེ་རུང་བ་ཉིད་ལ་ཡང་སྒྲའི་ངོ་བོ་ཉིད་ཀྱི་རུང་བ་ཉིད་
དེ། སྒྲའི་རང་བཞིན་ཉིད་ཀྱིས་དོན་ལ་རྟོགས་པ་བསྐྱེད་པར་རུང་བར་ཅིའི་ཕྱིར་མི་འདོད། ཇི་ལྟར་རུང་བ་ཉིད་ལ་ཕན་འདོགས་པར་བྱེད་པར་འདོད་པ་དེ་ལྟར་རུང་བ་བདག་ཉིད་གྱུར་པས་དོན་རྟོགས་པ་ཁོ་ན་བྱེད་པ་ཡིན་ནོ་ཞེས་འདོད་པར་བྱའོ། །བརྒྱུད་པས་ཅི་ཞིག་བྱ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་རུང་བ་ཉིད་
ཅེས་བྱ་བའི་འབྲེལ་པ་ཐ་དད་པ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། དེ་ནི་དོན་རྟོགས་པའི་རྒྱུ་མ་ཡིན་གྱི་བརྡ་ཁོ་ན་ལས་དོན་རྟོགས་པའི་ཕྱིར་རོ། །འོ་ན་སངས་རྒྱས་པ་ཁྱེད་ཀྱི་ཡང་བརྡ་ནི་ཇི་ལྟར་སྒྲ་དང་དོན་དག་གི་འབྲེལ་པ་ཡིན། ཅི་ལྟར་ན་མི་འགྱུར་ཏེ། སྐྱེས་བུ་རྣམས་ལ་འཇུག་པའི་ཕྱིར་ཏེ།
དོན་འདིའི་སྒྲ་རྗོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་བསམ་པ་རྗོད་པར་བྱེད་པ་ནི་བརྡ་ཡིན་ལ། དེ་ཡང་སྐྱེས་བུ་རྣམས་ལ་འཇུག་པར་འགྱུར་གྱི། སྒྲ་དང་དོན་དག་ལ་ནི་མ་ཡིན་ཏེ། ཆོས་ནི་གཞན་གྱི་འབྲེལ་པ་མ་ཡིན་ཏེ། རྟའི་ཆོས་བ་ལང་དག་མ་ཡིན་པ་བཞིན་ནོ། །སློབ་དཔོན་གྱིས་བརྡ་འབའ་ཞིག་འབྲེལ་
པ་མ་ཡིན་པར་མ་ཟད་ཀྱི། སྒྲ་དང་དོན་དག་གི་འབྲེལ་པ་གཞན་དོན་དམ་པ་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་མ་འདྲེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་དངོས་པོ་རྣམས་ཀྱི་རང་གི་ངོ་བོ་འདྲེས་པའམ། གཞན་གྱི་དབང་ངམ་ཕན་ཚུན་ལྟོས་པའི་འབྲེལ་པར་འགྱུར་གྲང་ན། མ་འདྲེས་
པ་ཕན་ཚུན་ཐ་དད་པ་རྣམས་ལ་དེའི་ངོ་བོ་མ་འདྲེས་པའི་མཚན་ཉིད་ཅན་གྱི་འབྲེལ་པ་ཡོད་པ་མ་ཡིན་ཏེ། དེ་དག་ཐ་དད་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། གཅིག་ཉིད་དུ་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་གྲུབ་པ་རྣམས་ཏེ། རང་གི་ངོ་བོ་མཐར་ཕྱིན་པ་རྣམས་ལ་གཞན་གྱི་དབང་གི་མཚན་ཉིད་ཅན་གྱི་འབྲེལ་

པ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། གྲུབ་པ་ལ་གཞན་གྱི་དབང་མི་རུང་བའི་ཕྱིར་རོ། །ཕན་ཚུན་ལྟོས་པ་ཅན་གྱི་འབྲེལ་པ་ཡང་ཡོད་པ་མ་ཡིན་པ་ནི། ལྟོས་པ་མེད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། གྲུབ་པ་ནི་གཞན་ཐམས་ཅད་ལ་ལྟོས་པ་མེད་པའི་ཕྱིར་རོ། །དེ་ཡང་འབྲེལ་པ་རྟག་པ་ལས་རྒྱས་པར་བཤད་ཟིན་པའི་
ཕྱིར་འདིར་མ་སྤྲོས་སོ། །འོ་ན་གལ་ཏེ་སྒྲ་དང་དོན་དག་གི་འབྲེལ་པ་ཡོད་པ་མ་ཡིན་ན། ཇི་ལྟར་སྒྲ་བྱུང་བ་རྗེས་སུ་དཔག་པའི་ནང་དུ་འདུ་བར་འགྱུར་ཞིང་། དེའི་ཚེ་བརྡ་ལ་ཡང་དགོས་པ་ཅི་ཞིག་ཡོད་པར་བྱེད་ཅེ་ན། དེའི་ཕྱིར་དོན་གྱི་ཁྱད་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གྱི་ཁྱད་པར་ནི་སྨྲ་བ་པོའི་རྣམ་
