Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 175
Văn bản gốc(Tây Tạng)
Trang 18 / 24 (50.000 ký tự/trang)
ུལ་ཉེ་བ་ན་ཡོད་པ་ན་ཡང་ཤེས་པ་སྐྱེ་བ་མི་དམིགས་པའི་ཕྱིར་རོ། །ཤེས་པ་ཕྱི་མ་ཤེས་པ་སྔ་མ་ལ་ལྟོས་པ་སྔ་ན་ནུས་པ་དང་བྲལ་བ་ཞེས་བྱ་བ་ལ་ལྟོས་པ་མེད་པ་ཡིན་ན། ཕྱི་མ་ལྟོས་པ་མེད་པར་སྐྱེ་བ་ཅན་དེ་ཅིའི་ཕྱིར་ཉེ་བར་མི་འགྱུར་དེ་དེ་ལྟར་ན་ཤེས་པ་སྔ་ མའི་རྗེས་སུ་བྱེད་པའི་ཕྱིར། དེའི་འབྲས་བུ་ཉིད་ཡིན་ནོ། །གལ་ཏེ་དེ་ལྟར་ན་རྣམ་པར་ཤེས་པ་སྔ་མ་རྣམ་པར་ཆགས་པ་དང་རྣམ་པར་གཡེང་བ་ལ་སོགས་པའི་རྗེས་སུ་བྱེད་པའི་ཕྱིར། ཕྱི་མའི་དེ་ཉེ་བར་ལེན་པའི་རྒྱུ་ཉིད་ཡིན་པ་དེའི་ཚེ་ཀུན་གཞི་རྣམ་པར་ཤེས་པ་ཉེ་བར་ལེན་པའི་རྒྱུ་ ལས་ཅིག་ཅར་འཇུག་པའི་རྣམ་པར་ཤེས་པ་འཇུག་པར་འགྱུར་བ་གང་ཡིན་པ་དེའི་ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་གཞན་ལ་ཆགས་པའམ་ཆགས་པ་མེད་པ་ཡིན་ནོ། །དེ་ལྟར་ན་དེ་ལ་ཆགས་པ་ཡོད་ན་ཡོད་ཡུལ་གཞན་ལ་ཤེས་པ་འཇུག་པར་འགྱུར་ན་འཇུག་པར་ཡང་མི་འགྱུར་བ་དེའི་ ཕྱིར། ཀུན་གཞིའི་རྣམ་པར་ཤེས་པ་ནི་ཉེ་བར་ལེན་པའི་རྒྱུ་མ་ཡིན་གྱི། འོན་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་ཡིན་ཏེ། དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་རོ་ཞེ་ན། དེ་ལ་སྐྱོན་དེ་ཡོད་པ་མ་ཡིན་ཏེ། འདི་ལྟར་ཅིག་ཅར་རིགས་མི་མཐུན་སྐྱེ་ན། ཅིག་ཅར་ ཀུན་གཞི་རྣམ་པར་ཤེས་པ་ཉེ་བར་ལེན་པའི་རྒྱུ་ལས་རིགས་མི་མཐུན་པའི་རྣམ་པར་ཤེས་པ་རྣམས་སྐྱེ་བར་ཁས་བླངས་པ་ན་ཀུན་གཞིའི་རྣམ་པར་ཤེས་པ་ཅིག་ཤོས་ནི་ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོར་ཡོད་པ་ཡིན་པ་དེ་ལྟར་ན། ཤིན་ཏུ་གསལ་བའི་སེམས་གཅིག་གིས་ ཡུལ་གཞན་ལ་ཆགས་པ་ནུས་པ་དང་བྲལ་བ་འཇུག་པའི་རྣམ་པར་ཤེས་པས་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་དེ་ལས་གཞན་པའི་ཤེས་པ་སྐྱེད་པ་ལ་ནུས་པ་མེད་པར་བྱས་པ་ཡིན། དེ་ལྟར་ན་ནུས་པ་མེད་པར་བྱས་པ་ཅན་ཀུན་གཞི་ལས་རྣམ་པར་ཤེས་པ་གཞན་དུ་འབྱུང་བ་མེད། ཡུལ་གཞན་དུ་འཛིན་པའི་ངང་ཚུལ་ཅན་གྱི་མིག་གི་རྣམ་པར་ཤེས་པ་ལ་སོགས་པར་འཇུག་པར་མི་འགྱུར་རོ། །དེ་དེ་ལྟར་ན་རྣམ་པར་ཤེས་པ་ནུས་པ་མེད་པ་མ་ཡིན་པ་སྔ་མ་ནི་ཕྱི་མའི་རྒྱུ་ཡིན་ནོ། །གལ་ཏེ་རྒྱུར་མི་འགྱུར་བ་དེའི་ཚེ་དེ་ལྟ་མིན་ན་ཡིད་འཇུག །ཤེས་པ་སྔ་མ་འཇུག་པ་གང་ཡིན་པ་དེ་ མཚུངས་པ་སྟེ་ནུས་པ་ཡིན་ནོ། །ཡིད་གཞན་ལ་ཤེས་པ་ཕྱི་མ་སྐྱེ་བ་ལ་ལྟོས་མི་འགྱུར། གཞན་ལ་ཆགས་པ་ལ་སོགས་པས་ནུས་པ་མེད་པ་ཡིན་ན་ཡང་ནུས་པ་མེད་པ་མ་ཡིན་པར་མི་འགྱུར་རོ། །སེམས་ནུས་པ་ཡོད་པ་ལ་ལྟོས་པ་དེའི་ཕྱིར་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་ རྐྱེན་ཇི་ལྟ་བ་བཞིན་དུ་ཅིག་ཅར་ཡང་འབྱུང་བར་འགྱུར་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ནི་མ་ཡིན་ནོ། །འོན་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་དག་ནི་རིམ་བཞིན་དུ་སྐྱེ་བར་འགྱུར་རོ། །དེ་ཡང་། ཡིད་ཤེས་རིམ་བཞིན་སྐྱེ་བ་ཡང་། །ལྟོས་པས་རབ་ཏུ་གྲུབ་པ་ཡིན། །ཤེས་པ་སྔ་མ་སྔ་མས་ནུས་ པ་མེད་པ་ཡིན་པ་ལྟོས་པ་མེད་པ་ཕྱི་མ་ཕྱི་མ་དག་རིམ་པ་བཞིན་དུ་སྐྱེ་བར་བསྟན་ཏོ། །དེ་ལྟར་ན་ཤེས་པ་ནི་གཅིག་ཉིད་ཀྱིར་རྒྱུར་འགྱུར་བ་དེ་ལྟ་ན་ཡང་ཤེས་པ་རེ་རེ་བཞིན་དུ་སྐྱེ་བར་འགྱུར་རོ། །དེ་ལྟ་མ་ཡིན་ན་གལ་ཏེ་ཤེས་པ་སྐྱེད་པར་བྱེད་པའི་བློ་སྔ་མ་སྔ་མ་རེ་རེ་ལྟོས་པ་མེད་ པར་ཕྱི་མ་ཕྱི་མ་སྐྱེ་བར་འགྱུར་ན་རེ་རེ་སྐྱེད་པའི་སོ་སོར་ངེས་པར་མི་འགྱུར་རོ། །དེའི་ཚེ་ཅིག་ཅར་རྣམ་པར་རྟོག་པའི་བློ་ཐམས་ཅད་འབྱུང་བར་འགྱུར་ན་དེ་ལྟར་ཡང་མ་ཡིན་པ་དེའི་ཕྱིར་བློ་གཅིག་སྔ་མ་སྔ་མ་སོ་སོར་ངེས་པ་ལས་བློ་གཅིག་པོ་ཕྱི་མ་སྐྱེ་བར་ངེས་པ་ཡིན་ནོ། །གང་གི་ ཚེ་ཡིད་གཅིག་པོ་རྟག་པ་རྡུལ་ཕྲན་ཡིན་པར་སེམས་པ་གང་ཡིན་པ་དེའི་གལ་ཏེ་ཡིད་ནི་དེ་གཅིག་ཉིད་ཕྱིར། རྒྱུའི་ཕྱིར་དེ་ལས་གཞན་པ་སྟེ། དབང་པོ་ལས་འབྲེལ་པར་འགྱུར་བ་དེའི་ཚེ། དབང་པོ་གཞན་ལ་མི་རྟེན་པར་དེའི་ཕྱིར་བློ་རེ་རེ་སྐྱེ་བར་ངེས་པ་ཡིན་ནོ། །གལ་ཏེ་དེ་ ལྟར་ན་གཞན་དབང་པོ་གཅིག་ལ་ཆགས་པ་ཡིད་གཞན་མི་རྟེན་དབང་པོའི་ཁྱད་པར་གཞན་ལ་མི་རྟེན་པའི་རྒྱུའི་ཕྱིར། ཅིག་ཅར་ཤེས་པ་གཞན་མི་སྐྱེ། །ཁས་ལེན་པས་བློ་གཅིག་པོ་སྔ་མའི་ནུས་པ་སོ་སོར་ངེས་པ་ལས་མ་ཡིན་ནོ་ཞེ་ན། དེ་དང་དེ་ནི་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལ་ལར་ཅིག་ཅར་འབྱུང་ཕྱིར་རོ། །ལ་ལར་ནི་བདག་ཉིད་ཇི་ལྟ་བ་བཞིན་དུ་ཡུལ་ཉེ་བ་ན་ཅིག་ཅར་མིག་གི་རྣམ་པར་ཤེས་པ་ཡང་སྐྱེ་བ་མཐོང་ཕྱིར་སྔ་མ་ཡང་རབ་ཏུ་བསྒྲུབས་ཟིན་པ་ཡིན་ནོ། །འདིས་ཀྱང་འཇུག་པ་མཚུངས་ན། མཚུངས་ཉིད་ཕྱིར། གང་གི་ཚེ་ཡུལ་ཤིན་ ཏུ་གསལ་བ་མ་ཡིན་པ་ཐག་ཉེ་བ་ན་ཡོད་པ་དེའི་སྒོ་ནས་སམ། སྐྱེས་བུ་བདག་ཉིད་འགའ་ཞིག་གི་ཚེ་ཡུལ་གཞན་མཐོང་བར་མི་འདོད་ན། གང་གིས་ན་དེ་ཀུན་ནས་སློང་བའི་འབད་རྩོལ་ལས་དབང་པོ་གཞན་ལ་ཡིད་རྟེན་པར་འགྱུར། དེ་དེ་ལྟར་ན་སྐྱེས་བུ་དང་ཡུལ་དག་ལ་མཚུངས་ པ་ཡོད་ན་དབང་པོ་གཅིག་ལ་མཚུངས་པ་སྟེ། བྱེ་བྲག་མེད་པར་འཇུག་པ་དེའི་ཚེ་མཚུངས་པ་ཉིད་ཀྱི་ཕྱིར་གནས་སྐབས་འདི་ཉིད་དུ་འགྱུར་ཏེ། ཐམས་ཅད་ནི་གཞན། ཡུལ་གཞན་མི་རྟོགས་མི་དམིགས་པར་འགྱུར་ན། དམིགས་པར་ཡང་འགྱུར་བ་དེའི་ཕྱིར་རོ། །རྣམ་པར་ཤེས་པ་ རྣམས་ལ་ཡིད་འགའ་ཞིག་གི་ཚེ་ཡང་ལྟོས་པ་མ་ཡིན་པ་དེ་ལྟར་འབྲས་བུ་དེ་དག་ཅིག་ཅར་ཉིད་དུ་འགྱུར་རོ། །གང་ལ་ཡིད་དབང་པོ་དང་འབྲེལ་པར་གྱུར་པ་དེ་ལ་དབང་པོ་གཞན་ལ་བརྟེན་པ་མེད་པའི་ཕྱིར། དེས་བྱས་པའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རིམ་བཞིན་དུ་སྐྱེ་བར་རྟོགས་ པར་འགྱུར་བ་གང་གི་ཚེ་བདག་དང་ལྷན་ཅིག་འབའ་ཞིག་འབྲེལ་པར་འགྱུར་བ་དེའི་ཚེ་བདག་ཉིད་དང་ནི་ལྡན་ཙམ་ལས། སྐྱེས་རྣམས་ཅིག་ཅར་སྐྱེ་བར་འགྱུར། །བདག་དང་ཡིད་ལྡན་པ་ཙམ་ལས་འབྱུང་བ་ངང་ཚུལ་ཅན་གྱི་ཤེས་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་ཅིག་ཅར་སྐྱེ་བར་འགྱུར་ རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཡིད་ཀྱི་གོ་རིམས་ཀྱི་རྒྱུ་འགའ་ཞིག་ཀྱང་མེད་པའི་ཕྱིར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། གཅིག་ལས་བྱ་བ་གཅིག་ཡིན་ནའང་། །བྱེད་པ་གཅིག་ཉིད་ཀྱིས་བྱ་བ་གཅིག་ཉིད་བྱེད་དོ། །ཡིད་ཀྱང་བྱེད་པ་གཅིག་ཉིད་ཡིན་ཏེ། བློའི་ངོ་བོའི་བྱ་བ་གཅིག་ཉིད་ བྱེད་ཀྱི་གཅིག་བདག་དང་ཡིད་དང་ལྡན་པ་ཙམ་ལས་འབྱུང་བའི་ངང་ཚུལ་ཅན་གྱི་བློ་རྣམས་སྐྱེ་བ་ནི་མ་ཡིན་ནོ་ཞེ་ན། གལ་ཏེ་བྱེད་པ་གཅིག་ཉིད་ཡིན་པའི་ཕྱིར་དེས་རྣམ་པར་ངེས་པར་བྱ་བ་ཡང་གཅིག་ཉིད་ཡིན་པར་འདོད་པ་དེའི་ཚེ། ཅིག་ཅར་མར་མེ་དུ་མས་མཐོང་། །ཅིའི་ཕྱིར་སྐྱེས་བུ་ དུ་མས་མཐོང་བ་དུ་མ་སྒྲུབ་པར་བྱེད་པ་ཞེས་བྱ་བའི་ངེས་པ་བསྟན་ཏོ། །ཅི་སྟེ་ཡང་ལྟ་བ་པོ་དུ་མའི་དབང་གིས་མར་མེའི་ཤེས་པ་དུ་མ་སྒྲུབ་པར་བྱེད་པར་འགྱུར་བ་ཡིན་ནོ་ཞེ་ན། འོ་ན་ནི་ཡིད་ངེས་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་རྣམ་པར་ཤེས་པ་རྣམས་བདག་ཉིད་བག་ཆགས་ཡོངས་ སུ་སྨིན་པའི་ཁྱད་པར་ཅན་གྱི་ངོ་བོ་ངེས་པར་བྱེད་པ་ཡིན་པར་འགྱུར་རོ། །དེ་ལྟར་ཅིག་ཅར་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་པས་ན། རྗེས་སུ་དཔག་པར་བྱ་བ་མ་ཡིན་པ་དེ་ལྟར་ན་འབྲེལ་པ་མེད་པ་ཡིན་ནོ། །འོན་ཀྱང་གང་གི་ཚེ་ཡིད་ཤེས་པ་ཕྱི་མ་སྐྱེད་པར་མི་བྱེད་པ་དེའི་ཚེ་ ཅི་སྟེ་སྐྱེད་པར་མི་བྱེད་པའི་རང་བཞིན་ཡིན་ནམ། འོན་ཏེ་མ་ཡིན། གལ་ཏེ་སྐྱེད་པར་བྱེད་པའི་རང་བཞིན་ཅན་ཡིན་ན་དེའི་རང་བཞིན་ཙམ་ལས་བྱུང་བའི་ངང་ཚུལ་ཅིག་ཅར་འགྱུར་རོ། །ཅི་སྟེ་སྐྱེད་པར་བྱེད་པའི་རང་བཞིན་ཅན་མ་ཡིན་པ་དེའི་ཚེ་རིམ་གྱིས་ཀྱང་རྣམ་པར་ཤེས་པ་ སྐྱེད་པ་ལ་ནུས་མེད་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཕྱིས་ཀྱང་བྱེ་བྲག་མེད་ཕྱིར་རོ། །རྟག་པ་ཉིད་ཀྱི་ཕྱིར་སྔར་བྱེད་པ་པོའི་རང་བཞིན་མ་ཡིན་པར་བྱེ་བྲག་མེད་པའི་ཕྱིར་རོ། །བཤད་མ་ཐག་པ་དེས་ལུས་སྐྱེས་བུ་བཤད་པ་ཡིན། ལུས་ལས་བློ་སྐྱེ་བར་འགྱུར་རོ་ཞེས་སེམས་གང་ཡིན་དེའི་ གལ་ཏེ་ལུས་གཅིག་པོ་དེ་སྔར་སྐྱེད་པ་མ་ཡིན་ན། ཕྱིས་ཀྱང་སྐྱེད་པར་བྱེད་པར་མི་འགྱུར་བྱེ་བྲག་མེད་པའི་ཕྱིར་རོ། །དེ་བཞིན་དུ་སྐྱེས་བུ་ཡང་ཞེས་བྱ་བས་ལན་བསྟན་ཟིན་ཏོ། །གལ་ཏེ་འདུ་བྱེད་ལས་ངེས་ཡིན་ཤེས་ལས་སྐྱེས་པའི་རྒྱུ་འདུ་བྱེད་པ་དེ་ལས་བློ་རེ་རེས་སོ་སོར་ངེས་པ་ཡིན་ ནོ་ཞེ་ན། དེ་ནི་འདི་ལྟར་ཡང་འདུ་བྱེད་དེ་དག་བདག་ཉིད་ལ་གནས་པ་ཡོད་ན་འབྱུང་བའི་ངང་ཚུལ་ཅན་གྱི་ཤེས་པ་ཐམས་ཅད་ཅིག་ཅར་འཇུག་པར་འགྱུར་རོ། །ཅི་སྟེ་ཡང་འདུ་བྱེད་ཉེ་བ་ཡིན་ན་དེའི་ཚེ་འདུ་བྱེད་གང་ཡིན་པ་དེ་ཕྱིས་གང་ལས་འོངས་པ་ཡིན་ཞིང་དེའི་ཚེ་སྐྱེད་པར་འགྱུར། དེ་ལྟར་ནི་འགྱུར་མོད་ཀྱི་གལ་ཏེ་བློ་ཡིན་ན། བློ་ལས་འདུ་བྱེད་ཡིན་ཞིང་དེ་ལས་བློ་འབྱུང་བ་ཡིན་ནོ་ཞེ་ན། འདོད་པར་འགྱུར་བ་ཡིན། བློའི་བག་ཆགས་ཀྱི་བྱེ་བྲག་ཁོ་བོ་ཅག་འདུ་བྱེད་ཉིད་དུ་འདོད་དོ། །དེ་ལས་བློ་སྐྱེ་བའི་ཕྱིར་བློ་ལས་སྐྱེ་བར་འདོད་པར་འགྱུར་རོ། །དེ་བས་ན་དེ་ སྐད་དུ་བཤད་པ་གང་ཡིན་པ་དེ་འདོད་པ་ཉིད་ཡིན་པ་དེ་ལྟར་ན་བློ་སྔོན་མེད་པར་བློ་མ་ཡིན་ཞེས་བྱ་བ་དེ་གྲུབ་པ་ཡིན་ན། བློ་སྔ་མ་ནི་བློ་ཕྱི་མ་སྐྱེད་པར་བྱེད་པ་མེད་པ་ལ་ཉེ་བར་ལེན་པའི་ངོ་བོར་ཡོད་པ་ཡིན་ནོ། །དེ་བས་ན་བློ་ནི་བློ་སྐྱེད་པར་བྱེད་པའི་ནུས་པ་ཉམས་པ་མ་ཡིན་པ་དེ་ ལྟར་ན་བློ་སྔ་མ་ཅིག་ཤོས་ཀྱིས་གཟུང་བ་ཉིད་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། ཉེ་བར་ལེན་པའི་ངོ་བོ་ཙམ་ཡིན་པ་ནི་བླ་སྟེ་གཞན་གཟུང་བ་ཉིད་དུ་འགྱུར་བ་ནི་མ་ཡིན་ནོ་ཞེ་ན། དེ་ལ། གཟུང་བ་སྐྱེད་བྱེད་ལས་གཞན་མིན། །གཟུང་བའི་མཚན་ཉིད་ཀྱི་དངོས་པོ་འཛིན་པའི་མཚན་ཉིད་སྐྱེད་པར་ བྱེད་པ་ཉིད་གཟུང་བ་ཉིད་ཡིན་ནོ། །རྣམ་པར་ཤེས་པ་སྐྱེད་བྱེད་གཟུང་མཚན་ཉིད་མིན་ཏེ། སྣང་བ་གཟུང་བ་མ་ཡིན་ནོ་ཞེ་ན། གལ་ཏེ་གཟུང་བ་སྐྱེད་པར་བྱེད་པ་ཉིད་མ་ཡིན་པ་ནི་མ་ཡིན་ཏེ། གཟུང་བའི་མཚན་ཉིད་སྐྱེད་པར་འགྱུར་བ་གཟུང་བ་ཉིད་ཡིན་པར་འགྱུར་རོ། །ཆ་མེད་ཅན་ ལ་ཡང་ཕྲ་སོགས་མེད། །སྣང་བའི་ཡན་ལག་ཕྲ་བ་ལ་སོགས་པའི་རྣམ་པར་ཆོད་པའི་ཕྱིར་དང་། ཐག་རིང་པོ་ན་གནས་པའི་ཕྱིར་ཤིན་ཏུ་ཉེ་བའི་ཕྱིར་དང་། ཡན་ལག་ཁྱད་པར་བྱེ་བྲག་ཅན་ཕྲ་བའི་གཟུང་བ་ཉིད་དུ་འགྱུར་བ་མ་ཡིན་པ་ཉིད་ནི་ཆ་མེད་ཅན་ལ་ཡང་ཕྲ་སོགས་མེད། འཛིན་པའི་ ཉེ་བར་ལེན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རིང་པོར་གནས་པ་མ་ཡིན་པ་དང་ལྡན་པའི་ཤེས་པའི་བདག་ཉིད་ཡན་ལག་མེད་པ་ལ་ཕྲ་བ་ལ་སོགས་པ་མེད་པ་དེ་ལྟར་ན་གང་ལས་གཟུང་བའི་མཚན་ཉིད་མ་ཡིན། དེ་ལྟར་ནི་འགྱུར་མོད་ཀྱི། གཟུང་བའི་ནུས་པ་ཉམས་འགྱུར་གྱི། །འདི་བསྐྱེད་ བདག་ཉིད་གཞན་མ་ཡིན། །ཤེས་པ་དེའི་ནུས་པ་ནི་གཉིས་ཡིན་ཏེ། གཟུང་བ་ཉིད་ཀྱི་ནུས་པ་དང་། ཤེས་པ་སྐྱེད་པར་བྱེད་པའི་ནུས་པའོ། །དེ་བས་ན་ཤེས་པའི་གཟུང་བའི་ནུས་པ་ཉམས་པ་ཡིན་གྱི་གཞན་སྐྱེད་པར་བྱེད་པའི་བདག་ཉིད་ཉེ་བར་ལེན་པའི་ངོ་བོའི་སྒོ་ནས་སྐྱེད་པར་བྱེད་པ་ ཉིད་ཉམས་པ་ཡིན་ན། དེས་ན་ཉེ་བར་ལེན་པའི་ངོ་བོ་ཡིན་ན་ཡང་ཤེས་པའི་གཟུང་བའི་མཚན་ཉིད་མ་ཡིན་པ་དེ་བས་ན་ཡུལ་གཞན་ལ་འཕོ་བ་ཡིན་ནོ་ཞེ་ན། དེ་ལྟར་ནི་འགྱུར་མོད་ཀྱི་གལ་ཏེ་གཟུང་བའི་མཚན་ཉིད་ཀྱིར་གྱུར་པའི་རྣམ་པ་ཇི་ལྟར་ཡང་སྐྱེད་པར་བྱེད་པ་གང་ཡིན་པ་དེ་གཟུང་ བ་ཉིད་ལས་གཞན་དུ་འགྱུར་ན་ཇི་ལྟར་བདག་ཉིད་ཇི་ལྟ་བ་བཞིན་དུ་འཛིན་པ་གང་གིས་གཟུགས་ཤེས་པ་ལ་སོགས་པ་གཟུང་བའི་མཚན་ཉིད་ཡིན་ན། གཟུང་བ་ཉིད་ལ་སྐྱེད་བྱེད་ནི། །གཞན་མིན་དེས་ན་གཟུང་བའི་མཚན་ཉིད་དུ་གྱུར་པ་སྐྱེད་པར་བྱེད་པའི་བློ་གཟུང་བ་ཉིད་དུ་སྐྱེད་པར་བྱེད་ དོ་མ་ཡིན་ན་སྐྱེད་པ་ཉིད་མ་ཡིན་ནོ། །དེ་ལྟ་མིན་ན། གཟུགས་ལ་སོགས་པ་གཟུང་བའི་མཚན་ཉིད་སྐྱེད་པར་བྱེད་པ་མ་ཡིན་ནོ། །གལ་ཏེ་གཟུང་བའི་མཚན་ཉིད་དུ་སྐྱེད་པར་མི་བྱེད་པ་དེའི་ཚེ་བརྒྱུད་པས་ཕན་འདོགས་པར་བྱེད་པར་མི་འགྱུར་ཏེ། དངོས་སུ་མིག་ལ་སོགས་ པའི་བློ་ལ། གཟུགས་སོགས་ཕན་འདོགས་བྱེད་མ་ཡིན། །གཟུང་བའི་མ་ཡིན་ནོ། །དེ་བས་ན་གཟུང་བའི་མཚན་ཉིད་ལས་ཡུལ་ལ་སོགས་པ་བསྐལ་པ་མ་ཡིན་པ། ལས་འདིའི་གཟུགས་ལ་སོགས་པའི། དེ་དངོས་ངེས་པར་གཞན་ཅི་ཡིན། །གཟུང་བ་ཉིད་དུ་ངེས་པ་ ཡིན་ན་ཡང་གང་གིས་ན་དེ་ལྟ་བུར་འགྱུར་བའི་རང་གི་ཡུལ་ཅན་གྱི་རྣམ་པར་ཤེས་པ་སྐྱེད་པར་མི་འགྱུར། བློ་ལའང་བློ་ཕྱི་མ་སྐྱེད་པ་ལ་དངོས་སུ་ཕན་འདོགས་པ་ཡིན་པ་ཉིད། དེ་ཡོད་དེ་ལྟར་ན་དེ་ཙམ་གྱི་བློ་དེ་ཡང་དེ་ཉིད་གཟུང་བ་ཉིད་དུ་ངེས་པར་རྣམ་པར་གནས་པ་གཟུགས་ལ་ སོགས་པ་བཞིན་དུ་ཡུལ་གྱིས་བསྐལ་པ་ལ་སོགས་པ་མེད་པ་དང་མིག་ལ་སོགས་པ་ཉེ་བ་ན་ཡོད་པའི་གཟུང་བའི་མཚན་ཉིད་གཞན་ལྟོས་པར་བྱ་བ་མ་ཡིན་ཏེ། ལུས་ཅན་མ་ཡིན་པའི་ཕྱིར་དང་། ཡུལ་ན་མི་གནས་པ་ཉིད་ཀྱི་ཕྱིར་དང་། མིག་ལ་སོགས་པ་ཉེ་བར་སྦྱོར་བའི་ཕྱིར་ རོ། །འོན་ཀྱང་སེམས་དེ་ཉིད་ནི་གཟུང་བའི་མཚན་ཉིད་ཡིན། འདི་ལྟ་སྟེ་འཛིན་པའི་ཉེ་བར་ལེན་དང་མྱོང་བ་དེ་ཙམ་ཉིད་ཡིན་ནོ། །ངར་འཛིན་པར་བྱེད་པའི་རྣམ་པར་ཤེས་པའི་ཉེ་བར་ལེན་པ་དང་བློའི་ངོ་བོ་ཉིད་ཅེས་བྱ་བ་དེ་གཉིས་སོ། །དེ་ལྟར་ན་བློ་ཤེས་བྱའི་གཟུང་བ་མ་ཡིན་ཏེ། གཞན་གྱི་ཤེས་པ་ཡང་གཟུང་བའི་མཚན་ཉིད་དུ་འགྱུར་བའི་ཕྱིར་རོ། །ཉེ་བར་ལེན་པའི་རྒྱུའི་ངོ་བོ་འབའ་ཞིག་ཀྱང་མ་ཡིན་ཏེ། དབང་པོ་ཡང་གཟུང་བའི་མཚན་ཉིད་ཀྱི་དངོས་པོར་འགྱུར་བའི་ཕྱིར་རོ། །དེ་བས་ན་དེ་གཉིས་འཁྲུལ་པ་མ་ཡིན་ནོ། །དེ་ཡང་བློའི་བདག་ཉིད་ དུ་ཡོད་པ་ཡིན་པ་དེ་ལྟར་ན་གཟུང་བའི་མཚན་ཉིད་ཡིན་ནོ། །དེ་ལྟར་མ་ཡིན་ན་དེ་བློ་གཞན་གྱིས་འཛིན་ན། གཞན་གྱི་སེམས་ཅིའི་ཕྱིར་ཉམས་སུ་མི་མྱོང་ཞེས་འདྲི་བར་བྱེད་པ་ལ་གདོན་མི་ཟ་བར་བྱེད་པ་གཞན་གྱི་ཉིད་ཡིན་པའི་ཕྱིར་རོ། །དེའི་ཉེ་བར་ལེན་པའི་ངོ་བོ་ ལ་སོགས་པ་མ་ཡིན་པའི་ཕྱིར་རོ་ཞེས་བརྗོད་པར་བྱའོ། །གཞན་གྱི་ཉིད་ཡིན་པ་དེ་ཡང་རྣམ་པར་དཔྱད་ན་འཛིན་པའི་ཤེས་པའི་ཉེ་བར་ལེན་པ་མ་ཡིན་པ་ཉིད་དུ་གནས་པ་ཡིན་གྱི་གཞན་ལ་ནི་མ་ཡིན་ནོ། །གལ་ཏེ་བདག་ཉིད་ཀྱི་ཆོས་ལ་སོགས་པའི་ཕྱིར་རོ་ཞེ་ན། བདག་ཉིད་ ཀྱང་ཉེ་བར་ལེན་པ་ཉིད་དུ་འདུས་པ་ཡིན་ནོ། །དེ་བས་ན་འདི་གཟུང་བ་ཉིད་དུ་ངེས་པ་ཡིན་ནོ། །གལ་ཏེ་ཕྲ་བ་ལ་སོགས་པ་ཡིན་པའི་གཟུགས་ལ་སོགས་པ་གཟུང་བའི་མཚན་ཉིད་མ་ཡིན་པ་དང་ཉེ་བར་ལེན་པར་གྱུར་པ་མ་ཡིན་པའི་ཕྱིར་གཞན་གྱི་སེམས་ཀྱང་མ་ཡིན་པ་དེའི་ཚེ། རྣལ་འབྱོར་པ་རྣམས་ཀྱི་དེ་གཉི་ག་གཟུང་བར་མི་འགྱུར་ན། འགྱུར་བ་ཡིན་པ་དེའི་ཕྱིར་གཟུང་བའི་མཚན་ཉིད་འཁྲུལ་པ་ཡིན་ནོ་ཞེ་ན། དེ་ལ་སྐྱོན་དེ་ཡོད་པ་མ་ཡིན་ཏེ། འདི་ལྟར། གཟུགས་སོགས་དང་ནི་སེམས་དེ་ལྟར། །མ་དག་བློ་ཅན་ལ་ཡིན་གྱི། །ཞེས་བྱ་བ་ལ། ཚུ་རོལ་མཐོང་ བ་ལ་བརྟེན་ནས་གཟུང་བའི་མཚན་ཉིད་དཔྱོད་པ་འདི་བྱས་པ་ཡིན་གྱི། རྣལ་འབྱོར་པ་ལ་ནི་མ་ཡིན་ཏེ། རྣལ་འབྱོར་པ་དེ་དག་གི་ཡང་། རྟོག་པ་བསམ་མི་ཁྱབ། ཕྲ་བ་ལ་སོགས་པའི་མཐོང་བ་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །དེ་དག་གི་དངོས་པོ་རྣམས་ལ་གཟུང་བའི་མཚན་ ཉིད་ནི་ཡོད་པའི་ཁྱད་པར་ཉིད་ཡིན་པ་དེ་ལྟར་ན་དེ་ལ་བརྟེན་ནས་གཟུང་བའམ་འཛིན་པར་རྣམ་པར་གཞག་པ་ཡོད་པ་མ་ཡིན་ནོ། །གཞན་ཡང་། ཕྲ་རབ་ལ་སོགས་ངོ་བོ་ཡིས། །གཟུང་བ་སྟེ་གཟུགས་ལ་སོགས་པ་འགའ་ཞིག་གི་ཚེ། གཟུང་མེད་ཉིད་དུ་འགྱུར་རོ། །གཟུགས་སོགས་ བློ་ལ་དེ་དག་ཐམས་ཅད་ཡོད་པ་མ་ཡིན་ཏེ། ལུས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་འདིའི་སྣང་བའི་གནས་སྐབས་ན། གཟུང་བ་ཉིད་མ་ཡིན་པའི་རྒྱུ་སྔར་མེད་གང་དེ་འདྲ་དེ་ཕྱིས་སྐྱེས་པ་ཡང་ཅི་ཞིག་ཡིན། གང་གིས་ན་གཟུང་བ་ཉིད་མ་ཡིན་པར་འགྱུར་ཏེ། མ་ཡིན་ པ་ཉིད་དོ་ཞེས་བྱ་བར་དགོངས་སོ། །དེའི་ཕྱིར་སེམས་གཞན་གྱིས་རང་བློ་འཛིན་ཡོད་ན། རང་གི་བློ་ལ་འཛིན་པ་ཡོད་པ་ཉིད་མ་ཡིན་ནོ། །དེ་ལྟར་ན་ཡང་འདི་ལྟར་ཁས་བླངས་ནས། དེ་མ་ཐག་པའི་སེམས་ཀྱི་རྒྱུ་ཉིད་སེམས་གང་ཡིན་པ་དེ་ཉིད་གཟུང་བ་ཉིད་ཡིན་པས་ན་གཟུང་བ་ཉིད་ཡིན་ པ། དེའི་ཕྱིར་གཟུང་བའི་མཚན་ཉིད་དུ་གྱུར་པ་ཉེ་བར་མ་གཏོགས་པ་དོན་གཞན་དང་གཟུགས་ལ་སོགས་པ་ལ་བརྟེན་མིན་ཏེ། མཐོང་བ་མེད་པ་དེ་ལྟར་ན་ཡུལ་གཞན་ལ་འཕོ་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །གལ་ཏེ་གཟུང་བའི་མཚན་ཉིད་ཉེ་བར་ལེན་པའི་ངོ་བོ་ ཉིད་དུ་འགྱུར་རོ་ཞེས་བཤད་པ་གང་ཡིན་པ་དེ་ནི་མ་ཡིན་ཏེ། འདི་ལྟར་རྣམ་པར་ཤེས་པ་ཐ་དད་པའི་ནུས་པ་སྟེ། ཉེ་བར་ལེན་པའི་ནུས་པ་གཞན་ཡིན་ཞིང་གཞན་པ་ཉིད་ཀྱི་ནུས་པ་ཡང་གཞན་ཡིན་པ་དེ་ལྟར་ན། ཇི་ལྟར་ན་ཉེ་བར་ལེན་པའི་ནུས་པ་གཅིག་གིས་ཉེ་བར་སྦྱོར་བར་བྱེད་ ན་གཟུང་བའི་ནུས་པའི་ཉེ་བར་སྦྱོར་བ་མེད་པར་གཟུང་བ་ཉིད་དུ་འགྱུར་ཞེ་ན། ནུས་པ་གཅིག་དང་ལྡན་པའམ། །ནུས་པ་དུ་མ་དང་ལྡན་པ་ལས་འགའ་ཞིག་འབྲས་བུ་གཅིག་དང་དུ་མ་མེད་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ནུས་པ་དུ་མ་གཅིག་མེད་པ་ན་ཡང་ནུས་པ་དུ་མ་ མེད་ན། ངོ་བོ་ཉིད་ཀྱིས་ནི་འབྲས་བུ་དུ་མ་བྱེད། ཅི་ནུས་པ་དུ་མ་གཅིག་མེད་ན་ཡང་། དངོས་པོ་ཐ་དད་པ། འབྲས་བུ་གཅིག་བྱེད་ཅེས་སྔར་བསྟན་ཞིང་བརྗོད་པ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་གཅིག་ལས་དུ་མ་མི་འགྱུར། །དངོས་པོ་གཅིག་ལས་འབྲས་བུ་དུ་མ་ འབྱུང་བར་མི་འགྱུར་རོ། །འོ་ན་ཅི་ཡིན་ཞེ་ན། དུ་མ་ནི་རྒྱུ་དུ་མ་ལས་ཡིན་ནོ་ཞེས་རང་གི་སྡེ་པའི་ཡིན་ནོ། །དེ་དེ་ལྟར་ནི་ཡིན་ན། གཅིག་ལས་གཅིག་ནི་ཅིར་མི་རུང་། །འོན་ཀྱང་། ཚོགས་པ་དག་ལས་ཐམས་ཅད་འབྱུང་། །ཚོགས་པ་གཅིག་ལས་ཚོགས་པ་ཅིག་ཤོས་འབྱུང་ བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་འདི་ལྟར་གཅིག་དུ་མའི་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་སྐབས་གཞན་དུ་བརྗོད་པ་གང་ཡིན་པ་དེ་དང་ཇི་ལྟར་ན་འགལ་བར་མི་འགྱུར་ཞེ་ན། དེ་ནི་འགལ་བ་མ་ཡིན་ཏེ་དགོངས་པ་གཞན་གྱིས་དེ་སྐད་དུ་བསྟན་པའི་ཕྱིར་རོ། །དེ་ལྟར་ ན་གཅིག་དུ་མ་བྱེད་པ་ཞེས་བཤད་པ་གང་ཡིན་པ་དུ་མར་གྱུར་པ་ཉིད་ཀྱི་སྐྱེད་པར་བྱེད་པ་ཉིད་ཡིན་ནོ་ཞེས་བཤད་དོ། །འོན་ཀྱང་ཚོགས་པ་དག་ནི་རང་གི་འབྲས་བུ་སྐྱེད་པ་ལ་ཉེ་བར་གནས་པ་དག་ནི། དེ་འདྲ་བར་གྱུར་པའི་དངོས་པོ་གཅིག་འགྱུར་བ་ཡང་། ཉེ་བར་ སྦྱོར་བ་ཐ་དད་པས་འབྲས་བུ་དུ་མ་ལ་ཉེ་བར་སྦྱོར་བའི་ཕྱིར་གཅིག་དུ་མ་བྱེད་པར་བཤད་པ་ཡིན་གྱི། གཅིག་པོ་དེ་ནི་བྱེད་པ་པོ་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ། དཔེར་ན་གཟུགས་གཅིག་ཉེ་བར་ལེན་པའི་ངོ་བོའི་སྒོ་ནས། སྐད་ཅིག་མ་གཅིག་ལ་རིགས་མཐུན་པའི་གཟུགས་སྐྱེད་པར་ བྱེད་པ་དེ་ལ་རོ་ལ་སོགས་པ་ནི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ནོ་ཞེས་བྱ་བ་ནི་ཚོགས་པ་གཅིག་ཡིན་ནོ། །ཚོགས་པ་གཅིག་པོ་འདི་ལ་གནས་པ་དམིགས་པའི་ངོ་བོར་ཉེ་བར་སྦྱོར་བར་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་དེ་ལ་ཡང་རྣམ་པར་ཤེས་པ་ཉེ་བར་ལེན་པའི་རྒྱུ་ཡིན་ཞིང་མིག་ལ་སོགས་ པ་ནི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གཞན་ཡིན་ནོ། །དེ་དེ་ལ་གནས་པ་ལྟ་བུའོ། །དེ་དེ་ལྟར་ན་ཚོགས་པ་གཉིས་པོ་དག་ནི་དུ་མའི་རྒྱུའི་གཟུགས་དུ་མ་ཉིད་བྱེད་པར་བརྗོད་ཀྱི། དེ་ཉིད་གཅིག་སྐྱེད་པར་བྱེད་པ་མ་ཡིན་པ་དེ་ལྟར་ན་འགལ་བ་མེད་དོ། །དེའི་ཕྱིར་ འཛིན་པའི་མཚན་ཉིད་སྐྱེད་པར་བྱེད་པ་གཟུང་བ་ཉིད་ཡིན་པ་ལྟ་བུའོ། །གལ་ཏེ་ཉེ་བར་ལེན་པའི་སྒོ་ནས་སྐྱེད་པར་འགྱུར་བ་གཟུང་བ་ཉིད་དུ་འགྱུར་བ་དེའི་ཚེ། ཤེས་པ་དྲན་པ་སྐྱེད་པར་བྱེད་པ་གང་ཡིན་པ་དེ་ཡང་འདི་གཟུང་བ་ཉིད་དུ་འགྱུར་རོ། །དེ་ལྟར་ན་རྟག་ཏུ་ཤེས་པ་གཞན་ དང་གཞན་སྐྱེད་པས་འདི་ཡུལ་གཞན་ལ་འཕོ་བ་མ་ཡིན་ནོ་ཞེ་ན། དེ་ནི་དྲན་པ་ལས་ཡང་ཐལ་བ་མ་ཡིན་ཏེ། འདི་ལྟར་ཤེས་པའི་ཤེས་པ་དེ་ཉམས་སུ་མྱོང་བ་དེ་ཉིད་ཀྱིས། མངོན་སུམ་དུ་འགྱུར་བ་ནི་ཤེས་པ་སྔ་མ་སྐྱེད་པར་བྱེད་པ་ཉིད་ཀྱིས། དེའི་གཟུང་བའི་མཚན་ཉིད་ཡིན་པའི་ཕྱིར་ གཟུང་བ་ཉིད་དུ་ངེས་པ་ཡིན་པ་དེ་ལྟར་ན། དངོས་པོའི་སྟོབས་ཀྱིས་འོངས་པ་ཤེས་པ་ཕྱི་མ་འཇུག་པས་ཡུལ་གཞན་དུ་འཕོ་བར་མི་འགྱུར་རོ། །དེ་ལྟར་དྲན་པའི་ཉེ་བར་ལེན་པར་གྱུར་པའི་ཤེས་པའམ། གཞན་གཟུང་བའི་མཚན་ཉིད་མ་ཡིན་ན། གང་གིས་ན་གཟུང་བ་ཉིད་ དུ་ངེས་པ་ཉིད་ཀྱི་ཕྱིར་དངོས་པོའི་སྟོབས་ལ་བརྟེན་ནས་སྐྱེས་པ་ལས་འཕོ་བ་མ་ཡིན་ནོ། །མངོན་སུམ་ལ་ནི་ཡུལ་གྱི་གཟུང་བའི་མཚན་ཉིད་འདི་རྣམ་པར་གཞག་པ་ཡིན་ཏེ། དེ་ནི་ཡུལ་གྱི་སྟོབས་ཀྱིས་བསྐྱེད་པའི་ཕྱིར་རོ། །ཡུལ་གཟུང་བའི་མཚན་ཉིད་ནི་རང་གི་ནུས་པ་ལ་ངེས་པ་ ཡིན་ནོ། །དྲན་པ་ནི་བག་ཆགས་སད་པ་ཙམ་ལས་སྐྱེས་པ་དེ་ལྟར་ན་སྐྱོན་ཡོད་པ་མ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་བློ་གཞན་དོན་དང་ནི། །རྣམ་ཤེས་སྔ་མ་འཛིན་འགྱུར་ན། །གཞན་ནི་ཤེས་པ་འཛིན་པའི་ངང་ཚུལ་ཅན་གྱི་བློ་ཕྱི་མ་སྟེ། དོན་གང་ལ་འཕོ་བར་ འདོད་པའི་དོན་དེ་དང་རྣམ་པར་ཤེས་པ་སྔ་མ་དེ་མ་ཐག་ཏུ་འདས་པ་ཅིག་ཅར་འཛིན་པར་འགྱུར་བ་དེས་ན་ཡུལ་གཞན་ལ་འཕོ་བ་མེད་པའི་སྐྱོན་ཡོད་པ་མ་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་གང་ཞེ་ན། སེམས་གཅིག་ལ་རིམ་བཞིན་མཐོང་བ་ཅན་ཏེ། རིམ་བཞིན་ དུ་འགྱུར་བའི་བརྗོད་པ་གཉིས་མཐོང་བ་དེ་ཉིད། རྟག་ཏུ་གོ་རིམས་ཅན་མི་འགྱུར། །ཅིག་ཅར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སྔ་ཕྱིར་སྣང་བ་ཉིད་ཕྱིར་རོ། །གང་གི་ཚེ་ཨ་ཞེས་བྱ་བ་ལ་སོགས་པ་དཔྱོད་པར་བྱེད་པ་དེའི་ཚེ། ཡི་གེ་ཨ་འཛིན་པའི་ངང་ཚུལ་ཅན་གྱི་ཤེས་པ་འཛིན་ པར་བྱེད་པ་ཕྱི་མ། ཡི་གེ་ཨི་ལ་སོགས་པ་འཛིན་པར་བྱེད་པའི་ངང་ཚུལ་ཅན་གྱི་ཤེས་པ་གང་ཡིན་པ་དེ་ལ་ཡི་གེ་ཨི་དང་ཤེས་པ་སྔ་མ་ཡོད་པའི་ཡི་གེ་ཨ་སྣང་བ་དེ་ལྟར་ན། བློ་གཅིག་ལ་བརྗོད་པ་གཉིས་སུ་འགྱུར་ན། དེ་ཡང་ཡོད་པ་མ་ཡིན་ཏེ། ཡི་གེ་འཛིན་པ་ལས་གཞན་ དུ་ཞེས་བྱ་བའི་ཐ་ཚིག་གོ། །སོགས་པ་སྨོས་པས་ནི་མིག་གི་རྣམ་པར་ཤེས་པ་ལས། ལ་ལར་སྣང་བའི་རྣམ་པར་ཤེས་པ་དང་ལ་ལར་གཞན་ཡིན་ནོ་ཞེས་ཡུལ་ལ་འཇུག་པ་ངེས་པ་མེད་པ་ཅན་གྱིས་ཤེས་པ་དག་གཟུང་ངོ་། །དེས་ན་མིག་གི་རྣམ་པར་ཤེས་པ་འཛིན་པའི་ངང་ཚུལ་ཅན་ གྱི་ཤེས་པ་ལ་གཟུགས་ཀྱི་སྣང་བ་དང་། སྒྲའི་སྣང་བ་སྟེ། སྣང་བ་འདི་གཉིས་ཅིག་ཅར་སྣང་བར་འགྱུར་ན། སྣང་བར་འགྱུར་བ་ཡང་མ་ཡིན་ནོ། །གཅིག་ཀྱང་གཉིས་གཉིས་སྣང་བ་ནི། །ཡི་གེ་ཨ་དང་ཡི་གེ་ཨི་ལ་སོགས་པ་གཉིས་གཉིས་སུ་སྣང་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བདག་དང་དེ་བློ་སྣང་ཕྱིར་རོ། །དུས་གཅིག་གི་ཚེ་ཡི་གེ་ཨ་རང་འཛིན་པའི་ངང་ཅན་གྱི། ཤེས་པ་ལ་སྣང་བར་འགྱུར་ཞིང་ཡི་གེ་ཨིའི་ཤེས་པ་ལ་རང་གི་ཤེས་པ་ཡོད་པར་སྣང་བ་དེ་ལྟར་ན། གཅིག་ལ་གཉིས་སྣང་བ་ཡིན་ནོ། །དེ་བཞིན་དུ་ཡི་གེ་ཨི་ལ་སོགས་པ་ལ་ཡང་ཡིན་ནོ། །ཡི་ གེ་རེ་རེ་འཛིན་པའི་ངང་ཚུལ་ཅན་གྱི་སེམས་པ་ཡང་འགའ་ཞིག་གི་ཚེ་མི་འགྱུར་རོ། །དེ་བཞིན་དུ་གཟུགས་ལ་སོགས་པ་གཅིག་ལ་ཡང་རིམ་བཞིན་དུ་སྣང་བས། གཉིས་གཉིས་སྣང་བར་འགྱུར་ན་སྣང་བ་ཡང་མ་ཡིན་ནོ། །དེ་བས་ན་གཉི་ག་འཛིན་པ་མ་ཡིན་ནོ། །དེ་དེ་ལྟར་ན་རང་ཉིད་ཀྱིས་གྲུབ་པ་ལ་སྒྲུབ་པ་ བསལ་ནས། སློབ་དཔོན་གྱིས་གྲུབ་པ་ལ་སྒྲུབ་པའི་ལན་གྱི་གཞུང་འཛུགས་པའི་ཕྱིར། གལ་ཏེ་ཡུལ་གཞན་འཕོ་བ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་པ་གང་གིས་ཤེས་པ་ཉམས་སུ་མྱོང་བ་དེ་ལ་དུས་དྲན་པ་མཐོང་གི་ཉམས་སུ་མྱོང་བ་མེད་པ་ལ་དྲན་པའི་རིགས་པ་མ་ཡིན་པ་དེ་བས་ན། ཤེས་པ་གཞན་གྱིས་ཉམས་སུ་མྱོང་བ་ཡིན་ན་ཐུག་པ་མེད་པར་འགྱུར་ཞིང་ཡུལ་གཞན་ལ་འཕོ་བར་ཡང་མི་འགྱུར་ན་འཕོ་བ་ཡང་མ་མཐོང་ངོ་། །དེ་ལ་ཤེས་པ་གང་ལས་འཕོ་བ་དེ་ན་རང་རིག་པར་འགྱུར་རོ། །དེའི་ཕྱིར་ཤེས་པ་གཞན་གྱིས་མྱོང་བར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་ནི་སློབ་དཔོན་གྱི་ཡིན་ནོ། ། དེ་ལ་གཞན་གྱི་ལན་དུ་ཤེས་པ་ཐ་མ་ཤེས་པ་གཞན་གྱིས་ཉམས་སུ་མྱོང་བ་དྲན་པ་ཡིན་ནོ། །གཅིག་པོ་དེ་ཉམས་སུ་མྱོང་བ་མ་ཡིན་པ་དང་། དྲན་པ་མ་ཡིན་པར་གནས་པ་དེའི་ཕྱིར། ཡུལ་གཞན་ལ་འཕོ་བར་ཡང་འགྱུར་རོ་ཞེས་སྨྲས་པ་ཡིན་ནོ། །དེ་ལྟར་གནས་པ་ལ་བསྟན་བཅོས་མཛད་པ་རང་ཉིད་ ཀྱིས། གལ་ཏེ་ཡུལ་གཞན་འཕོ་བ་ན། །ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་མཛད་དོ། །གལ་ཏེ་ཡུལ་གཞན་ལ་འཕོ་བའི་དུས་ན། ཤེས་པ་ཐ་མ་ཤེས་པ་གཞན་གྱིས་ཉམས་སུ་མྱོང་མིན་ན། དེའི་ཚེ། ཐམས་ཅད་མྱོང་མེད་ཐལ་བར་འགྱུར། །ཤེས་པ་སྔ་མ་སྔ་མར་འབྱུང་བའི་ངང་ཚུལ་ཅན་ཐམས་ ཅད་ཉམས་སུ་མྱོང་བ་ཉིད་དུ་མི་འགྱུར་ཏེ། ཐ་མའི་ཤེས་པ་གཅིག་པོ་མ་གྲུབ་ན། །ཞེས་བྱ་བའི་ཐ་ཚིག་གོ། །ཅི་དང་འདྲ་བར་ཞེ་ན། གཞན་གྱིས་ཉམས་སུ་མྱོང་བ་བཞིན། །དཔེར་ན་གཞན་གྱིས་ཤེས་པའམ། །ཡུལ་ཉམས་སུ་མྱོང་བ་ཉམས་སུ་མྱོང་བར་འགྱུར་བ་མ་ཡིན་པ་དེ་བཞིན་དུ། ཉམས་སུ་ མྱོང་བར་མི་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་བདག་མྱོང་མངོན་སུམ་ཡིན། །གཞན་གྱིས་མྱོང་བ་མ་ཡིན་ན། །གང་གི་ཚེ་བདག་གིས་ཉམས་སུ་མྱོང་བ་དེ་ཉིད་མངོན་སུམ་ཞེས་བརྗོད་པ། དེས་ན་གཞན་གྱིས་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་མངོན་སུམ་མ་ཡིན་ནོ་ཞེ་ན། བདག་ ཉིད་ཉམས་སུ་མྱོང་བ་དེ་གང་ལས་གྲུབ་ན་གང་གིས་དེ་སྐད་བརྗོད། གལ་ཏེ་ཉམས་སུ་མྱོང་བ་དེའི་ཚེ་བདག་གམ་གཞན་ལ་རྣམ་པར་དབྱེ་བར་འགྱུར་ན། འདི་ལྟར་དེ་ཉིད་མ་གྲུབ་པ་ཡིན་ནོ། །མ་གྲུབ་པ་དེ་གཉི་ག་ལ་ཡང་ལྐོག་ཏུ་གྱུར་པ་ཉིད་དུ་བྱེ་བྲག་མེད་པའི་ཕྱིར། དམིགས་པ་འདི་ནི་ བདག་ལ་ཡིན་གྱི་གཞན་ལ་མ་ཡིན་ནོ་ཞེས་བྱ་བ་དེ་ནི་ལྐོག་ཏུ་གྱུར་པ་དམིགས་པ་ཅན་ཤེས་པར་དཀའ་བ་ཡིན་ན། དེ་གང་ལས་བདག་ཉམས་སུ་མྱོང་བར་འགྱུར། གཞན་ཡང་གསལ་བའི་རྒྱུ་མིག་ལ་སོགས་པ་གང་ཡིན་པ་དེ་དག་གི་གསལ་བའི་རྒྱུར་ནི་གྲུབ་མི་འགྱུར། གསལ་བ་ སྟེ། དམིགས་པ་མ་གྲུབ་པ་ཡིན་ནོ། །དེ་ལས་དེ་ལ་གསལ་བ་སྟེ་དོན་འདོད་པ་ནི་གལ་ཏེ་གསལ་བ་མི་འགྲུབ་ན། ཡུལ་དམིགས་པ་མ་གྲུབ་ན་ཡང་དངོས་པོ་གཟུང་བ། གསལ་བ་ཡིན་པ་དེའི་འདོད་པ་དེའི་ཚེ། འགྲོ་བ་འདི་ཐམས་ཅད་གསལ་བར་འགྱུར་ཏེ། ལྐོག་ཏུ་གྱུར་ པར་བྱེ་བྲག་མེད་པའི་ཕྱིར་རོ། །འགྱུར་བ་ཡང་མ་ཡིན་པ་དེའི་ཕྱིར། ཤེས་པ་རང་རིག་པ་ཉིད་ཡིན་པར་འདོད་པར་བྱའོ། །ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། སློབ་དཔོན་ལྷ་དབང་བློས་སྦྱར་བ་ལས་མངོན་སུམ་གྱི་ལེའུ་སྟེ་གསུམ་པའོ།། །།ཚད་མ་རྣམ་འགྲེལ་གྱི་ འགྲེལ་པ། བམ་པོ་སུམ་ཅུ་རྩ་དྲུག་པ། རྗེས་སུ་དཔག་པ་ནི་རྣམ་པ་གཉིས་ཏེ། རང་གི་དོན་དང་གཞན་གྱི་དོན་ཏོ། །དེ་ལ་འདིར་རང་གི་དོན་གྱི་རྗེས་སུ་དཔག་པའི་སྐབས་སུ་བབ་པ་ལས། དེ་སྔར་བསྟན་ཟིན་པ་དེ་ལྟར་ན་མི་འཆད་དོ། །གོ་རིམས་བཟློག་པའི་དགོས་པ་ནི་སྔར་བསྟན་ ཟིན་ཏོ། །ད་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ལུས་པས་བཤད་པར་བྱ་བའི་ཕྱིར་གཞན་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཚད་མ་རྣམ་པར་ངེས་པ་ལས་བཤད་ཟིན་པ་དེ་ལྟར་ན། འདི་ལས་རབ་ཏུ་བྱེད་པའི་རྣམ་པར་འགྲེལ་པ་ཅུང་ཟད་ཙམ་རྩོལ་བ་མཛད་དོ། །གཞན་ དོན་རྗེས་སུ་དཔག་པ་ནི། །རང་གིས་མཐོང་དོན་གསལ་བྱེད་ཡིན། །བདག་ཉིད་ཀྱིས་མཐོང་བ་ནི་རང་གིས་མཐོང་བའོ། །རང་གིས་མཐོང་བ་ཡང་ཡིན་ལ་དོན་ཡང་ཡིན་པ་དེ་གསལ་བར་བྱེད་པ་སྟེ་ཚིག་གོ། །ཚུལ་གསུམ་པའི་རྟགས་བརྗོད་པ་ཞེས་བྱ་བ་དེ་ཙམ་མཚན་ ཉིད་ཅན་གྱི་ཚིག་ཡིན་པ་ནི་བླ་སྟེ། རང་གིས་མཐོང་བ་སྨོས་པས་ཅི་ཞིག་བྱ་ཞེ་ན། གཞན་ལ་བསྟན་པར་བྱ་ཉིད་ཕྱིར། །ཞེས་བྱ་བ་སྨོས་ཏེ། རྒྱུའི་ཕྱིར་དོན། བདག་མཐོང་མིན་ཡང་གཞན་དག་གིས། །མཐོང་བ་གཞན་དག་གི་ལུང་ལས་ཤེས་པ་གང་ཡིན་པ་དེ་སྒྲུབ་བྱེད་ཅེས་ཁ་ཅིག་ གྲངས་ཅན་ནོ། །སྟོན་པར་བྱེད་པ་ལ་མ་གྲུབ་ཏུ་ཟིན་ཀྱང་། གཞན་ལ་བསྟན་པར་བྱ་བའི་ཕྱིར། །བརྗོད་པར་འདོད་པའི་རྟགས་ཏེ། ལུང་ལས་གྲུབ་པའི་རྟགས་ཡིན་ནོ་ཞེས་བྱ་བ་ནི་སེར་སྐྱ་པའིའོ། །དེ་སྤང་ཕྱིར་དེ་སྐད་དུ་བརྗོད་པ་དེ་ངེས་གསལ་བར་བྱ་བའི་ཕྱིར། བདག་གིས་མཐོང་བའི་ ཚིག །རང་གིས་མཐོང་བ་སྨོས་སོ། །བསྟན་པར་བྱ་བ་ལུང་ལས་གྲུབ་པ་ཉིད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་སྒྲུབ་པར་བྱེད་པ་སྔོན་དུ་སོང་བ་ཅན་གྱི་གྲུབ་པ་དེ། གལ་ཏེ་ཚད་མས་མ་གྲུབ་ན། །རྟགས་དེ་མ་གྲུབ་པ་ཉིད་ཡིན་ཏེ། ལུང་ཙམ་གྱིས་གྲུབ་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་ལུང་ནི་ ཚིག་ཡིན་ན། དངོས་པོའི་སྟོབས་ཀྱིས་ཞུགས་པ་ཡི། །རྗེས་སུ་དཔག་པའི་ཡུལ་ལ་ཚིག །ཚད་མ་ཉིད་དུ་མི་འདོད་ཅིང་། །ཅི་སྟེ་ཡང་ལུང་ཚད་མ་མ་ཡིན་པ་དེ་ལྟ་ན་ཡང་ལུང་ལས་གྲུབ་པ་རྟགས་མ་ཡིན་ནོ། །འདི་ལྟར་ལུང་གི་ཡུལ་འདི་ལ་རྗེས་དཔག་སྒྲུབ་པར་བྱེད་པའམ། གནོད་པ་ཅན་ མི་འཇུག་སྟེ། དོན་གྲུབ་པ་ཡང་སྒྲུབ་པར་བྱེད་པ་མི་རུང་བའི་ཕྱིར་དང་། ཚད་མས་གྲུབ་པ་ལ་གནོད་པ་མེད་པའི་ཕྱིར་རོ། །ཡོངས་བརྟགས་ཡོངས་སུ་ལེན་ཕྱིར་རོ། །ཡོངས་སུ་བརྟགས་པ་ལས་དུས་ཕྱིས་ཁས་ལེན་པ་དེ་ལྟར་ན། ཚད་མས་ཡོངས་སུ་ངེས་པ་ལ་ཚད་མ་གཞན་འཇུག་པ་མ་ཡིན་ནོ། ། འདིས་ཀྱང་ལུང་གིས་གྲུབ་པ་མ་ཡིན་ནོ། །དེ་ལྟར་ན། ལུང་ལ་གནོད་ཕྱིར་གཞན་ལ་ནི། །བསྟན་པར་བྱ་བ་ལ་སྟོན་པར་བྱེད་པ་ལུང་ལ་གནོད་པའི་ཕྱིར་སྒྲུབ་པར་བྱེད་པ་སྨྲ་བ་ནི། དེ་ཚེ་ལུང་དེ་ཚད་མིན་ཏེ། ཚད་མས་གནོད་པ་ཡིན་ནོ། །དེའི་ཕྱིར་དེ་གྲུབ། ལུང་གྲུབ་ན་རྟགས་མ་ ལུས་པ་གྲུབ་པ་མ་ཡིན་ནོ། །གལ་ཏེ་ལུང་དེ་ལྡན་ལ་གྲུབ་ཅེ་ན། ལུང་ཡང་ཡིན་ལ་དེ་ཡང་ཡིན་པས་ན་ལུང་དེའོ། །དེ་ཡང་གང་གིས་ཁས་བླངས་པ་དེ་ནི་ལུང་དེ་ལྡན་ནོ། །ལུང་དེ་དང་ལྡན་པ་དེ་ལ་དེ་གྲུབ་པར་འགྱུར་རོ་ཞེ་ན། གལ་ཏེ་འབྲེལ་པ་གྲུབ་ན་ཡང་འགྱུར་མོད་ཀྱི། འདི་ལྟར་གང་ གིས་གང་ལུང་ཡིན། །གང་ཞིག་གང་དང་ལྷན་ཅིག་འདིའི་འདི་ཡིན་ནོ་ཞེས་འབྲེལ་པ་གྲུབ་པའི་ཚད་མ་ཡོད་པ་མ་ཡིན་ཏེ། དེའི་དེ་མེད་པའི་ཕྱིར་འབྲེལ་པ་ཡོད་པ་མ་ཡིན་ནོ། །གཞན་ཡང་། ཚད་མ་ཉིད་ཀྱིས་གནོད་གྱུར་པ། །ལུང་དེ་ཇི་ལྟར་གྲུབ་པ་ཡིན། །གྲུབ་པ་ཉིད་དུ་མི་འགྱུར་རོ། ། ཚད་མས་གནོད་པ་གང་ཡིན་པ་དེ་ནི་རྟོག་པ་སྔོན་དུ་གཏོང་བ་ཅན་གྱི་ལུང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དང་འགལ་བ་ཁས་བླངས་པ། །དེ་ཉིད་ཀྱིས་ནི་ཇི་ལྟར་འགྱུར། །གང་ཞིག་ལུང་དང་འགལ་བ་གང་ཡིན་པ་དེ་ནི་དེ་ལ་གནས་པས་ལུང་དེ་ཉིད་ཀྱིས་ཁས་ལེན་པར་མི་འགྱུར་རོ། །དེ་ ལས་གཞན་པ་ཁས་ལེན་ན། །དོར་བར་བྱ་བ་ཉིད་ཀྱིས་དོར་བ་ལ་བརྟེན་ཏེ་ཚད་མིན་ཏེ་མི་འགྱུར་རོ། །ཅི་སྟེ་ཡང་བསྟན་པར་བྱ་བས་ལུང་དང་འགལ་བ་ཁས་ལེན་པར་འགྱུར་བ་དེའི་ཚེ། དེས་ལུང་དེ་དོར་བར་འགྱུར་བ་དེ་ལྟར་ན། དེ་ཁས་ལེན་པ་ན་ལུང་དེ་དོར་བའི་རྒྱུའི་ཕྱིར། དེ་རྟོགས་ པའི་ཡན་ལག་མ་ཡིན་པས་ན། དེས་གྲུབ་པ་རྟགས་སུ་གྲུབ་པ་མ་ཡིན་ནོ། །དེ་བས་ན་རྟགས་མ་གྲུབ་པས་གོ་བར་བྱ་བ་ལ་ཚད་མ་ཉིད་མ་ཡིན་ནོ། །དེ་བས་ན་དེས་བསྒྲུབ་པར་བྱ་བ་ནི་ཚད་མས་གྲུབ་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་སྟོན་པར་བྱེད་པས་ཅུང་ཞིག་སྟོན་པ་ན་ རང་ཉིད་ཀྱིས་ཤེས་པ་བརྗོད་པར་འགྱུར་རོ། །དེ་ནི་འདི་བདེ་བ་ལ་སོགས་པ་གཞན་གྱིས་ཁས་བླངས་པའི་སྐྱེ་བ་ལ་སོགས་པས་སེམས་པ་མེད་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ། སྟོན་པར་བྱེད་པ་རང་ཉིད་ཀྱིས་ཤེས་པའི་ཡན་ལག་འགའ་ཞིག་གིས་འགྱུར་ཞིང་། གང་གིས་རང་ཉིད་ལ་ ངེས་པས་གཞན་ཡང་སྟོན་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་གང་གི་ཚེ་ཤེས་པས་ཁོ་བོ་སེམས་པ་མེད་པ་སྟོན་པར་བྱེད་པ་མ་ཡིན་ནོ་ཞེས་ཟེར་བ་དེའི་ཚེ། དེའི་ཚིག་བཞད་གད་དུ་འགྱུར་རོ། །དེས་ན་རང་ཤེས་གང་ལས་བྱུང་བ། ཚད་མ་གང་ལས་གྲངས་ཅན་གྱི་སེམས་པ་མེད་ པའི་ཤེས་པ་སྐྱེས་པ་སྟེ། ཅི་ཕྱིར་སྒྲུབ་པར་བྱེད་མི་སྨྲ། །སྒྲུབ་པར་བྱེད་པ་དེ་ཉིད་བསྟན་པར་བྱ་བ་ལ་བསྟན་པའི་ཕྱིར་ཅིའི་ཕྱིར་མི་བརྗོད་དོ། །གང་གིས་ན་ལུང་ལས་གཞན་གྱི་མཐོང་བ་རྗོད་པར་བྱེད། དེ་ལྟར་ན་རང་དང་གཞན་གྱིས་ཁས་བླངས་པ་ཉིད་སྒྲུབ་པར་བྱེད་པ་ ཉིད་ཡིན་ནོ། །གལ་ཏེ་ཁོ་བོས་གཞན་ལ་གྲུབ་པའི་སྐྱེ་བ་ལ་སོགས་པས་བདེ་བ་ལ་སོགས་པ་སེམས་པ་མེད་པ་ཉིད་དུ་ཁས་ལེན་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། རང་གི་ལུང་ལ་སོགས་པ་ལས་དེ་ཡིན་པ་དེ་བས་ན་རིགས་པ་གཞན་ལ་མ་བརྗོད་པ་ཡིན་ནོ་ཞེ་ན། དེ་ནི་གང་གི་གང་ལུང་ ཡིན། །ཞེས་བཤད་ཟིན་ཏོ། །རིགས་པ་ནི་ལུང་དང་སྦྱོར་བར་བྱེད་དེ། ཡོངས་བརྟགས་ཡོངས་སུ་ལེན་ཕྱིར་རོ། །དེ་ལ་སྟོན་པར་བྱེད་པས་ལུང་དེ་རིགས་པས་སམ་གྲགས་པས་གཟུང་བར་བྱ་བ་ཡིན་གྲང་ན། དེས་ལུང་གང་གིས་སེམས་མེད་པར་གྲུབ་པར་སྟོན་པར་འགྱུར། གལ་ཏེ་རིགས་པས་ཡིན་པ་དེའི་ཚེ། རིགས་པ་གང་གིས་ལུང་གཟུང་ཡིན། །རིགས་པ་དེ་འདིས་ཀྱང་བསྟན་པར་བྱ་བ་འཛིན་ཅིས་མ་ཡིན། ཅིའི་ཕྱིར་འཛིན་པར་བྱེད་པ་པོ་མ་ཡིན། གཞན་ཡང་དེ་ཉིད་སེམས་པ་མེད་པ་སྒྲུབ་པར་བྱེད་པ་ཁས་བླངས་པ་འཛིན་པར་བྱེད་པ་པོར་འགྱུར་བ། དེ་ ལྟར་ན་སྐྱེ་བ་ལ་སོགས་པ་སྒྲུབ་པར་བྱེད་པར་བརྗོད་པ་ནུས་པ་མེད་ཅིང་། དོན་མེད་པ་ཡིན་ནོ། །ཅི་སྟེ་རིགས་པས་གཟུང་བར་བྱ་བ་མ་ཡིན་པ་དེའི་ཚེ། དེ་ཉིད་ཚད་མ་དང་བཅས་པ་མ་ཡིན་པ་དེ་ལྟར་ན་གཟུང་བར་བྱ་བ་ཉིད་མ་ཡིན་ནོ། །དེ་བས་ན་དེས་གྲུབ་པའི་སེམས་པ་མེད་པ་ཉིད་མ་ གྲུབ་པ་ཡིན་ནོ། །གལ་ཏེ་རྣལ་འབྱོར་ལས་སྐྱེས་པའི་མངོན་སུམ་གྱིས་སེམས་པ་མེད་པ་ངེས་པ་དེ་ནི་རྣམ་པ་གཞན་དུ་བྱ་བར་མི་ནུས་པ་དེས། རྣམ་པ་འགའ་ཞིག་གིས་གཞན་ལ་བསྟན་པར་བྱ་བ་ཡིན་ནོ་ཞེ་ན། དེ་ལ་སྟོན་པར་བྱེད་པའི་མངོན་སུམ་གྱི་ཤེས་པ་གློ་བུར་དུ་སྐྱེ་བ་ནི་མ་ཡིན་ནོ། ། འོ་ན་ཅི་ཡིན་ཞེ་ན། སྒྲུབ་པར་བྱེད་པ་འགའ་ཞིག་གིས་འདི་འདིའི་གྲུབ་པར་བྱེད་པ་ཡིན་ནོ་ཞེས་ཤེས་ནས་ནན་ཏན་དུ་བྱེད་ཅིང་། ནན་ཏན་དུ་བྱས་པ་ལས་མངོན་སུམ་ཡིན་ལ། དེ་ནི་སྔར་ནི་སྒྲུབ་པར་བྱེད་པ་གང་གིས་སྟོན་པར་བྱེད་པ་ཐ་མལ་པ་སྟེ། ཚུ་རོལ་མཐོང་བར་གྱུར་པའི་སྒྲུབ་ པ་དང་། དབང་པོ་ལས་བྱུང་སྟེ། ནན་ཏན་དུ་བྱེད་པ་དང་། མངོན་སུམ་སྒྲུབ་པར་བྱེད་པ་གང་གིས་སྐྱེད་པ་སྒྲུབ་པ་དེ་དག་བསྟན་པར་བྱ་བ་དེ་དོན་ནུས་ཤེས་ལ། འདི་ལས་འདི་འགྱུར་རོ་ཞེས་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པའི་ནུས་པ་ཤེས་པ་ལ་ནུས་པ་ཡིན་པ་དེ་ལྟར་ན་ཅིའི་ཕྱིར་དེ་སྟོན་ པར་མི་བྱེད། ཇི་ལྟར་ཐར་བ་ལྐོག་ཏུ་གྱུར་པ་འདི་ལ་ཡང་ཁོ་བོ་ཅག་གིས་སྔར་བཤད་ཟིན་ཏེ། དཔེར་ན་མ་རིག་པ་དང་སྲེད་པ་དག་དང་། སྐྱེ་བ་འབྲེལ་པ་བསྟན་ཞིང་དེ་དག་གི་གནོད་པ་ཅན་སྟོང་པ་ཉིད་དུ་ལྟ་བ་ཡང་བཤད་པ་ལྟ་བུའོ། །གནོད་པ་བྱ་བ་དང་གནོད་པར་བྱེད་པའི་འབྲེལ་ པ་གཞན་ཡོད་པ་ནི་མ་ཡིན་གྱི། དེ་ལ་གནོད་པར་བྱེད་པའི་སྟོང་པ་ཉིད་དུ་ལྟ་བ་གོམས་པ་དང་། དེའི་བདག་ཉིད་དུ་གྱུར་པ་རྒྱུ་དང་འབྲས་བུའི་དངོས་པོར་འབྲེལ་པ་ཡིན་པ་དེ་ལྟར་ན། ཐར་པ་དངོས་པོའི་སྟོབས་ལས་བྱུང་བ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་མངོན་སུམ་དེ་དང་། དེའི་སྒྲུབ་པར་བྱེད་པ་རྣམས་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པའི་དངོས་པོ་བསྟན་པས་གང་གིས་བསྟན་པར་བྱ་བ་ལ་སེམས་པ་མེད་པ་ཉིད་གྲུབ་པར་འགྱུར་བའི་མངོན་སུམ་དེ་འདྲ་བ་ཡོད་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་སྟོན་པར་བྱེད་པས་དོན་འདི་ཤེས་པ་ཉིད་མ་ཡིན་གྱི། འོན་ཀྱང་ཁོ་བོ་ལ་དེ་སྐད་དུ་སྟོན་པར་བྱེད་པ་ཡིན་ནོ་ཞེས་རྟོག་པ་སྔོན་དུ་སོང་བའི་ངང་ཚུལ་ཅན་དཔྱོད་པར་འགྱུར་བས། སེམས་པ་མེད་པ་ཉིད་གཟུང་བར་བྱ་བ་ཉིད་མ་ཡིན་པར་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི་འགའ་ཞིག་དང་ལྷན་ཅིག་མངོན་སུམ་དེ་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་ བྱེད་པའི་དངོས་པོ་ཡོད་པ་མ་ཡིན་ཏེ། འབྲེལ་པ་བསྐལ་པ་ཉིད་ཀྱི་ཕྱིར་རོ། །སྤྱིས་ཀྱང་ཤེས་པ་མ་ཡིན་པས་དེ་མ་བསྟན་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ཡིན་པ་དེའི་ཚེ། གང་ཡང་འབྲེལ་པ་རྣམ་ཆད་ཅན། །ཡང་གི་སྒྲ་ནི་དང་གི་དོན་ཡིན་ཏེ། གང་དང་དེ་ལྟར་འབྲེལ་པ་ཆད་པ་ ཅན་ནི། སྤྱིས་ཀྱང་སྤྱོད་ཡུལ་མ་ཡིན་པའི་དོན་ཡུལ་མ་ཡིན་པའོ། །འབྲེལ་པ་བསྐལ་པ་ཅན་གྱི་དོན་དེ་དག་ལ་བསྒྲུབ་བྱ་དང་། སྒྲུབ་བྱེད་སྤྱོད་པ་ཅུང་ཟད་མེད། །དེ་ལྟར་ན་གཞན་ལ་བསྟན་པར་བྱ་བའི་ཕྱིར། སྒྲུབ་པར་བྱེད་པ་དགོད་པར་བྱ་བ་མ་ཡིན་ཏེ། དེ་ནི་ཡུལ་དེ་འདྲ་བ་ལ་ གོ་བར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་རོ། །གཞན་ཡང་བསྟན་པར་བྱ་བ་ཡང་འདོད་པ་ཙམ་གྱིས་ལུང་འཛིན་པར་འགྱུར་ཞིང་། ལུང་དེས་སྐྱེ་བ་ལ་སོགས་པའི་སྒྲུབ་པར་བྱེད་པ་རབ་ཏུ་སྒྲུབ་པར་བྱེད་པ་དེ་བས་ན་གང་གི་ཚེ་སེམས་པ་མེད་པ་ཉིད་དུ་འགྱུར་བ་དེའི་ཚེ། སྐྱེས་བུའི་ བསམ་པའི་དབང་གིས་དངོས་པོའི་དེ་ཁོ་ན་ཉིད་དང་། དེ་ཁོ་ན་ཉིད་མ་ཡིན་པ་རྣམ་པར་གཞག་པར་འགྱུར་རོ། །དེ་ལྟ་ན་ཡང་། སྐྱེས་བུའི་བསམ་པའི་དབང་དག་གིས། །དེ་ཉིད་དེ་ཉིད་མིན་རྣམ་གཞག །བྱེད་པ་ཡིན་ན་གཏན་ཚིགས་དང་། །དེར་སྣང་བ་དག་སྐྱེས་བུའི་འདོད་པ་ཙམ་གྱིས་ ཉེ་བར་བཏགས་པ་ཡིན་པར་འགྱུར་གྱི། དོན་དམ་པ་རྣམ་པར་གཞག་པའི་མཚན་ཉིད་ཅན་མ་ཡིན་པ་དེ་ལྟར་ན། གཏན་ཚིགས་དེར་སྣང་མེད་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སྐྱེས་བུའི་བསམ་པ་དེ་ནི་དངོས་རྟེན་མིན་ཕྱིར་རོ། །དེ་ནི་དངོས་པོ་ལ་ངེས་པར་འཇུག་པ་མེད་པའི་ཕྱིར་རོ། །གཏན་ ཚིགས་སུ་མངོན་པར་འདོད་པ་གང་ཡིན་པ་དེ་ཉིད་རྟགས་ཡིན་ཞིང་། དེ་ཉིད་རྣམ་གྲངས་གཞན་གྱིས་ཀྱང་མི་འདོད་པ་དེ་ལྟར་ན། གཏན་ཚིགས་མ་ཡིན་པའི་ཕྱིར། གཏན་ཚིགས་དང་དེར་སྣང་བ་དག་རང་བཞིན་དུ་གནས་པ་ཅན་མ་ཡིན་ན། གཞན་ཡང་། དོན་ཡོད་ཤེས་ལ་ལྟོས་བཅས་ཡིན། ། སྒྲུབ་པར་བྱེད་པ་ཡིན་གྱི་དོན་དམ་པར་དོན་མེད་པས་ཤེས་པས་ཏེ། ཤེས་པ་ཙམ་གྱིས་སྒྲུབ་བྱེད་མིན། །དཔེར་ན་མེ་ལ་ཀུན་དུ་བརྟགས་པའི་དུ་བ་ལྟ་བུའོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་མི་རྟག་པ་ཉིད་དང་། །སྐྱེ་བ་ལ་སོགས་པ་རྟགས་སུ་མ་གྲུབ་པ་ཡིན་པ་དེ་ལྟར་ན་ཡང་། དོན་ དམ་པར་བདེ་བ་ལ་སོགས་པ་ནི་སེམས་པ་མེད་པ་ཉིད་དུ་ཡོད་པ་ཡིན་ནོ། །དེ་ནི་དངོས་པོའི་བཀོད་པས་ཡོན་ཏན་དང་ལྡན་པ་ཡིན་ནོ་ཞེས་རྣམ་པ་འགའ་ཞིག་གིས་གཞན་ལ་བསྟན་པར་བྱ་བ་ཡིན་ནོ་ཞེ་ན། དེ་དང་དེ་ཡོད་པ་མ་ཡིན་ཏེ། འདི་ལྟར་ཡོད་ན་ཡང་། ཡོན་ཏན་དང་ལྡན་པའི་དོན་ཡང་ངོ་། ། དངོས་དང་འབྲེལ་པ་མེད་པའི་སྟེ། །དངོས་པོར་གྱུར་པ་མ་ཡིན་པའི་རྟགས་ཀྱི་སྒོ་ནས་ཀྱང་འོངས་པའི་རྟོགས་པ་དེ་ཁོང་དུ་ཆུད་པ་དེ་མེད་རྟོགས་ཡོན་ཏན་དང་ལྡན་པ་མེད་པར་རྟོགས་པ་དང་འདྲ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཚད་མ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་གལ་ཏེ་ཚད་མའི་ སྟོབས་ལས་འཁྲུལ་པ་དང་འཁྲུལ་པ་མ་ཡིན་པ་རྣམ་པར་འཇོག་པར་བྱེད་པ་དེ་མེད་ན། གང་ལས་འདི་འཁྲུལ་པའམ་མ་ཡིན་ན་ཞེས་ངེས་པར་འགྱུར། གཞན་ཡང་། རང་བཞིན་དག་གམ་འབྲས་བུའམ། །དངོས་པོ་སྒྲུབ་པར་བྱེད་པ་ཉིད་ཡིན་པ། སྣང་བ་མཐོང་བ་མེད་པ་ཉིད། །སྣང་ བ་སྟེ་དོན་ནོ་མཐོང་བ་མེད་ཉིད་དེ། མི་དམིགས་པ་མེད་པའི་ཐ་སྙད་འཇུག་པར་བྱེད་པ་ཡིན་པ་དེ་ལྟར་ན་རྣམ་པ་གསུམ་ཡིན་ནོ། །རྟགས་འབྲེལ་པ་སྟེ། གོ་བར་བྱེད་པ་ཡིན་གྱི་གོ་བར་བྱེད་པ་གཞན་ནི་ཡོད་པ་མ་ཡིན་ནོ། །གལ་ཏེ་གསུམ་པོ་དེ་དག་གི་ནང་དུ་སྐྱེ་བ་ལ་སོགས་པ་འདུས་པ་ ཡིན་པ་དེའི་ཚེ་དེ་དངོས་གྲུབ་ཡིན་ན། སྐྱེ་བ་ལ་སོགས་པའོ། །གྲངས་ཅན་རང་ལ་ཅིའི་ཕྱིར་མ་གྲུབ། གཉི་ག་ལ་གྲུབ་པ་ཡིན་པར་འགྱུར་རོ། །ཅི་སྟེ་ནང་དུ་འདུས་པ་མ་ཡིན་པ་དེའི་ཚེ། བསྟན་པར་བྱ་བ་གཞན་གྱིས་ཀྱང་གཞན་ཏེ། ཚུལ་གསུམ་པའི་རྟགས་ལས་སེམས་པ་ མེད་པ་རྟོགས་པ་ནི། ཁོང་དུ་ཆུད་པ་ལ། མི་རིགས་པ་ཉིད་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་གཞན་གྱིས་ཁས་བླངས་པ་སྒྲུབ་པར་བྱེད་པ་མ་ཡིན་ན། འདི་ལྟར་ན་དེས་དེ་དང་དེར་ཐལ་བ་སྒྲུབ་པར་བྱེད་པ་བརྗོད་པ་ཡིན་ཞེ་ན། སྐྱོན་དེ་ཡོད་པ་མ་ཡིན་ཏེ། འདི་ལྟར་ གཞན་གྱིས་བརྟགས་པ་ཡིས། །སྒྲུབ་པར་བྱེད་པས། ཐལ་བ་གང་ཡིན་པ་འདིས་བརྗོད་པ་གང་གཏན་ཚིགས་ངེས་པར་བསྒྲུབ་པར་བྱས་ནས་དེས་ན་དོན་འགའ་ཞིག་སྒྲུབ་པ་ནི་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། གཉིས་འབྲེལ་ཕྱིར། གཅིག་མེད་ན་ནི་གཞན་མེད་ཕྱིར་སྐབས་འགའ་ ཞིག་ཏུ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་ཆོས་འབྲེལ་པ་ཅན་དུ་འགྱུར་བ་དེ་དག །སྒྲུབ་པར་བྱེད་པའི་ཆོས་ལ་འབྲེལ་པ་ཡོད་ན་དེ་དང་འབྲེལ་པ་ཅན་གྱི་བསྒྲུབ་པར་བྱ་བའི་ཆོས་ཀྱང་ཡོད་པ་ཡིན་ནོ། །ཅི་སྟེ་བསྒྲུབ་པར་བྱ་བ་མི་འདོད་པ་དེའི་ཚེ། སྒྲུབ་པར་ བྱེད་པའི་ཆོས་ཀྱང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བདག་གིས་མཐོང་བ་སྨོས་པ་བཤད་ནས། དོན་སྨོས་པའི་མཚན་ཉིད་དུ་བྱས་པ་གང་ཡིན་པ་དེ་དོན་སྨོས་པས་རྟགས་ཉིད་མིན་པར་སྒྲུབ་དོན་ཏོ། །གང་དག་ཅེ་ན་སྒྲ་དག་དང་། །རྟོག་པས་སྒྲོ་བཏགས་བདག་ཉིད་ཅན། ། ལུང་རྣམ་པར་རྟོག་པས་སྒྲོ་བཏགས་པའི་བདག་ཉིད་ཅན་ཏེ། ལུང་དང་རྣམ་པར་རྟོག་པས་སྒྲོ་བཏགས་པའི་བདག་ཉིད་ཀྱི་རང་བཞིན་གང་ལ་ཡོད་པ་དེ་དག་ནི། རྟགས་མ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱ་བའི་དོན་དུ་སྨོས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དོན་ ལས་དོན་ནི་སྒྲུབ་ཕྱིར་རོ། །དངོས་པོ་ནི་དངོས་པོ་ལ་རག་ལུས་པ་དེའི་ཕྱིར། དེ་ཉིད་དེའི་གོ་བར་བྱེད་པ་ཡིན་ནོ། །དེ་ལྟར་ན་རྟོག་པ་དང་ལུང་གི་དངོས་པོའི་རྗེས་སུ་འཇུག་པ་མ་ཡིན་གྱི། འོན་ཀྱང་བྱེད་པ་པོའི་འདོད་པ་ཙམ་ཡིན་ནོ། །དེ་ལྟར་ན། རྟོག་དང་ལུང་དག་བྱེད་པ་པོའི། ། འདོད་པ་ཙམ་རྗེས་སུ་འཇུག་པ་དང་། ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱི། དངོས་ལས་གཞན་དུ་འགྱུར་ཕྱིར་རོ། །དངོས་པོ་ཇི་ལྟ་བ་བཞིན་དུ་འཇུག་པ་མེད་པའི་རྒྱུའི་ཕྱིར། ལུང་དང་རྟོག་པ་དག་གིས་གཏན་ཚིགས་ཉིད་དུ་བརྟགས་པ་གང་ཡིན་པ་དེ་དག་རྣམ་པར་འཁྲུལ་པ་ ཡིན་ནོ། །དོན་སྨོས་པ་ཡང་བཤད་ཟིན་ཏོ། །ད་ནི་ཕྱོགས་སྒྲུབ་པར་བྱེད་པ་ཉིད་ཡིན་པ་དོན་གྱིས་ཞེས་བྱ་བ་ལ་སོགས་པས་འགོག་པར་བྱེད་དོ། །ཚུལ་གསུམ་པའི་རྟགས་བརྗོད་པ་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་དོན་གྱི་ཕྱོགས་ཀྱི་ཚིག་ སྒྲུབ་པར་བྱེད་པ་མ་ཡིན་ཞེས་བཤད་པར་རིག་པར་བྱའོ། །ཇི་ལྟར་ན་སྒྲུབ་པར་བྱེད་པ་མ་ཡིན་ཞེ་ན། དངོས་སམ་བརྒྱུད་པས་སྒྲུབ་པར་བྱེད་པ་ཡིན་པར་འགྱུར་གྲང་ན། དེ་ལ་རེ་ཞིག་དངོས་སུ་ནི། དོན་ལ་སྟེ་བསྒྲུབ་པར་བྱ་བ་ལ། ཕྱོགས་དང་གཏན་ཚིགས་བརྗོད་ནུས་མེད། ། ཕྱོགས་ཀྱི་ཚིག་གམ་གཏན་ཚིགས་ཀྱི་ཚིག་སྟོན་པར་ནུས་པ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དོན་གྱིས་དོན་རྟོགས་ཕྱིར་རོ། །གང་གི་ཕྱིར་དུ་བ་ལ་སོགས་པ་ཚུལ་གསུམ་པའི་རྟགས་ལ། མེ་ལ་སོགས་པ་རྟོགས་པ་ཡིན་གྱི། སྒྲ་ལས་མ་ཡིན་པའི་རྒྱུ་དེས་ན་དེ་དག་ ཕྱོགས་དེ་གཏན་ཚིགས་བརྗོད་པ་དག་ལ་རང་ཉིད་ལས་དངོས་སུ་སྒྲུབ་བྱེད་གནས་པ་ཡོད་མ་ཡིན། སྒྲུབ་པར་བྱེད་པར་རྣམ་པར་གཞག་པའོ། །གལ་ཏེ་སློབ་དཔོན་གྱིས་སྒྲ་ལས་བྱུང་བ་ཚད་མ་ཉིད་དུ་བཞེད་པ་ཡིན་ཇི་ལྟར་ན་དེས་དོན་གྲུབ་པ་མ་ཡིན། གང་གི་ སྒྲས་སྒྲོ་བཏགས་པ་རྟགས་མ་ཡིན། དེ་ནི་རྟགས་ཉིད་ཡིན་པར་རིགས་པ་ཡིན་ནོ། །དེ་བས་ན་བསྒྲུབ་པར་བྱ་བ་རྗོད་པར་བྱེད་པའི་མཚན་ཉིད་ཅན་གྱི་མི་རྟག་པ་ལ་སོགས་པའི་སྒྲ་ལས་མི་རྟག་པ་ལ་སོགས་པ་གྲུབ་པའི་ཕྱིར། ཡན་ལག་གཞན་སྦྱོར་བ་ལ་ཡང་དོན་མེད་པ་ཅན་དུ་འགྱུར་རོ་ཞེ་ན། དེ་དོན་ལ་ ཚད་མ་མ་ཡིན་པ་གང་གིས་ན་དེ་ལྟར་འགྱུར། འོ་ན་ཅི་ཡིན་ཞེ་ན། ཕྱོགས་ཀྱི་ཚིག་དེ་འཆད་པ་པོའི་བསམ་པ་སྟོན་པར་བྱེད་པ་ལ། ཚད་ཡིན་པ་དེ་ལྟར་ན་སྐྱོན་ཡོད་པ་མ་ཡིན་ནོ། །དེ་ལས་ཐེ་ཚོམ་དག །སྐྱེ་ཕྱིར་ཕྱོགས་ཀྱི་ཚིག་ལས་བསྒྲུབ་པར་བྱ་བའི་དོན་ལ་ཐེ་ཚོམ་ཟ་བ་མཐོང་ བ་དེ་ལྟར་ན་ཕྱོགས་ཀྱི་ཚིག་དངོས་སུ་སྒྲུབ་བྱེད་མིན་ནོ། །གལ་ཏེ་སྒྲུབ་པར་བྱེད་པ་གསལ་བར་བྱེད་པ་ཡིན་དེའི་ཚེ་ཉེ་བར་བཏགས་པ་ལས་ཀྱང་ཚད་མ་ཉིད་དུ་འགྱུར་ན། འདི་ལྟར་དེས་བསྒྲུབ་པར་བྱ་བའི་དོན་བརྗོད་པར་འགྱུར་ཏེ། བསྒྲུབ་པར་བྱ་བ་བརྗོད་པ་ཡིས་རྒྱུའི་ཕྱིར། བརྒྱུད་ པ་ཡིས་ཀྱང་ནུས་པ་མེད། དོན་གྲུབ་པ་ལ་ནུས་པ་ཡོད་པ་མ་ཡིན་ནོ། །གཏན་ཚིགས་བརྗོད་པ་རང་ཉིད་དག །ནུས་པ་མེད་ཀྱང་བརྒྱུད་པས་སྒྲུབ་པར་བྱེད་པར་འདོད་པ་དེ། ཚུལ་གསུམ་པའི་རྟགས་ནུས་སྟོན་བྱེད་པའི་ཕྱིར་རོ། །ཅི་སློབ་དཔོན་གྱིས་དངོས་སམ་བརྒྱུད་པས་ ཕྱོགས་ཀྱི་ཚིག་སྒྲུབ་པར་བྱེད་པ་ཉིད་དུ་བཞེད་པ་ཡིན་ན་གང་གིས་ན་དེ་སྐད་དུ་བརྗོད་ཅེ་ན། འདོད་པ་ཡིན་ནོ། །ཇི་ལྟར་ཤེས་ཤེ་ན། དེ་ཉིད་ལས་ཐེ་ཚོམ་སྐྱེ་བའི་ཕྱིར་རོ་ཞེས་བསྟན་པས། དངོས་སུ་དེ་ཕྱོགས་ཀྱི་ཚིག་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བཤད་དོ། །བརྒྱུད་ པས་ཀྱང་སྒྲུབ་པར་བྱེད་པ་ཉིད་དུ་མ་བསྟན་པའི་ཕྱིར་མ་ཡིན་ནོ། །དེ་གང་ལས་ཤེ་ན། འདི་ལྟར། གཏན་ཚིགས་དོན་གྱི་ཡུལ་ཉིད་ཀྱིས། །ནུས་མེད་དེས་བརྗོད་བསྟན་པ་ཡིན། །ཡན་ལག་དག་གི་ནང་ནས་རྗེས་སུ་དཔག་པར་བྱ་བ་བསྟན་པ་གང་ཡིན་པ་དེ་ཁོ་བོ་ཅག་སྒྲུབ་པར་ བྱེད་པ་ཉིད་དུ་འདོད་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། བསྒྲུབ་པར་བྱ་བའི་དོན་གང་ཡིན་པ་དེ་ནི་གཏན་ཚིགས་ཀྱི་ཡུལ་དུ་གྱུར་པ་ཡིན་ཏེ། བསྒྲུབ་པར་བྱ་བའི་དོན་བསྟན་པ་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི་སྒྲུབ་པར་བྱེད་པ་ལ་བསྒྲུབ་པར་བྱ་བ་ནུས་པ་མེད་པ་དེ་བརྗོད་ པ་སྟེ། རྟགས་མ་བརྗོད་པས་ནུས་པ་མེད་པ་དེ་བསྟན་ཞིང་བཤད་པ་ཡིན་ནོ། །དེ་ལྟར་བརྒྱུད་པས་ཀྱང་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་ཤེས་པར་འགྱུར་རོ། །བསྒྲུབ་པར་བྱ་བ་བརྗོད་པ་མེད་ན་གཏན་ཚིགས་ཀྱི་ཚིག་ཉིད་འཇུག་པ་མེད་པ་དེས་ན་གལ་ཏེ་དེ་ལ་ ཕྱོགས་ཀྱི་ཚིག་ལ། ནུས་ཡོད་དེ། གཏན་ཚིགས་ཚིག་ནི་འཇུག་ཕྱིར་རོ། །རྒྱུའི་ཕྱིར་རོ་ཞེ་ན། དེ་ལ་ཐེ་ཚོམ་གྱིས་ཞེས་བྱ་བ་ལ་སོགས་པས་མ་ངེས་པར་བསྟན་ཏོ། །དོན་དེ་ལ་ཐེ་ཚོམ་གྱིས་ཤེས་འདོད། ཤེས་པར་འདོད་པ་སྟོན་པར་བྱེད་པ་ཚོལ་བར་བྱེད་པ་སྒྲུབ་པར་བྱེད་པ་རྗོད་ པར་བྱེད་པ་དེ་ལྟར་ན་སྐྱེས་བུ་ཤེས་པར་འདོད་པ་སྐབས་ལ་བབ་པའི་རྟེན་གྱིས་འགྱུར། སྒྲུབ་པར་བྱེད་པའི་སྐབས་ཀྱི་རྟེན་གྱིས་ཐེ་ཚོམ་དུ་འགྱུར་ཏེ། དེ་ཡང་སྒྲུབ་པར་བྱེད་པ་ཉིད་དུ་འགྱུར་ན་འགྱུར་བ་ཡང་མ་ཡིན་པ་དེའི་ཕྱིར་མ་ངེས་པ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། ཐེ་ཚོམ་ལ་སོགས་ པ་དང་། ཚིག་ནི་འཇུག་པ་གཅིག་པ་ཉིད་མ་ཡིན་གྱི། འཇུག་པ་དེ་དག་ནི་ཚོགས་པ་བརྗོད་པར་འདོད་པ་མ་ཡིན་ན། གང་གིས་ན་ཚོགས་པ་དེ་སྒྲུབ་པར་བྱེད་པར་འགྱུར་ཞེ་ན། ཅི་སྟེ་དེ་ལྟ་ཡིན་པ་དེའི་ཚེ། མི་མཐུན་ཕྱོགས་ཁས་ལེན་ན་ཡང་མི་མཐུན་པའི་ཕྱོགས་ཁས་ལེན་པའི་ཚིག་ལ་ ཡང་། དེ་མཚུངས་འགའ་ཞིག་གིས་སྒྲ་རྟག་པ་ཡིན་ནོ་ཞེས་བརྗོད་པ་ན། གཞན་གྱིས་སྒྲ་ནི་བྱས་པ་ཡིན་ལ་བྱས་པ་ཉིད་ཀྱི་ཕྱིར་མི་རྟག་པ་ཡིན་ཏེ། དཔེར་ན་བུམ་པ་ལྟ་བུའོ་ཞེས་སྨྲས་པ་དེ་ལྟར། གཏན་ཚིགས་ཀྱི་ཚིག་འཇུག་པ་ཡོད་པའི་ཕྱིར། མི་མཐུན་པའི་ཕྱོགས་ཀྱི་ཚིག་ཀྱང་བྱས་ པ་ཉིད་ཀྱི་ཚིག་དེ་དང་ལྷན་ཅིག་སྒྲུབ་པར་བྱེད་པར་འགྱུར་ན། དེ་ལྟར་ཐུག་མེད་འགྱུར་ན་དེ་ལྟར་ཡང་མ་ཡིན་པ་དེའི་ཕྱིར་གཏན་ཚིགས་འཇུག་པའི་རྒྱུ་ཉིད་ཀྱིས་དམ་བཅའ་བ་སྒྲུབ་པར་བྱེད་པ་ཉིད་རིགས་པ་མ་ཡིན་ནོ། །གང་གི་ཕྱིར་འདི་ལྟར་ཕྱོགས་ཀྱི་ཚིག་དངོས་སམ་བརྒྱུད་པས་ སྒྲུབ་པར་བྱེད་པ་མ་ཡིན་པ་དེའི་ཕྱིར། ནང་གི་ཡན་ལག་བསྒྲུབ་པར་བྱ་བའི་དོན་འགྲུབ་པ་ལ། ནུས་ཉིད་ནི་ཚུལ་གསུམ་དག་ཏུ་སྟེ། ཕྱོགས་ཀྱི་ཆོས་ཉིད་ལ་སོགས་པར་གནས་པ་ཡིན་ནོ། །ནིའི་སྒྲ་ནི་ངེས་པར་གཟུང་བ་དང་། རིམ་པ་བཞིན་དུ་སྦྱར་བའོ། །དེའི་ཤེས་པ་ལ་ ནུས་པ་ཉིད་ཀྱི་ཚིག་གང་ཡིན་པ་དེ་ནི་དེ་མེད་ན་མི་འབྱུང་བ་ཉིད་ཡིན་ཏེ། ཚུལ་གསུམ་པའི་དོན་ཉིད་དོན་གྱི་སྒྲུབ་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །ཚུལ་གསུམ་པའི་རྟགས་དེ་ལ་དྲན་པ་སྐྱེད་པ་ནི། གང་ཡིན་པ་དེ་ཚིག་ཉིད་ལ་གནས་པ། ཚིག་ཉིད་དུ་གནས་པ་ཡིན་ནོ། །དེ་དེ་ལྟར་ན་རང་ཉིད་ ཀྱི་ནུས་པ་ལས་སམ་ནུས་པ་སྟོན་པར་བྱེད་པ་ལས་དེ་གཉི་ག་སྒྲུབ་པར་བྱེད་པར་འགྱུར་གྱི། དེ་ལྟར་ཕྱོགས་ཀྱི་ཚིག་མ་ཡིན་པའི་ཕྱིར་སྒྲུབ་པར་བྱེད་པ་ཡང་མ་ཡིན་ནོ། །གལ་ཏེ་ཇི་སྲིད་གཏན་ཚིགས་ཀྱི་ཡུལ་སྟོན་པར་བྱེད་པ་མ་བཤད་པ་དེ་སྲིད་དུ་གཏན་ཚིགས་འཇུག་པ་མེད་པ་མ་ཡིན་ ནམ། དེ་དེ་ལྟར་ན་ཡུལ་བསྟན་མེད་པར་ནི་གཏན་ཚིགས་འཇུག་པ་མེད་པའི་ཕྱིར་རྒྱུའི་ཕྱིར་གདོན་མི་ཟ་བར་ཡུལ་བཤད་པར་བྱ་བ་ཡིན་ནོ། །དེའི་ཕྱིར། ཡུལ་དག་བཤད་པ་ཉིད་ལས་ནི། །དེའི་ཕྱོགས་ཀྱི་ཚིག་གི་ནུས་པ་ཉིད། བསྒྲུབ་པར་བྱ་བ་འགྲུབ་པ་ལ་ཡིན་ནོ་ཞེ་ན། འདིར་ཇི་ལྟར་གལ་ཏེ་ ཡང་གཏན་ཚིགས་ཀྱི་འཇུག་པའི་རྒྱུ་ཕྱོགས་ཀྱི་ཚིག་ཡིན་པ་དེ་ལྟ་ན་ཡང་སྒྲུབ་པར་བྱེད་པ་མ་ཡིན་ཏེ། ཐེ་ཚོམ་ཟ་བ་དང་ཤེས་པར་འདོད་པ་ལ་སོགས་པ་ཡང་སྒྲུབ་པར་བྱེད་པ་ཉིད་དུ་ཐལ་བའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་བཤད་ཟིན་ཏོ། །གཞན་ཡང་ཕྱོགས་ཀྱི་ཚིག་འདི་མེད་པར་ ཡང་སྒྲ་ནི་བྱས་ཡིན་ཞེས་བྱ་བ་ནི་ཕྱོགས་ཀྱི་ཆོས་སྟོན་པའོ། །དེ་འདྲ་བའི་བྱས་པ་གང་ཡིན་པ་དེ་དག་ཐམས་ཅད་མི་རྟག་ཅེས་རྗེས་སུ་འགྲོ་བ་དང་ལྡོག་པ་བརྗོད་པའི་དོན་གྱིས་ཀྱང་ནུས་པས། དེ་འཇིག་བློར་འགྱུར། དེ་སྒྲ་མི་རྟག་པ་ཉིད་དུ་ཤེས་པར་འགྱུར་རོ། །དེ་ལྟར་ན་ཕྱོགས་ཀྱི་ཚིག་ བསྟན་པར་རིགས་པ་མ་ཡིན་ནོ། །འདི་ལྟར་ཕྱོགས་ཀྱི་ཚིག་བསྟན་པ་དག་མེད་པར་ཡང་། འགྲུབ་པ་ལ་གགས་བྱེད་པ་དེ་མེད་པའི་ཕྱིར། གྲུབ་ལ་གགས་བྱེད་མེད་པའི་ཕྱིར། །རྒྱུའི་ཕྱིར། ཕྱོགས་ཀྱི་ཆོས་ལ་སོགས་པའི་ཚུལ། །གསུམ་ལས་གང་ཡང་རུང་བ་ཉིད། །མ་བསྟན་ མ་ཚང་ཉིད་བརྗོད་ཡིན་གྱི་ཕྱོགས་ཀྱི་ཚིག་མ་ཚང་བ་ཉིད་ནི་སྒྲུབ་པར་བྱེད་པའི་སྐྱོན་མ་ཡིན་ནོ། །ཕྱོགས་ཀྱི་ཚིག་སྒྲུབ་པར་བྱེད་པ་མ་ཡིན་པ་གང་ཡིན་པ་དེའི། དམ་བཅའ་སྟེ་ཕྱོགས་ཀྱི་མཚན་ཉིད་སྨྲ་བ། བསྒྲུབ་བྱ་དག་སྟོན་པ་ལ་སྟེ། བསྒྲུབ་པར་བྱ་བར་འཆད་པར་བྱེད་པ་ལ་གཏན་ཚིགས་ དང་དཔེ་མ་གྲུབ་པ་སྟོན་པ་ཡང་དམ་བཅའ་བར་འགྱུར་ཞེས་བྱ་བ་ལ་དེ་ལྟ་བུ་ལ་སོགས་པ་དེ་ལྟ་བུའི་སྐྱོན་མི་རུང་སྟེ། རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྒྲུབ་པར་བྱེད་པའི་སྐབས་ཉིད་ཀྱིས། །གཏན་ཚིགས་ལྟར་སྣང་ཐལ་མིན་ཕྱིར། །སྒྲུབ་པར་བྱེད་པ་ཉིད་དུ་བརྗོད་པའི་ཕྱིར་སྒྲུབ་པར་བྱེད་ པ་ཉིད་ཀྱི་སྐབས་ཀྱིས་གཏན་ཚིགས་ལྟར་སྣང་བ་དག་ཡིན་གྱི་དམ་བཅའ་བའི་ཚིག་གི་སྒྲུབ་པར་བྱེད་པ་མ་ཡིན་པ་དེ་ལྟར་ན། གཏན་ཚིགས་ལྟར་སྣང་བ་དག་ཡིན་གྱི། དམ་བཅའ་བའི་ཚིག་ནི་སྒྲུབ་པར་བྱེད་པ་མ་ཡིན་པ་དེ་ལྟར་ན། གཏན་ཚིགས་ལྟར་སྣང་བ་དག་སྟོན་པ་དམ་བཅའ་བ་ཉིད་དུ་ཐལ་བ་མ་ཡིན་ནོ། ། དེ་ལྟ་ན་གལ་ཏེ་ཡང་བསྒྲུབ་པར་བྱ་བ་བརྗོད་པ་དམ་བཅའ་བ་ཡིན་ནོ་ཞེས་བྱེ་བྲག་མེད་པའི་ཕྱིར་བསྟན་པ་དེ་ལྟ་ན་ཡང་། བྱེ་བྲག་མེད་པར་བསྟན་པས་ཀྱང་། འདི་ཐེ་ཚོམ་སྐྱེད་པར་འགྱུར། ཐམས་ཅད་ལ་མ་ཡིན་ན་གང་གིས་ན་མ་གྲུབ་པའི་ཚིག་ལ་ཡང་དམ་བཅའ་བ་ཉིད་དུ་འགྱུར། འོ་ན་ཅི་ཡིན་ཞེ་ན། རིགས་གཅིག་ ཉིད་ལ་ཐེ་ཚོམ་སྐྱེད་པར་འགྱུར་རོ། །ཕྱོགས་ཀྱི་ཚིག་ནི་སྒྲུབ་པར་བྱེད་པ་ཉིད་མ་ཡིན་ལ། གཏན་ཚིགས་ལྟར་སྣང་བ་ནི་སྒྲུབ་པར་བྱེད་པ་ཉིད་དུ་བརྗོད་པའི་ཕྱིར་སྒྲུབ་པར་བྱེད་པ་ཡིན་པ་དེ་ལྟ་ན་དམ་བཅའ་བ་ལ་རིགས་མི་མཐུན་པ་ཡིན་པ་དེ་བས་ན། གང་ལས་དེ་དག་ལས་དམ་བཅའ་བ་ཉིད་དུ་ཐེ་ཚོམ་ཟ་བའི་སྐབས་ཡོད་པ་ ཡིན། གཞན་དུ་གལ་ཏེ་བྱེ་བྲག་མེད་པར་བསྒྲུབ་པར་བྱ་བ་བརྗོད་པ་དམ་བཅའ་བ་ཡིན་ནོ་ཞེས་དམ་བཅའ་བའི་ཚིག་ཉིད་བསྟན་པས་དེ་དག་ལ་ཡང་དགོས་པར་བྱེད་པ་དེའི་ཚེ། རྫ་མཁན་བུམ་པ་བྱེད་དོ་ཞེས་བྱ་བའི་བུམ་པ་བསྒྲུབ་པར་བྱ་བ་ཡིན་པར་བརྗོད་པ་དེ་ལྟར། བསྒྲུབ་བྱ་ཐམས་ཅད་ནི་བསྟན་པ་དམ་བཅའ་བ་ ཉིད་དུ་ཐལ་བར་འགྱུར། འདིར་ཡང་དེ་དང་དེ་ཉིད་ནི་དཔེར་ན་ཤེས་པར་བྱེད་པའི་སྐབས་སུ་བསྒྲུབ་པར་བྱ་བ་བརྗོད་པ་གང་ཡིན་པ་ལྟ་བུའོ་ཞེས་བསྟན་པར་བྱ་བར་འགྱུར་རོ། །དེ་དེ་ལྟར་ན་འདིར་ཡང་སྒྲུབ་པར་བྱེད་པར་གྱུར་པ་ཉིད་མ་ཡིན་པ་དག་ནི་དམ་བཅའ་བ་ཉིད་ཡིན་གྱི། རིགས་མི་མཐུན་པ་སྒྲུབ་པར་ བྱེད་པ་ཉིད་ཀྱིས་དབང་དུ་བྱས་པ་མ་ཡིན་ནོ་ཞེས་བྱ་བར་མཚུངས་སོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་སྒྲུབ་བྱེད་ཕྱིར། གཞན་དག་ལ་ཡང་སྐྱོན་མེད་ན། །གང་ཡང་དམ་བཅའ་བའི་ཚིག་སྒྲུབ་པར་བྱེད་པ་ཡིན་པར་འདོད་པ་དེའི་ཚེ་ཡང་གཏན་ཚིགས་སྣང་བ་བརྗོད་པ་ལ་དམ་བཅའ་བ་ཉིད་ཀྱི་སྐྱོན་ཡོད་པ་མ་ ཡིན་ནོ། །དེ་ལྟར་ན་དམ་བཅའ་བསྒྲུབ་པར་བྱེད་པ་ཡིན་གྱི་གཏན་ཚིགས་ལྟར་སྣང་བ་བརྗོད་པ་ནི་མ་ཡིན་ཏེ། མ་གྲུབ་པའི་དོན་བརྗོད་པའི་ཕྱིར་རོ། །གྲུབ་པའི་དོན་བརྗོད་པ་ཡང་སྒྲུབ་པའི་བྱེད་པ་ཡིན་ནོ། །དེ་དེ་ལྟར་ན་མ་གྲུབ་པ་ཉིད་ཀྱི་ཕྱིར་གཏན་ཚིགས་ལྟར་སྣང་བ་སྒྲུབ་པར་བྱེད་པ་མ་ཡིན་པ་དེ་ལྟར་ན་རིགས་མི་ མཐུན་པ་དག་ལ་དམ་བཅའ་བའི་ཐེ་ཚོམ་གྱི་སྐབས་ཡོད་པ་མ་ཡིན་ནོ་ཞེ་ན། ད་ནི་བསྒྲུབ་པར་བྱ་སྟོན་པ། །ཇི་ལྟར་སྒྲུབ་བྱེད་ཡན་ལག་ཡིན། །གལ་ཏེ་མ་གྲུབ་པ་བརྗོད་པའི་ཕྱིར། གཏན་ཚིགས་ལྟར་སྣང་བ་སྒྲུབ་པར་བྱེད་པ་མ་ཡིན་པ་དེའི་ཚེ། དམ་བཅའ་བའི་ཚིག་ཀྱང་མ་གྲུབ་པ་ཉིད་བརྗོད་པར་བྱ་བ་ཡིན་པས་ན། དེ་ཡང་སྒྲུབ་པར་བྱེད་པར་མི་འགྱུར་ན། འདོད་པ་དེའི་ཕྱིར་སྒྲུབ་པར་བྱེད་པ་ཉིད་དུ་བརྗོད་པས་དམ་བཅའ་བ་སྒྲུབ་པར་བྱེད་པར་འགྱུར་བ་ལས་གཏན་ཚིགས་ལྟར་སྣང་བའི་རིགས་མི་མཐུན་པ་མ་ཡིན་པ་དེ་ལྟར་ན། གཞན་གྱི་དེ་ལ་དམ་བཅའ་བའི་དོགས་པར་འགྱུར་བ་ཉིད་ཡིན་ནོ། །གང་ཡང་། ལྟར་སྣང་བཅས་ བརྗོད་སོགས་བཀོད་པའི། །ལན་ནི་འབྲེལ་མེད་བཞད་གད་བྱེད། །ཕྱོགས་ཀྱི་ཚིག་སྒྲུབ་པར་བྱེད་པ་ཡིན་ཏེ། ལྟར་སྣང་བ་དང་བཅས་པ་བརྗོད་པ་སྒྲུབ་པར་བྱེད་པ་ཉིད་དུ་བརྗོད་པས་དམ་བཅའ་བ་སྒྲུབ་པར་བྱེད་པ་ཉིད་དུ་བརྗོད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་རིགས་པའི་སྒོའི་འགྲེལ་བཤད་བྱེད་ པས་ཕྱོགས་སྔ་མར་བསྟན་པ་གང་ཡིན་པ་དེ། འབྲེལ་མེད་ཉིད་ཀྱིས་ཕྱོགས་སྔ་མ་མཛེས་པར་གསོ་བར་བྱེད་པ་མ་ཡིན་པའི་ཕྱིར་བཞད་གད་ཡིན་ནོ། །འདི་ལ་དཔེར་ན་མངོན་སུམ་གྱིས་མ་ངེས་པ་ཡིན་ནོ་ཞེས་བྱ་བ་དང་། ཚིག་ཉིད་དུ་བྱེ་བྲག་ཡོད་པ་ཡིན་ན། སུན་འབྱིན་པས་མ་ངེས་པ་ཡིན་ནོ་ཞེས་ བྱ་བ་ལ་སོགས་པ་དེ་ལྟ་བུའི་ལན་གང་ཡིན་པ་དེ་ཡང་འབྲེལ་པ་མེད་པ་ཉིད་དང་བཞད་གད་ཡིན་ནོ། །དེ་ལྟར་ན་ནི་དེ་དག་རྣམས། །རིགས་མིན་ཞེས་སྔར་བརྗོད་ཟིན་ཏེ། རིགས་པ་དང་ལྡན་པའི་གཏན་ཚིགས་ཀྱི་མཚན་ཉིད་མ་བརྗོད་པའི་ཕྱིར་རོ། །ལྟར་སྣང་བ་དང་བཅས་པ་བརྗོད་པ་ལ་སོགས་པ་ལ་བཟློག་ན་ གནོད་པ་ཅན་གྱི་ཚད་མ་མེད་པས་ཁྱབ་པ་མེད་པའི་ཕྱིར་གཏན་ཚིགས་ཉིད་མ་ཡིན་པས་ན། དེ་ནི་ཕྱོགས་སྔ་མ་ཉིད་མ་ཡིན་ནོ། །འདི་ནི་སུན་འབྱིན་པ་ཉིད་མ་ཡིན་ན་ལྟར་སྣང་བ་དང་བཅས་པ་བརྗོད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུའི་ཁྱད་པར་བརྒྱུད་པ་དང་འགལ་བ་མི་འཁྲུལ་པ་ཅན་འགོད་པ་གཞན་ གྱིས་བྱས་པ་ན། ནུས་པ་མེད་པར་འགྱུར་བས་ལན་ཡང་དག་པར་བརྗོད་པའི་ནུས་པ་གང་གིས་དེ་ལྟར་བཀོད་པ་ཡིན་ནོ། །དེ་བས་ན་འདིས་ཕྱོགས་སྔ་མའི་ལན་མ་བཏབ་པ་ཉིད་ཀྱི་ཕྱིར་ཞེས་བཞད་གད་དུ་བྱ་བ་ཡིན་ནོ། །དེ་བས་ན་འདི་ཕྱོགས་སྔ་མ་ཉིད་མ་ཡིན་ནོ། །གཏན་ཚིགས་ཀྱང་ཁྱད་པར་ ཐམས་ཅད་བྱེད་པར་ནུས་པ་མ་ཡིན་ནོ། །དེ་ལྟར་ན་ཁྱད་པར་གང་ཡིན་པ་དེ་ཉིད་ནི་མི་མཐུན་པའི་ཕྱོགས་དང་འགལ་བ་ཉིད་ཡིན་པའི་ཕྱིར། གཏན་ཚིགས་དེ་ལས་ལྡོག་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་ཇི་ལྟར་འདོད་པའི་ཁྱད་པར་དག་གིས་གཏན་ཚིགས་ཐམས་ཅད་མི་མཐུན་པའི་ཕྱོགས་ལ་འཇུག་པ་ མེད་པ་དང་ལན་ལྡོག་པ་མེད་པའི་ཕྱིར་འགའ་ཞིག་ཀྱང་མ་ངེས་པར་མི་འགྱུར་རོ། །ཁྱད་པར་ཅི་འདྲ་བ་འབྲས་བུ་དང་ལྡན་པར་འགྱུར་བ་དེ་དང་དེར་ནི་སྔར་རིག་བྱེད་སྐྱེས་བུས་མ་བྱས་པ་དཔྱོད་པའི་སྐབས་སུ་རྒྱས་པར་དཔྱད་ཟིན་ཏོ། །གལ་ཏེ་ཕྱོགས་བསྟན་པས་མེད་ན་མི་འབྱུང་བ་སྒྲུབ་པར་བྱེད་པ་མ་ཡིན་པ་དེས་ ན། འོ་ན་འདི་སྒྲུབ་པར་བྱེད་པ་ལ་ཉེ་བར་མཁོ་བའི་ངང་ཚུལ་ཅན་མ་ཡིན་པའི་མཚན་ཉིད་བརྗོད་པར་བྱ་བ་མ་ཡིན་ནོ། །བསྒྲུབ་པར་བྱ་བ་ཡང་རྩོད་པའི་གཞིར་གྱུར་པ་དང་། རྟོགས་པར་བྱ་བའི་དོན་ཡིན་ནོ། །དེའི་ཕྱིར་ཡང་བརྗོད་པར་བྱ་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། གཞན་གྱི་ཡིན་ནོ། །བདེན་ཏེ། བསྒྲུབ་པར་བྱ་ བ་བརྗོད་པ་ནི་སྒྲུབ་པར་བྱེད་པ་ལ་ཉེ་བར་སྦྱོར་བའི་ངང་ཚུལ་ཅན་དང་། གོ་བར་བྱ་བའི་དོན་ཡིན་ནོ། །དེ་ལྟ་ན་ཡང་། བསྒྲུབ་བརྗོད་རྟོགས་པའི་དོན་ཅན་ཉིད། །ཡིན་ཡང་མཚན་ཉིད་ཡིན་པར་བརྗོད་དོ། །ཅིའི་ཕྱིར་ཞེ་ན། བསྒྲུབ་པར་བྱ་བ་དང་། བསྒྲུབ་པར་བྱ་བ་མ་ཡིན་པ་བཟློག་པས་བསྟན་བཅོས་ བྱེད་པ་ལོག་པར་སྨྲ་བ་དེ་ལྟར་ན། བསྟན་པར་བྱ་བ་དེ་ལ་རྨོངས་མེད་ཕྱིར་ཏེ། རྨོངས་པ་བཟློག་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་དེའི་མཚན་ཉིད་བཞི། ངོ་བོ་བཞི་སྟེ། མ་གྲུབ་པ་དང་སྒྲུབ་པར་བྱེད་པ་ཉིད་མ་ཡིན་པ་ལ་སོགས་པ་ངོ་བོ་བཞིའོ། །དེ་ལ་རྗེས་སུ་དཔག་པར་བྱ་བའི་མཚན་ཉིད་ཀྱི་མདོ་ལས། ངོ་བོ་ ཁོ་ན་བདག་ཉིད་འདོད་ཚིག་གིས། མ་གྲུབ་སྒྲུབ་བྱེད་མིན་དོན་བརྗོད། །རྒོལ་བས་ཁས་བླངས་པ་གཟུང་ངོ་། །ཅི་རིགས་པར་ཁོང་དུ་ཆུད་པར་བྱའོ། །རང་གི་ངོ་བོས་ཞེས་བྱ་བ་ནི་མ་གྲུབ་པར་གཟུང་ངོ་། །རང་གི་ངོ་བོ་ཁོ་ནས་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པ་མ་ཡིན་པའོ། །འདོད་པའི་སྒྲས་ནི་འདོད་པས་ཡུལ་དུ་ བྱས་པའོ། །བདག་ཉིད་ཀྱི་སྒྲས་ནི་སྒྲུབ་པར་བྱེད་པ་འགོད་པར་བྱེད་པའི་ངང་ཚུལ་ཅན་གྱིས་བསྒྲུབ་བྱར་འདོད་པ་གཟུང་ངོ་། །འདིར་སྔ་མ་གཉིས་ཀྱིས་དོན་ལ་མ་རིག་པར་བརྗོད་པར་བྱ་བ་མང་བ་ཉིད་ཀྱིས། དོན་གྱིས་བརྗོད་པ་ཞེས་བྱ་བ་ལ་སོགས་པ་ཕྱི་མ་གཉིས་ཀྱི་དོན་འཆད་པར་བྱེད་དོ། །དེ་ལ་འདིར་མ་བརྗོད་པ་ འདོད་པས་ཡུལ་དུ་བྱས་པའོ། །བསྒྲུབ་པར་བྱ་བ་ཉིད་མ་ཡིན་པ་དེ་བས་ན་དེའི་སྒོ་ནས་སྐྱོན་བརྗོད་པ་གང་ཡིན་པ་ནི་ལྟག་གཅོད་ཡིན་ནོ་ཞེས་ཁ་ཅིག་སྨྲའོ། །དེ་དག་བསལ་བར་བྱ་བའི་ཕྱིར། མ་བརྗོད་ན་ཡང་། འདོད་པས་ཁྱབ་པ་བསྒྲུབ་བྱར་འདོད། །ཅི་དང་འདྲ་བར་ཞེ་ན། བདག་གི་དོན་བཞིན་ཏེ། དཔེར་ན་མིག་ ལ་སོགས་པ་ནི་གཞན་གྱི་དོན་བྱེད་པ་ཡིན་ཏེ་ཞེས་བྱ་བ་འདིར། བདག་གི་དོན་བསྒྲུབ་པར་བྱ་བ་ཉིད་མ་བརྗོད་ཀྱང་། བསྒྲུབ་པར་བྱ་བ་ཡིན་པ་ལྟ་བུའོ། །གལ་ཏེ་བདག་ཉིད་ཀྱི་སྒྲས་རྒོལ་བས་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་གང་ཡིན་པ་དེ་བོར་ནས། གཞན་འདོད་པ་ཐམས་ཅད་བཟློག་པ་བྱས་པ་དེའི་ཕྱིར། བདག་ཉིད་ཅེས་བྱ་བས་བསྟན་བཅོས་ལ་ལྟོས་པ་མེད་པར་ཁས་ལེན་པ་སྟོན་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་འདིས་སྔར་ཁས་བླངས་པའི་བསྟན་བཅོས་ལ་ལྟོས་པ་ཉིད་འགོག་པར་བྱེད་ཅིང་། བདེན་ཏེ་བདག་ཉིད་ཀྱི་སྒྲས། གཞན་འདོད་ཐམས་ཅད་བཟློག་ན་ཡང་། །བསྟན་བཅོས་ལས་ཁས་བླངས་པའི་ཕྱིར། དེར་ འདོད་པ་ཐམས་ཅད་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་དོགས་པའི་གནས་སུ་འགྱུར་རོ། །འགྲེལ་ལས་བདག་ཉིད་སྒྲ་བརྗོད་པ། །དོགས་པའི་གནས་ནི་བརྗོད་པ་སྟེ། །སློབ་དཔོན་བདག་ཉིད་ཀྱིས་སོ། །ལོག་པར་རྟོགས་པ་ཡང་མཐོང་བར་འགྱུར་རོ། །དེའི་ཕྱིར་བདག་གི་སྒྲ་དེ་དག་དེའི་དོན་དུ་བྱས། ལོག་ པར་རྟོགས་པ་ཡང་བསལ་བའི་དོན་དུ་བྱས་པ་ཡིན་ནོ། །གལ་ཏེ་རྒོལ་བས་འདོད་པ་ཉིད་བསྒྲུབ་པར་བྱ་བ་ཡིན་པ་དེའི་ཚེ། ཆོས་ཀྱི་ཁྱད་པར་ཕྱིན་ཅི་ལོག་ཏུ་སྒྲུབ་པར་བྱེད་པ་ལ་སོགས་པ་འགལ་བ་རྣམས་ཡོད་པ་ཉིད་མ་ཡིན་ནོ། །གལ་ཏེ་ཚོགས་པ་གཅིག་བསྒྲུབ་པར་བྱ་བ་ཡིན་པ་དེ་བས་ན་དེ་ལས་བཟློག་པའི་ སྒྲུབ་པར་བྱེད་པ་ཡང་གཅིག་ཉིད་ཡིན་ནོ་ཞེ་ན། དེ་ནི་བདེན་ཏེ་ཚོགས་པ་ལས་བཟློག་པའི་སྒྲུབ་པར་བྱེད་པ་གང་ཡིན་པ་འགལ་བ་ཉིད་ཡིན་ཏེ། ཚོགས་པ་ཉིད་བསྒྲུབ་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །འོན་ཀྱང་དོན་གཅིག་སྒྲུབ་པར་འདོད་པ་གང་ཡིན་པ་དེ་ཉིད། ལྟོས་པས་ཆོས་དང་ཆོས་ཅན་གྱི། །བྱེ་བྲག་དེ་ ནི་བརྗོད་པ་ཡིན། །ཞེས་བྱ་བ་ནི་གཡོའི་ཐ་སྙད་ནི་ཁྱད་པར་དང་ཁྱད་པར་བཞི་ཇི་ལྟ་བ་བཞིན་དུ་སྐྱོན་བསྟན་པའི་དོན་ཏོ། །གལ་ཏེ་གཞན་གྱིས་མ་བརྗོད་པར་ཡང་ཇི་ལྟར་བསྒྲུབ་པར་བྱ་བར་རྟོགས་ཤེ་ན། འདི་ལྟར། མ་བརྗོད་ན་ཡང་འདོད་པ་ཡིས། །གནས་སྐབས་ལས་ནི། རྩོད་པའི་སྐབས་ལས། རྟོགས་ པར་འགྱུར་རོ། །འདོད་པས་ཡུལ་དུ་བྱས་པས་དེའི་དཔེའི་རྗེས་འགྲོ་མེད་པ་ཡང་། སྐྱོན་ཡིན་པར་འདོད་ཀྱི། བརྗོད་པ་ཙམ་ཉིད་ལ་རྗེས་སུ་འགྲོ་བ་མེད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་སྐད་དུ་འགའ་ཞིག་གིས་བརྗོད་ཅེ་ན། བཤད་པ་ཡིན་ནོ། །གང་དུ་ཇི་ལྟར་ཞེ་ན། སློབ་དཔོན་དབྱིག་གཉེན་གྱིས། ཇི་སྐད་བཤད་ བཞིན་ཏེ། གལ་ཏེ་བདག་གཞན་དེ་མ་གྲུབ། དཔེ་ལའོ། །དཔེ་དེ་ལ། རྗེས་སུ་འགྲོ་བ་མེད་པའི་སྐྱོན། །འདོད་པ་གནོད་བྱེད་ཡིན་ཏེ། འགལ་བར་འགྱུར་རོ། །གཞན་ཡང་། གལ་ཏེ་གང་ལ་རྩོད་པ་ཡིས། །དོན་གང་ལ་རྩོད་པས་ཏེ་དཔེར་ན་ཅི་བདག་ཡོད་དམ་མེད་ཅེས་བདག་བསྒྲུབ་པར་བྱ་བའི་ཕྱིར། སྒྲུབ་དགོད་དེ་ ཉེ་བར་འགོད་པར་བྱེད་པ་ན་བདག་ལ་སོགས་པ་མངོན་པར་འདོད་པ་སྟེ། དེ་བསྒྲུབ་བྱ་མིན་ནའོ། །འོ་ན་བསྒྲུབ་བྱ་ཅི་ཡིན་ཞེས་བརྗོད་པར་བྱའོ། །གཞན་དུ་ནི་གལ་ཏེ་རྩོད་པའི་གཞིར་གྱུར་པའི་བསྒྲུབ་པར་བྱ་བ་མ་ཡིན་པ་དེའི་ཚེ། མི་འདོད་པར་འགྱུར་ཏེ། དཔེར་ན་མིང་ཅན་དང་འབྲེལ་པ་ལས་སྔར་སྒྲའི་ངོ་བོ་དོན་དང་ལྡན་པ་ ཡིན་ཏེ། རྣམ་པར་དབྱེ་བ་མཐོང་བའི་ཕྱིར། །ཞེས་བྱ་བ་ལྟ་བུའོ། །དེ་ལ་འདིར་སྒྲའི་ངོ་བོ་ནི་རང་གི་ངོ་བོ་ཙམ་གྱིས་དོན་དང་ལྡན་པ་མ་ཡིན་ན། དོན་དང་ལྡན་པར་ཡང་འདོད་དོ། །དེའི་ཚེ་ཕྱི་རོལ་གྱི་དོན་དང་ལྡན་པ་ཉིད་མི་འདོད་པར་འགྱུར་རོ། །འབྲེལ་མེད་འགྱུར། དཔེར་ན་སྤྱིར་གཞན་གྱི་དོན་ཉིད་བསྒྲུབ་པར་བྱ་བ་ལྟ་བུའོ། ། བསྟན་མ་ཐག་པའི་ཚུལ་འདིས་ནི་གཉིས་བཅས་སྦྱོར་བ་ལ། རྗེས་འགྲོ་དང་ནི་འགལ་བ་དག །བསྟན་པ་ཡིན་ནོ། །དཔེ་བསྒྲུབ་པར་བྱ་བས་སྟོང་པ་ཡིན་ན་དེ་ཉིད་ཀྱི་ཕྱིར། གཏན་ཚིགས་ལ་འགལ་བའི་སྐྱོན་བསྟན་པར་རིག་པར་བྱའོ། །དཔེར་ན་བུམ་པའི་ཆོས་ཅན་ལ་སྐྱེས་བུས་མངོན་པར་གསལ་བ་སེམས་པ་ཡོད་ པ་ཅན་དང་ལུས་ཀྱི་རང་བཞིན་དང་བུམ་པའི་ནང་ནས་གང་ཡང་རུང་བས་གཉིས་པ་དང་བཅས་ན་ནི་བསྒྲུབ་པར་བྱ་བ་ཡིན་ཏེ། ཨུཏྤལ་མ་ཡིན་པའི་ཕྱིར་ཏེ། རྩིག་པ་བཞིན་ནོ་ཞེས་བྱ་བ་ལྟ་བུའོ། །འདི་ལ་རྗེས་སུ་འགྲོ་བ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྩིག་པ་ལས་སྐྱེས་བུ་དེ་འདྲ་བ་གཉིས་པ་དང་ བཅས་པ་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། ཅི་སྟེ་ཡང་། བསྒྲུབ་པར་བྱ་བ་སྤྱིར་འདོད་ན། །དོན་གཞན་གང་ཡང་རུང་བ་སྤྱིར་བསྒྲུབ་པར་བྱ་བར་འདོད་པ་དེས་ཁྱད་པར་ཅན་འཕེལ་བར་བྱེད་པ་མ་ཡིན་ཕྱིར་སྐྱོན་ཡོད་པ་མ་ཡིན་ནོ་ཞེ་ན། དེ་ཉིད་སྤྱིར་བསྒྲུབ་པར་བྱ་བ་ལུས་ཁས་ལེན་མེད་གྲུབ་ མི་འགྱུར། ལུས་དོན་གཞན་དུ་གྱུར་པའི་དངོས་པོ་ལེན་པ་མེད་ན། གཉི་ག་ལ་དོན་གཞན་མེད་པའི་ཕྱིར། རྒྱུའི་ཕྱིར་རོ། །གཉི་ག་ལ་དོན་གཞན་དུ་གྱུར་པའི་དངོས་པོ་ཡོད་ན་གང་ཡང་རུང་བའི་རྟེན་ཡིན་ན། དེ་ཡང་ཡོད་པ་མ་ཡིན་པ་དེ་ལྟར་ན། སྤྱི་བསྒྲུབ་པར་བྱ་བ་མ་ཡིན་ནོ། །གཞན་ཡང་བུམ་པ་ལ་ རང་ལས་དོན་གཞན་དུ་གྱུར་པའི་དངོས་པོ་ཡོད་པ་མ་ཡིན་ཏེ། འགལ་བའི་ཕྱིར་རོ། །ལུས་ཀྱང་རྗེས་སུ་འགྲོ་བ་མེད་པའི་དོགས་པས་འདོད་པ་མ་ཡིན་ཏེ། གང་ཡང་རུང་བ་ཉིད་ཀྱི་རྟེན་དང་བྲལ་བའི་ཕྱིར། ཚིག་འགའ་ཞིག་དོན་གྱིས་སྟོང་པ་ཡིན་ཏེ། བརྗོད་བྱས་སྟོང་པའི་བརྗོད་པ་རྣམས་དེ་དེ་སྐད་དུ་ བཤད་པའི་ཚིག་མི་ཤེས་ཀྱིས་བསླང་ཞིང་བླུན་པས་བསླངས་ཤིང་བསྐྱེད་པ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་སྒྲ་དོན་ཁྱད་པར་གྱིས་རྟོག་ན། བྱེད་ན་འཇིག་ལའང་མཚུངས་པ་ཡིན། །སྒྲ་མི་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་ཡང་། དོན་གང་ཡང་རུང་བ་ལ་དམིགས་པ་ན། བུམ་པ་དང་སྒྲའི་ཁྱད་པར་ ལ་རྟོག་པས་སྐྱོན་མཚུངས་པ་ཡིན་ནོ། །འདི་ལྟ་སྟེ་མི་རྟག་པ་སྤྱིར་གྱུར་པ་བསྒྲུབ་པར་བྱ་བ་དག་ནི་སྒྲ་མི་རྟག་པ་ཉིད་དུ་བུམ་པའི་མི་རྟག་པ་ཉིད་ནས་ཐ་དད་པར་རྟོག་པ་ན་འདི་ལའང་སྐྱོན་དུ་འགྱུར་ཏེ། ཇི་ལྟར་སྒྲ་ལ་སྒྲའི་མི་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་མ་ཡིན་ནོ་སྟེ། རྗེས་སུ་འགྲོ་བ་མེད་པའི་དོགས་པས་ཁས་མི་ལེན་ པའི་ཕྱིར་རོ། །བུམ་པའི་མི་རྟག་པ་ཉིད་ཀྱང་མ་ཡིན་ཏེ། མི་སྲིད་པའི་ཕྱིར་རོ། །མི་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་གཞན་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟ་ན་སྒྲ་དང་བུམ་པ་དག་ཐ་དད་པར་རྟོག་པ་ལ། ཁས་བླངས་པ་ལ་སོགས་པ་དང་འགལ་བའམ་བསྒྲུབ་པར་བྱ་བས་སྟོང་པའི་སྐྱོན་དུ་འགྱུར་རོ་ཞེ་ན། སྐྱོན་དེ་དང་དེ་ཡོད་པ་ མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འཇིག་པ་གྲུབ་པ་ཡིས། དེ་ལྟ་ན་སྒྲ་ནི་གྲུབ་ཕྱིར་རོ། །མི་རྟག་པ་གྲུབ་པ་ཉིད་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པ་ཉིད་ཀྱི་ཕྱིར་རོ། །ཁོ་བོ་ཅག་ནི་བུམ་པ་དང་རྩིག་པ་ལ་གང་ཡང་རུང་བ་དོན་གཞན་ཉིད་བསྒྲུབ་པར་བྱ་བར་འདོད་པ་ཉེ་བར་འགོད་པ་རྗེས་སུ་འགྲོ་བ་མ་ཡིན་ནོ་ཞེས། བསྒྲུབ་པར་བྱ་ བས་སྟོང་པ་ལ་སོགས་པའི་རང་བཞིན་ཡིན་པར་ནི་མི་སྨྲའི། འོན་ཀྱང་བསྒྲུབ་པར་བྱ་བའི་ཆོས་དེ་འདྲ་བ་ཉིད་དཔྱད་ན་མ་གྲུབ་པ་ཡིན་ནོ། །དེ་ལྟར་འདི་ལ་ནི་མ་ཡིན་ནོ། །དེ་ལྟར་ན་འཇིག་པ་སྤྱིར་གྲུབ་པ་ཉིད་ཀྱིས་དེ་དང་ལྡན་པར་ཕྱིས་སྒྲ་བསྒྲུབ་པར་བྱའོ། །གང་ཡང་རུང་བ་དོན་གཞན་དུ་གྱུར་པ་འགའ་ཞིག་ ཀྱང་གྲུབ་པ་ཡོད་པ་མ་ཡིན་པ་དེ་ལྟར་ན། གང་གིས་ན་གང་ཡང་རུང་བ་དེ་ལྟར་དོན་གཞན་ཡོད་ན། དེ་ལྟར་ན། བུམ་པ་ཡང་གང་ཡང་རུང་བ་གཉིས་པ་དང་བཅས་པའི་བུམ་པར་འགྱུར་རོ། །དེ་ལྟར་ན་ཇི་ལྟར་མི་རྟག་པ་ཉིད་ཀྱིས་སྒྲ་དེ་དང་ལྡན་པ་ཡིན་པ་དེ་ལྟར་བསྒྲུབ་པར་བྱ་བས་སྟོང་པ་མ་ཡིན་ཞིང་། དེ་ལྟར་མ་ཡིན་ན། གཅིག་ ལ་མི་རྟག་པ་གཉིས་སུ་ཐལ་བར་འགྱུར་རོ། །དེ་བས་ན་མི་རྟག་པ་ཉིད་ཀྱི་སྤྱི་སྒྲའི་རྟེན་ལ་བསྒྲུབ་པར་བྱ་བ་ཡིན་པ་དེ་ལྟར་ན་སྐྱོན་ཡོད་པ་མ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་སྒྲས་ཁྱད་པར་མི་རྟག་ཅེས་མི་འཇུག །ཆོས་ཅན་སྒྲས་ཁྱད་པར་དུ་བྱས་པའི་མི་རྟག་པ་ཉིད་རྗེས་སུ་འཇུག་པ་མེད་པ་དེ་ལྟར་ན། བསྒྲུབ་ པར་བྱ་བ་དེས་སྟོང་པ་ཡིན་ནོ་ཞེ་ན། སྐྱོན་དེ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མི་ལྡན་ལྡོག་ཕྱིར་རོ། །མ་འབྲེལ་པ་རྣམ་པར་གཅོད་པར་ཁྱད་པར་དུ་བྱས་པའི་ཕྱིར་རོ། །མི་ལྡན་གཞན་དང་ལྡན་པ་དག །རྣམ་གཅོད་ཕྱིར་ན། མ་འབྲེལ་པ་དང་གཞན་དང་ལྡན་པ་རྣམ་པར་གཅོད་པ་དག་གིས། རྣམ་གཅོད་ནི་རྣམ་གཉིས་ ཏེ། ཁྱད་པར་དུ་བྱས་པ་ཡིན་ཞེས་སྔར་བཤད་ཟིན་ཏོ། །དེ་ལ་མི་ལྡན་པ། བཟློག་ལ་མ་འབྲེལ་པ་རྣམ་པར་གཅོད་པ་བྱས་པ་ན། གཞན་དང་འབྲེལ་པ་ལྡོག་པར་མི་འགྱུར་བ་དེ་ལྟར་ན། རྗེས་འགྲོ་མེད་པ་ཡིན། བསྒྲུབ་པར་བྱ་བས་སྟོང་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྤྱི་མི་རྟག་པ་ཉིད། བསྒྲུབ་པར་ བྱ་བ་ཡིན་པས། གྲུབ་པ་ལ་སྒྲུབ་པ་མ་ཡིན་ཏེ། མ་འབྲེལ་པ་རྣམ་པར་གཅོད་པ་མ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །གང་བྱས་པ་དེ་ནི་མི་རྟག་པ་ཡིན་ནོ་ཞེས་བྱ་བས། མི་རྟག་པ་ཉིད་ཀྱིས་ཁྱབ་པས་བསྟན་པ་དང་། སྒྲ་ཡང་བྱས་པ་ཡིན་ནོ་ཞེས་བྱ་བས་ཕྱོགས་ཀྱི་ཆོས་བསྟན་པའི་ཤུགས་ཀྱིས། སྒྲ་མི་རྟག་པ་ཉིད་དུ་གྲུབ་ པའི་ཕྱིར་རོ། །མ་འབྲེལ་པ་རྣམ་པར་གཅད་པའི་སྤྱིས་ཀྱང་རྗེས་སུ་འགྲོ་བ་མེད་པའི་སྐྱོན་གྱི་དོགས་པར་མི་འགྱུར་རོ། །དེ་དེ་ལྟར་ན་མ་འབྲེལ་པ་རྣམ་པར་གཅོད་པས་ཁྱད་པར་དུ་བྱས་པའི་ཕྱིར། དེ་དེ་མི་རྟག་པ་ཉིད་ཀྱི་སྤྱི། སྒྲ་ཆོས་ཅན་གྱི་ཁྱད་པར་ཅན་རྗེས་འགྲོ་མེད་པའི་སྐྱོན་ལྡན་མེད་དོ། །འདོད་པ་བསྒྲུབ་ པར་བྱ་བའི་ཚིག་འདིས་ནི། གང་བྱས་པ་དེ་ནི་མི་རྟག་པ་ཡིན་ཏེ། སྒྲ་ཡང་བྱས་པ་ཡིན་ནོ་ཞེས་བྱ་བ་དེ་བཞིན་དུ་གཏན་ཚིགས་ཆོས་ཅན་སྒྲས་ཁྱད་པར་དུ་བྱས་པའི་མི་རྟག་པ་ཉིད་སྒྲ་ལ་མེད་དོ་ཞེས་སྒྲུབ་པར་བྱེད་ཅིང་། དེ་བཞིན་དུ་ཆོས་མི་རྟག་པ་ཉིད་ཀྱི་ཆོས་ཀྱི་ཁྱད་པར་དུ་བྱས་པའི་སྒྲ་མེད་པར་སྒྲུབ་པར་བྱེད་པ་དེ་ལྟར་ ན། ཆོས་ཅན་ཆོས་དག་གིས། ཆོས་དང་ཆོས་ཅན་ཁྱད་པར་ཅན། །འགོག་པར་བྱེད་པའི་རྒོལ་བ་བསལ་བ་ཡིན་ཏེ། ཇི་ལྟར་སྐྱོན་འདི་ཡོད་པ་མ་ཡིན་ནོ་ཞེའོ། །ཅིའི་ཕྱིར་ཞེ་ན། ཆོས་ཅན་དེ་ལྟར་མི་སྒྲུབ་ཕྱིར། །སྒྲ་ཆོས་ཅན་ལ་སྤྱི་བསྒྲུབ་པར་བྱ་བ་མ་ཡིན་པ་གང་གིས་ན་དེ་ལས་བཟློག་པ་སྒྲུབ་པར་བྱེད་པ་ཉིད་ཀྱི་ཕྱིར། འགལ་བ་ཉིད་དུ་འགྱུར། དེའི་ཕྱིར་ཚོགས་པ་དམིགས་ཀྱིས་བཀར་བ་ནི། ཆོས་ཅན་ལ་ནི་འགལ་བ་མེད། །ཅིའི་ཕྱིར་ཞེ་ན། གང་ཕྱིར་དེ་ལྟར་སྒྲུབ་མི་འདོད་པས་སོ། །འོ་ན་ཅི་ཡིན་ཞེ་ན། སྒྲ་འདིར་ཆོས་འབའ་ཞིག་བསྒྲུབ་བྱ་ཡིན། མི་རྟག་པ་ཉིད་ལ་སོགས་པའི་ཡིན་པར་འདོད་དོ། །དེ་ལྟ་མ་ཡིན་ན་སྒྲ་མི་རྟག་པར་མི་འགྱུར་ རོ། །འོ་ན་ཅི་ཡིན་ཞེ་ན། སྒྲ་མི་རྟག་པ་སྒྲ་ལ་སྒྲུབ་པར་འདོད་པར་འགྱུར་རོ། །དེ་ཡང་འདོད་པ་མ་ཡིན་པ་དེ་ལྟར་ན། དེ་ལས་བཟློག་པ་ལ་འགལ་བ་ཡོད་པ་མ་ཡིན་ནོ།། །།ད་ནི་བདག་ཉིད་སྨོས་པ་འཆད་པར་བྱེད་དེ། ཆོས་ཅན་གཅིག་ལའང་བསྟན་བཅོས་ཀྱི། །ཆོས་རྣམས་དུ་མ་ཁས་ལེན་ཀྱང་། །བསྟན་ བཅོས་ལས་ཁས་བླངས་སུ་ཟིན་ཀྱང་། གལ་ཏེ་བསྟན་བཅོས་བྱེད་པ་དེས་ཆོས་ཅན་གཅིག་ལ་ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པའི་ཆོས་མང་པོ་མངོན་པར་འདོད་པ་དེ་ལྟ་ན་ཡང་གང་ཞིག་སྒྲུབ་པར་བྱེད་པ་འགོད་པར་བྱེད་པ་དེས་བདག་ཉིད་འདོད་པ་སྟེ། མི་རྟག་ཉིད་ལ་སོགས་པ་བསྒྲུབ་པར་བྱ་བར་འདོད་ པ་དེ་ཉིད་རྣམ་པ་འགའ་ཞིག་གིས་བསྒྲུབ་བྱར་འགྱུར་གྱི། བསྟན་བཅོས་བྱེད་པའི་འདོད་པ་ནི་མ་ཡིན་ནོ། །སློབ་དཔོན་གྱིས་དེ་ལྟར་བསྟན་པའི་དོན་དུ་བདག་ཉིད་སྒྲ་སྨོས་སོ། །གལ་ཏེ་བསྟན་བཅོས་ཁས་བླངས་ཕྱིར། །རྒྱུ་ཉིད་ཀྱི་ཕྱིར་དེས་བསྟན་པའི་ཆོས་ཐམས་ཅད་བསྒྲུབ་པར་བྱ་བ་ཉིད་དུ་གཟུང་བར་བྱ་ བར་འགྱུར་བ་དེའི་ཚེ། ཐམས་ཅད་བཟུང་བས་ཇི་ལྟར་ཁས་བླངས་པའི་ཆོས་ཀྱི་ཚོགས་ལས་ཆོས་གཅིག་ལ་ཡང་། རབ་ཏུ་གནོད་པ་སྟེ། ཡིན་ན། བསྟན་ཚིགས་དང་། དམ་བཅའ་བ་དག་སྐྱོན་ཏེ། གཏན་ཚིགས་འགལ་བར་འགྱུར་ནའོ། །དམ་བཅའ་བ་ནི་ཆོས་ཀྱི་ཁྱད་པར་གསལ་བ་ལ་སོགས་པ་སྟེ། ཡན་ལག་ལས་ ཡན་ལག་ཅན་གཞན་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་བཤད་པ་དང་འཆད་པར་འགྱུར་བའི་སྐྱོན་དུ་འགྱུར་རོ། །དེ་ལྟར་ན་སྒྲ་མི་རྟག་པ་སྒྲུབ་པ་ན། བྱས་པ་ཉིད་ཀྱི་གཏན་ཚིགས་ལས་ཆོས་ཅན་དྲི་ལ་སའི་ཡོན་ཏན་ཉམས་པའི་ཕྱིར། སའི་ཡོན་ཏན་ཉིད་བཟློག་པ་ཉིད་ཀྱི་ཕྱིར་བྱས་པ་ཉིད་ཅེས་བྱ་བའི་ གཏན་ཚིགས་འགལ་བར་འགྱུར་རོ། །དེ་ལྟར་ན་བསྟན་བཅོས་ལ་བརྟེན་ནས་སྒྲུབ་པར་བྱེད་པ་འགོད་པ་གང་ཡིན་པ་དེ་བསྟན་བཅོས་ལ་འདོད་པའི་ཆོས་ཀྱིས་གནོད་པ་ན་འགལ་བར་འདོད་པ་ཡིན་ཏེ། དཔེར་ན་བྱས་པ་ཉིད་ཀྱིས་སྒྲ་མི་རྟག་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་ནམ་མཁའི་ཡོན་ཏན་ལ་སོགས་པའི་ཆོས་འགའ་ཞིག་ བསལ་བ་ལྟ་བུའོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་དེ་ནི་སྐབས་མིན་མ་ཡིན། ཆོས་ཅན་སྒྲ