Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 175
Văn bản gốc(Tây Tạng)
Trang 19 / 24 (50.000 ký tự/trang)
་ལ་དྲི་ཟའི་ཡོན་ཏན་ཉིད་ཡིན་པར་སྒྲུབ་པའི་སྐབས་མ་ཡིན་ནོ། །དེས་ན་དེ་བསྟན་པ་ན་ཡང་འགལ་བ་མ་ཡིན་ནོ་ཞེ་ན། གཞན་ལ་མཚུངས། དེ་ལྟར་ནི་དྲི་ལ་སའི་ཡོན་ཏན་ཉིད་ཀྱི་སྐབས་མ་ཡིན་པ་དེ་གཞན་ལ་ཡང་སྟེ། སྒྲ་ལ་ ཡང་ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པ་མཚུངས་ཤིང་འདྲ་བ་ཡིན་ནོ། །དེ་བས་ན་དེ་བཟློག་པར་བྱ་བ་ཡིན་པའི་ཕྱིར་སྐྱོན་དུ་མི་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། ཅི་སྟེ་འདིར་ཆོས་ཅན་སྐབས་ཡིན། ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པ་འདི་ལ་ཆོས་ཅན་སྒྲའི་སྐབས་ཡིན་ཏེ། དེ་ལ་མི་རྟག་པ་ཉིད་ དུ་དམ་བཅའ་བའི་ཕྱིར་རོ། །དེ་བས་ན་ཉེས་པ་དེ་ནི་དེ་ལས་བཟློག་པ་ཉིད་ཀྱི་ཕྱིར་ཡིན་གྱི། སའི་ཡོན་ཏན་ཉིད་ནི་མ་ཡིན་ཏེ། དེའི་ཆོས་ཅན་གྱི་སྐབས་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། དེ་ལན་མིན་ཏེ་རྒོལ་བས་བཀོད་པའི་སྐབས་ཡིན་པ་དེ་ལྟར་ན་ཆོས་ཅན་ལ་བརྟེན་པས་ནམ་མཁའི་ཡོན་ཏན་ཉིད་བཟློག་པ་ལ་ སྐྱོན་བརྗོད་པ་མ་ཡིན་ཞིང་གང་གིས་སའི་ཡོན་ཏན་ཉིད་བཟློག་པ་ལ་མི་འགྱུར་རོ། །འོ་ན་ཅི་ཡིན་ཞེ་ན། བསྟན་བཅོས་དོན་སྒྲུབ་བྱེད། སྐབས་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན། རྒོལ་བས་བཀོད་པ་ཉིད་ཡིན་པའི་ཕྱིར་མི་རྟག་པ་ཉིད་ལ་སོགས་པ་བསྒྲུབ་པར་བྱ་བའི་ཆོས་ཀྱང་སྐབས་ཉིད་ལ་ལྟོས་པར་འགྱུར་རོ། ། དེས་ན་གལ་ཏེ་ཆོས་ཅན་གྱི་སྐབས་མ་ཡིན་པ་དེ་ལྟར་ན། ཆོས་ཅན་ལ་གྲགས་པའི་ཆོས་གཅིག་ཀྱང་ལ་ལར་འགའ་ཞིག་དང་འགལ་ན། བསྒྲུབ་པར་བྱ་བ་ལས་བཟློག་པའི་ཕྱིར་འགལ་བ་དེ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆོས་ཅན་ཆོས་སོགས་སྒྲུབ་བྱེད་ཀྱི། །ཅི་སྟེ་རྒོལ་འདོད་སྒྲ་འགྱུར་ན། །ཅི་སྟེ་རྒོལ་བ་འགའ་ ཞིག་ཀྱང་ཆོས་ཅན་གྱི་བྱེ་བྲག་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་སྒྲུབ་པར་འགྱུར་ཏེ། དཔེར་ན་ཆོས་ཅན་གྱི་བྱེ་བྲག་གང་ཡིན་པ་དེ་ནི་བསྒྲུབ་པར་བྱ་བ་ཡིན་ཏེ། ཆོས་ཅན་ཆོས་ཉིད་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་བཞིན་ནོ། །སོགས་པ་སྨོས་པ་ནི། གང་དང་གང་བསྒྲུབ་པར་བྱ་བའི་སྤྱིའི་ཕྱོགས་གཅིག་གི་བྱེ་བྲག་ གིས་གང་ཡིན་པ་དེ་ནི་བསྒྲུབ་པར་བྱ་བ་ཉིད་དུ་རྒོལ་བས་འདོད་པ་ཡིན་ཏེ། དཔེར་ན་བསྒྲུབ་པར་བྱ་བའི་ཆོས་ལྟ་བུའོ། །དེ་བཞིན་དུ་ཆོས་ཀྱི་ཁྱད་པར་ཡང་ཡིན་ནོ་ཞེ་ན། འདི་ལྟར་ཆོས་ཅན་ཆོས་སོགས་སྒྲུབ་བྱེད་ཀྱིས་རྒོལ་བའི་འདོད་པ་འགྲུབ་པར་མི་འགྱུར་ཏེ། བཟློག་ན་གནོད་པ་ཅན་གྱི་ཚད་མ་མིན་པས་ཁྱབ་ པ་མེད་པའི་ཕྱིར་རྗེས་སུ་དཔག་པ་ལྷག་མ་དང་ལྡན་པ་ཉིད་དུ་འགྱུར་རོ། །གཞན་ཡང་། གནས་སྐབས་འགའ་ཡིས་འདོད་འགྱུར་བ། །རྒོལ་བའིའོ། །དེ་ཡང་སྟེ་འདོད་པའོ། །སྐབས་སུ་བབ་པ་དེ་དག་གིས་རྟོགས་འགྱུར། ནུས་པ་རྒྱུར་གྱུར་པ་གང་གིས་འདོད་པ་རྟོགས་པར་འགྱུར་རོ། །ཁྱོད་ཀྱི་འདོད་པའི་སྟོབས་ཀྱིས་ ཡིན། །ཞེས་བྱ་བ་མངོན་པར་འདོད་པའི་ཡུལ་མ་ཡིན་པ་སྨྲ་བ་གཞན་གང་ཡིན་པ་དེ་ལ་རིགས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། གསལ་བར་དབང་ཕྱུག་དག་གིས་བྱས་པ་ཡིན་ནོ། །གཞན་ཡང་། འབྲས་བུའི་རྟགས་ཅན་མིན་དེ་བརྗོད། །དེ་སྐད་དུ་རྒོལ་བའི་འདོད་པ། འཁྲུལ་པ་ཡིས་ནི་ གནོད་པར་འགྱུར། །འདི་ལ་འབྲས་བུའི་རྟགས་ཡོད་པ་མ་ཡིན་པས་ན་ཞེས་ཚིག་རྣམ་པར་སྦྱར་རོ། །འབྲས་བུར་གྱུར་ན་འདོད་པ་སྒྲུབ་པ་ཡིན་པར་འགྱུར་ཏེ། དེ་ཡང་འདོད་པ་མ་ཡིན་པ་དེ་ལྟར་ན་འཁྲུལ་པ་ཡིན་ནོ། །གཞན་ཡང་གལ་ཏེ་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་བསྒྲུབ་པར་བྱ་བའི་ཆོས་མེད་ན་མི་འབྱུང་བ་ མ་ཡིན་པ་ལ་གནོད་པར་འགྱུར་བ་དེའི་ཚེ་དེ་ལ་མེད་ན་མི་འབྱུང་མིན་དོན་ལའང་། གནོད་འགྱུར་གཞན་ལ། སྐབས་སུ་བབ་པའི་བསྒྲུབ་པར་བྱ་བའི་ཆོས་ལ་ཅི་ཞིག་གནོད། ཅུང་ཟད་ཉིད་ཀྱང་མ་ཡིན་ནོ། །གང་ཞིག་མེད་ན་མི་འབྱུང་བར་མི་འགྱུར་བ་གང་ཡིན་པ་དེ་ལ་གནོད་པ་ན། དེ་ལ་གནོད་པ་མ་ཡིན་པ་དེ་ལྟར་ན། མེད་ན་མི་འབྱུང་བ་མ་ཡིན་ན་བསྟན་བཅོས་ལ་མཐོང་བ་ལ་གནོད་པ་ན། རྒོལ་བས་འདོད་པའི་བསྒྲུབ་པར་བྱ་བ་གནོད་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། གྲུབ་པ་ཉིད་ཡིན་ནོ། །དེ་ལྟར་ནི་རང་གི་སྤྱོད་ཡུལ་ལ་སྟེ་རང་གི་བསྒྲུབ་པར་བྱ་བ་ལ་རྗེས་དཔག་དངོས་པོའི་སྟོབས་ཀྱིས་ཞུགས་པ་ལུང་ལ་ལྟོས་པ་མེད་པར་ བཤད། རྗེས་སུ་དཔག་པ་དེས་གྲུབ་དངོས་པོ་ཅུང་ཟད་དེ་ནི་ལེགས་པར་གྲུབ་པ་དེ་རྣམ་པ་གཞན་དུ་བྱ་བར་ནུས་པ་མ་ཡིན་ནོ། །དེ་ཚེ་བསྟན་བཅོས་ལ་མཐོང་མེད། །གནོད་པའམ་མེད་པ་ཞེས་ཏེ། བསྟན་བཅོས་དེ་ཐོས་པ་མེད་པའི་ཕྱིར་རོ། །དེ་ལྟར་ནི་འགྱུར་མོད། གལ་ཏེ་རྩོད་དེར་དེ་ཚེ་འགྱུར། །བསྟན་བཅོས་ ཁས་བླངས་ནས་རྩོད་པའི་སྐབས་སུ་གྱུར་པ་ཡིན་པ་དེས་དེ་ལ་གནོད་པ་ན། རྒོལ་བས་རྩོད་པ་དེ་དོར་བར་འགྱུར་བ་དེ་ལྟར་ན། དེའི་ཁས་བླངས་པ་ཉམས་པར་འགྱུར་རོ་ཞེ་ན། དེའི་ཚེ། དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པས་དཔྱོད་པའི་དུས་ན་སྐྱོན་དེ་མིན་ཏེ། ཁས་མི་ལེན་པའི་ཕྱིར་བསྟན་བཅོས་ ཁས་བླངས་པ་མེད་པའི་ཕྱིར་རོ། །ཁས་བླངས་པ་ཡང་དཔྱོད་པ་མི་རུང་བའི་ཕྱིར་རོ། །ཁས་བླངས་པ་ཉམས་པ་མ་ཡིན་ནོ། །དེ་ལྟར་ཁས་ལེན་ན་སྟེ། ཁས་ལེན་པར་བྱེད་ནའོ། །དཔྱོད་པ་འདི་ཐབས་ཡིན་དེས་ན་སྔར་དཔྱད་ཅིང་ཕྱིས་ལེན་པ་ཡིན་ནོ། །དེ་ལྟར་ན་དཔྱོད་པའི་དུས་ན་ཁས་བླངས་པ། དེ་ཚེ་ཡོད་ཀྱང་ ཡན་ལག་མིན། །དཔྱོད་པའི་དུས་ན་ཡོད་ན་ཡང་བསྟན་བཅོས་ཀྱི་དོན་ཁས་ལེན་པ་ཡན་ལག་ཉིད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་མངོན་སུམ་ལ་སོགས་པའི་ཡུལ་གསུམ་ཡིན་ཏེ། དེ་ལ་མངོན་སུམ་དང་། རྗེས་སུ་དཔག་པའི་ཡུལ་ནི་སྔར་རྣམ་པར་དག་པར་བྱ་བ་དག་ཡིན་ཏེ། དེ་ལྟར་རྣམ་པར་དཔྱོད་པས་ ཡུལ་ནི་གཉིས་པོ་དག །རྣམ་པར་དག་པའི་ཕྱིར། བསྟན་བཅོས་ཡོངས་སུ་ལེན་པར་བྱེད་པར་འདོད་པ་དུས་དེར་འགྱུར། ཡོངས་སུ་བརྟགས་པའི་དུས་ལས་དུས་ཕྱིས་བསྟན་བཅོས་ལེན་པར་འགྱུར་རོ། །དེ་ཚེ་བསྟན་བཅོས་ཉིད་ཀྱིས་གནོད་པར་རྒོལ་བ་ལ་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེ་དང་འགལ་བ་སྟེ། བསྟན་ བཅོས་དང་འགལ་བས་སོ། །དེ་གྲུབ་པའི་དོན་ཏེ་བསྟན་བཅོས་ལ་མཐོང་བའི་དོན་དག་ལ་དཔྱོད་པ་གང་ཡིན་པ་དེའི་དཔྱོད་དུ་མི་རུང་ཉིད་ཕྱིར་རོ། །བསྟན་བཅོས་ལ་འགལ་བ་ཡོད་ན་དེས་བསྟན་པའི་དོན་མི་རུང་བའི་ཕྱིར་ཏེ། གཏན་མེད་པའི་དཔྱད་པ་མི་འཇུག་གོ་ཞེས་བྱ་བའི་དོན་ཏོ། །དེ་དེ་ལྟར་ན་ཡུལ་གཉིས་ རྣམ་པར་དག་པའི་ཕྱིར་གནས་གསུམ་པ་ལ་རྗེས་སུ་ཞུགས་པ་ཡིན་ཏེ། དེ་གང་གི་ཚེ་ཁས་ལེན་པར་འགྱུར་བ་དེའི་ཚེ། དེའི་གནས་གསུམ་པ་ལ་འཕོ་བར་འགྱུར་བ་དེ་ལ། གནས་གསུམ་པར་ནི་འཕོ་བ་ན། །ཡོད་ན་བསྟན་བཅོས་ཁས་ལེན་པ་རིགས་ལྡན་ཡིན། དེའི་ཚེ་དེས་བསྟན་པའི་དོན་དཔྱོད་པ་ལ་ ལུང་གནོད་པ་ཅན་ཡིན་ནོ། །དེ་ལའང་དེ་ལྟར་བསྟན་བཅོས་ཡོངས་སུ་ལེན་པ་ན། བསྟན་བཅོས་ལ་མཐོང་བ་གནོད་པར་བྱ་བའི་དོན་ཐམས་ཅད་བསལ་བར་བྱ་བ་ནི་མ་ཡིན་གྱི། འོན་ཀྱང་སྐབས་སུ་བབ་པ། བསྒྲུབ་པར་བྱ་བའི་ཆོས་མེད་ན་མི་འབྱུང་སྟེ། དཔེར་ན་མི་རྟག་པ་ཉིད་ཀྱིས་བདག་མེད་པ་ཉིད་ལ་སོགས་ པ་ལྟ་བུའོ། །དེ་ཉིད་ལ་གནོད་པ་དག །བསལ་བར་བྱ་བའི་གཞན་མིན་ཏེ། །གཞན་གནས་སྐབས་ལ་བབ་པའི་བསྒྲུབ་པར་བྱ་བའི་ཆོས་དང་མ་འབྲེལ་པ་དག་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཐུག་པ་མེད་པར་ཐལ་ཕྱིར་རོ། །དྲི་ལ་སོགས་པ་ལ་སའི་ཡོན་ཏན་ཉིད་ལ་སོགས་པ་གསལ་བ་ན། བྱས་པ་མི་ རྟག་པ་ཉིད་སྒྲུབ་པར་བྱེད་པའི་ཕྱིར་བརྗོད་པ་ན་ཡང་འགལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བསྟན་བཅོས་ཁས་བླངས་ནས་རྩོད་པར་བྱ་བ་ཡིན་ནོ་ཞེས་བརྗོད་པ་གང་ཡིན་པ་དེ་དང་དེ་ཡང་རིགས་པ་མ་ཡིན་ཏེ། གང་ལ་ལུང་གི་དོན་དཔྱོད་པའི་སྐབས་སུ་གྱུར་པ་དེ་ལ་བསྟན་བཅོས་ཁས་བླངས་པ་མེད་པར་ དེ་རྣམ་པར་གཞག་པའི་དོན་དག་ལ་དཔྱོད་པ་ཉིད་མི་འཇུག་པའི་ཕྱིར་རོ། །གང་གི་ཚེ་བསྟན་བཅོས་ལ་ལྟོས་པ་མེད་པར་དཔྱོད་པ་ན། གྲུབ་པ་ལ་གགས་བྱེད་པ་ཅུང་ཟད་ཀྱང་མེད་པ་དེའི་ཚེ། ལུང་ལ་གྲགས་པ་མ་ཡིན་པའི་དོན་ལ། དཔྱོད་པ་ཀུན་ལ་བསྟན་བཅོས་དག །བཟུང་ཞེས་ལུགས་འདི་གང་གིས་བྱས། ། འགའ་ཞིག་གིས་ཀྱང་བྱས་པ་རིགས་པ་ཉིད་མ་ཡིན་ནོ། །དེ་ནི་ད་ནི་ཞེས་བྱ་བ་ལ་སོགས་པས་རིགས་པ་མ་ཡིན་པར་སྟོན་པར་བྱེད་དོ། །གལ་ཏེ་གྲུབ་པའི་མཐའ་ཁས་ལེན་པ་ཅན་སྔོན་དུ་སོང་བ་ཅན་གྱི་དཔྱོད་པ་ཡོད་ན། དངོས་པོ་གྲུབ་ཀྱི། དེ་ལྟ་མ་ཡིན་ན་དངོས་པོའི་འབྲེལ་པ་ཡོད་ན་ཡང་མ་ཡིན་ནོ་ཞེས་རྣམ་ པར་གཞག་པ་ཡིན་ན། ད་ནི། འོ་ན་གྲུབ་མཐའ་མེད་རྣམས་ཀྱིས། །གང་དག་གྲུབ་པའི་མཐའི་མིང་ཡང་མེད་པའི་གནག་རྫི་མོ་ལ་སོགས་པ་དེ་དག་གིས་དུ་བས་ཏེ་རྟགས་མེད་ན་མི་འབྱུང་བ་དག་གིས་ཀྱང་མེ་ནི་འཛིན་མི་འགྱུར། ཡོད་པ་ཉིད་དུ་ངེས་པ་མ་ཡིན་ཏེ། བསྟན་བཅོས་ཡོངས་སུ་བཟུང་བ་མེད་པས། གྲུབ་པ་ལ་གགས་བྱེད་པའི་ཕྱིར་རོ། །ཅི་སྟེ་བསྟན་བཅོས་ཡོངས་སུ་བཟུང་བ་མེད་པར་ཡང་། གྲུབ་པ་ལ་གགས་བྱེད་པ་མེད་ན། འོ་ན་ནི་བསྟན་བཅོས་ཡོངས་སུ་འཛིན་པ་ཅུང་ཟད་ཀྱང་བྱེད་པ་མ་ཡིན་ནོ། །དེ་བས་ན་བསྟན་བཅོས་ཡོངས་སུ་འཛིན་པ་རིགས་པས་ཐོབ་པ་མ་ཡིན་ནོ།། །། ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་སུམ་ཅུ་རྩ་བདུན་པ། གལ་ཏེ་ཅི་སྟེ་རྩོད་པའི་དུས་ན་བསྟན་བཅོས་ཡོངས་སུ་གཟུང་བར་བྱ་བ་ཉིད་ཡིན་ནོ་ཞེས་རྣམ་པར་གཞག་པ་དེ་བྱས་ན་གཟུང་བར་བྱ་བ་ཉིད་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར་འཇིག་རྟེན་ན་གྲགས་ པའམ། སྐྱེས་པས་ལྷན་ཅིག་བྱས་པ་འབྲེལ་པར་འགྱུར་གྲང་སྟེ། དཔེར་ན་རྣ་བ་ལ་སོགས་པ་ལྟ་བུའམ། བདག་ཉིད་དང་ཡོན་ཏན་དང་སྐྱོན་ཡོངས་སུ་རྟོགས་པའི་ཚད་མའི་དབང་གིས་དོན་ཁས་ལེན་པའི་ཚད་མས་བྱས་པ་ཡང་ཡིན་གྲང་ན། རེ་ཞིག་སྔ་མ་ནི་མ་ཡིན་ཏེ། ཁས་ལེན་པ་འགའ་ཞིག་ གིས་སྐྱེ་བོ་རེང་བུར་སྐྱེས་འགྱུར་བའིའོ། །གཉིས་པ་ཡང་མ་ཡིན་ཏེ། ལུང་ཙམ་གྱིས་ཡོན་ཏན་ཉེས་པ་མ་མཐོང་བ་ལའོ། །དེ་བས་ན། གྲུབ་མཐའ་ངན་པ་འཛིན་བྱེད་པ། །འདི་ནི་གང་ལས་རྙེད་པ་ཡིན། །དཔེར་ན་ལུང་འདི་མ་ཡིན་གྱི་འདི་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ་སྟེ་མ་ཡིན་པ་ཉིད་ཡིན་ནོ། །གྲུབ་མཐའ་ ཉིད་ངན་པ་འཛིན་པ་ཡིན་ཏེ། དེ་ལ་མོས་པ་དེ་ལས་དབྲལ་བར་མི་ནུས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི། དཔྱས་པ་ཉིད་ཡིན་ནོ། །རྣམ་པར་གཞག་པ་ཙམ་ཡང་ལུང་འགའ་ཞིག་གི་ཡང་མ་ཡིན་པ་དེ་ལྟར་ན། དེ་དང་འབྲེལ་པ་གང་ལས་ཡིན། །གང་གིས་ན་དེ་གདོན་མི་ཟ་བར་དཔྱོད་པའི་དུས་ན་ཁས་བླང་བར་བྱ་ བ་ཡིན། དེ་མེད་པར་ཡང་གྲུབ་པ་ལ་གགས་བྱེད་པ་མེད་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་བསྟན་བཅོས་ལ་མཐོང་བས་གནོད་པར་བྱ་བ་སྒྲུབ་པར་བྱེད་པའི་ནུས་པ་ཡང་། ལ་ལར་གནོད་པ་སྐྱེད་པར་འགྱུར་བ་དེའི་ཚེ། འདི་ཐོབ་པར་འགྱུར་ཏེ། གལ་ཏེ་སྒྲུབ་པར་བྱེད་གཅིག་ལ། །རྒོལ་བ་ཁ་ཅིག །བསྟན་ བཅོས་ཐམས་ཅད་དཔེ་དག་ཏུ་སྟོན་པ་དེའི་ཚེ་སྒྲུབ་བྱེད་འགྱུར་རོ། །དེ་ལྟ་མ་ཡིན་ན། ཆོས་གཅིག་མ་བསྟན་པ་ན་ཡང་རྗེས་སུ་འགྲོ་བ་ཅན་དེ་ཉིད་ལ་གནོད་པའི་ཕྱིར། གཏན་ཚིགས་ཐམས་ཅད་འགལ་བ་དང་དཔེ་བསྒྲུབ་པར་བྱ་བས་སྟོང་པར་འགྱུར་རོ་ཞེ་ན། འདི་ཡང་ནུས་པ་མ་ཡིན་ཏེ་རིགས་པ་འགའ་ ཞིག་ཀྱང་ཡོད་པ་མ་ཡིན་པ་དེ་ལྟར་ན། དེ་དག་འཇིག་རྟེན་འདས་ལུགས་སམ་ཞེས་བཞད་གད་དུ་མཛད་པའོ། །གཞན་ཡང་སྐབས་སུ་བབ་པའི་བསྒྲུབ་པར་བྱ་བའི་ཆོས་དེ་ལས་གཞན་པའི། འབྲེལ་པ་མེད་པ་གང་ཡིན་པ་སྟེ། འབྲེལ་པ་མེད་པའི་ཆོས་ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པ་མ་གྲུབ་ ན། སྐབས་སུ་བབ་པའི་བསྒྲུབ་པར་བྱ་བའི་ཆོས་དང་། གཏན་ཚིགས་དག་ནི་ཅིས་མི་འགྲུབ། །དེ་བསྒྲུབ་ཕྱིར་སྐབས་སུ་བབ་པའི་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པའི་ཕྱིར་བཤད་པ་གང་ཡིན་པ་དེ། ཅིས་གནོད་འགྱུར་ཏེ་འགལ་བར་འགྱུར། དེ་ལ་ནི་གྲུབ་པར་འགྱུར་ན། བདག་ཉིད་བསྒྲུབ་པར་བྱ་བ་དེ་ལ་གྲུབ་པར་ འགྱུར་ཞིང་། འབྲེལ་པ་མེད་པའི་དོན་གཞན་ལ་གྲུབ་པ་མེད་པར་འགྱུར་ན་ཡང་ངོ་། །འབྲེལ་པ་མེད་པ་གྲུབ་པའམ་མི་འགྲུབ་ཀྱང་རུང་སྐབས་སུ་བབ་པ་གྲུབ་པ་ཉིད་ཀྱིས་དེ་མེད་ན་མི་འབྱུང་བ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བསྟན་བཅོས་ཀྱི་དོན་ལ་གནོད་པར་བྱ་བ་ལ་བསྒྲུབ་པར་བྱ་བར་འདོད་ པ་ཉིད་གྲུབ་པར་མི་འགྱུར་རོ་ཞེ་ན། དེ་དང་དེ་ཡོད་པ་མ་ཡིན་ཏེ། འདི་ལྟར་བསྒྲུབ་པར་བྱ་བའི། ཆོས་ཅན་གྱི་བསྟན་བཅོས་ལ་མཐོང་བའི་ཆོས་ནི་ཇི་སྙེད་པ་དེ། མ་ལུས་པ། དཔེ་ནི་ཉེ་བར་འགོད་མ་ཡིན། །འགྲོ་བ་སེམས་ལྡན་མེ་ལ་སོགས། །བསྒྲུབ་པར་བྱ་བ། རྗེས་སུ་དཔོག་གང་ལས་ཤེ་ན། །ཚིག་དང་དུད་སོགས་ ལས་ཏེ་རང་གི་བསྒྲུབ་པར་བྱ་བ་མེད་ན་མེད་པའི་རྟགས་ལས་སོ། །དཔེར་ན་སྐྱེས་བུ་འདི་སེམས་དང་ལྡན་པ་ཡིན་ཏེ། སྨྲ་བའི་ཕྱིར། བདག་བཞིན་ནོ་ཞེས་བྱ་བ་སྒྲུབ་པར་བྱེད་པའི་བྱེད་པ་པོ་སྐྱེས་བུ་ལས་ཐ་དད་པའི་དོན་དམ་པའི་སྐྱེས་བུ་མེད་པ་ཡང་སྒྲུབ་པར་བྱེད་པ་དེ་ལྟར་ན་འགལ་བ་བརྗོད་པ་ཡིན་ན་ཡང་། སེམས་དང་ལྡན་པ་རྟོགས་པར་འགྱུར་བ་ལྟ་བུའོ། །དུ་བ་དངོས་པོར་གྱུར་པ་ལས་མེ་དང་ལྡན་པའི་ས་ཕྱོགས་བསྒྲུབ་པར་བྱ་བ་ལ་ད་ལྟར་དང་འདིར་ཁྱོད་ཀྱི་འདོད་པའི་བསྒྲུབ་པར་བྱ་བ་ཉིད་དུ་མངོན་པར་འདོད་པའི་མེ་དང་འབྲེལ་པ་མེད་ན་ཡང་སྒྲུབ་པར་བྱེད་དོ་ཞེས་བཤད་པ་ན་ཡང་ཤུགས་ཀྱིས་མི་འགྲུབ་པ་ལྟ་ བུའོ། །གཞན་ཡང་རང་བཞིན་དང་སྟེ་ཤིང་ལ་སོགས་པ་ལྟ་བུའོ། །རྒྱུ་ནི་མེ་ལ་སོགས་པའོ། །དོན་གྱིས་ནི་རང་བཞིན་དུ་གྱུར་པའི་ཤིང་ཤ་པ་ལ་སོགས་པའམ་འབྲས་བུ་དུ་བ་ལ་སོགས་པས་སོ། །འཁྲུལ་པ་མེད་པར་སྒྲུབ་པ་ན། རྒོལ་བ་འགའ་ཞིག་གི་རྩོད་གནོད་པ་ལ། དེ་ལ་གནོད་པའི་ ཕྱིར་རང་བཞིན་བདག་ཉིད་ལས་དེ་མེད་ན་མི་འབྱུང་བའི་དོན་ལྡོག་པར་མི་འགྱུར་ན་གང་གིས་ནི་རང་གི་ཡུལ་ལ་ཤེས་པ་སྐྱེད་པར་མི་བྱེད། རྟོགས་པར་བྱེད་པ་གཞན་གྱིས་ཀྱང་། སྐྱེས་བུས་བསྒྲུབ་བྱར་འདོད་པའི་དོན་དག་དང་། མེད་ན་མི་འབྱུང་དེ་གཏན་ཚིགས་མེད་ན་མི་འབྱུང་བ་ཅན་ གྱི་གཏན་ཚིགས་ལ་དོན་རྟོགས་པ་གང་ཡིན་པ་དེ་ཉིད་མེད་ན་མི་འབྱུང་བ་ཉིད་ཀྱིས་གཏན་ཚིགས་ལ་དེ་རྟོགས་པ་གང་ཡིན་པ་དེ་ཉིད་བསྒྲུབ་པར་བྱ་བའི་དོན་ཉིད་དུ་གྲུབ་པ་ཡིན་ནོ་ཞེས་དེ་ཉིད་ཀྱིས་རྟོགས་པ་ཡིན་ནོ། །གཞན་ཡང་སྐབས་ལ་བབ་པའི་བསྒྲུབ་ པར་བྱ་བའི་ཆོས་སྒྲུབ་པར་བྱེད་པས་བསྟན་བཅོས་ཀྱི་དོན་གང་ལས་གནོད་པར་བྱེད་པར་འགྱུར་ཏེ། དཔེར་ན་མི་རྟག་པ་ཉིད་ལ་སོགས་པའི་སྒྲུབ་པར་བྱེད་པས་ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པ་ལྟ་བུའོ། །དེ་ལ་ཅི་རྒོལ་བས་བྱས་པ་ཉིད་ཅེས་བྱ་བའི་གཏན་ཚིགས་དེ་བརྗོད་པས་ དེ་གནོད་པ་ཅན་དུ་འབྱུང་བ་ཡིན་ནམ། འོན་ཏེ་བརྗོད་ཀྱང་རུང་མི་བརྗོད་ཀྱང་རུང་དངོས་པོ་ཉིད་ཀྱིས་ཡིན་གྲང་ན། གལ་ཏེ་གཏན་ཚིགས་བརྗོད་མི་བརྗོད། །དངོས་སུ་བསྟན་བཅོས་ལ་མཐོང་བའི་དོན་ལ་འགལ་བ་དེའི་ཚེ། འདིར་རྒོལ་བ་སྐྱོན་ཅི་གནོད། སྐྱོན་གང་གིས་ན་བསྟན་བཅོས་ཀྱི་དོན་ལ་གནོད་པ་ན་ འགལ་བ་ཡིན་ནོ་ཞེས་རྗོད་པར་བྱེད་དེ་དེ་ལྟར་ན་རྒོལ་བ་དེ་བརྗོད་པའི་སྐྱོན་གྱིས་ཏེ། བྱས་པ་ཉིད་ལ་སོགས་པའི་གཏན་ཚིགས་ཀྱིས་སོ། །བསྟན་བཅོས་གནོད་པ་སྐྱེད་མ་ཡིན། འོན་ཀྱང་དངོས་པོ་ཉིད་ལས་ཡིན་ནོ། །གལ་ཏེ་བསྟན་བཅོས་ཀྱི་དོན་ཁས་བླངས་པ་ལ་གནོད་བྱེད་དཔྱད་པ་ མེད་པར་བརྗོད་པའི་ཕྱིར་རྒོལ་བ་དེའི་སྐྱོན་ཡིན་ནོ་ཞེ་ན། དེ་ལ་གལ་ཏེ་རྒོལ་བ་དེ་གནོད་པ་ཅན་གྱི་གཏན་ཚིགས་མི་བརྗོད་པ་དེའི་ཚེ། གཏན་ཚིགས་དེས་བསྟན་བཅོས་དེ་ལ། ཅིའི་ཕྱིར་མི་གནོད། གང་གིས་ན་གནོད་པ་ཅན་བརྗོད་པའི་ཕྱིར་སྐྱོན་དང་ལྡན་པ་ཡིན་ནོ་ཞེས་བསྟན་ པར་འགྱུར། དངོས་པོ་དེ་གནོད་པ་ཅན་ཡིན་ཞིང་བསྟན་བཅོས་སྐྱོན་དང་ལྡན་པ་ཡིན་ནོ་ཞེས་རྒོལ་བ་མི་རིགས་པ་ཅུང་ཟད་ཀྱང་མི་བྱེད་དེ་རྒོལ་བ་དེས་མི་རིགས་བྱེད་མེད་རྣམ་པ་གང་གིས་དངོས་སུ་གཏན་ཚིགས་ཀྱིས་བསྟན་བཅོས་ཀྱི་དོན་ཉེས་པ་སྟེ། སུན་འབྱིན་པར་འགྱུར། གལ་ཏེ་ དངོས་སུ་བསྟན་བཅོས་ཀྱི་སྐྱོན་གྱིས་དེ་གནོད་པ་ཅན་གྱི་གཏན་ཚིགས་ཡིན་པས་ན་གནོད་པ་ཅན་གྱི་གཏན་ཚིགས་དེ་བརྗོད་པས་ཀྱང་། རྒོལ་བ་སྐྱོན་མེད་པ་ཅན་ཡིན་པ་དེའི་ཚེ་དངོས་སུ་མ་གྲུབ་པ་ལ་སོགས་པའི་གཏན་ཚིགས་ལྟར་སྣང་བར་ཡང་འགྱུར་ན་དེས་བྱས་པ་མ་ཡིན་པ་དེ་ ལྟར་ན། དེ་བརྗོད་པ་ན་ཡང་རྒོལ་བ་སྐྱོན་དང་ལྡན་པར་མི་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། གཏན་ཚིགས་ལྟར་སྣང་གཞན་དག་ལ། །འདོད་པ་ཉིད་དེ་བསྒྲུབ་པར་བྱ་བའི་ཆོས་ཉེ་བར་བཀོད་ནས། སྒྲུབ་མེད་ཕྱིར་རྒྱུའི་ཕྱིར། རྒོལ་བ་དོན་མེད་བརྗོད་པ་སྐྱོན་འགྱུར་ན། འདོད་ པ་ལ་གེགས་བྱེད་པའི་ཕྱིར་རོ། །སྒྲུབ་པར་བྱེད་པའི་སྦྱོར་བ་འབྲས་བུ་མེད་པའི་རྒྱུ་ཉིད་ཀྱིས་སོ། །འདི་ལ་མེད། བྱས་པ་ཉིད་ལ་སོགས་པ་མི་རྟག་པ་ཉིད་སྒྲུབ་པར་བྱེད་པའི་གཏན་ཚིགས་ཡོད་ན་བསྟན་བཅོས་ཀྱི་དོན་འབྲེལ་པ་མེད་པ་ལ་གནོད་པར་བྱེད་པ་ན་ཡང་རྒོལ་བ་ཉེས་པ་དང་ལྡན་པར་མི་ འགྱུར་རོ། །ཅིའི་ཕྱིར་ཞེ་ན། བསྒྲུབ་པར་བྱ་བར་འདོད་པ་མི་རྟག་པ་ཉིད་ལ་སོགས་པ། དེ་སྒྲུབ་ཕྱིར་ན་སྟེ་རྒྱུའི་ཕྱིར་རོ། །གཞན་ཡང་། གལ་ཏེ་བསྟན་བཅོས་ལ་ལར་འགའ། །སྐབས་མ་ཡིན་པ་རིགས་མིན་པར་འགྱུར་ཏེ། སྐབས་མ་ཡིན་པའི་སྒྲུབ་པར་བྱེད་པའི་གཏན་ཚིགས་ཡོད་པ་བསྟན་ བཅོས་ཀྱི་དོན་འབྲེལ་པ་མེད་པ་ལ་གནོད་པ་ཅན་ཐོབ་པ་དེ་ལ་སྐབས་སུ་བབ་པ། གཞན་ཡང་རིགས་པ་དང་། སྨྲ་བ་གང་ཡིན་པ་དེ་ཡང་། བསྒྲུབ་པར་བྱ་བ་སྨྲ་བ་དག་ནི་འགོག་བྱེད་པ། དཔེར་ན་ཁྱོད་མི་རིགས་པ་སྨྲའོ་ཞེས་བྱ་བ་ལྟ་བུའོ། །དེ་ལྟར་འགོག་པ་ལ་རིགས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ གྱི། འོན་ཀྱང་འདི་ནི་དེ་ལྟར་རྒྱལ་པོའི་ཆོས་ལུགས་སམ། གཞན་ཡང་བསྟན་བཅོས་ལ་མཐོང་བའི་དོན་རྣམས་ཐམས་ཅད་མཚུངས་བྱས་ནས། སྒྲུབ་པར་བྱེད་པ་བརྗོད་མི་ནུས། །བསྟན་བཅོས་ཀྱི་དོན་ཐམས་ཅད་བསྒྲུབ་པར་བྱ་བ་ཡིན་པས་གཅིག་ཀྱང་སྒྲུབ་པར་བྱེད་པ་མ་ཡིན་པ་དེའི་ཚེ། གཏན་ཚིགས་ ཐམས་ཅད་སྐྱོན་དང་ལྡན་པར་འགྱུར་རོ། །རྒྱུ་དེས་ན་བསྒྲུབ་བྱ་སྒྲུབ་བྱེད་འདི། རྣམ་གཞག་ཐམས་ཅད་ལ་སྒྲུབ་པར་བྱེད་པ་རྒྱུན་འགྱུར་བ་དེ་བས་ན། སྐབས་སུ་བབ་པའི་བསྒྲུབ་པར་བྱ་བའི་ཆོས་གྲུབ་པ་ནི། འབྲེལ་པ་མེད་པ་མ་གྲུབ་པའམ། བསྒྲུབ་པར་བྱ་བ་ཡོད་ན། སྒྲུབ་པར་བྱེད་པ་སྐྱོན་ དང་ལྡན་པ་མ་ཡིན་ནོ་ཞེས་བྱ་བ་དེར་གནས་སོ། །གལ་ཏེ་དེ་ལྟར་ན་ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པ་གཅིག་བསྒྲུབ་པར་བྱ་བ་མ་ཡིན་པ་ན། སྒྲ་མི་རྟག་པ་ཉིད་ལ་སོགས་པ་སྒྲུབ་པར་བྱེད་པའི་གཏན་ཚིགས་བྱས་པ་ཉིད་ལ་སོགས་པ་སྐྱོན་དང་ལྡན་པ་ཉིད་མ་ཡིན་ནོ། །འོ་ན་འདི་ལྟར་དོན་གཞན་མི་འདོད་ པ་ལ་ཡང་བསྒྲུབ་པར་བྱ་བ་ཡིན་ན་བསྒྲུབ་པར་བྱ་བ་ལ་ཅུང་ཟད་ཀྱང་གནོད་པ་མེད་པའི་ཕྱིར། གང་གི་ཚེ་དེ་ཉིད་ལ་མཉན་པར་བྱ་བ་ཉིད་ལ་སོགས་པས་རྟག་པ་ཉིད་ལ་སོགས་པ་གྲུབ་པར་བྱེད་པ་དེའི་ཚེ། དེ་གྲུབ་པ་ན་ཡང་འགལ་བ་མི་འཁྲུལ་པ་ཅན་གྱི་སྐྱོན་དུ་མི་འགྱུར་རོ་ཞེ་ན། དེ་ནི་མ་ ཡིན་ཏེ། འགལ་ངེས་པ་སྟེ། འགལ་བ་མི་འཁྲུལ་པ་ཅན་བསྒྲུབ་པར་བྱ་བའི་ཆོས་དེ་དག་གནོད་བྱེད་འགྱུར་རོ། །ཆོས་ཅན་གཅིག་ལ་འགལ་བ་དག །མི་རུང་ཕྱིར་ན་སྟེ། ཆོས་ཅན་སྒྲ་གཅིག་ལ་རྟག་པ་དང་མི་རྟག་པ་དག་འགལ་བ་གནས་པ་མེད་པའི་ཕྱིར་རོ། །འགལ་བ་ཉིད་གྲུབ་ན། མི་རྟག་པ་ཉིད་དུ་འདོད་པ་ཉིད་ལ་ གནོད་པར་འགྱུར་ན། འདི་ལ་ནི་དེ་འདྲའི་འགལ་བ་ཡོད་མ་ཡིན། ཇི་ལྟར་རྟག་པ་དང་མི་རྟག་པ་འདི་གཉིས་འགལ་བ་ཡིན་པ་དེ་ལྟར་ན་སྐབས་སུ་བབ་པ་དང་སྐབས་སུ་བབ་པ་མ་ཡིན་པའི་ཆོས་ཅན་དག་གི་ནང་ནས་སྐབས་སུ་བབ་པའི་བསྒྲུབ་པར་བྱ་བ་ལ་སྐབས་སུ་བབ་པ་མ་ཡིན་པ་དང་འགལ་བ་ཡོད་པ་མ་ཡིན་ན་གང་གིས་ན་ གཅིག་གྲུབ་པ་ན་གཞན་ལ་གནོད་པར་འགྱུར། དཔེར་ན་སྒྲ་ལ་མི་རྟག་པ་ཉིད་དང་ནམ་མཁའི་ཡོན་ཏན་ཉིད་མེད་པ་དག་བྱས་པ་ཉིད་ལས་གྲུབ་པ་ཐོབ་པ་ལྟ་བུའོ། །དེ་བས་ན་གནོད་པར་བྱེད་པ་མ་ཡིན་པ་དག་རྟགས་གཅིག་ལས་གྲུབ་པ་ལ་འགལ་བ་ཡོད་པ་མ་ཡིན་ནོ། །གལ་ཏེ་དེ་དག་སྐབས་སུ་བབ་པ་ དང་སྐབས་སུ་བབ་པ་མ་ཡིན་པ་དག་ཕན་ཚུན་གནོད་བྱ་དང་། གནོད་བྱེད་མིན་ནའང་། སྐབས་མ་ཡིན་པ་གཅིག་ལ་བསྟན་བཅོས་ཀྱི་དོན་ལས་ཕྱིན་ཅི་ལོག་ཏུ་གྲུབ་ན། བསྟན་བཅོས་ཀྱི་བསླད་པར་འགྱུར་བ་དེ་ལྟར་ན། བསྟན་བཅོས་དོན་བསླད་ཕྱིར། རྒྱུའི་ཕྱིར་འབྲེལ་མེད་ལ། སྐབས་མ་ཡིན་པས་ ན་དེ་མེད་ན་མི་འབྱུང་བ་མ་ཡིན་པའང་མི་རྟག་པ་ཉིད་ལ་སོགས་པ་འདོད་པ་ལ་གནོད་པར་འགྱུར་རོ་ཞེ་ན། དེའི་ཚེ་བསྟན་བཅོས་བསླད་པར་འགྱུར་ཏེ། དེ་ཡང་བྱས་པ་ཉིད་ཀྱི་ཕྱིར་དྲི་ལ་སའི་ཡོན་ཏན་ཉིད་བཟློག་པ་ལ་ཡང་མཚུངས་པ་དེ་ལྟར་ན། སྐབས་སུ་བབ་པ་མི་རྟག་པ་ཉིད་སྒྲུབ་པ་ལ་ཡང་འགལ་ བར་འགྱུར་རོ། །དེ་ལྟར་ན་རྟགས་ཐམས་ཅད་དང་བསྟན་བཅོས་ལ་ཆོས་འགའ་ཞིག་ལ་གནོད་པར་བྱེད་པ་ན་གཞན་འགའ་གང་ཡིན་པ་དེ་ཡང་གཏན་ཚིགས་ཐམས་ཅད་ཀྱི་འགལ་བ་ཡིན་པར་མཇུག་བསྡུ་བའི་སྒོ་ནས་གནོད་བྱེད་འགྱུར་རོ། །གལ་ཏེ་ནམ་མཁའི་ཡོན་ཏན་ཉིད་ལ་སོགས་ པ་དེ་སྒྲ་ཉིད་དང་། འབྲེལ་པ་ཡོད་པ་ཡིན་གྱི་ཆོས་ཅན་དྲི་ལ་སོགས་པའི་རྒྱུ་མ་ཡིན་པའི་རྒྱུ་དེས་དེ་ཉིད་ལ། སྒྲ་ལ་སྐབས་སུ་བབ་པའི་གཏན་ཚིགས་ཀྱིས་གནོད་པར་འགྱུར། གཞན་གྱིས་གཞན་ལ་མིན་ནོ་ཞེ་ན། དེ་བདེན་མ་ཡིན་ནོ། །འདི་ལྟར་གཏན་ཚིགས་ཀུན་རང་བསྒྲུབ་བྱ་ལ། རང་གི་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ལ་ཡོན་ཏན་ཉེས་པ་དཔྱད་ཕྱིར་རོ། །དེ་དང་གཞན་ཇི་སྲིད་དུ་རང་གི་བསྒྲུབ་པར་བྱ་བ་དེ་ལ་གནོད་པའི་ཕྱིར་གཏན་ཚིགས་ཀྱི་སྐྱོན་དང་ལྡན་པར་འགྱུར་ཏེ། བསྟན་བཅོས་ལས་ཁས་བླངས་པའི་ཕྱིར་དེར་གྲགས་པ་ཐམས་ཅད་བསྒྲུབ་པར་བྱ་བ་ཡིན་པ་དེ་ལྟར་ ན་ལ་ལར་ཆོས་གཅིག་ལ་གནོད་པ་ཡང་འགལ་བ་ཉིད་ཡིན་ནོ། །གཞན་ཡང་། བསྒྲུབ་བྱ་ལ་མེད་མི་འབྱུང་བའི། །འབྲེལ་པ་ཞེས་བྱ་གཞན་དེ་དང་། །བསྒྲུབ་པར་བྱ་བའི་ཆོས་མེད་ན་མི་འབྱུང་བ་ཡིན་ཏེ། དཔེར་ན་མི་རྟག་པ་ཉིད་ནི་སྡུག་བསྔལ་ལ་སོགས་པ་མེད་ན་མི་འབྱུང་བའི་ཕྱིར་ རོ། །མེད་ན་མི་འབྱུང་བ་ཉིད་ཀྱི་འབྲེལ་པའི་ཐ་སྙད་སྟེན་པ་དེ་འདིར། སྐབས་སུ་བབ་པ་མ་ཡིན་པ་བསྒྲུབ་པར་བྱ་བ་མ་ཡིན་པ་བཟློག་པ་ལ། མི་འདོད་དོ། །ཁས་ལེན་པར་མི་བྱེད་དོ། །ལྡན་པ་དང་། རྣམ་པར་ཕྱེ་བ་དང་འཕྲོད་པ་འདུ་བའི་རྒྱུ་མ་ཡིན་པ་ཉིད་ལ་སོགས་པའི་ཆོས་བཟློག་པའི་ ཕྱིར། བསྟན་བཅོས་ཀྱི་དོན་ལ་གནོད་པ་ཡིན་པ་དེ་ན། འདི་ནི་བསྟན་བཅོས་གནོད་འབའ་ཞིག །སྐྱོན་ཡིན་ནོ། །དེ་གཞན་གྱིས་བྱས་ཏེ། གཞན་བརྩལ་མ་ཐག་ཏུ་བྱུང་བའི་གཏན་ཚིགས་ཀྱིས་དྲི་ལ་སོགས་པའི་ཆོས་ཅན་གཞན་ལ་སའི་ཡོན་ཏན་ཉིད་ལ་སོགས་པ་ཟློག་པར་བྱེད་པ་ མཚུངས་ཤིང་འདྲ་བ་ཡིན་ནོ། །དེ་བས་ན་སྒྲ་ལ་བྱས་པ་ཉིད་ལ་སོགས་པ་འདོད་པ་སྒྲུབ་པར་བྱེད་པ་ཡང་སྐྱོན་དང་ལྡན་པ་ཡིན་ནོ། །གཞན་ཡང་གལ་ཏེ་བསྟན་བཅོས་ཁས་བླངས་ཕྱིར། རྒྱུའི་ཕྱིར། བསྟན་བཅོས་མཐོང་བ་ཡིས་དོན་མ་ལུས་བསྒྲུབ་པར་བྱ་བ་ཡིན་པར་རྒོལ་བ་དེ་འདོད་པ་དེའི་ ཚེ། དཔེ་དང་གཏན་ཚིགས་མ་གྲུབ་སྨྲ། དམ་བཅའ་བར་ནི་ཐལ་བར་འགྱུར། གང་གི་ཚེ་རྒོལ་བ་འགའ་ཞིག་གིས་རང་གི་བསྟན་བཅོས་ལས་བསྟན་པའི་དཔེ་དང་གཏན་ཚིགས་མ་གྲུབ་པར་བསྟན་པར་བྱ་བ་ལ་སྟོན་པར་འགྱུར་བ་དེའི་ཚེ། དེ་གཉིས་ཀྱི་ཚིག་ཀྱང་དམ་བཅའ་བར་འགྱུར་ ཏེ། བསྟན་བཅོས་ལ་མཐོང་བའི་མ་གྲུབ་པ་ནི་བསྒྲུབ་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་འགྱུར་བ་ནི་བདེན་ཏེ། གལ་ཏེ་སྒྲུབ་བྱེད་ཉིད་བརྗོད་པ་མ་ཡིན་འདོད་པ་སྨྲ་ཕྱིར་རོ། །དེ་ནི་རིགས་པས་ཐོབ་པ་ཡིན་ཏེ། འོན་ཀྱང་བསྒྲུབ་པར་བྱ་བ་ཉིད་འདོད་པ་ཞེས་ བྱ་བའི་ཚིག་མཛད་ཅིང་། གཞན་དུ་ཡང་རང་གི་ངོ་བོ་ཁོ་ན་ཞེས་བྱ་བའི་ངེས་པར་གཟུང་བ་བྱས་པ་དེའི་ཕྱིར་འདོད་པ་ཞེས་བྱ་བ་ལ་སོགས་པའི་ཚིག་དེ་ལས་བསྒྲུབ་པར་བྱ་བ་ཉིད་དུ་བརྗོད་པ་སྟེ། སྒྲུབ་པར་བྱེད་པ་ཉིད་དུ་འདོད་པའི་དཔེ་དང་གཏན་ཚིགས་མ་གྲུབ་པ་དག་གིས་དམ་ བཅའ་བར་ཐལ་བར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བའི་དབང་དུ་བྱས་པ་ཡིན་ནོ་ཞེ་ན། དེ་ལ་གལ་ཏེ་དཔེ་དང་གཏན་ཚིགས་མ་གྲུབ་པ་དག་གི་ཚིག །བསྒྲུབ་བྱ་རིགས་པས་ཐོབ་པ་ནི་འདོད་པའི་ཚིག་ཙམ་ལས་དེ་དག་ལྡོག་པ་མ་ཡིན་ཏེ། མེའི་དྲོ་བ་ཉིད་བཞིན་ནོ། །ཅི་སྟེ་ཡང་རིགས་པས་ཐོབ་པ་བསྒྲུབ་ པར་བྱ་བ་ཉིད་མ་ཡིན་གྱི། འོན་ཀྱང་མཚན་ཉིད་བྱེད་པ་ཉིད་འདོད་པ་ཡིན་ནོ། །དེ་ཉིད་ཚིག་གཞན་གྱིས་བསྒྲུབ་པར་བྱ་བ་ཉིད་ཉེ་བར་སྦྱོར་བར་བྱེད་པ་དང་། བསྒྲུབ་པར་བྱ་བ་མ་ཡིན་པ་ཉིད་འགོག་པར་བྱེད་པ་ཡིན་ནོ་ཞེ་ན། དེའི་ཚེ་དེ་ཉིད་ཀྱི་སྐྱོན་ཡིན་གྱི། གཞན་ནི་མ་ཡིན་ཏེ། གང་ཞིག་དེས་རྣམ་པར་ གཞག་པ་ཙམ་ལ་གུས་པར་བྱ་བ་མ་ཡིན་ཏེ། འཆད་པ་པོ་དག་ཉིད་འདོད་པ་ཁོ་ན་བསྒྲུབ་པར་བྱ་བ་ཡིན་པར་འགྱུར་རོ། །གལ་ཏེ་རྒོལ་བས་བསྒྲུབ་པར་བྱ་བ་ཉིད་དུ་གཏན་ཚིགས་མ་གྲུབ་པ་ལ་སོགས་པ་མི་འདོད་སྒྲུབ་པ་མིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ཡིན་པ་དེའི་ཚེ། རྒོལ་བས་གཞན་ཡང་སྐབས་སུ་བབ་པ་ མ་ཡིན་པ་ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པ་བསྒྲུབ་པར་བྱ་བ་ཉིད་དུ་མི་འདོད་པའི་ཆོས་སྒྲུབ་མ་ཡིན་ཏེ། བསྒྲུབ་པར་བྱ་བ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་བྱས་པ་ཉིད་ལ་སོགས་པའི་ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པ། བསྒྲུབ་བྱ་མིན་ལ་གནོད་འགལ་བ་ཅི་མ་ཡིན་པ་ཉིད་ཡིན་ཏེ། འགལ་བ་ནི་བསྒྲུབ་པར་བྱ་བ་ཕྱིན་ཅི་ལོག་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་བསྟན་བཅོས་ཀྱི་དོན་ཐམས་ཅད་བསྒྲུབ་པར་བྱ་བ་ཡིན་པ་དེའི་ཚེ། བདག་ཉིད་སྒྲ་ཡང་དོན་མེད་ཅན་ཡིན་ནོ། །ཅི་འདྲ་བ་ཞིག་ཅེ་ན། ཕྱོགས་མཚན་ཕྱི་རོལ་དོན་ཅན་གྱིའོ། །དེ་ལྟར་ན་གང་གི་ཚེ་ བསྟན་བཅོས་བྱེད་པའི་འདོད་པ་འདོད་པར་མི་འགྱུར་བ་དེའི་ཚེ། དེ་བསལ་བར་བྱ་བའི་ཕྱིར། བདག་ཉིད་ཀྱི་སྒྲ་སྨོས་པ་དོན་དང་བཅས་པར་འགྱུར་རོ། །དེ་ལྟ་མ་ཡིན་ན། ཕྱོགས་ཀྱི་མཚན་ཉིད་ལ་འཁྲུལ་པར་དོགས་པར་འགྱུར་རོ། །དེ་བས་ན་རྟོག་པ་དང་ལྡན་པ་བདག་ཉིད་ཀྱི་སྒྲ་བརྗོད་པར་མི་འགྱུར་ རོ། །བསྟན་བཅོས་ཅུང་ཟད་སྔར་ཁས་བླངས་པ་དེ་གང་ཡིན་པ་དེ་བོར་ནས། རྩོད་པའི་དུས་སུ་བདག་ཉིད་ཀྱི་འདོད་པས་བསྟན་བཅོས་གཞན་ལ་བརྟེན་པའི་རྒོལ་བ་ཡང་འགལ་བ་ཡོད་པ་མ་ཡིན་ནོ་ཞེས་དེ་ལྟར་ན། གལ་ཏེ་བསྟན་བཅོས་འདོད་འཇུག་དོན་ཅན་གྱི་བདག་ཉིད་ཀྱི་སྒྲའི་བརྗོད་པར་བྱེད་པ་དེ་ལྟར་ན་ཡང་ བྱ་བ་ཉིད་མ་ཡིན་ནོ། །དེ་ལྟར་ནི་གལ་ཏེ་འདོད་པས་བསྟན་བཅོས་འཛིན་པའི་རྒོལ་བས་མི་འཐོབ་བོ་ཞེས་དོགས་པར་འགྱུར་བ་དེའི་ཚེ། འདི་ལྟར་རིགས་པ་མ་ཡིན་ཏེ། འདི་ལྟར་དོགས་པ་གང་ལས་ཡིན། གང་གིས་ན་བསྟན་བཅོས་ལ་འདོད་པས་འཇུག་པའི་དོན་དུ་བདག་ཉིད་ཀྱི་སྒྲ་བྱས་པ་ཡིན། དེ་ལ་འདིར་རྒོལ་བ་བདག་ཉིད་ཀྱི་འདོད་པས་བསྟན་བཅོས་འཛིན་པ་ཚད་མ་གནོད་པའམ་གནོད་པར་མི་འགྱུར་གྲང་ན། དེ་ལ་གལ་ཏེ་རྒོལ་བ་དེ་ཚད་མས་དེ་གནོད་མེད་ན་ནི། དེའི་ཚེ་བསྟན་བཅོས་གཞན་འཛིན་པ་གང་གིས་བཟློག་པར་ནུས། དཔེར་ན་མངོན་པར་འདོད་པའི་ཕྱོགས་ལ་གནས་ པ་ལ་སོགས་པའི་རྟོག་པ་ལྟ་བུའོ། །གལ་ཏེ་ཚད་མས་གནོད་ཡིན་ན། མངོན་པར་འདོད་པའི་བསྟན་བཅོས་ཁས་བླངས་པ་ལའོ་ཞེ་ན། དེ་ལྟར་ན་ཡང་། ཚིག་ནི་གང་ལས་འཇུག་པར་འགྱུར། །བདག་ཉིད་ཀྱི་སྒྲ་ལས་ཀྱང་མཚན་ཉིད་བྱེད་པས་མངོན་པར་འདོད་པའི་བསྟན་བཅོས་ཁས་ བླངས་པ་ལ་རྒོལ་བ་འཇུག་པར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་དེ་དག་སྔར་ཡང་རྒོལ་བ་གྲུབ་མཐའ་ནི་གང་ཅུང་ཟད་རང་གི་འདོད་པ་ཉིད་ཀྱིས་འཛིན། དེ་འཛིན་པར་འགྱུར་བ་ཡིན་ནོ། །ཇི་ལྟར་འདོད་པས་སྔར་འཛིན་པ་དེ་ལྟར་འདོད་པ་དེས་ཀྱང་རྣམ་པ་འགའ་སྟེ། སྔར་གྱི་བོར་ནས་ གྲུབ་པའི་མཐའ་གཞན་དག་ནི་འཛིན་ཐོབ་ཅིས་མ་ཡིན། ཐོབ་པ་ཉིད་མ་ཡིན་ནོ། །དེ་ལྟར་ན་འདོད་པས་དོན་ཐོབ་པ་དང་ཕྲད་པའི་ཕྱིར་བདག་ཉིད་སྨོས་པས་རིགས་པ་མ་ཡིན་ནོ། །གལ་ཏེ་འདོད་པས་ཐོབ་པ་གང་ཡིན་པ་དེའི་དོན་དུ་འབད་རྩོལ་རིགས་པ་མ་ཡིན་པ་དེའི་ཚེ། རྒོལ་བ་འདོད་པའི་བསྒྲུབ་ པར་བྱ་བ་ཡང་འདོད་པ་ཉིད་ཀྱིས་ཡོངས་སུ་ལེན་པར་གྲུབ་པ་ཡིན་ནོ། །སློབ་དཔོན་གྱིས་དེའི་དོན་དུ་བདག་ཉིད་སྨོས་པར་མི་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལོག་པར་རྟོགས་པ་མཐོང་བའི་ཕྱིར། རྒྱུའི་ཕྱིར་ཏེ། ལོག་པར་རྟོགས་པ་ དག་ནི་མཐོང་བ་ཡིན་ཏེ། དཔེར་ན་བསྟན་བཅོས་བྱེད་པའི་འདོད་པ་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །ལོག་པར་རྟོགས་པ་དེ་དག་བསལ་བར་བྱ་བའི་ཕྱིར་ཕྱོགས་ཀྱི་མཚན་ཉིད་འདིར་བདག་ཉིད་སྒྲ་བྱས་པ་ཡིན་ནོ། །ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པ་བསལ་བ་ནི། མི་རྟག་ པ་ཉིད་ལ་སོགས་པ་འདོད་གནོད་མེད་དང་། ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པ་སྐབས་མ་ཡིན་པ་དེ་ཡང་བསྒྲུབ་བྱ་མིན་ནོ། །ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པ་གཞན་ལ་གནོད་པ་ཡོད་ན། མི་རྟག་པ་ཉིད་ལ་སོགས་པ་འབྲེལ་པ་མེད་པ་གཞན་ལ་གནོད་པ་བྱེད་པ་ཁས་ལེན་ ན། སློབ་དཔོན་གྱིས་ཇི་སྐད་དུ་བཤད་པ་ཐུག་པ་མེད་པ་བསྟན་པ་ཡིན་ནོ། །གཞུང་ལུགས་ཀྱིས་བྱས་ཁྱད་པར་དག་པ་སྟེ། ཆོས་ཅན་ཡོངས་སུ་སྤངས་ནས། གནག་རྫི་མོ་ཡི་བར་ལ་རབ་གྲགས་པའི། །ཆོས་ཅན་དག་ནི་གཟུང་དོན་དུ། །གཞན་ནི་བདག་ཉིད་སྒྲ་བརྗོད་ཟེར། ། བདག་ཉིད་ཅེས་བྱ་བ་འདིས་ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པའི་ཁྱད་པར་དང་བྲལ་བ་བསྒྲུབ་པར་བྱ་བའི་ཆོས་ཅན་འབའ་ཞིག་ཡོངས་སུ་བཟུང་བ་ཡིན་ནོ་ཞེ་ན། གཞུང་ལུགས་ཀྱིས་བྱས་པའི་ཁྱད་པར་གྱི་ཆོས་ཅན་ཡོངས་སུ་བཏང་ནས་རབ་ཏུ་གྲགས་པའི་ཆོས་ཅན་ཡོངས་སུ་བཟུང་ བའི་དོན་དུ་བདག་ཉིད་ཀྱིས་སྒྲ་བཤད་པ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་དེ་ནི་མ་ཡིན་ཏེ། འདི་ལྟར་བདག་ཉིད་ཀྱི་སྒྲ་སྦྱོར་བའི་ཆོས་ཅན་ལ་ཆོས་ཅུང་ཟད་ཅིག་འགའ་ཞིག་གིས་ཀྱང་ཉེ་བར་འགོད་པའམ། མི་འགོད་པ་ཉིད་ལ་འགོག་པར་མི་བྱེད་དོ། །དེ་ལྟར་ན་རང་འདོད་བརྟགས་ པའི་ཁྱད་པར་ཅན། །དངོས་པོ་རྣམས་ལ་རྩོད་མེད་ཕྱིར། །རྩོད་པ་མེད་པའི་རྒྱུ་ཡི་ཕྱིར། །བརྡས་ཉེ་བར་སྦྱར་བའི་ཆོས་ཅན་མ་གྲུབ་པ་ལ་འགའ་ཞིག་ཀྱང་ཁྱད་པར་དཔྱོད་པའི་རྩོམ་པར་མི་བྱེད་དོ། །འོན་ཀྱང་སྤྱིར་ཆོས་ཅན་གྲུབ་པའི་ངོ་བོ་ལ་ཁྱད་པར་དཔྱོད་པའི་རྩོམ་པར་འགྱུར་ཏེ། དཔྱོད་པ་ཉིད་ཀྱི་སྐབས་ཡིན་པའི་ཕྱིར། རྒྱུའི་ཕྱིར། རབ་གྲགས་རྟེན་ནི་ཆོས་ཅན་ནི་གྲུབ་པ་ཡིན་པར་འགྱུར་བ་དེ་ལྟར་ན། དེ་ཡོངས་སུ་གཟུང་བའི་དོན་དུ་བདག་ཉིད་ཀྱི་སྒྲ་སྦྱོར་བར་རིགས་པ་མ་ཡིན་ཏེ། བྱེ་བྲག་དཔྱོད་པའི་རྟེན་ཉིད་ཀྱིས་སྤྱིར་ཆོས་ཅན་གྱི་ངོ་བོར་གྲུབ་པའི་ཕྱིར་རོ། ། ཅི་སྟེ་བདག་ཉིད་ཀྱི་སྒྲས་ཆོས་ཅན་ནི་མ་གྲུབ་པ་ཡོངས་སུ་སྤངས་ནས་རབ་ཏུ་གྲགས་པའི་ཆོས་ཅན་ཡོངས་སུ་གཟུང་བའི་ཕྱིར་བསྟན་པ་ཡིན་ནོ། །དེ་བས་ན་གྲགས་སྒྲས་ཏེ། རབ་ཏུ་གྲགས་པའི་ཚིག་དེས་བདག་ཉིད་ཀྱི་སྒྲས་སྔར་ཚད་མ་གཞན་གྱིས་གྲུབ་པའི་ཆོས་ཅན། བསྒྲུབ་པར་ བྱ་བའི་ཆོས་ཀྱི་ཁྱད་པར་དུ་བྱ་བ་ཉིད་ཀྱིས་བསྒྲུབ་པར་བྱ་བ་ཡིན་གྱི། ཆོས་ཅན་ཡན་གར་བ་དེ་ཉིད་ནི་བསྒྲུབ་པར་བྱ་བ་མ་ཡིན་ཏེ། གྲུབ་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་ཆོས་ཅན་ནི། བསྒྲུབ་བྱ་མ་ཡིན་པར་སྨྲ་ནའོ། །དེ་ལྟར་ན་ཡང་དེའི་དོན་ཅན་གྱི་བདག་ཉིད་ཀྱི་སྒྲ་རིགས་པ་མ་ཡིན་ཏེ། འདི་ལྟར་རང་གི་ངོ་བོ་ཉིད་བསྟན་པས། ཤེས་བྱ་འདི་ཉིད་ཀྱིས་དེ་རྟོགས་དེ་ལྟར་ནི། གྲུབ་དང་སྒྲུབ་བྱེད་ངོ་བོ་ཡིས། །གྲུབ་པའི་ངོ་བོ་དང་། བསྟན་པ་དག་ནི་ཡོད་ཡིན་ནོ། །དེ་བས་ན་བསྒྲུབ་བྱ་ཉིད་དུ་བཤད་པ་ཞེས་བྱ་བ་འདི་ནི་སྟེ་ཚིག་ནི་འབྲས་ལྡན་འགྱུར་རོ། །དེ་བས་ན་འདི་ཉིད་ཀྱིས་གྲུབ་པ་དང་། མ་གྲུབ་པ་སྒྲུབ་པར་བྱེད་པ་ཉིད་དུ་ཁས་ལེན་པ་རྣམ་པར་བཅད་པ་ཉིད་ཀྱི་ཕྱིར། དེ་ལྟ་བུའི་དོན་ལ་ཡང་བདག་ཉིད་ཀྱི་སྒྲ་བྱ་བར་རིགས་པ་མ་ཡིན་ནོ་ཅི་སྟེ་རབ་ཏུ་གྲགས་པའི་ཆོས་ཅན་གཟུང་བར་བྱ་བ་ཡིན་ནོ་ཞེས་བྱ་བ་འདིར། དོན་ནི་འདི་ཡིན་པར་བརྟག་པར་བྱ་སྟེ། ཇི་ལྟར་ཆོས་ཅན་བདག་ ཉིད་མ་གྲུབ་པ་གང་ཡིན་པ་དེ་མ་གྲུབ་པ་གྲུབ་པར་བྱ་བའི་ཕྱིར། སྒྲུབ་པར་བྱེད་པ་བརྗོད་པར་བྱ་བ་མ་ཡིན་ཏེ། དཔེར་ན་གཙོ་བོ་ཡོད་པ་ཡིན་ཏེ། ཁྱད་པར་དང་རྗེས་སུ་འགྲོ་བ་མ་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །དེ་དེ་ལྟར་ན་ཆོས་ཅན་སྒྲུབ་པ་བཀག་པའི་དོན་ཅན་གྱི་རང་གི་ཚིག་གི་འབྲས་ བུ་མེད་པ་ཅན་ཉིད་ཡིན་ནོ། །འདི་ལྟར་སློབ་དཔོན་བདག་ཉིད་ཀྱིས། རྗེས་སུ་དཔག་པ་སྤྱི་ཡི་ནི། །ཡུལ་ཅན་ཉིད་དུ་བརྗོད་པ་ཡིན། །དེས་ན་ཆོས་ཅན་ཡོད་པ་ཉིད་བསྒྲུབ་པར་བྱ་བ་མ་ཡིན་ཏེ། བསྒྲུབ་པར་བྱ་བ་དེ་ལ་ཁྱད་པར་སྒྲུབ་པར་བྱེད་པར་འགྱུར་རོ། །དེ་ཡང་ཡོད་པ་མ་ཡིན་ཏེ་རྗེས་སུ་ དཔག་པ་ནི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཉིད་མ་ཡིན་པའི་ཕྱིར་རོ། །དེ་བས་ན་ཕྱོགས་ཀྱི་མཚན་ཉིད་འདི་ནི་དེ་སྐད་མ་བསྟན་ཀྱང་ཆོས་ཅན་མ་གྲུབ་པ་བསྒྲུབ་པར་བྱ་བ་ཉིད་མ་ཡིན་པར་སྟོན་པའི་དོན་ཅན་གྱི་བདག་ཉིད་ཀྱི་སྒྲ་མ་སྨྲས་ན་ཡང་འགའ་ཞིག་ཕྱོགས་ལ་འགལ་བ་མེད། གང་གིས་ན་རྗོད་པར་བྱེད། ཅུང་ཞིག་ཀྱང་བརྗོད་པར་རིགས་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་གལ་ཏེ་ཡང་། གལ་ཏེ་ཆོས་ཅན་བསྒྲུབ་བྱར་བྱས། །དེ་ལས་འདོད་པ་མ་ཡིན་པ་ཅིར་འགྱུར། གང་གིས་ན་ཆོས་ཅན་ཉིད་བསྒྲུབ་པར་བྱ་བར་མ་བྱེད་ཅིག་ཅེས་བདག་ཉིད་སྨོས་པ་བྱས་པ་ ཡིན་ཏེ། འདི་ལ་དྲི་བར་བྱ་བ་ཅི་ཞིག་ཡོད་དེ། དེ་མི་ནུས་ཆོས་ཅན་ཡོད་པ་ཉིད་སྒྲུབ་པར་བྱེད་པས་བྱ་བར་ནུས་པ་ཉིད་མ་ཡིན་ནོ། །རྒྱུ་ཅིའི་ཕྱིར་ཞེ་ན། རྒྱུ་དང་རྗེས་འགྲོ་མེད་ཕྱིར་ཞེས་བྱ་བ་སྨོས་ཏེ། གཏན་ཚིགས་མེད་པའི་ཕྱིར་དང་། རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །ཆོས་ཅན་མ་གྲུབ་ན་གཏན་ཚིགས་ ཀྱི་རྟེན་མ་གྲུབ་པའི་ཕྱིར། དེའི་སྒྲུབ་པར་བྱེད་པ་མ་ཡིན་ནོ། །ཆོས་ཅན་ལ་དཔེ་མེད་པའི་ཕྱིར། བསྒྲུབ་པར་བྱ་བས་སྟོང་པས་དཔེ་ཡོན་ཏན་དང་ལྡན་པ་མེད་པ་དེ་ལྟར་ན། སྒྲུབ་པར་ནུས་པ་མ་ཡིན་ནོ། །དེ་དག་སྐྱོན་འདི་མ་ཡིན་ནམ། གཏན་ཚིགས་དང་དཔེ་དག་གིས་སྐྱོན་འདི་ཡིན་གྱི། ཕྱོགས་ ཀྱི་ནི་མ་ཡིན་ནོ། །དེ་ལྟར་ན་ཕྱོགས་ཀྱི་ཆོས་ལ་སོགས་པ་ཡན་ལག་ཕྱི་མ་ལ་ལྟོས་ནས། མ་གྲུབ་པ་ཉིད་ལ་སོགས་པའི་སྐྱོན་ཏེ། ཡན་ལག་ཕྱི་མ་ལ་ལྟོས་ནས། ཕྱོགས་ཀྱི་ཉེས་པར་མི་འདོད་དོ། །གལ་ཏེ་དེ་ལྟར་ན་ཡང་ཡན་ལག་ཕྱི་མ་ལ་ལྟོས་ནས་འབྱུང་བའི་ངང་ཚུལ་ཅན་གྱི་སྐྱོན་ཡང་ ཕྱོགས་ལ་གནོད་པའི་ཕྱིར་ཕྱོགས་ཀྱི་སྐྱོན་ཡིན་པར་རྟོགས་པ་ན། དེ་ལྟར་རྒྱུ་སོགས་སྐྱོན་ཡིན་ཡང་། །ཕྱོགས་ཀྱི་སྐྱོན་དུ་ཐལ་འགྱུར་རོ། །ཅིའི་ཕྱིར་ཞེ་ན། མ་གྲུབ་པ་ལ་སོགས་པའི་གཏན་ཚིགས་ཀྱི་སྐྱོན་དེ་དག །ཐམས་ཅད་ཕྱོགས་ལ་གནོད་ཕྱིར་རོ། །རྒྱུའི་ཕྱིར་རོ། །དེ་ལྟར་ཡང་མི་ འདོད་དོ། །དེའི་ཕྱིར་དེ་ཙམ་དང་འབྲེལ་པ་ཕྱོགས་ཀྱི་ཚིག་ཙམ་དང་རྗེས་སུ་འབྲེལ་པ་ཉིད། ཕྱོགས་ཀྱི་སྐྱོན་འདོད་དེ། མངོན་སུམ་ལ་སོགས་པ་འགལ་བ་ཡིན་ནོ། །གཞན་མིན་ཏེ། ཡན་ལག་ཕྱི་མ་ལ་ལྟོས་ནས་འབྱུང་བའི་ངང་ཚུལ་གྱི་སྐྱོན་ནི་ཕྱོགས་ཀྱི་སྐྱོན་ཡིན་པར་མི་འདོད་པ་དེ་ ལྟར་ན། ཡན་ལག་ཕྱི་མ་ལ་ལྟོས་ནས། ཕྱོགས་ཀྱི་སྐྱོན་དུ་འགྱུར་བ་སྤང་བའི་དོན་དུ་བདག་ཉིད་སྨོས་པ་རིགས་པ་མ་ཡིན་ནོ། །དེ་ལྟར་ན་གཏན་ཚིགས་དང་དཔེའི་མཚན་ཉིད་གང་ཡིན་པའི་རྒྱུ་སོགས་མཚན་ཉིད་ཀྱིས་གནོད་པ། ཡོངས་སུ་དོར་བར་བྱ་བའི་སྐྱོན་བོར་ནས། ཕྱོགས་ཙམ་དང་ རྗེས་སུ་འབྲེལ་པའི་སྐྱོན་རྣམ་པར་གཅད་པའི་དོན་དུ་ཕྱོགས་ཀྱི་མཚན་ཉིད་ནི་སྟེ་ཕྱོགས་ཀྱི་ཆོས་བརྗོད་པའི་ངང་ཚུལ་ཅན་གྱི་ཚིག་བརྗོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མཚན་ཉིད་ལ། ཁྱབ་པ་མེད་དང་ལྡོག་པ་དག །སྤང་བའི་དོན་དུ་སྟེའོ། །དེ་ལྟ་མ་ཡིན་ན་གལ་ཏེ་གཏན་ཚིགས་དཔེའི་ མཚན་ཉིད་ཀྱིས་སྤང་བར་བྱ་བའི་སྐྱོན་ལ་ལྟོས་པ་མཚན་ཉིད་ཡིན་པར་བརྗོད་པ་དེའི་ཚེ། གཏན་ཚིགས་ལ་སོགས་པའི་མཚན་ཉིད་ཡུལ་མེད་པ་ཉིད་ཀྱིས་བརྗོད་པར་བྱ་བ་མ་ཡིན་པར་འགྱུར་རོ། །དེ་ལ་ཕྱོགས་ཀྱི་མཚན་ཉིད་ཀྱི་ཚིག་འདི་ལ་ཚིག་གང་གིས་རྣམ་པར་བཅད་པ་གང་ཡིན་པ་འདི་ བདག་ཉིད་ཅེས་བྱ་བ་ལ་སོགས་པས་བསྟན་ཏེ། བདག་ཉིད་ཅེས་བྱ་བ་ནི་བདག་ཉིད་ཅེས་བྱ་བའོ། །ཁོ་ན་ཞེས་བྱ་བ་ནི་ཚིག་གི་ཕྲད་དོ། །རང་གི་ངོ་བོས་ཞེས་བྱ་བ་ངོ་བོའི་སྒྲ་འདི་མ་བསལ་བ་དང་བཅས་པ་ནི། ལྡོག་པ་ལ་ནི་གནོད་བྱེད་ཡིན། དེ་ལ་བདག་ཉིད་ཀྱི་སྒྲས་བསྟན་བཅོས་ བྱེད་པའི་འདོད་པ་དང་། ཁོ་ནས་སྒྲུབ་པར་བྱེད་པ་མ་གྲུབ་པ་བརྗོད་པ་དང་། རང་གི་ངོ་བོས་གྲུབ་པ་དང་། མ་བསལ་བས་མངོན་སུམ་ལ་སོགས་པས་གནོད་པ་བསྒྲུབ་པར་བྱ་བ་ཉིད་ཐོབ་པ་བསལ་བ་ཡིན་ནོ། །འདོད་སྒྲས་ཁྱབ་མེད་གནོད་པ་ཅན་ཡིན་པ་དེ་ལྟར་ན་དེས་མ་བསྟན་དུ་ཟིན་ཀྱང་ རྒོལ་བ་འདོད་པ་སྒྲུབ་པར་བྱེད་པར་འཕངས་པ་ཡིན་ནོ། །དེ་དེ་ལྟར་ན་རྣམ་པར་ཕྱེ་ནས་མཚན་ཉིད་དུ་བྱས་པ་ཡིན་ནོ་ཞེས་དངོས་སུ་ནི་བསྒྲུབ་བྱར་ཁས་བླངས་ཕྱོགས་མཚན་ཉིད་ཡིན། ཇི་ལྟར་ཁས་བླངས་པ་ཡིན་ཞེ་ན། སྐབས་གཞན་བསྟན་པ་མེད་པའི་ཕྱིར་དང་། བསྒྲུབ་པར་བྱ་བ་བསྟན་ པའི་སྐབས་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བ་ཉིད་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱའོ། །དེ་བས་ན་འདིས་ནི་རང་གི་ངོ་བོའི་སྒྲས་ཐོབ་པའི་དོན་ཡིན་ནོ། །གང་གིས་ཤེ་ན། རྒོལ་བས་ཞེས་བྱ་བ་ཉེ་བའི་ཕྱིར། བསྟན་བཅོས་བྱེད་པའི་འདོད་པ་བསལ་བས་བདག་ཉིད་ཀྱི་སྒྲའི་དོན་ཡིན་ནོ། །དེའི་ཚེ་ སྒྲུབ་པར་བྱེད་པ་མ་གྲུབ་པ་བསྒྲུབ་པར་བྱ་བ་ཉིད་དུ་ཁས་ལེན་པ་མེད་པའི་ཕྱིར། རྩོད་པའི་གཞིར་གྱུར་པ་ཁས་ལེན་པའི་ཕྱིར་ཤུགས་ལས་ངེས་པར་གཟུང་བ་རྟོགས་པའི་ཕྱིར་ཁོ་ནའི་དོན་དང་། འདོད་པའི་ཚིག་གི་དོན་ཁས་བླངས་པའི་སྒྲས་ཐོབ་པ་ཡིན་ནོ། །སྒྲུབ་པར་འོས་ པའམ་ནུས་པས་ན་བསྒྲུབ་པར་བྱ་བའོ་ཞེས་བཤད་པས་བསལ་བ་མེད་པའི་དོན་འཕངས་པ་ཡང་ཡིན་ནོ། །ཕྱོགས་ཀྱི་མཚན་ཉིད་དེ་ཙམ་ཡང་ཁ་ན་མ་ཐོ་བ་མེད་པ་ཉིད་ཡིན་ནོ། །དེ་རྣམས་ལ་ནི་སྟེ། རང་གི་ངོ་བོ་ལ་སོགས་པའི་སྒྲས་བསལ་བ་དང་གྲུབ་ལ་སོགས་པ་ཕྱོགས་ལྟར་སྣང་ བ་ལྔ་པོ་དག་ལ་ཕྱོགས་ཉིད་མེད་རྒྱུ་རྣམ་པ་གཉིས་ཀྱིས་སོ། །ཇི་ལྟར་ཞེ་ན། རེ་ཞིག་བསལ་བ་ཕྱོགས་ཉིད་མ་ཡིན་ཏེ། གནོད་པའི་ཕྱིར་ལྷག་མ་ནི་སྟེ། དོན་བཞི་པོ་དག་ནི་ཕྱོགས་ཉིད་མ་ཡིན་ཏེ། མཚན་ཉིད་འཇུག་པ་མེད་ཕྱིར་རོ། །བསྒྲུབ་པར་བྱ་བར་ཁས་བླངས་ པ་ཞེས་བྱ་བར་མཚན་ཉིད་འདི་འཇུག་པ་མེད་པའི་ཕྱིར་རོ། །ཕྱོགས་ཀྱི་མཚན་ཉིད་རྒོལ་བ་བདག་ཉིད་འདོད་པ་གང་ཡིན་པ་དེ། བསྒྲུབ་པར་བྱ་བ་མ་ཡིན་ནམ། སྒྲུབ་པར་བྱེད་པ་མ་གྲུབ་པ་རྒོལ་བས་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་མ་ཡིན་ནོ་ཞེ་ན། བདག་ཉིད་འདོད་པ་བརྗོད་པ་ཡིས། །དེས་ གཟུང་དོན་ནི་རྟོགས་ན་ཡང་། །རང་གི་ངོ་བོས་ཞེས་བྱ་བས་ངེས་པར་གཟུང་བ་བཤད་པ་གང་ཡིན་པ་དེ། གལ་ཏེ་ཡང་འདས་པའི་དུས་བརྗོད་པའི་སྐྱོན་ཡིན་པ་དེ་ལྟར་དུས་གསུམ་གྱི་ཡུལ་ཅན་ཉིད་ཀྱིས། བྱེད་པའི་མཐའ་དང་འབྲེལ་པའི་ཕྱིར། །གཏན་ཚིགས་ལ་སོགས་པ་མ་གྲུབ་ པའི་ཚིག་གི་སྐྱོན་བརྗོད་པ་ན་བསྒྲུབ་པར་བྱ་བ་ཉིད་དུ་བསྟན་པ་ཉིད་ཀྱང་ཡོད་པ་དེ་ལྟར་ན། བསྟན་པ་འགྱུར་བ་ཡང་ཕྱོགས་ཉིད་ཡིན་པར་འགྱུར་རོ། །དེ་བས་ན་དེའི་དུས་གཞན་གཅོད་ཕྱིར་ཏེ། སྤངས་པའི་ཕྱིར་ཁོ་ནའི་ཚིག་བྱས་པ་ཡིན་ནོ། །འདི་ལྟར་འདས་པའི་དུས་ཉིད་ལ་སྒྲ་འཇུག་པ་ཐོབ་པ་ མ་ཡིན་ཏེ། བྱེད་པའི་རྐྱེན་དང་འབྲེལ་པའི་ཕྱིར། །དཔེར་ན་ལྷ་སྦྱིན་འོངས་པར་བལྟ་བར་བྱའོ་ཞེས་བྱ་བ་ལྟ་བུའོ། །དེས་འདོད་རྐྱེན་འདིར་ནི་ཡན་ལག་མིན། རང་གི་ངོ་བོས་ཞེས་བྱ་བ་ལ་སོགས་པ་མཚན་ཉིད་ཀྱི་ཚིག་ལ་ཡན་ལག་མ་ཡིན་ཞིང་འབྲས་བུ་དང་ལྡན་པ་མ་ཡིན་ནོ། །འདོད་པ་ཡི་ནི་ ཚིག་ལ་ཡང་། །བདག་ཉིད་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་ཞེས་བྱ་བ་འདིར་ཡང་། འདོད་པའི་རྐྱེན་ཡིན་ནོ། །ཡན་ལག་ཉིད་ཡིན་ཏེ། བྱེད་པའི་མཐའ་དང་འབྲེལ་པ་མེད་པའི་ཕྱིར་རོ། །དེ་བས་ན་དེ་ཡིས་ནི། འདས་པའི་རྐྱེན་གྱིས་གཏན་ཚིགས་མ་གྲུབ་པ་ལ་སོགས་པའི་ཚིག་དམ་བཅའ་བ་ ཉིད་ཡིན་པ་འགོག་པར་འགྱུར་རོ། །དེ་ལ་ཁོ་ན་ཞེས་བྱ་བའི་ཚིག་གི་ཕྲད་ཡོད་པ་མ་ཡིན་ནོ། །དེ་དེའི་ཚེ་སྒྲུབ་པར་བྱེད་པ་ཉིད་འདོད་པ་མ་ཡིན་ཏེ། འདོད་པ་འགྱུར་བ་ཡིན་ནའོ། །གཞུང་ལུགས་ཀྱིས་བྱས་ཁྱད་པར་དག །ཅེས་བྱ་བ་ལ་སོགས་པ་ཡོངས་སུ་གཟུང་བའི་དོན་དུ་བདག་ཉིད་ཀྱི་ཚིག་ བྱས་པ་དེ་ལ། རྗོད་བྱེད་མ་ཡིན་ཕྱིར་མི་རིགས། །དེའི་དོན་དུ་བདག་ཉིད་སྨོས་པ་རིགས་པ་མ་ཡིན་ཏེ། རྒོལ་བ་ཉིད་ལ་བདག་ཉིད་ཀྱི་སྒྲ་རྗོད་པར་བྱེད་པ་ཉིད་ཡིན་ནོ། །དེས་ན་རང་ཉིད་བདག་ཉིད་འདོད། །རྒོལ་བ་ཉིད་དོ། །དེ་ཚེ་བསྟན་བཅོས་ཐམས་ཅད་ལ། ལྟོས་མེད་འདོད་པ། མི་རྟག་པ་ ཉིད་ལ་སོགས་པར་འདོད་པ། བསྒྲུབ་བྱ་ཉིད་ཡིན་གྱི། བསྟན་བཅོས་མེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །དེས་ཏེ་རྒོལ་བ་བདག་ཉིད་འདོད་པའི་རྗེས་སུ་དཔག་པའི་ཚིག་གིས་སོ། །རྒོལ་བའི་འདོད་པ་ཡང་ཅི་འདྲ་བ་ཞིག་ཅེ་ན། འདོད་བྱེད་དང་འབྲེལ་པའི་འདོད་པ་ལ་ ཡང་གནོད་པ་ན། ཕྱོགས་དང་གཏན་ཚིགས་སྐྱོན་མེད་ཡིན། །ཕྱོགས་ཀྱི་སྐྱོན་གཏན་ཚིགས་འགལ་བ་དག་ལ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཇི་ལྟར་བསྒྲུབ་ལ་གནོད་མེད་ཕྱིར། དེས་སྒྲ་ལ་ནམ་མཁའི་ཡོན་ཏན་ཉིད་དང་། དོན་གཅིག་ལ་འཕྲོད་པ་འདུ་བ་ཅན་ཉིད་མི་རྟག་པ་ ཉིད་དུ་བསྒྲུབ་པར་འདོད་པ་མ་ཡིན་ན། གང་གིས་ན་དེ་ལས་བཟློག་པ་ལ་འགལ་བ་ཉིད་དུ་འགྱུར། འོན་ཀྱང་མི་རྟག་པ་ཉིད་འགའ་ཞིག་ལ་གནོད་པ་མེད་པའི་ཕྱིར་དང་། གནོད་པར་བྱ་བ་བསྒྲུབ་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར། སྐྱོན་ཡོད་པ་ཉིད་མ་ཡིན་ནོ། །དེ་ཡང་དེ་མ་ཐག་ཏུ་ བསྟན་པ་འདི། བསྒྲུབ་པར་བྱ་བར་ཁས་བླངས་ཡིན་འདོད་ན། མངོན་སུམ་དང་རྗེས་སུ་དཔག་པ་དག་གི་ནི། ཚད་མ་གཉིས་ཀྱིས་གནོད་པ་མེད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཐེ་ཚོམ་གཏན་ཚིགས་ཚིག་ཡིན་ཕྱིར། །ཐེ་ཚོམ་ཟ་བའི་དོན་ལ་གཏན་ཚིགས་ཀྱི་ཚིག་ཉེ་བར་ འདོད་པ་སྐབས་ཀྱིས་བསྒྲུབ་པར་བྱ་བའི་ཆོས་ཡིན་པར་ངེས་པའི་ཕྱིར་རོ། །གང་གི་ཚེ་ཚད་མས་དེ་ལྟ་བུའི་ངོ་བོར་བསྒྲུབ་པའམ་འགོག་པ་དེའི་ཚེ། གཞན་དེ་ལྟ་བུའི་ངོ་བོའི་ཡུལ་བསྒྲུབ་པར་ཚད་མ་འགལ་བ་དག་ནི་དེ་ལ་མི་འཇུག་པའི་ཕྱིར་རོ། །གནོད་པ་ཅན་ནམ་ གནོད་པ་མེད་པའི་གཏན་ཚིགས་ལ་ལྟོས་པ་མེད་པ་དེ་ལྟར་ན། བསྒྲུབ་པར་བྱ་བ་ཁས་ལེན་པ་ཐེ་ཚོམ་ཟ་བ་ཉིད་ལ། གཏན་ཚིག་ལྟོས་པར་འགྱུར་རོ། །དེའི་ཕྱིར་བསལ་བ་སྟེ། ཕྱིན་ཅི་ལོག་པས་བསྒྲུབ་པར་བྱ་བ་ལས་སྤངས་ཤིང་ཚད་མས་བསལ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ གཏན་ཚིགས་རྟེན་མ་ཡིན། དེ་ལྟར་ན་ཕྱོགས་ནི་གཏན་ཚིགས་ཀྱི་ཡུལ་ཡིན་ལ་གང་གི་ཚེ་བསལ་བར་གྱུར་པ་དེའི་ཚེ་ཡུལ་ཅན་གྱི་གཏན་ཚིགས་ཀྱང་མི་འཇུག་པ་དེ་ལྟར་ན། ཕྱོགས་ལྟར་སྣང་བ་བརྗོད་པ་འབྲས་བུ་མེད་པ་ཡིན་ཏེ། ཕྱོགས་ཀྱི་ཚིག་གི་གཏན་ཚིགས་ཀྱི་ཡུལ་ བསྟན་པའི་དོན་ཉིད་ཡིན་པའི་ཕྱིར་རོ། །ཚད་མས་གནོད་པ་ཡིན་ན་དེ་ཡང་རྣམ་པ་གཉིས་ཡིན་ན་ཇི་ལྟར་རྣམ་པ་བཞི་ཡིན་ཞེ་ན། བཤད་པ་མངོན་སུམ་གྱིས་གཅིག་ཡིན་ཞིང་། རྗེས་སུ་དཔག་པའི་དབྱེ་བ་ཡིས་གནོད་པ། རྗེས་སུ་དཔག་པ་རྣམ་པ་གསུམ་ཡིན་པས་གནོད་པ། དེ་ནི་ རྣམ་པ་བཞི་རུ་བཤད། རྟགས་གསུམ་ལས་བྱུང་བའི་ངང་ཚུལ་ཅན་གྱི་རྗེས་སུ་དཔག་པ་ལ་ཁས་བླངས་པ་ཇི་ལྟར་ན་ནང་དུ་འདུས་པ་ཡིན་ཞིང་། གང་གིས་ན་རྗེས་སུ་དཔག་པའི་དབྱེ་བ་རྣམ་པ་གསུམ་དུ་འགྱུར་ཞེ་ན། དེ་ལ་ཡིད་ཆེས་པ་དང་རང་གི་ཚིག་ལ་ཁས་བླངས་པ་ཞེས་བཤད་ པ་ཡིན་ཏེ། དེ་ལ་ཁས་བླངས་འབྲས་རྟགས་དང་། །འགྲོ་ལ་གྲགས་པ་སྟེ་ལུགས་ནི། །རང་བཞིན་རྟགས་ཡིན་པ་དེ་ལྟར། །རྗེས་སུ་དཔག་པའི་ནང་དུ་འདུ་བ་ཉིད་ཡིན་ནོ། །བསལ་བ་རྣམ་པ་བཞི་ཡང་། མངོན་སུམ་དོན་དང་རྗེས་དཔག་དང་། ཞེས་བྱ་བ་ལ་སོགས་པས་བཤད་ པ་ལ། འདིར་འབའ་ཞིག་ནི། མངོན་སུམ་དོན་དང་རྗེས་དཔག་དང་། །ལུང་གྲགས་གྲགས་པས་མ་བསལ་བ། །ཞེས་བྱ་བ་འཆད་པ་ན། ཡིད་ཆེས་པའི་ཚིག་གི་ལུང་དང་། རང་གི་ཚིག་དང་འགྲོ་ལ་གྲགས་པ་བསྟན་པ་ཡིན་ནོ་ཞེས་སྨྲ་སྟེ། དེ་ཡང་མི་རིགས་སོ། །དེ་ལྟར་ན་གང་གི་ཚེ་ གྲགས་པ་ཡིད་ཆེས་པའི་ཚིག་གིས་བསྡུས་པར་འགྱུར་བ་དེའི་ཚེ། ཇི་ལྟར་ལུང་དང་རང་གི་ཚིག་དག་གཞལ་བྱའི་དོན་ཅན་གྱི་ཚད་མ་དག་ཡོད་པ་མ་ཡིན་ནོ་ཞེས་དཔེ་སྟོན་པ་དེ་ལྟར་གྲགས་པ་ལ་ཡང་མཚུངས་པར་དཔེ་གཞན་བརྗོད་པར་འགྱུར་རོ། །འདི་ལྟར་ཡོད་པ་ཉིད་ཀྱི་ཕྱིར་རི་བོང་ཅན་ནི་ ཟླ་བ་མ་ཡིན་ནོ་ཞེས་ཐ་དད་པར་དཔེར་བསྟན་པ་མཛད་པ་ཡིན་ནོ། །དེ་ལྟར་དཔེ་ཐ་དད་པར་བསྟན་ནས་མཚན་ཉིད་ཀྱི་མདོ་ལས་མདོར་བསྡུས་ནས་བསྟན་པ་ལ་དགོས་པ་ཅི་ཞིག་ཡོད་ལུང་དང་རང་གི་ཚིག་དག་བསྡུས་ནས་བསྟན་པའི་དགོས་པ་ཡང་འཆད་པར་འགྱུར་བ་དེ་ལྟར་ན་རབ་ཏུ་ གྲགས་པའི་སྒྲ་གྲགས་པས་གསལ་བ་ཐ་དད་པར་སྟོན་པར་བྱེད་པ་ཡིན་ནོ། །དེའི་ཚེ་འདི་ལྟར་མངོན་སུམ་ཡང་འདི་ཡིན་ལ་དོན་ཡང་ཡིན་པས་མངོན་སུམ་གྱི་དོན་ཏོ། །དེ་དང་རྗེས་སུ་དཔག་པ་དང་། ཡིད་ཆེས་པ་དང་། གྲགས་པ་ཞེས་བྱ་བར་ཚིག་སྦྱར་བ་ཡིན་པའི་ཕྱིར། གཅིག་ བཞིན་དུ་འགྱུར་བའི་ཟླས་དབྱེ་བར་བསྟན་ཏོ། །དེ་ལྟར་མངོན་སུམ་དང་རྗེས་སུ་དཔག་པ་དག་བརྗོད་བྱ་རུང་བ་ཉིད་ཀྱི་ཕྱིར། གོ་རིམས་ལས་བཟློག་ན་ཁས་བླངས་པ་དང་རང་གི་ཚིག་དང་འགལ་བ་དག་གི་དོན་བདག་གཞན་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། ། ཡིད་ཆེས་པར་འདོད་པ་གང་ཡིན་ཞེ་ན། བདག་གཞན་ཡིད་ཆེས་འདོད་པའིའོ། །ཅི་འདྲ་བ་ཞིག་ཅེ་ན། ཡང་དག་ངེས་དང་ལྡན་པའི་ངག །དོན་ཇི་ལྟ་བ་བཞིན་དུ་ཤེས་ནས་འཇུག་པའི་ངག་གང་ལ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དེ་ལྟར་ན་རྒོལ་བས་བསྟན་བཅོས་ ཁས་བླངས་པ་དེས་དེ་ཚད་མ་ཉིད་དང་། བདག་ཉིད་ཀྱང་དེ་ལྟ་བུའི་རྣམ་པ་ཅན་དུ་ཁས་བླངས་པ་དེ་ལྟར་ན། འདི་དག་ནི་ཡིད་ཆེས་པའི་སྒྲའི་བརྗོད་པར་བྱ་བ་དག་ཡིན་ནོ། །དེ་དག་གི་དོན་དེ་ལྟ་བུའི་ངོ་བོ་མེད་པར་ཚིག་མི་འཇུག་པས་ན་འཆད་པ་པོའི་བསམ་པའི་དབང་གིས། འབྲས་བུའི་ རྟགས་ཡིན་པ་དེ་བས་ན། མཚུངས་ཕྱིར་རོ། །དེ་དག་ནི་འབྲས་བུའི་རྟགས་ཡིན་པར་མཚུངས་པའི་ཕྱིར་རོ། །རང་གི་ཚིག་དང་བསྟན་བཅོས་ནི་གཅིག་ཏུ་བྱས་ནས་ཡིད་ཆེས་པའི་སྒྲས་བཤད་དོ། །འདིར་ཡང་གཅིག་བྱས་བཤད་པ་ཡིན་ཏེ། ཇི་ལྟར་བདག་ནི་ཚད་མིན་ན། རྒོལ་བ་ཚད་མ་ཉིད་ མ་ཡིན་པར་ཁས་ལེན་པར་བྱ་ན། གཞན་ངེས་པར་བྱ་བའི་ཚིག་གི་འཇུག་པར་མི་འགྱུར་ཞིང་། དེ་ལྟར་བསྟན་བཅོས་གྲགས་དོན་ལ། །དེ་ནི་རྟེན་མིན་ན། བསྟན་བཅོས་ཚད་མ་ཉིད་ཡིན་པར་ཁས་མི་ལེན་ན། དཔྱོད་པ་ཡང་འཇུག་པར་མི་འགྱུར་བ་དེ་ལྟར་ན་འདི་ཡང་ མཚུངས་པ་གཞན་ཡིན་ནོ། །གལ་ཏེ་གཉི་ག་ཡིད་ཆེས་པའི་སྒྲའི་བརྗོད་པར་བྱ་བ་ཉིད་ཡིན་ན། འདྲེན་མར་བསྟན་པ་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། འདི་ཉིད་དགོས་པ་ཡིན་ཏེ། འདི་ལྟར་གང་གི་ཚེ་རྒོལ་བ་གང་གི་ཚིག་གི་ནུས་པ་ཉིད་ཁས་མི་ལེན་པ་དེའི་ཚེ། གཞན་ལ་བསྟན་ པར་བྱ་བའི་ཕྱིར་ཚིག་ཅུང་ཟད་ཀྱང་བརྗོད་པར་མི་འགྱུར་ན། སྟོན་པར་ཡང་བྱེད་པ་དེའི་ཕྱིར་ཚིག་གི་ནུས་པ་ཉིད་ལ་དེས་རང་གི་ཚིག་དེ་ནི་རྩོད་པའི་གནས་སྐབས་ཀྱི་རྟེན་ལ་ཚད་མར་འདོད་པ་ཡིན་ནོ། །དེ་ལྟ་བུའི་ངོ་བོ་རྟོག་པ་ལ་གནོད་པར་བྱེད་པ་ཡིན་གྱི། དངོས་པོའི་སྟོབས་ཀྱིས་ནི་མ་ ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གགས་བྱེད་པ་ཙམ་ཡིན་པར་འདོད་དོ། །དེ་བཞིན་དུ་ལུང་ལ་གྲགས་པའི་ཆོས་ཅན་ལ་ཚིག་ཁས་ལེན་པས་གདོན་མི་ཟ་བར་ལུང་ཚད་མ་ཉིད་དུ་བྱའོ། །དེ་ལྟ་མ་ཡིན་ན་དཔྱོད་པ་ཉིད་འཇུག་པར་མི་འགྱུར་བ་དེ་ལྟར་ན་དཔྱོད་པའི་རྟེན་བསྟན་བཅོས་ཡིན་ནོ། །དེ་ནི་དཔྱོད་པའི་ སྐབས་ཀྱི་རྟེན་ཡིན་ན། བསྟན་བཅོས་གནོད་པ་བྱེད་པ་ཡིན་གྱི་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་བརྗོད་རང་ཚིག་གིས་འདི་ནི། །བསྟན་བཅོས་ནི་མཚུངས་པར་མཐོང་ཕྱིར་ལྷན་ཅིག་བརྗོད། བྱས་པ་ཡིན་ནོ་ཞེས་ཁོང་ནས་དབྱུང་ངོ་། ། གང་གིས་དེ་ལྟར་འདི་ལྟར་མཚུངས་པའི་རྒྱུ། དེས་ན་འདིར་ཡང་དཔེ་དག་ནི། །མཚུངས་པ་ཉིད་དུ་སློབ་དཔོན་གྱིས་བཤད་པ་ཡིན་ཏེ། དཔེར་ན་གཞལ་བྱའི་དོན་ཅན་གྱི་ཚད་མ་དག་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །དེ་ཅིའི་ཕྱིར་ཞེ་ན། འདིར་བསྟན་བཅོས་དང་རང་གི་ཚིག་དག་འགལ་ བ་ཡིན་ཞེ་ན། ཚད་མ་རྣམས་ནི་མེད་ཡིན་ན། །བསྟན་བཅོས་ཚིག་མི་རུང་བའི་ཕྱིར་རོ། །རང་གི་ཚིག་ཚད་མ་མ་ཡིན་ནོ་ཞེས་ཁས་བླངས་ནས་འཆད་པ་པོའི་ཚིག་སྦྱོར་བར་འགྱུར་ན། གང་གིས་ཚད་མ་ཉིད་ཡོད་པ་མ་ཡིན་པ་དེའི་ཚེ། དེ་ལ་ཡང་ཚད་མ་ཉིད་མེད་པ་ཡིན་ན། གཞན་ལ་བསྟན་ པའི་ཕྱིར་ཚིག་ཉིད་བརྗོད་པར་མི་འགྱུར་ན། རྗོད་པར་ཡང་བྱེད་པའི་ཕྱིར། དེ་ཚིག་གཞན་གྱིས་ཤེས་པ་སྐྱེད་པར་བྱེད་པའི་ངོ་བོ་བརྗོད་པའི་ནུས་པ་ཉིད་ཀྱིས་དོན་གྱི་ཚད་མ་ཡོད་པ་ཉིད་དུ་བསྟན་པ་ན། ཚད་མ་མེད་པར་དམ་བཅའ་བསལ་བ་ཡིན་ནོ། །གང་གིས་ན་བསྟན་བཅོས་ལ་ བརྟེན་པས་དེ་ནི་བསྟན་བཅོས་དེའམ་དེར་གྲགས་པའི་ཚད་མ་ཉིད་ཀྱིས་འདོད་པར་འགྱུར་རོ། །དེ་བས་ན་དེའི་བསྟན་བཅོས་ལ་བརྟེན་པས་དེས་ཚད་མ་མེད་པའི་དམ་བཅས་པ་དེ་བསལ་བ་ཡིན་ནོ། །དེ་ཡང་རང་གི་ཚིག་དང་འགལ་བ་ལ། བསལ་བའི་དཔེ་ཡིན་ནོ། །ལུང་གིས་ནི་ ལུང་དང་འགལ་བ་ལ་ཡང་ཕྱོགས་ཙམ་ཞིག་ནི་བསྟན་པ་ཡིན་ཏེ། ཇི་ལྟར་གདོན་མི་ཟ་བར་བསྟན་བཅོས་ལ་བརྟེན་པའི་སྟོབས་ཉིད་ཀྱིས་ཚད་མ་ཡོད་པ་ཉིད་ཀྱི་རྟོགས་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ཤེས་པ་འགའ་ཞིག་ལས་དོན་ཤེས་པས་དོན་ཤེས་པ་ལ་མི་སླུ་བ་ཉམས་སུ་མྱོང་ བའི་ཕྱིར་རོ། །དེ་བས་ན་ཉམས་སུ་མྱོང་བ་མ་ཡིན་པའི་ཡུལ་ཅན་དག་ཀྱང་དེའི་རང་བཞིན་ཅན་ཉིད་ཡིན་པ་དེ་ལྟར་ན། བསྟན་བཅོས་ལ་བརྟེན་པ་མེད་པར་ཡང་ཚད་མ་འགའ་ཞིག་ཁས་བླངས་ནས། དཔྱོད་པའི་སྒོ་ནས་བསྟན་བཅོས་ཀྱི་གནོད་པ་ཡིན་ནོ་ཞེས་ལུང་གིས་བསལ་བའི་ཕྱོགས་ཙམ་ ཞིག་བསྟན་པ་ཡིན་ནོ། །བསལ་བའི་དཔེ་ཡང་དཔེར་ན་མ་འོངས་ལ་ཆོས་བདེ་མི་འབྱིན་ཞེས་བྱ་བ་ལྟ་བུའོ། །དེ་ལྟར་ན་ཆོས་ནི་བསྟན་བཅོས་ལ་གྲགས་པའི་ཆོས་ཅན་ཡིན་ཞིང་དེ་ལ་སྡུག་བསྔལ་འབྱིན་པ་ཡིན་ནོ་ཞེས་བྱ་བ་བསྒྲུབ་པར་བྱ་བ་ལ་བསྟན་བཅོས་ལ་བདེ་བ་འབྱིན་པ་ཉིད་དུ་མཐོང་ དེས། དེ་ལ་གནོད་པ་དེ་བས་ན་བསྟན་བཅོས་ཀྱིས་གནོད་པ་ཡིན་ཏེ། བསྟན་བཅོས་ལས་མཐོང་བའི་ཆོས་ཅན་ལ་བྱེ་བྲག་དཔྱོད་པ་ན་བསྟན་བཅོས་གནོད་པ་བྱེད་པ་ཡིན་ནོ། །གང་གི་ཚེ་བསྟན་བཅོས་པ་སྟེ། བསྟན་བཅོས་ཁས་ལེན་པ་ཅན་ནོ། །དེ་དམིགས་པ་ཅན་མིན་དངོས་པོ་ལ། ཇི་ལྟར་ཁས་ བླངས་པ་བསྟན་བཅོས་ཀྱིས་མ་བསྟན་པའི་ཆོས་ཅན་ལ་འགལ་བར་བསྟན་པ་དེའི་ཚེ། དེ་ལྟ་བུའི་རྣམ་པ་ཅན་གྱི་ཆོས་ཅན་ལ་འགལ་བ་བརྗོད་ན་ཡང་། འགལ་བ་མ་ཡིན་དཔེར་ན་དཔྱོད་པ་པས་རང་གི་བསྟན་བཅོས་ཁས་བླངས་ནས་ཀྱང་། བསྟན་བཅོས་དེས་མ་ངེས་པའི་ཆོས་ཅན་སྒྲ་ལ་བྱས་ པ་ཉིད་ཡིན་པའི་ཕྱིར། མི་རྟག་པ་ཉིད་ཡིན་ནོ་ཞེས་བརྗོད་པ་ནའང་། བསྟན་བཅོས་ཀྱིས་གནོད་པ་མ་ཡིན་ནོ། །འོན་ཀྱང་གགས་བྱེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སྔར་རྟག་པ་ཉིད་ཁས་བླངས་པ་དེ་ཕྱིས་མི་རྟག་པ་ཉིད་གཉིས་པོ་དེ་ནི་གལ་ཏེ་ཡང་བསྟན་ བཅོས་ཚད་མ་ཉིད་དུ་ཁས་ལེན་པ་དེ་ལྟར་ཡང་ཚིག་ཙམ་དུ་བྱེ་བྲག་མེད་པས་ནུས་པ་མཚུངས་ཕྱིར་ཏེ། རྒྱུར་གྱུར་པའི་གགས་བྱེད་པ་ཉིད་ཡིན་པར་འགྱུར་གྱི། གནོད་པ་ནི་མ་ཡིན་ནོ། །ཇི་ལྟར་ཞེ་ན། དཔེར་རང་ཚིག་བཞིན། དཔེར་ན་ངའི་མ་མོ་གཤམ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། ། ཚིག་ཙམ་དག་ནི་ནུས་པ་མཚུངས་པ་ཉིད་ཀྱིས་ཕན་ཚུན་གནོད་པ་བྱེད་ཡིན། དེའི་ཚེ་དེ་ཡང་སྟེ། བསྟན་བཅོས་རྒོལ་བ་དེ་ཡང་། རང་གི་ཚིག་བདག་ཉིད་ཡིན་ནོ། །དེ་ལྟར་ན་དེ་ཉིད་ཀྱི་རྟག་པ་ཉིད་དུ་བསྟན་ཅིང་། ཕྱིས་ཡང་དེ་ཉིད་མི་རྟག་པ་ཡིན་པར་སྨྲའོ། །དེ་དག་ཚིག་གཉིས་པོ་དེ་དག་ གི་ནང་ནས་གང་ལ་སྟེ། ཚིག་གཅིག་ལ་ཚད་མ་ཡོད། ཚིག་ཚད་མ་དང་ལྡན་པ་དེ་ནི་གཞན་ལ་ཚད་མ་ཅན་མ་ཡིན་པའི་ཚིག་ལ་གནོད་བྱེད་འགྱུར་རོ། །གཞན་དུ་གལ་ཏེ་ཚད་མ་ཅན་མ་ཡིན་པའི་ཚིག་དག་གགས་བྱེད་པ་ཙམ་དུ་མི་འདོད་པ་དེའི་ཚེ། དེ་དག་ལས་ཚིག་གཅིག་ཚད་མ་དང་ལྡན་པ་མ་ ཡིན་པ་དང་། ཚད་མ་དང་ལྡན་པ་མ་ཡིན་ན་ཡང་གང་ཡང་རུང་བའི་གནོད་པ་བྱེད་པ་ཉིད་ཡིན་པར་འདོད་པར་འགྱུར་རོ། །དེ་བས་ན་དམ་བཅའ་བ་ལ་དམ་བཅའ་སྟེ་བསྟན་བཅོས་ཀྱི་ཚིག་མིང་། རིགས་པ་མེད་པ་ཅན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། ནུས་པ་མཚུངས་པར་འགྱུར་བ་ཡིན་ན་རྣམ་པ་ཇི་ལྟར་ གནོད་པར་འགྱུར་ཏེ། མ་ཡིན་པ་ཉིད་དོ། །ཚིག་གཅིག་ལ་ཡོད་པའི་རྗེས་དཔག་ཇི་བཞིན་དོན། དངོས་པོའི་སྟོབས་ཀྱིས་ཞུགས་པ་ལ་རིགས་པ་དང་བྲལ་བ་ཅན་ལུང་ཞེས་བྱ་བའི་དམ་བཅའ་བས་ཉིད་ཀྱིས། རྣམ་པ་ཇི་ལྟར་གནོད་པར་འགྱུར། །གཞན་ཡང་ཚད་མ་གང་ཡིན་པ་དེ་གཞན་ལ་ གནོད་པ་བྱེད་པར་འགྱུར་ན། བསྟན་བཅོས་ཚད་མ་ཉིད་མ་ཡིན་ནོ། །དེ་ལྟར་ན་ལུང་རྣམས་ཚད་མ་ཉིད་ཡིན་པའང་། སྔར་ཉིད་རྣམ་པར་བཟློག་པ་ཡིན། །དེ་ལྟར་ན་གང་གིས་གནོད་པ་ཡིན། དེའི་ཕྱིར་ན་ཁས་བླངས་ནས། དཔྱོད་པ་དག་ལ་སྟེ་བསྟན་བཅོས་ལ་གྲགས་པའི་ཆོས་ཅན་བཤད་ པ་དག་ལ་སྐྱོན་འདི་བསྟན་བཅོས་ལ་གནོད་པའི་མཚན་ཉིད་དུ་འདོད་དོ། །དེའི་རྟེན་ཅན་མ་ཡིན་པའི་ཆོས་ཅན་ལ་དཔྱོད་པའི་སྐབས་མ་ཡིན་ནོ། །དེའི་ཕྱིར། བསྟན་མ་ཐག་པའི་ཡུལ་གྱི་ཁྱད་པར་འདི། བསྟན་ཕྱིར་རྗེས་སུ་དཔག་པ་ལས། །ཕྱི་རོལ་མིན་ཡང་ཁས་བླངས་པ། །སློབ་དཔོན་གྱིས་ ཐ་དད་བྱས་ཡིན་ནོ། །ཇི་ལྟར་རྗེས་སུ་དཔག་པ་ལས་ཕྱི་རོལ་དུ་གྱུར་པ་མ་ཡིན་ཞེ་ན། གནོད་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། གནོད་པ་བྱེད་པའི་ཚད་མ་ཡིན་ཏེ། བསྟན་བཅོས་ཀྱང་ཚད་མ་བྱེད་པ་དེ་ལྟར་ན་ཚད་མ་ཉིད་ཡིན་ན་རྗེས་སུ་དཔག་པའི་ནང་དུ་འདུ་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །དེ་ལྟ་མིན་ན་ བསྟན་བཅོས་ཀྱི་རྟེན་ཅན་ཉིད་དཔྱོད་པ་ལ་བསྟན་བཅོས་གནོད་པ་བྱེད་པ་ཉིད་ཡིན་པ་དེ་ལྟར་ན། ཡུལ་གྱི་ཁྱད་པར་བསྟན་པའི་ཕྱིར་གལ་ཏེ་འདི་ཐ་དད་པར་བྱེད་པ་མ་ཡིན་པ་དེའི་ཚེ། ཐལ་ཆེས་པར་འགྱུར་རོ། །རྗེས་སུ་དཔག་པ་ལ་རྟགས་ཀྱི་ཁྱད་པར་དུ་བ་ལ་སོགས་པ་ཅི་ཙམ་པ་དེ་དག་གནོད་པ་ཡང་སོ་སོ་ ཐ་དད་པར་འགྱུར་རོ། །ཐ་དད་བྱས་ན་དོན་མེད་འགྱུར། །ཐ་དད་བྱས་ན་འབྲས་བུ་མེད་པ་ཅན་དུ་འགྱུར་རོ། །དེ་བས་ན་འཆད་པ་པོ་མི་མཁས་པར་ཡང་འགྱུར་རོ། །དགོས་པ་ཡང་ཡོད་པ་ཡིན་པ་དེའི་ཕྱིར་ཇི་སྐད་དུ་བཤད་པའི་ཡུལ་གྱི་ཁྱད་པར་བསྟན་པ་འབྲས་བུ་ཡིན་པ་དེ་ལྟར་ན་ཁ་ན་ མ་ཐོ་བ་མེད་པ་ཡིན་ནོ། །གལ་ཏེ་ཐ་དད་པའི་ཚིག་ཡུལ་གྱི་ཁྱད་པར་སྟོན་པའི་དོན་ཡིན་ན། རིགས་པའི་སྒོ་ལས་ཁས་བླངས་པ་ལས་གནོད་པ་ལས་རང་གི་ཚིག་ཀྱང་ཐ་དད་པ་ཞེས་བྱ་བ་སྨོས་ཏེ། རང་གི་ཚིག་ཐ་དད་པར་བྱས་པ་ཡང་། ཚིག་ཙམ་བརྗོད་ལ་གགས་བྱེད་ཡིན། །ཚད་མ་ཅན་མ་ ཡིན་པ་དེ་དག་ནི་ནུས་པ་མཚུངས་པ་ཉིད་ཀྱི་ཕྱིར། གགས་བྱེད་པ་འབའ་ཞིག་ཁོ་ནར་འགྱུར་གྱི་དེ་ལ་དེ་དག་ཐམས་ཅད་ཀྱི་ཚེ་ནི་མ་ཡིན་ནོ། །གང་གི་ཚེ་གཅིག་ཚད་མ་དང་ལྡན་པའི་ཚིག་ཡིན་པར་རབ་ཏུ་བསྟན་པའི་དོན་ཏོ། །དེ་ལྟར་ནི་འགྱུར་མོད་ཀྱི་རྒོལ་བ་དེ་ཡིས་བསྟན་བཅོས་ཁས་བླངས་པའི་ ཕྱིར་རྒྱུའི་ཕྱིར་ཏེ། བསྟན་བཅོས་ཚད་མ་ཉིད་ཡིན་ནོ། །དེ་བས་ན། དེ་དངོས་ཀུན་ལ་གནོད་བྱེད་ཡིན། ཡུལ་ལ་ལར་ནི་མ་ཡིན་ནོ་ཞེ་ན། གལ་ཏེ་བསྟན་བཅོས་ཚད་མ་ཉིད་ཡིན་པར་ཁས་བླངས་པའི་ཕྱིར་རོ། །གནོད་པ་བྱེད་པར་སྐྱེས་པ་དེའི་ཚེ། གལ་ཏེ་སྒྲུབ་པར་བྱེད་པའི་དུས་ན་བསྟན་བཅོས་ ཚད་མ་དང་གནོད་པ་བྱེད་པ་ཡིན་ནོ་ཞེས་རྒོལ་བ་དེ་མི་འདོད་པ་དེའི་ཚེ། ཅིས་ཀྱང་གནོད་པ་བྱེད་པར་འགྱུར། མི་འགྱུར་བ་ཉིད་ཡིན་ནོ། །དེ་ལྟར་ན་འདོད་པ་དེའི་སྐྱོན་དེ་ཐོབ་པར་འགྱུར་གྱི། རིགས་པ་ལས་མ་ཡིན་ནོ། །ལུང་དེ་མི་འདོད་ན་ནི་གནོད་པ་བྱེད་པ་ཡིན་ པར་མི་འགྱུར་རོ། །གལ་ཏེ་སྔར་དེས་བསྟན་བཅོས་ཁས་ལེན་ཅིང་ཕྱིས་དེ་མི་འདོད་པར་འགྱུར་བ་སྔ་མ་དེས་ཕྱི་མ་ལ་གནོད་པའི་ཕྱིར་རྒོལ་བ་འདིའི་རང་གི་ཚིག་དང་འགལ་བ་ཡིན་ནོ་ཞེ་ན། འོ་ན་དེ་ལྟ་ཡིན་ན། ཁོ་བོ་ཅག་གིས་སྔར་ཇི་སྐད་བཤད་པ་བཞིན། རང་གི་ཚིག་བསྟན་བཅོས་ འགལ་ཐ་དད་མེད་འགྱུར་བ། དེ་ལྟར་ན་གགས་བྱེད་པ་ཉིད་ཡིན་པར་འགྱུར་རོ། །གལ་ཏེ་སྔར་དེས་བསྟན་བཅོས་ཁས་ལེན་ཅིང་ཕྱིས་རང་གི་ཚིག་དང་མཚུངས་པ་མ་ཡིན་པ་དེ་བས་ན་དེ་གནོད་པ་བྱེད་པ་ཡིན་ནོ་ཞེ་ན། ཉེས་པ་ཟད་པར་ཤེས་པ་མེད་ན། འདི་གཉིས་ལ་ཡང་ཚིག་ཙམ་ ཉིད་དུ་བྱེ་བྲག་ཅི་ཡང་ཡོད་པ་མ་ཡིན་པའམ། ཤེས་ན་དེའི་ཚེ་དོན་དེ་ཉིད་ཚད་མས་མཐོང་བ་ཡིན་པ་དེ་ལྟར་ན། ཡིད་ཆེས་པའི་ཚིག་དེས་གནོད་པ་ཡིན་ན། རྗེས་སུ་དཔག་པ་ཉིད་ཀྱིས་གནོད་པ་ཡིན་ནོ། །དེ་བས་ན་བསྟན་བཅོས་ཀྱིས་གནོད་པ་ཞེས་བྱ་བ་ཐ་དད་པར་བརྗོད་པར་ བྱ་བ་མ་ཡིན་པས་གང་དེ་ནི་ཅིར་ཡང་མི་རུང་ངོ་། །གཞན་ཡང་རྒོལ་བས་ཁས་བླངས་པའི་ཕྱིར། གང་གི་ཚེ་བསྟན་བཅོས་ཚད་མ་ཉིད་ཡིན་པ་དེའི་ཚེ། སྐྱེས་བུའི་འདོད་པས་བྱས་འདི་ཡི། །ཚད་མ་ཉིད་ནི་ཡོངས་སུ་རྫོགས། །སྐྱེས་བུའི་འདོད་པ་ཉིད་ནི་དངོས་པོ་ལ་རག་ལས་པ་མ་ཡིན་ པའི་ཕྱིར། དེའི་དབང་གིས་ཚད་མ་ཉིད་དུ་ཡོད་པ་མ་ཡིན་ནོ་སྙམ་དུ་དགོངས་པ་བཞད་གད་དུ་མཛད་པའོ། །གང་གི་ཕྱིར་འདི་ལྟར། བསྟན་བཅོས་གནོད་པ་མ་ཡིན་ནོ། །ཞེས་གནས་པ་ཡིན་ན། དེའི་ཕྱིར། མངོན་སུམ་དང་རྗེས་སུ་དཔག་པ་དག་གི་རབ་གྲགས་དོན་དག་ལ། གང་ གི་ཚེ་ཆོས་ཅན་དང་རྟགས་ཡིན་པར་དཔྱོད་པ་དེའི་ཚེ་བསྟན་བཅོས་དོར་ནའང་། བསྟན་བཅོས་ལ་རྟགས་ཡིན་པར་དཔྱོད་པ་དེའི་ཚེ། བསྟན་བཅོས་དོར་ནའང་བསྟན་བཅོས་ལ་བརྟེན་པ་མེད་པར་ཡང་ཉེས་པ་མེད། འདོད་པའི་དོན་འགྲུབ་པ་ལ་གེགས་བྱེད་པ་མེད་པའི་ཕྱིར་རོ། །ཤིན་ཏུ་ལྐོག་གྱུར། ལུང་གིས་བསྟན་པའི་ཆོས་ཅན་ལ་སོགས་པ་ལ་དཔྱོད་པ་ན། གདོན་མི་ཟ་བར་བསྟན་བཅོས་ལ་བརྟེན་པར་བྱ་བ་ཡིན་ནོ། །དེ་ལྟར་མ་ཡིན་ན་དེའི་ཚེ་ཡང་ལུང་ཁས་བླངས་མེད་པར་ནི། དེས་གྲུབ་པའི་འདོད་ཆགས་ལ་སོགས་པའི་ཆོས་ཅན་དེ་ལ། འདོད་འཇུག་མི་འགྱུར་ཏེ་དེ་ལྟར་ན་ དཔྱོད་པ་འཇུག་པ་ཉིད་དུ་མི་འགྱུར་རོ། །གལ་ཏེ་གང་གི་ཚེ་བསྟན་བཅོས་དེ་ཚད་མ་ཉིད་མ་ཡིན་པ་དེའི་ཚེ། དེས་བསྟན་པའི་ཆོས་ཅན་ནམ་རྟགས་གང་ཡིན་པ་དེ་ཡང་དོན་དམ་པར་རྟོགས་པ་དེའི་རྟེན་མ་ཡིན་པ་དེ་ལྟར་ན་ཇི་ལྟར་དེ་ལ་དེས་དཔྱོད་པ་ཡིན་ཞེ་ན། བདེན་ཏེ་འོན་ཀྱང་བསྟན་བཅོས་ འདི་ལའང་བརྟག་པའང་ཕལ་ཆེར་ནི། སྔ་ཕྱི་འགལ་བ་བརྗོད་ཡིན་དོན་དམ་པ་ནི་མ་ཡིན་ཏེ། འདི་ལྟ་སྟེ། འདོད་ཆགས་ལ་སོགས་ཆོས་མིན་རྩ་ཁྲུས་ཀྱང་ཆོས་མིན་གནོད་བྱེད་ཡིན་ཞེས་བྱ་བ་འགལ་བ་ཡིན་ནོ། །དེ་སྐད་དུ་བསྟན་བཅོས་ལ་འདོད་ཆགས་ལ་སོགས་པ་དག་ནི་སྡིག་པ་དག་པའི་ རྒྱུ་ཡིན་ནོ་ཞེས་བཤད་ལ། རྒྱུ་ལ་གནོད་པ་མ་ཡིན་ན། །རྒྱུ་ཅན་ལ་གནོད་པ་མ་ཡིན་ཏེ། དེ་བས་ན་ཁྲུས་དང་བཟླས་པ་དང་། སྦྱིན་སྲེག་ལ་སོགས་པས། འདོད་ཆགས་ལ་སོགས་པ་ལ་གནོད་པར་མི་འགྱུར་རོ། །གང་ཞིག་གང་གིས་རྒྱུ་ལ་གནོད་པ་བྱེད་པ་མ་ཡིན་པ་དེ་ནི་དེ་ལ་གནོད་པ་བྱེད་ པ་མ་ཡིན་ཏེ། དཔེར་ན་བད་ཀན་གྱི་མངར་བ་དང་བསིལ་བ་དང་། སྣུམ་པའི་རྫས་ལྟ་བུའོ། །གང་གི་རྒྱུ་ལ་གནོད་པ་བྱེད་པ་གང་ཡིན་པ་དེ་དག་ལས་དེ་བཟློག་པར་འགྱུར་བ་ཉིད་ཡིན་ཏེ། དཔེར་ན་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ཁྱད་པར་དག་གིས། །སྤྱོད་པ་ངན་པ་དང་། ཀུན་ནས་ དཀྲིས་པ་དང་། བག་ལ་ཉལ་གྱི་གནས་སྐབས་དག་ལ་གོ་རིམས་བཞིན་དུ་གནོད་པ་བྱེད་པ་ཡིན་ནོ། །དེ་བས་ན་རྒྱུ་འདི་ལ་གནོད་པ་བྱེད་པས་ན་རྒྱུ་ཅན་རྣམ་པར་གཅོད་པའི་ཕྱིར། སྡིག་པའི་རྒྱུ་ཉིད་དུ་རྣམ་པར་གཞག་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ཁྲུས་ལ་སོགས་པས་སྡིག་པ་དག་པར་ བྱེད་པའི་ཚིག་ཏུ་འགལ་བ་ཡིན་ནོ། །གལ་ཏེ་ཅི་ཚད་མར་གྱུར་པ་མ་ཡིན་པ་དེ་ལ་ཕལ་ཆེར་འགལ་བ་བརྗོད་པའི་ཡང་དཔྱོད་པ་བསྟན་ཅེ་ན། འདིར་དཔེར་ན་སྐྱེས་བུ་འཇུག་པར་འདོད་པ་འདི་ནི་ལུང་གི་ཚད་མ་ལ་བརྟེན་པ་གཞག་པར་ནུས་པ་མ་ཡིན་ཏེ། སྦྱིན་པ་ལ་སོགས་པའི་སེམས་པ་འཇུག་པ་ལས་ཕན་ཡོན་ ཆེན་པོ་ཐོབ་པའི་ཕྱིར་དང་། འཚེ་བ་ལ་སོགས་པའི་སེམས་པ་རྣམས་ཀྱིས་ངན་སོང་ཆེན་པོ་ཐོབ་པའི་ཕྱིར་རོ་ཞེས་བསྟན་པར་འགྱུར་རོ། །དེ་ལྟར་ན་བསྟན་བཅོས་གཟུང་བར་བྱ་བ་ཡིན་ནོ། བསྟན་བཅོས་གནོད་བྱེད་གང་ཡིན། རིགས་པས་གྲུབ་པ་སྟེ། མངོན་སུམ་དང་རྗེས་སུ་ དཔག་པའི་ཡུལ་ལོ། །རང་གི་ཚིག་གིས་གནོད་མེད་གང་། །མཐོང་བ་མེད་པ་ལའང་སྟེ་ཤིན་ཏུ་ལྐོག་ཏུ་གྱུར་པ་ལའོ་དེ་གཟུང་བྱ་ཡིན་པའི་ཕྱིར། དེ་ལ་སྔ་ཕྱི་འགལ་བའི་དཔྱོད་འཇུག་འགྱུར། ད་དེ་ལྟར་ན་གལ་ཏེ་བསྟན་བཅོས་དཔྱད་པར་བྱ་བ་ཡོངས་སུ་གཅོད་པར་ནུས་པའི་ཡུལ་ལམ་གཞན་ལ་གནོད་ པར་འགྱུར་བ་དེ་བཏང་སྙོམས་སུ་བྱ་བ་ཉིད་ཡིན་ནོ། །བསྟན་བཅོས་དང་རང་གི་ཚིག་དང་འགལ་བ་དག་བཤད་ཟིན་ཏོ། །ད་ནི་གྲགས་པ་དང་འགལ་བ་དོན་ལ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །འདོད་པའི་སྒྲ་ནི་སྟོན་བྱེད་པའོ། །ཅི་འདྲ་བར་གྱུར་པ་ཞིག་ཅེ་ན། སྐྱེས་བུའི་འདོད་དང་རྗེས་ འབྲེལ་པའོ། །དེ་ཉིད་ཀྱི་ཕྱིར་དོན་ལ་འདོད་པའི་སྒྲ་ནི་སྟོན་བྱེད་ན་མ་བཀག་པ་ཡིན་ནོ། །དེ་ལྟར་ན་སྐྱེས་བུ་འདོད་པའི་རྗེས་སུ་བྱེད་པ་གང་ཡིན་པ་དེ་ཐམས་ཅད་ལ་ཡོད་པ་ཡིན་ནོ། །སྐྱེས་བུའི་འདོད་པ་ཙམ་གྱི་རྗེས་སུ་བྱེད་པ་དང་། འདོད་པའི་སྒྲ་སྟོན་པར་བྱེད་པ་ཉིད་ཅེས་བྱ་བ་དགག་པར་ནུས་པ་མ་ཡིན་ནོ། །བཀག་ པ་མེད་ཉིད་ཕྱིར་འདི། སྒྲ་ལས་བྱུང་བའི་གྲགས་པའི་དོན་ལ། གནོད་མེད་ཚིག་སྟེ། རང་གི་འདོད་པ་སྟོན་པར་བྱེད་པའི་ཡུལ་ཅན་གྱི་ཚིག་མ་བཀག་པ་ཅན་གྱི་སྐྱེ་བོ་ཡིད་ཆེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཟླ་བ་ཟླ་བ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་སྒྲའི་ཐ་སྙད་ལས་སྐྱེས་པའི་ཆོས་གང་ཡིན་པ་དེ་ནི། སློབ་དཔོན་གྱིས་ ཐ་སྙད་དེ་ལས་སྐྱེས་པའི་ཆོས། རབ་ཏུ་གྲགས་པ་ཡིས་བསྟན། དཔེར་ན་སྒྲ་ལས་བྱུང་བའི་གྲགས་པ་ཞེས་བྱ་བ་ལ་སོགས་པས་སོ། །རེ་ཞིག་འདིར་གྲགས་པས་གྲུབ་པས་རང་གི་ཆོས་ཅན་དེ་ཉིད་ལ་དམ་བཅས་པའི་དོན་རང་དང་འགལ་བ་གནོད་པ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་རིགས་པ་མ་ ཡིན་ནོ། །གལ་ཏེ་གང་ཡང་ལྟ་བ་པོ་མངོན་སུམ་གྱི་ཤེས་པ་འཇུག་པར་འགྱུར་གྱི། བསྟན་བཅོས་ནི་ཆོས་ཅན་གནོད་པར་བྱ་བ་མ་ཡིན་ན། ཇི་ལྟར་ན་དེ་ལྟར་གནོད་པར་འགྱུར་ཞེ་ན།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་སུམ་ཅུ་རྩ་བརྒྱད་པ། བདེན་ཏེ་མངོན་སུམ་ལ་སོགས་པའི་ཤེས་པ་གནོད་ པར་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། མངོན་སུམ་སོགས་ཀྱིས་ངེས། མངོན་སུམ་དང་རྗེས་སུ་དཔག་པ་དང་། བསྟན་བཅོས་ཀྱིས་ཡོངས་སུ་གཅོད་པའི་ཆོས་མཉན་པ་ཉིད་ལ་སོགས་པའི་དམ་བཅས་པའི་དོན་ལ་གནོད་པ་བྱེད་པ་གང་ཡིན་པ་དེ་དག་འཇལ་བྱེད། སྒྲས་སྒྲོ་བཏགས་ པས། མངོན་སུམ་དང་རྗེས་སུ་དཔག་པ་དང་། ལུང་གི་སྒྲས་སྒྲོ་བཏགས་པ་ལ་བསྟན་པ་ཡིན་པར་བལྟ་བར་བྱ་བ་ལ་ཡིན་པ་དེ་ལྟར་ན། ཁ་ན་མ་ཐོ་བ་མེད་དོ། །དེ་ལ་བརྟེན་ནས་འབྱུང་བ་ཅན། འཇིག་རྟེན་ལ་བརྟེན་ནས་འབྱུང་བར་འགྱུར་བའི་སྒྲ་རྣམས། འདོད་པས་འཇུག་ཕྱིར་རྒྱུ་ཡི་ ཕྱིར། བཀག་པ་མེད་བྱས་པའམ་སྟེ། བརྡར་བྱས་པ་རྣམས་སམ། མ་བྱས་པ་རྣམས་ཀྱི་སྟེ། བརྡར་མ་བྱས་པ་ཅན་གྱི་སྒྲ་རྣམས་ནིའོ། །སྣ་ཚོགས་ཏེ། ཐམས་ཅད་འདི་རང་བཞིན་ཉིད་ཀྱིས་རུང་བ་ཡིན་ནོ། །དེ་བས་ན་འདོད་པའི་སྒྲས་བརྗོད་པའི་རུང་བ་ཉིད་ལ་དོན་ཐམས་ཅད་ལ་ཡོད་པ་ ཡིན་པ་དེ་ལྟར་ན། དོན་ཙམ་དང་རྗེས་སུ་འབྲེལ་པ་ཅན་དེ། འབྱུང་བར་འགྱུར་བའམ་ཡོད་པ་ཡི། སྒྲ་ཡི་ཡུལ་ཉིད་དེ་ཡིས། རུང་བ་ཉིད་དེ་ལ། འགལ་བ་རྣམས་ནི་དེ་སྐྱེས་བུ་རྣམས། ཇི་ལྟར་ཡོད་པ་ཉིད་ཀྱི་ཕྱིར། རི་བོང་ཅན་ཟླ་བ་མ་ཡིན་ནོ་ཞེས་གནོད་པར་འགྱུར་རོ། །དེ་རུང་ཉིད་ཀྱི་སྟོབས་ཉིད་ལས། དེ་ལ་རུང་བ་ཉིད་ལས། སྒྲ་ཀུན་དངོས་སུ་སྦྱོར་བ་སྟེ། །འབྲེལ་པ་གྲགས་པ་མེད་ནའང་། །སྒྲ་ལ་དངོས་པོ། །དེ་ལ་ནི། ངེས་པ། དེ་ཕྱིར་དེ་ནི་གྲུབ་པ་ཉིད། སློབ་དཔོན་གྱིས་སྒྲ་ལས་བྱུང་བ་གྲགས་པ་ཉིད་ཡིན་པར་བཤད་པ་ཡིན་ནོ། །དེ་ལྟར་ན་གང་ཞིག་གང་ལ་ནུས་པ་ཡོད་པ་དེ་ནི་མངོན་དུ་ ཕྱོགས་པ་མེད་ན་ཡང་། དེ་ལ་དེས་ཐ་སྙད་དུ་བྱེད་པ་ཡིན་ཏེ། དཔེར་ན་འཚེད་པར་བྱེད་པ་ཞེས་བྱ་བ་ལྟ་བུའོ། །དངོས་པོ་ཡང་འདོད་པའི་སྒྲས་བསྟན་པ་ཉིད་ནུས་པ་མེད་པའི་ཕྱིར། སྒྲ་རྣམས་མངོན་དུ་ཕྱོགས་པ་མེད་ན་ཡང་སྒྲ་ལས་བྱུང་བའི་གྲགས་པ་ཞེས་བརྗོད་དོ། །གཞན་དུ་ཞེས་བྱ་བ་ལ་ སོགས་པས་གང་ལ་ཡང་ཐུན་མོང་མ་ཡིན་པ་ཉིད་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ཉིད་མེད་ན་ཞེས་བྱ་བ་དེས་འཆད་པར་བྱེད་དོ། །གཞན་དུ་གལ་ཏེ་སྒྲ་མངོན་དུ་ཕྱོགས་པ་མེད་ན་ཡང་། དོན་དམ་པར་སྒྲ་མེད་པར་འགྱུར་བ་དེའི་ཚེ། སྒྲ་ཡི་རུང་བ་ཉིད་འགོག །འདི་ནི་གནོད་བྱེད་རྒྱུ། ཡོད་ པ་ཉིད་ཀྱི་ཕྱིར། རི་བོང་ཅན་ཟླ་བ་མ་ཡིན་ནོ་ཞེས་བྱ་བའི་གནོད་པ་ཅན་གྱི་གཏན་ཚིགས་འདི། ཐུན་མོང་ཡིན་པ་ཉིད་མི་འགྱུར། །གལ་ཏེ་ཐམས་ཅད་ཟླ་བའི་སྒྲར་རུང་བར་འགྱུར་བ་དེའི་ཚེ། མཐུན་པའི་ཕྱོགས་མེད་པའི་ཕྱིར། ཐུན་མོང་མ་ཡིན་པར་འགྱུར་རོ། །དེ་ཉིད་ཀྱི་ ཕྱིར་དེ་འགོག་སྟེ། སྒྲའི་རུང་བ་ཉིད་འགོག་པ། རྗེས་དཔག་ལས་འགྱུར་གྱི། མངོན་སུམ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྒྲ་དོན་ལ་དབང་ཕྱུག་མེད་ཕྱིར། སྒྲའི་རུང་བ་ཉིད་དམ་རུང་བ་ཉིད་མ་ཡིན་པ་ལ་དབང་པོ་འཇུག་པར་མི་འགྱུར་ན། གང་གིས་ན་མངོན་སུམ་ལས་ངེས་པ་དེ་འགོག་ པར་འགྱུར། དེ་ལྟར་ན་རྗེས་སུ་དཔག་པ་མེད་པ་ལས་འགྱུར་བ་ཡིན་ནོ། །དེ་ལ་ཡང་རང་བཞིན་ཉིད་ཀྱིས་རུང་བ་ཉིད་འདི་ལ་སྒྲ་ཐམས་ཅད་སྦྱོར་བ་བྱེད་པས་མཐུན་པའི་ཕྱོགས་ཟླ་བ་མ་ཡིན་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ན། གང་ལ་རྟགས་ཡོད་པ་རྗེས་སུ་འགྲོ་བ་ཅན་དུ་འགྱུར། དེ་ལ་རུང་བ་ཉིད་ འགོག་པ་ལ། ཐུན་མོང་མ་ཡིན་ཉིད། གཏན་ཚིགས་ཞེས་བྱ་བ་རྗེས་སུ་དཔག་པ་མེད་པ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། ཐུན་མོང་མ་ཡིན་པ་ཉིད་དུ་མི་འགྱུར་ཏེ། མི་མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་འགལ་བ་ཉིད་དུ་འགྱུར་རོ་ཞེ་ན། བདེན་ཏེ་འོན་ཀྱང་གཞན་བུམ་པ་ལ་ སོགས་པ་མི་མཐུན་པའི་ཕྱོགས་ཉིད་དུ་མི་འགྱུར་བའི་ཕྱིར། གཞན་གྱི་བསམ་པས་མི་མཐུན་པའི་ཕྱོགས་ལ་ཡོད་པ་མ་ཡིན་པ་དེ་ལྟར་ན་ཐུན་མོང་མ་ཡིན་པར་བརྗོད་དོ། །འདོད་པའི་སྒྲས་རུང་བ་ཉིད་སྤོང་བ། གང་ལ་ཡོད་པ་ཉིད། ཇི་སྲིད་དུ་དངོས་པོ་ཐམས་ཅད་འབྱུང་བའི་ངང་ཚུལ་ཅན་ དུ་ཡོད་པ་དེ། རྗེས་སུ་འགྲོ་ཅན་མིན། དེ་ལ་གང་ལས་ཡིན་འདིར་ཡོད་པ་ཉིད་ཅེས་བྱ་བའི་རྒྱུ། དཔེ་ནི། སློབ་དཔོན་དེ་ལྟར་འབྲས་ལྡན་འདོད། །གཏན་ཚིགས་ཐམས་ཅད་ཐུན་མོང་མ་ཡིན་པ་ཉིད་དུ་འདོད་གལ་ཏེ་གང་ལས་སྒྲ་ཐམས་ཅད་དོན་ཐམས་ཅད་ལ་གྲུབ་པ་ཡིན་ན། གང་གིས་ན་སྒྲ་ལས་ བྱུང་བའི་གྲགས་པ་ཞེས་བརྗོད་ཅེ་ན། འདིར་འདི་ལྟར། སྒྲ་ནི་བརྡ་ལ་བརྟེན་པ་ཅན། །བརྡ་ཡང་འདོད་ཙམ་རྟེན་ཅན་ཡིན། །ཞེས་བཤད་པ་དེའི་ཕྱིར། སྒྲ་ཡིས་གྲུབ་ན་མི་འགྲུབ་མིན། །དེ་ལྟར་སྒྲ་བྱུང་གྲགས་པའི་ཚིག །ཅེས་བཤད་པ་ཡིན་ནོ། །ཡང་ན་དངོས་པོ་སྟོབས་ཀྱིས་ཞུགས་པའི་ རྗེས་སུ་དཔག་པ་བསྒྲུབ་པར་བྱ་བའི་དོན་ལ། གྲགས་པ་ལ་འགལ་བ་འཁྲུལ་པ་མེད་པ་ཅན། མེད་པར་སྟོན་པར་བྱེད་པ་ནི། ཇི་ལྟར་ཞེ་ན། སློབ་དཔོན་གྱིས་སྒྲ་ལས་བྱུང་བའི་གྲགས་པ་ཞེས་སྟོན་པར་མཛད་པ། དེ་ལྟར་གྲགས་པའི་རྗེས་སུ་དཔོག་ཕྱིར་རོ། །འདིར་རྗེས་སུ་དཔོག་པར་བྱེད་པས་ ན་རྗེས་སུ་དཔག་པ་སྟེ། གྲགས་པ་རྗེས་སུ་དཔོག་པར་བྱེད་པའི་རྒྱུའི་ཕྱིར། དེས་མཐོང་བའི་དོན་ལ་ཚད་མའི་ལན་མ་ཡིན་པ་ཉིད་ཀྱིས་གཞན་ལ་ཡང་དེ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་མཚན་ཉིད་དང་ལྡན་པ་ལ་གནོད་པ་སྲིད་ན་དེའི་མཚན་ཉིད་སུན་ཕྱུང་བ་ཁོ་ནར་འགྱུར་ རོ། །དེ་བས་ན་འདིར་ཡང་གྲགས་པས་གྲུབ་པར་མི་འགྱུར་ན་གྲགས་པས་གྲུབ་པའང་ཡོད་པ་ཡིན་ན། དེ་རྗེས་སུ་དཔག་པའི་ཡུལ་ལ་འགལ་བ་མི་འཁྲུལ་པ་ཅན་མི་སྲིད་པར་སྟོན་པར་བྱེད་དོ། །ཡང་ན་ཐུན་མོང་མ་ཡིན་པ་ཉིད་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་པ་ན་ཞེས་བྱ་བ་འདི་ནི་དོན་གཞན་ནི་འདི་ ཡིན་ཏེ། རི་བོང་ཅན་ནི་ཟླ་བ་མ་ཡིན་ནོ་ཞེས་ལོག་པར་ཞུགས་པ་དམ་བཅའ་བ་གང་ཡིན་པ་དེ་ལ་དེ་བསྟན་པར་བྱ་བའི་ཕྱིར་འཇིག་རྟེན་སྨྲ་ཉིད་ལ། རྗེས་དཔག་མེད་པ། སློབ་དཔོན་གྱིས་བརྗོད་པ་ཅི། དེ་སྐད་དུ་བརྗོད་པའི་འབྲས་བུ་ཅི་ཡིན་ཞེ་ན། བཤད་པ་དངོས་སུ་རི་བོང་ཅན་ཟླ་བ་ཉིད་དུ་ཤེས་པ་མ་ཡིན་ གྱི། འོན་ཀྱང་སྒྲའི་སྟོབས་ལས་ཡིན་པ་དེས་ན། དེ་ལྟར་ན་སྒྲ་ལས་བྱུང་བའི་གྲགས་པ་ལ་རྗེས་དཔག་མེད་པ་ལ་བསྟན་པས་དངོས་པོའི་སྟོབས་ལས་བྱུང་བའི། རྗེས་སུ་དཔག་པ་ལས། གྲགས་པ་ཐ་དད་ཡུལ་ཅན་ཡིན། །ཞེས་བྱ་བས་ཡུལ་ཐ་དད་པར་བསྟན་པར་འགྱུར་རོ། །གལ་ཏེ་ཐ་དད་པར་ བསྟན་པ་ཡང་དགོས་པ་ཅི་ཞིག་ཡོད་ཅེ་ན། འབྲས་བུ་ཡོད་པ་ཡིན་ཏེ། འདི་ལྟར་ཡུལ་གྱི་ཁྱད་པར། དེས་ནི་དངོས་རྣམས་ཡོད་མེད་པའི། །རྗེས་སུ་འཇུག་ཅན་རྗེས་དཔག་ལས། །ཐ་དད་དེ། སྒྲ་ལས་བྱུང་བའི་གྲགས་པའོ། །དེ་དབང་མ་ཡིན་པའི་དངོས་པོའི་དབང་གིས་འཇུག་པ་མ་ཡིན་ནོ། །འོ་ན་ ཅི་ཡིན་ཞེ་ན། དེ་འདོད་ལས་སྐྱེས་ཡིན་ཞེས་བྱ་བ་སྐྱེས་བུའི་འདོད་པ་ལས་སྐྱེས་པ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །དེས་ན་དྲུག་པ་དང་། དེ་ལ་ཕན་པ་དང་། ཚིག་ཐ་དད་པ་ལ་སོགས་པ་དག་ནི་འཆད་པ་པོ་མངོན་པར་འདོད་པའི་དོན་ལ་བརྡ་ཙམ་གྱིས་འཇུག་པའི་ཕྱིར། ངེས་པའི་དོན་ཅན་མ་ཡིན་ནོ། །དེ་ བས་ན་སྒྲ་ལས་བྱུང་བའི་ཐ་སྙད་ལས། དངོས་སུ་ཡོད་པ་ཉིད་དང་། ལྡོག་པ་དང་ལྡོག་པ་མེད་པ་དང་། གཅིག་དང་དུ་མ་ཉིད་ལ་སོགས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཟླ་བ་གཅིག་ཡོད་པ་ཉིད་ཀྱི་ཕྱིར་དཔེ་མེད་པ་ཉིད་ཀྱི་ཕྱིར། གཏན་ཚིགས་ཐུན་མོང་མ་ཡིན་པ་ ཉིད་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་དེ་ཡང་དེ་ལྟར་མ་ཡིན་ནོ། །དེ་ལྟར་ན་རི་བོང་ཅན་ཟླ་བ་ཉིད་དུ་མི་འདོད་པ་མ་ཡིན་གྱི། འོན་ཀྱང་གྲགས་པ་ཉིད་ཐམས་ཅད་ལ་ཚད་མར་མི་བྱེད་དོ། །དེ་བས་ན་རི་བོང་ཅན། ཇི་སྲིད་དུ། ཟླ་མི་འདོད་ན། དེ་གཞན་གྲགས་པ་དེ་དང་འགལ་བ་ཅི་ཞིག་འདོད་པར་འགྱུར། ། འདོད་པ་ཉིད་མ་ཡིན་ནོ། །དེ་ལྟར་དེ་ལ་དཔེ་མེད་ཅན། །རྗེས་སུ་དཔག་པ་འཇིག་རྟེན་གྱིས་དེ་ལ་བསྟན་པའི་ཕྱིར་བརྗོད་པ་ན། དེ་ནི་སྟེ། དེའི་ཕྱིར། ཐུན་མོང་མ་ཡིན་འཇུག་པར་བྱེད་པའི་རྗེས་སུ་དཔག་པ་འདོད། གཞན་གྱི་འདོད་པ་དང་། འཇིག་རྟེན་གྱི་འདོད་པས། ཟླ་བ་གཅིག་པོ་གཞན་ལ་མེད་ པའི་ཕྱིར། མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ལ་གཏན་ཚིགས་མེད་པས་ན་ཇི་ལྟར་ཤེས་ཤེ་ན། འདི་ལྟར་ཡོད་པ་ཉིད་ཀྱི་ཕྱིར་རི་བོང་ཅན་ཟླ་བ་མ་ཡིན་ནོ་ཞེས་བྱ་བ་དེ་ཉིད་ཀྱིས། དཔེ་གཅིག་ཉིད་དབང་བྱས་ནས་ནི། །ཞེས་བྱ་བ་ལ། གང་ལ་སྒྲ་ལས་བྱུང་བའི་གྲགས་པས་འགོག་ པ་ཞེས་བྱ་བའི་མཚན་ཉིད་ཀྱི་ང