པར་རྟོག་པའི་བློ་ལ་གནས་པ་དེ་སྟོན་པར་བྱེད་ཅིང་བརྗོད་པར་འདོད་པ་དེས་འཕངས་ཤིང་བསྐྱེད་པའི་ངག་གིས་རང་གི་རྒྱུད་ལ་སྣང་བའི་དོན་ཏེ། ཚིག་རང་གི་རྒྱུ་བརྗོད་པར་འདོད་པ་དེ་ལ་སྣང་བ་སྟོན་ཅིང་གསལ་བར་བྱེད་དོ། །རྟོགས་པ་པོ་གང་ལ་སྟོན་པར་བྱེད་ཅེ་ན། འདི་ལས་འདིའི་ཞེས་ཤེས་པའི་སྟེ།
བརྗོད་པར་འདོད་པ་འདི་ལས་ཚིག་འདི་འོངས་པ་ཡིན་ནོ་ཞེས་རྟོགས་པ་གང་ཡིན་པ་དེ་ལའོ། །ཕྱིར་ནི་དེ་ལྟར་ཏེ། བརྗོད་པར་འདོད་པའི་མཚན་ཉིད་ཅན་གྱི་རང་གི་ངོ་བོ་དང་ངག་གི་རྣམ་པར་རིག་བྱེད་དག་ནི་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་ངོ་བོའི་འབྲེལ་པ་ཡིན་ཏེ། བློ་སྐྱེད་པར་བྱེད་པ་དང་སྒྲ་
བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་བས་ན་སྒྲ་ལས་རྟོགས་པ་ནི་མེད་ན་མི་འབྱུང་བའི་ཕྱིར་ཏེ། བསྐྱེད་པར་བྱ་བ་དང་བསྐྱེད་པའི་ངོ་བོ་ཡིན་པ་དེ་བས་ན། བློ་ལ་ཡོད་པའི་དོན་མེད་ན་སྒྲ་མི་འབྱུང་བ་ཡིན་ལ། མེད་ན་མི་འབྱུང་བའི་རྒྱུའི་ཕྱིར་སྒྲ་ལས་དོན་རྟོགས་པར་འགྱུར་རོ། །དེ་བས་ན་ཇི་
ལྟར་ན་སྒྲ་ལས་དོན་རྟོགས་པ་དང་། ཇི་ལྟར་སྒྲ་ལས་འབྱུང་བའི་ཤེས་པ་རྗེས་སུ་དཔག་པའི་ནང་དུ་འདུ་བར་འགྱུར་ཞེས་བཤད་པ་གང་ཡིན་པ་དེ་ལན་བཏབ་པ་ཡིན་ནོ། །དེའི་ཚེ་བརྡ་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན་ཞེས་སྨྲས་པ་གང་ཡིན་པ་དེ་ལ་ཡང་དེ་གསལ་བར་བྱེད་པ་ནི་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། དེ་གསལ་བར་བྱེད་པ་ནི་མེད་ན་མི་འབྱུང་བ་གསལ་བར་བྱེད་པ་བརྡ་ཡིན་ཏེ། འདིས་གསལ་བར་བྱེད་པའི་ཕྱིར་རོ། །ཇི་སྐད་དུ་རྗོད་པར་བྱེད་དེ། ཇི་སྐད་དུ་བཤད་པའི་སྒྲ་དང་དོན་དག་གིས་འབྲེལ་པ་ནི་ལྡོག་པར་མི་བྱེད་དེ། དེ་མེད་ན་མི་འབྱུང་བའི་མཚན་ཉིད་ཅན་གྱི་འབྲེལ་པ་

ཁས་བླངས་པའི་ཕྱིར་རོ། །འོན་ཀྱང་གང་ཞིག་དོན་དམ་པའི་འབྲེལ་པ་དོན་གཞན་འདོད་པ་དེ་བཀག་པ་ཡིན་ནོ། །དེ་ལས་ཞེས་བྱ་བ་ནི་བརྡ་ལས་ཤེས་པར་བྱེད་པ་སྟེ། དོན་རྟོགས་པར་བྱེད་པའི་ཡན་ལག་ནི་མེད་ན་མི་འབྱུང་བའི་མཚན་ཉིད་ཅན་གྱི་འབྲེལ་པ་གྲུབ་
པའི་ཕྱིར་རོ། །འབྲེལ་པ་གསལ་བར་བྱེད་པའི་ཕྱིར་བརྡ་ལ་ཉེ་བར་བཏགས་ནས་འབྲེལ་པའི་ཐ་སྙད་དུ་བྱས་པ་ཡིན་ཏེ། ཕྱོགས་ལ་ལར་འབྲེལ་པའི་ཐ་སྙད་དུ་བྱས་པ་ལ་འགལ་བ་མེད་དོ་ཞེས་བྱ་བ་ཁོང་ནས་དབྱུང་ངོ་། །བརྡ་དེ་ཉིད་ཀྱང་ཡོངས་སུ་འབྲེལ་པ་ནི་མ་ཡིན་ནོ། །ཇི་སྐད་
དུ་བཤད་པའི་མཚན་ཉིད་ཅན་གྱི་འབྲེལ་པ་ལས་གཞན་ཉིད་སྒྲ་དང་དོན་དག་གིས་འབྲེལ་པ་རྟག་པ་ཉིད་ཡིན་པ་ནི་བླ་སྟེ། དེས་ནི་ཚིག་སྟེ་སྒྲ་རྣམས་དོན་གཅིག་ལ་ངེས་པ་ཡོད་ན་བརྡའི་དབང་ལས་ཀྱང་གང་ལ་སྒྲ་འདི་མ་ངེས་པ་དེ་ལ་དོན་གཞན་རྟོགས་པར་མི་འགྱུར་ཁོང་དུ་ཆུད་པར་མི་
འགྱུར་རོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དོན་གཅིག་ལ་སོ་སོར་ངེས་པའི་འབྲེལ་པ་དེས་འབྲེལ་པ་མེད་པའི་དོན་རྟོགས་པར་རིགས་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འབྲེལ་པ་དེ་ནི་དོན་མེད་པ་ཅན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འདོད་པར་མི་འགྱུར་ན་འབྲེལ་པ་དེས་འབྲེལ་པ་མེད་
པའི་དོན་རྟོགས་པ་ཉིད་ཡོད་པ་མ་ཡིན་ནོ་ཞེ་ན། འདོད་པའི་དབང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུ་འདོད་པའི་དབང་གིས་བརྡར་བྱས་པ་ཅན་གྱི་སྒྲ་ཐམས་ཅད་ཀྱིས་དོན་ཐམས་ཅད་གསལ་བར་བྱེད་པ་སྟེ། རབ་ཏུ་གསལ་བར་བྱེད་པར་མཐོང་ངོ་། །གལ་ཏེ་དོན་གཅིག་ལ་
སྒྲ་ནི་དངོས་སུ་འབྲེལ་པ་མ་ཡིན་གྱི། འོན་ཀྱང་དོན་དུ་མ་ལ་སྒྲ་འབའ་ཞིག་གིས་དོན་དེ་དང་དེ་ལ་གནས་པ་ཙམ་བྱེད་དོ་ཞེ་ན། དོན་དུ་མ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་དུ་མ་དང་མངོན་པར་འབྲེལ་པར་སྒྲས་ཁས་ལེན་ན་དོན་དུ་མ་ལ་སོ་སོར་ངེས་པའི་རིག་བྱེད་པའི་སྒྲ་གང་གི་
ཚེ་དོན་གཅིག་ལ་ངེས་པས་བརྡ་བྱེད་པས་མངོན་པར་གསལ་བར་བྱེད་པ་དེའི་ཚེ་མངོན་པར་འདོད་པའི་དོན་ཁོ་ན་བྱེད་ཀྱི། གཞན་འགལ་བ་ཉིད་ནི་མ་ཡིན་ནོ་ཞེས་ངེས་པ་ཡོད་པ་མ་ཡིན་པ་དེ་བས་ན། འགལ་བ་གསལ་བར་བྱེད་པ་སྲིད་དེ། མངོན་པར་འདོད་པའི་དོན་ལས་འགལ་བའི་དོན་

གསལ་བར་བྱེད་པ་སྲིད་པར་འགྱུར་རོ། །ཅི་སྟེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། དོན་གཅིག་ལ་སོ་སོར་ངེས་པ་ཡིན་ན་བརྡའི་དབང་གིས་དོན་དུ་མ་སྟོན་པར་བྱེད་པ་མཐོང་བ་དང་འགལ་བ་དེ་བས་ན་མཐོང་བ་དེ་དང་འགལ་བར་མ་གྱུར་ཅིག་སྙམ་པས་སྒྲ་ཐམས་ཅད་དོན་ཐམས་ཅད་
ཀྱི་རྗོད་པར་བྱེད་པ་ཡིན་ནོ། །དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་འགལ་བ་གསལ་བར་བྱེད་པ་སྲིད་པ་སྟོན་པར་བྱེད་དེ། ཇི་ལྟར་ཐམས་ཅད་ཐམས་ཅད་ཀྱི་རྗོད་པར་བྱེད་པར་འདོད་པ་དེ་ལྟར་འདི་ལ་ཡང་འདོད་པར་བྱ་སྟེ། དོན་ཐམས་ཅད་ནི་འབྲས་བུ་ཐམས་ཅད་ཀྱི་སྒྲུབ་པར་བྱེད་པ་མ་
ཡིན་ནོ་ཞེས་བྱ་བའི་རིགས་ལ་ཐོབ་པ་ཉིད་ཀྱི་ཕྱིར་རོ། །རིགས་ལ་ནི་རྒྱུ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་དང་འབྲས་བུ་སོ་སོར་ངེས་པ་ཉིད་ཀྱི་ཕྱིར་རོ། །དེ་ལས་ཏེ་རིགས་པ་དེ་ཡོད་ན་སོ་སོའི་ངེས་པ་ཁྱད་པར་ཅན་གྱི་དངོས་པོ་སྒྲུབ་པར་བྱེད་པའི་རྒྱུ་མངོན་པར་འདོད་པའི་དོན་མཐོ་རིས་ལ་
སོགས་པ་གང་ལ་ཡོད་པ་དེའི་ཡུལ་དུ་གྱུར་པ་ལ། སྒྲ་ནི་འདོད་པའི་དོན་མངོན་པར་གསལ་བར་བྱེད་པ་ཉིད་དེ་མངོན་པར་འདོད་པའི་དོན་ཉིད་མངོན་པར་གསལ་བར་བྱེད་པ་བརྡ་བྱེད་པས་བྱས་པ་ཡིན་ནོ་ཞེས་བྱ་བ་དེ་གང་ལས་ཡིན། སྒྲ་ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། བསྒྲུབ་པར་བྱ་བ་དང་སྒྲུབ་པར་
བྱེད་པ་ཐམས་ཅད་ཀྱི་ཐུན་མོང་སྟེ། བསྒྲུབ་པར་བྱ་བ་འབྲས་བུ་ཐམས་ཅད་དང་། བདག་ཉིད་ཇི་ལྟ་བ་བཞིན་དུ་སྒྲུབ་པར་བྱེད་པའི་རྒྱུ་རང་གི་མཚན་ཉིད་གང་ཡིན་པ་དེ་དག་ནི་རྗོད་པར་བྱེད་པ་ཉིད་དུ་ཐུན་མོང་དུ་གྱུར་པའོ། །འདི་སྐད་དུ་མེ་ལ་སྦྱིན་སྲེག་སྦྱིན་པར་བྱའོ་ཞེས་བྱ་བ་ལ་སོགས་པའི་སྒྲ་
ནི་དོན་ཐམས་ཅད་ཀྱི་རྗོད་པར་བྱེད་པ་ཡིན་ན་ཡང་། གང་མེ་ལ་སྦྱིན་སྲེག་གི་སྒྲས་བསྟན་པའི་དོན་འགའ་ཞིག་པོ་དེ་ཉིད་ནི་སྒྲུབ་པར་བྱེད་པ་མ་ཡིན་ཏེ། ཐམས་ཅད་ཐམས་ཅད་ཀྱི་སྒྲུབ་པ་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་བཀག་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་ཁྱད་པར་ཅན་གྱི་དོན་འགའ་ཞིག་ནི་
མཐོ་རིས་སྒྲུབ་པར་བྱེད་པ་ཡིན་ཏེ། རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་དོན་འགའ་ཞིག་དངོས་པོའི་གནས་ཐམས་ཅད་ཀྱིས་མཐོ་རིས་གྲུབ་པར་བྱེད་པ་ཉིད་ལ་བརྡའི་རྣམ་པ་འདིས། མེ་ལ་སྦྱིན་སྲེག་གི་སྒྲ་གསལ་བར་བྱེད་པ་ཡིན་ནམ། ཅི་མཐོ་རིས་དང་འགལ་བའི་དོན་གཞན་ལ་

ཡིན་ཞེས་བློ་དམན་པ་ཐེ་ཚོམ་དུ་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །མེ་ལ་སྦྱིན་སྲེག་སྦྱིན་ཞེས་བྱ་བ་ལ་སོགས་པ་ལ། མེ་ལ་མར་ལ་སོགས་པ་འཛུད་པ་ཉེ་བར་མཚོན་པ་ཙམ་གྱི་ངག་གི་དོན་དེ་ནི་མཐོ་རིས་གྲུབ་པར་བྱེད་པ་ཉིད་ཚད་མ་མ་ཡིན་གྱི། ལུང་ལས་གྲུབ་པ་ཡིན་ན་
ཡང་དེ་ནི་དུ་མ་ཅན་ཉིད་ཡིན་པའི་ཕྱིར་ཡིད་ཆེས་པ་མ་ཡིན་ནོ། །དེ་སྐད་དུ་མེའི་སྦྱིན་སྲེག་ལས་མཐོ་རིས་ཐོབ་པ་འགལ་དུ་ཟིན་ཀྱང་བློ་དམན་པའི་ཕྱིར་འདིས་ཤེས་པར་མི་འགྱུར་རོ་ཞེས་འཆད་པར་འགྱུར་རོ། །སྒྲ་དེ་བརྗོད་པར་བྱ་བ་ཐམས་ཅད་ལ་མ་ངེས་པར་འགྱུར་བ་དོན་འགའ་ཞིག་ལ་ངེས་པ་
སྐྱེས་བུ་སྟེ་སྐྱེས་བུའི་བརྡ་ལས་ཐོབ་པར་འགྱུར་རོ། །སྐྱེས་བུ་དེས་ཀྱང་མི་ཤེས་པའི་ཕྱིར། དོན་འགལ་བ་ཡང་བརྡ་བྱེད་པར་འགྱུར་རོ་ཞེས་བཤད་ཟིན་ཏོ། །འདི་ལྟར་འགལ་བ་གསལ་བར་བྱེད་པ་འབའ་ཞིག་ནི་མ་ཡིན་གྱི། རིག་བྱེད་སྐྱེས་བུས་མ་བྱས་པ་ཉིད་ཀྱི་འདོད་པ་གང་ཡིན་པ་དེ་ཡང་།
ཀུན་དུ་རྟོག་པ་ཡང་དོན་མེད་པར་འགྱུར། ཅི་ལྟར་ཡང་ཞེས་བྱ་བའི་ཚོགས་པ་འདི་ནི་མངོན་པར་འདོད་པའི་དོན་ལ་སེམས་པའོ། །དོན་མ་ཚོལ་བ་སྟེ་མི་འདོད་པ་དང་མ་འདྲེས་པའི་འདོད་པའི་དོན་ཁོ་ན་སྐྱེས་བུས་མ་བྱས་པའི་སྒྲ་དག་ལ་རྟོགས་པའི་ཕྱིར་འདོད་པ་དང་མི་འདོད་པ་འདྲེས་མར་བྱེད་
པ་སྐྱེས་བུས་རྒྱུར་འཚོལ་བ་གསལ་བ་སྟེ། རིག་བྱེད་པ་དག་ལས་ཕྱི་རོལ་དུ་བྱས་པ་ཡིན་ནོ། །དེ་ལྟར་གནས་པ་དེ་ལས་སྐྱེས་བུ་རྣམས་ཀྱིས་ཅི་འདྲ་བ་སྟེ། སྐྱེས་བུས་བྱས་པ་ཉིད་དུ་མངོན་པར་འདོད་པའི་སྒྲ་རྣམས་རྗོད་པར་བྱེད་པའི་སྒྲ་འགའ་ཞིག་ལ་རབ་ཏུ་སྦྱར་བ་འཆོལ་བར་འགྱུར་བ་སྟེ།
འཁྲུལ་པར་འགྱུར་བ་དེ་འདྲ་བ་ཉིད་སྐྱེས་བུས་མ་བྱས་པར་མངོན་པར་འདོད་པའི་སྒྲ་རྣམས་ཀྱང་། དོན་ཐམས་ཅད་དང་ཐུན་མོང་དུ་འགྱུར་བ་ཡོད་ན་འགའ་ཞིག་ལ་སྐྱེས་བུ་དེ་རྣམས་ཀྱི་འདོད་པའི་རྒྱུ་ཅན་གྱི་བརྡ་འདོད་པ་ཇི་ལྟ་བ་བཞིན་དུ་ངེས་པས་བྱས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྐྱེས་
བུ་དེ་རྣམས་ལ་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པ་མེད་པའི་ཕྱིར་རོ། །གལ་ཏེ་རིག་བྱེད་པའི་སྒྲ་ནི་ངོ་བོ་ཉིད་དེ་རང་བཞིན་གྱིས་མངོན་པར་འདོད་པའི་དོན་ལ་ངེས་པ་ཉིད་ཡིན་པ་དེ་བས་ན་སྐྱེས་བུས་ལེགས་པར་བྱས་པའི་ཉེས་པ་ཡོད་པ་མ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་རིགས་པའི་སྒྲ་ནི་དོན་

གསལ་བར་བྱེད་པ་ན་བསྟན་པ་ལ་རག་ལས་པ་མེད་པར་འགྱུར་ན། རག་ལས་པར་ཡང་འགྱུར་བ་ཡིན་ཏེ། ངོ་བོ་ཉིད་དེ་དག་ལས་དོན་རྟོགས་པ་མེད་པའི་ཕྱིར་རོ། །གལ་ཏེ་ཡང་ངོ་བོ་ཉིད་ཀྱིས་སོ་སོར་ངེས་པར་འགྱུར་བ་ཡིན་པ་དེའི་ཚེ་གང་དུ་དོན་འགའ་ཞིག་དུས་གཅིག་གི་ཚེ་བརྡར་བྱས་པ་ཡང་
རྣམ་པ་འགའ་ཞིག་གིས་དེ་ལས་བརྡ་རྣམ་པ་གཞན་གྱིས་དོན་གཞན་སྟོན་པར་མི་འགྱུར་ན། རབ་ཏུ་གསལ་བར་བྱེད་པ་ཡང་ཡིན་པ་དེ་བས་ན་ངོ་བོ་ཉིད་ཀྱི་དོན་གཅིག་ལ་ངེས་པ་མ་ཡིན་ནོ། །གལ་ཏེ་ཡང་ངོ་བོ་ཉིད་ཀྱི་དོན་གཅིག་ལ་ངེས་པ་ཡིན་ན་ནི་དོན་གཅིག་ལ་སོ་སོར་ངེས་པ་མེད་པའི་ཕྱིར།
རིག་བྱེད་པའི་ངག་རྣམས་ལ་འཆད་པ་པོ་རྣམས་ཀྱི་འཆད་པ་པོའི་རྣམ་པར་རྟོག་པ་སྟེ། འཆད་པའི་ཁྱད་པར་གཞན་དང་གཞན་གང་ཡིན་པ་འདིར་ཡང་མི་འགྱུར་ན། འགྱུར་བ་གང་ཡིན་པ་དེ་བས་ན། དེ་བས་གཞན་པའི་སྐྱེས་བུས་བྱས་པའི་ངག་དང་འདྲ་བར་བྱེད་པའི་སྒྲ་རྣམས་ནི་དོན་
གཅིག་ལ་ངེས་པ་ཉིད་མ་ཡིན་ནོ། །འཆད་པའི་ཁྱད་པར་ཡང་ཡོད་པ་ཡིན་ཏེ། རིག་བྱེད་པའི་ངག་རྣམ་པར་རྟོག་པར་ནུས་པ་ཅན་ཡིན་ཏེ། དོན་སྣ་ཚོགས་པ་ཉིད་དུ་རྣམ་པར་རྟོག་པ་ནུས་པ་ཡོད་པ་འདི་ལ་ཡོད་པའི་ཕྱིར་རོ། །རྣམ་པར་རྟོག་པ་ནུས་པ་ཅན་རིག་བྱེད་པའི་ངག་དེ་ལ་སྟོན་པ་
སྟེ། འཆད་པ་གང་ཡིན་པ་དེའི་འདོད་པ་ལ་མི་སླུ་བ་མེད་པ་ཡིན་ཏེ། འདི་ཡང་འགའ་ཞིག་ཏུའམ་གཞན་དག་ཏུ་འགྱུར་རོ་ཞེས་བྱ་བ་ངེས་པ་མེད་པའི་ཕྱིར་རོ། །ཕྱིར་ཏེ་གཏན་ཚིགས་ཀྱིས་སྐྱེས་བུས་མ་བྱས་པ་ཉིད་ནི་དོན་མེད་པ་ཅན་ཉིད་དུ་འགྱུར་ཏེ། དེ་བརྟགས་སུ་ཟིན་ཀྱང་འཁྲུལ་པའི་
དོགས་པ་མི་ལྡོག་པའི་ཕྱིར་རོ། །རིག་བྱེད་པའི་སྒྲ་རྣམས་དོན་དང་ལྷན་ཅིག་འབྲེལ་པར་འདོད་པ་གང་ཡིན་པ་དེས་ཀྱང་། འབྲེལ་པ་ཡང་རྣམ་པར་གཞག་པའི་ཕྱིར་གཏན་ཚིགས་བརྗོད་པར་བྱའོ། །གང་དག་གི་ཞེ་ན། ཐ་དད་པ་རྣམས་ཀྱི་སྟེ་སྒྲ་དང་དོན་དག་གི་རང་བཞིན་རྣམས་ཀྱིའོ། །རང་
བཞིན་ཐ་དད་པ་ཅན་ཉིད་ཡིན་པའི་ཕྱིར་དེའི་བདག་ཉིད་ཀྱི་མཚན་ཉིད་ཅན་གྱི་འབྲེལ་པ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཕྱི་རོལ་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱི་རོལ་གྱི་དོན་བུམ་པ་དང་སྣམ་བུ་ལ་སོགས་པ་ནི་སྒྲའི་ངོ་བོ་མ་ཡིན་ཞིང་རང་བཞིན་མ་ཡིན་ཏེ། སྒྲ་ནི་བུམ་པ་དང་སྣམ་བུ་

ལ་སོགས་པའི་ངོ་བོར་འགྱུར་ན་སྒྲའི་རང་བཞིན་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྒྲ་ནི་དོན་རྣམས་ཀྱི་ངོ་བོ་མ་ཡིན་ཏེ། དོན་རྣམས་ནི་སྒྲའི་རང་བཞིན་དུ་གྱུར་པས་བུམ་པ་ལ་སོགས་པའི་རང་བཞིན་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཐ་དད་པ་
མེད་པའི་བདག་ཉིད་ཅན་གང་གིས་མེད་ན་མི་འབྱུང་བ་ཉིད་དུ་འགྱུར་བ་སྟེ། མེད་ན་མེད་པར་འགྱུར་རོ། །གནས་སྐབས་ཐ་དད་པ་ཡང་ཞེས་བྱ་བ་ནི་ལྡོག་པའི་བྱེ་བྲག་ལ་བརྟེན་ནས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཐ་དད་པ་ཡང་ངོ་། །ཅི་འདྲ་བར་ཞེ་ན། བྱས་པ་ཉིད་དང་མི་རྟག་པ་ཉིད་དག་
ནི་ལྡོག་པས་ཐ་དད་པ་ཡིན་ན་ཡང་བདག་ཉིད་གཅིག་ཉིད་ཀྱིས་མེད་ན་མི་འབྱུང་བ་ཉིད་ཡིན་པ་དེ་དང་འདྲའོ། །དེ་ལས་བྱུང་བའི་མཚན་ཉིད་ཅན་གྱི་འབྲེལ་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྒྲ་དེ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཉིད་ནི་སྒྲ་རྣམས་ཀྱི་དེ་ལས་
བྱུང་བའི་མཚན་ཉིད་ཀྱི་འབྲེལ་པར་གྱུར་ནས་བརྗོད་པར་འདོད་པ་ལ་བརྟེན་པའི་དོན་ནམ་ཕྱི་རོལ་གྱི་དོན་ལས་འགྱུར་གྲང་ན། རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། འདི་ལྟར་རིག་བྱེད་པ་དག་གི་སྒྲ་དེ་བརྗོད་པར་འདོད་པ་ལས་སྐྱེ་བ་ཅན་དུ་འདོད་པ་ཡང་མ་ཡིན་ནོ། །བརྗོད་པར་འདོད་པ་ལས་སྐྱེས་
ཤིང་འབྱུང་བ་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། རྟག་པ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །སྐྱེ་བ་མེད་པ་ཅན་ཏེ་འབྱུང་བ་མེད་པ་ཅན་ཡིན་ན་ཡང་བརྗོད་དུ་འདོད་པས་གསལ་བར་བྱ་བ་དག་མ་ཡིན་ཏེ། རྟག་པ་ཉིད་ཉམས་པའི་ཕྱིར་རོ། །གསལ་བར་བྱ་བ་མ་ཡིན་ན་ཡང་།
བསྐྱེད་པར་བྱ་བ་ཉིད་ཡིན་པར་འགྱུར་རོ་ཞེས་གོང་དུ་བཤད་ཟིན་ཏོ། །ཕྱོགས་གཉིས་པ་ཡང་མ་ཡིན་ཏེ། དོན་ལ་རག་ལས་པ་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། ཕྱི་རོལ་གྱི་དོན་ལ་རག་ལས་པ་ཉིད་མ་ཡིན་ཏེ། རྟག་པ་ཉིད་ཀྱི་ཕྱིར་རོ། །གཞན་དག་གིས་ནི་གཞུང་གཅིག་ཏུ་བྱས་ནས་འཆད་པར་
བྱེད་དེ། གང་གི་ཕྱིར་བརྗོད་པར་འདོད་པ་ལས་སྐྱེ་བ་ཅན་ཡང་མ་ཡིན་ཞིང་། དེས་གསལ་བར་བྱ་བ་ཡང་མ་ཡིན་པ་དེའི་ཕྱིར། རྣམ་པ་གཉི་ག་ལྟར་ན་དོན་ལ་རག་ལས་པ་མ་ཡིན་ཏེ། ཕྱི་རོལ་གྱི་དངོས་པོ་ལ་ལྟོས་པ་མ་ཡིན་ནོ། །བརྗོད་པར་འདོད་པའི་སྒོ་ནས་དོན་རྣམས་ལ་སྒྲ་སྦྱོར་བའི་ཕྱིར། དོན་

ཡོད་ན་དེ་བསྟན་པར་འདོད་པ་དེ་ལས་སྒྲ་འབྱུང་བའི་ཕྱིར་རོ། །དེ་བས་ན་ཞེས་བྱ་བ་ནི་ངག་ཉེ་བར་དགོད་པའམ་དེའི་ཕྱིར་གྱི་དོན་ཏོ། །དེ་ཞེས་བྱ་བ་ནི་འབྲེལ་པ་མེད་པའོ། །དེའི་རྗེས་སུ་འགྲོ་བའི་དོན་གྱི་རྗེས་སུ་འགྲོ་བ་ཡོད་པར་འགྱུར་བ་སྒྲ་དེ་དག་གིས་ཇི་ལྟར་བསྒྲུབ་པར་འགྱུར། ཇི་ལྟ་བུར་གྱུར་
པ་ཞིག་ཅེ་ན། དེ་ལ་སོ་སོར་ངེས་པ་བསྒྲུབ་པར་བྱ་སྟེ། དོན་དེ་ལ་སྒྲ་རྣམས་ཀྱི་དེའི་བདག་ཉིད་དེ་ལས་བྱུང་བ་དག་གི་འབྲེལ་པ་སོ་སོར་ངེས་པ་གང་ཡིན་པ་དེས་བསྒྲུབ་པར་བྱའོ། །དོན་གང་ལ་རག་ལས་པ་མེད་པ་དེ་ནི་སྒྲུབ་པར་བྱེད་པའི་རིགས་པ་མ་ཡིན་ནོ།། །།བམ་པོ་ཉི་ཤུ་
རྩ་ལྔ་པ། དོན་བཤད་ཟིན་པ་ཚིགས་སུ་བཅད་པས་སྡུད་པར་བྱེད་དེ། སྐྱེས་བུས་ལེགས་པར་བྱས་པ་ལ་ལྟོས་པའི་སྒྲ་རྣམས་ནི་བདེན་པའི་དོན་ཅན་ནམ་ལོག་པའི་དོན་དག་ཡིན་ལ། སྐྱེས་བུ་དེ་དག་གིས་རིག་བྱེད་པའི་སྒྲ་རྣམས་ནི་ལེགས་པར་མ་བྱས་པར་ཁས་ལེན་པ་དེ་བས་ན། སྐྱེས་བུས་
ལེགས་པར་མ་བྱས་པ་སྟེ། གཏན་ཚིགས་སུ་གྱུར་པས་རིག་བྱེད་པའི་སྒྲ་རྣམས་ནི་བདེན་པའི་དོན་ཅན་ནམ་བརྫུན་པའི་དོན་ཅན་ཉིད་དེ། རྣམ་པ་ཀུན་དུ་དོན་མེད་པར་འགྱུར། དོན་མེད་པར་གསལ་བའི་ཕྱིར་སྐྱེས་བུས་ལེགས་པར་བྱས་པ་ཁས་ལེན་པར་བྱེད་ན། སྐྱེས་བུ་སྤོང་བས་ལོག་པའི་དོན་ཅན་
ལྡོག་པས་སེམས་ལ་དྲི་མ་མེད་པར་བྱས་ནས། ཡང་ལེགས་པར་བྱས་པ་འདོད་པས་དྲི་མ་དེ་ཉིད་ཕྱིར་འཇོག་པར་བྱེད་པའི་ཕྱིར། དངོས་སུ་གླང་པོ་ཁྲུས་འདྲར་འགྱུར་ཏེ། གླང་པོ་ཆེ་ནི་དྲི་མ་བསལ་བར་བྱ་བའི་ཕྱིར་ཁྲུས་བྱས་ནས་ཡང་འདམ་གྱིས་བདག་ཉིད་ལ་གོས་པར་བྱེད་དོ། །གཞན་ཡང་
སྒྲ་དང་དོན་དག་གི་འབྲེལ་པ་ཡོད་པར་འགྱུར་ན། རྟག་པའམ་མི་རྟག་པར་འགྱུར་ཏེ། དངོས་པོ་ལ་རྣམ་པ་གཞན་མེད་པའི་ཕྱིར་རོ། །གལ་ཏེ་མི་རྟག་པ་ཡིན་ན་དེ་ལ་ཡང་བརྟག་པ་གཉིས་བྱ་སྟེ། སྐྱེས་བུའི་འདོད་པས་འཇུག་པ་ཅན་ཡིན་ཏེ། བརྐྱང་བསྐུམ་ལ་སོགས་པ་དང་འདྲ་བར་སྐྱེས་བུའི་
འདོད་པའི་དབང་གིས་འབྱུང་བར་འགྱུར་བའམ། མི་འཇུག་པ་ཅན་ཡིན་ཏེ། འདི་ནི་མྱུ་གུ་ལ་སོགས་པ་དང་འདྲ་བར་སྐྱེས་བུའི་འདོད་པའི་དབང་གིས་འཇུག་པ་མ་ཡིན། དེ་ལ་མི་རྟག་པ་ཡིན་ན་གལ་ཏེ་སྐྱེས་བུ་ལ་རག་ལས་པ་མ་ཡིན་པ་དེའི་ཚེ། དེ་ནི་སྐྱེས་བུ་ལ་རག་ལས་པ་མ་ཡིན་པ་ཉིད་

ཡོད་ན། ཡུལ་ལ་སོགས་པ་གྱུར་པ་སྟེ། ཡུལ་ལ་སོགས་པ་རྣམ་པ་གཞན་ཉིད་དུ་གྱུར་པས་སོ། །སོགས་པའི་སྒྲས་ནི་དུས་དང་གནས་སྐབས་གཟུང་ངོ་། །སྐྱེས་བུའི་བསམ་པ་ཇི་བཞིན་དུ་སྟེ་སྐྱེས་བུ་གང་གིས་ཇི་ལྟར་བསྟན་པར་འདོད་པ་དེ་ལྟར་སྒྲ་དེས་སྟོན་པར་
མི་འགྱུར་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། སྐྱེས་བུས་སྟོན་པར་འདོད་པ་ཡོད་ན་ཡང་རག་ལུས་པ་མེད་པའི་སྒྲ་ནི་འགའ་ཞིག་ཏུ་ཡང་མི་རུང་བའི་ཕྱིར་ཏེ། སྐྱེས་བུས་སྦྱར་བ་འགའ་ཞིག་ཏུ་ཡང་མི་ནུས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རི་བོ་ལ་སོགས་པ་དང་འདྲ་བ་སྟེ། དཔེར་
ན་རི་བོ་ལ་སོགས་པ་སྐྱེས་བུ་ལ་རག་ལས་པ་མ་ཡིན་པ་དག་ནི་འདོད་པ་ཡིན་དུ་ཟིན་ཀྱང་ཇི་ལྟར་འདོད་པ་བཞིན་དུ་སྦྱོར་བ་ནུས་པ་མ་ཡིན་པ་དེ་དང་འདྲའོ། །ཡུལ་ལ་སོགས་པ་གཞན་དུ་གྱུར་པ་བསམ་པ་ཇི་ལྟ་བ་བཞིན་དུ་སྟོན་པ་ནི་མཐོང་སྟེ། ཡུལ་གཞན་ལ་སོགས་པ་ལ་དོན་གཞན་པ་ཅན་གྱི་སྒྲ་དེ་ཉིད་
ནི། ཡུལ་ལ་སོགས་པ་དོན་གཞན་དུ་སྟོན་པ་དམིགས་པའི་ཕྱིར་རོ། །དེ་བས་ན་སྐྱེས་བུ་རྣམས་ལ་འབྲེལ་པ་རག་ལས་པ་མེད་པ་མ་ཡིན་ནོ། །འབྲེལ་པ་མི་རྟག་པ་སྐྱེས་བུ་ལ་རག་ལས་པ་ཉིད་མ་ཡིན་པ་དེའི་ཉེས་པ་བཤད་མ་ཐག་པ་གང་ཡིན་པའི་ཉེས་པ་འདི་ཉིད་ནི་འབྲེལ་པ་རྟག་པའི་ཡང་
སྐྱོན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འབྲེལ་པ་དེའི་རྟག་པའི་ངོ་བོ་སྟེ། རྟེན་པའི་རང་བཞིན་ཡུལ་ལ་སོགས་པ་གཞན་དུ་གྱུར་པས་གཞན་དུ་གྱུར་པ་མི་རུང་བའི་ཕྱིར་ཏེ། ནམ་མཁའ་དང་འདྲ་བར་རྣམ་པ་གཞན་ཉིད་དུ་མི་རུང་བའི་ཕྱིར་རོ། །གལ་ཏེ་དོན་གཅིག་ལ་ངེས་པར་འབྲེལ་པར་གྱུར་ན་ཉེས་
པ་འདིར་འགྱུར་མོད་ཀྱི། འོན་ཏེ་དོན་ཐམས་ཅད་ལ་འབྲེལ་པ་མཚུངས་པར་གནས་པ་ཡིན་ནོ་ཞེ་ན། གནས་སྐབས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲེལ་པའི་གནས་སྐབས་ལ་དོན་རྟོགས་པར་གྱུར་པའི་དོན་ཐམས་ཅད་ལ་མཚུངས་ཤིང་འདྲ་བ་ཡིན་ཏེ། འདོད་པའི་དོན་གང་ཡིན་པ་དེ་ལ་
སོ་སོར་ངེས་པ་མེད་པའི་ཕྱིར་རོ། །དེ་ཉིད་ལ་ངེས་པ་མེད་པའི་ཕྱིར། དོན་ཐམས་ཅད་དང་ཐུན་མོང་དུ་གྱུར་པ་དེ་ལས་མངོན་པར་འདོད་པའི་དོན་གྱི་ཁྱད་པར་རྟོགས་པར་མ