Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 175

Văn bản gốc(Tây Tạng)

Trang 10 / 24 (50.000 ký tự/trang)
་དག་ལ་ཡང་འཇུག་པ་དང་ལྡོག་པ་ཡང་མཐོང་བ་དེ་ནི་རྒྱུ་གཞན་སྟོན་པ་
ཡིན་ནོ། །དེས་བརྗོད་པའི་གཟུགས་ཅི་ཡང་རུང་བ་དབང་པོ་ཞེས་བྱ་བར་ཐ་སྙད་གདགས་པ་ཡིན་ནོ། །གལ་ཏེ་དབང་པོ་རྣམས་དབང་པོ་ལས་འདས་པའི་དོན་མཐོང་བའི་སྐྱེས་བུ་ལྟ་བ་པོར་འགྱུར་བ་དེའི་ཚེ་རང་གི་ངོ་བོ་འཛིན་པའི་ཤེས་པ་ལ། དེ་ཡི་ལུས་ནི་སྣང་འགྱུར་ཏེ། །
དབང་པོའི་གཟུགས་ཡིན་པ་དེ་ལྟར་ན་ཐེ་ཚོམ་མེད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གཟུགས་ལྡན་ཕྱིར་ཏེ། དབང་པོའི་རང་བཞིན་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་རང་ཉིད་འཛིན་པར་འདོད་པའི་མངོན་སུམ་གྱི་ཤེས་པ་ལ་གང་མི་སྣང་བ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་ཡིན་
པ་དེ་བས་ན་ངེས་པ་མ་ཡིན་ནོ། །ཇི་ལྟར་དབང་པོའི་ངོ་བོ་རང་ཉིད་མཐོང་བ་པོ་ཡོད་ན། རང་གི་ཤེས་པ་ལ་སྣང་བ་དེ་ལྟར་མངོན་སུམ་གྱིས་ཤེས་པ་ལ་རིགས་ཀྱི་ངོ་བོ་མིན་ཏེ། ཡན་གར་མཐོང་བ་མེད་ཕྱིར་རོ། །གསལ་བས་དབེན་པར་རིགས་ཀྱི་ངོ་བོ་མཐོང་བ་མེད་པའི་

རྒྱུའི་ཕྱིར་རོ། །གསལ་བ་འཛིན་ཚེ་ནའང་དེ་སྒྲ་དང་། །ངོ་བོ་ལས་གཞན་སྣང་བ་མེད། །གསལ་བ་འཛིན་པ་ན་གསལ་བ་དེའི་མིང་གང་ཡིན་པ་དང་དེའི་ཁ་དོག་ལ་སོགས་པ་གང་ཡིན་པ་དེ་ཉིད་འབའ་ཞིག་སྣང་གི་དེ་ལས་ཐ་དད་པར་གཞན་སྤྱི་སྣང་བ་མེད་དོ། །གང་གི་
ཚེ་རང་ཉིད་འཛིན་པར་འདོད་པའི་ཤེས་པ་ལ་སྤྱིའི་ངོ་བོ་མི་སྣང་བ་དེའི་ཚེ། དེ་ནི་དེའི་རྣམ་པར་ཤེས་པ་ཉིད་དུ་མི་འགྱུར་རོ། །གང་གི་ངོ་བོ་གང་ལ་སྣང་བ་དེ་ནི་དེའི་ཤེས་པ་ཡིན་ན། རང་ཉིད་འཛིན་པར་འདོད་པའི་ཤེས་པ་སྤྱི་མི་སྣང་བ་དེ་ལྟར་ན་དེའི་ཤེས་པ་མ་ཡིན་ནོ། །སྦྱོར་བ་ནི་གང་
གི་ངོ་བོ་ཤེས་པ་གང་ལ་མི་སྣང་བ་དེ་ནི་ཤེས་པའི་གཟུང་བར་བྱ་བ་མ་ཡིན་ཏེ། དཔེར་ན་སྒྲའི་ཤེས་པ་ལ་སྔོན་པོ་ལ་སོགས་པའི་ངོ་བོ་སྣང་བ་མ་ཡིན་པ་ནི་སྒྲའི་ཤེས་པའི་གཟུང་བ་མ་ཡིན་པ་ལྟ་བུའོ། །རང་ཉིད་འཛིན་པར་འདོད་པའི་ཤེས་པ་ལ་ཡང་སྤྱིའི་ངོ་བོ་མི་སྣང་ངོ་ཞེས་བྱ་བ་ནི་ཁྱབ་
པར་བྱེད་པ་མི་དམིགས་པའོ། །རང་གི་ཡུལ་ལ་ཤེས་པ་སྐྱེད་པར་བྱེད་པ་གང་ཡིན་པ་འདི་ནི་དོན་བྱེད་པའི་ཐ་མར་གྱུར་པ་ཡིན་ནོ། །དེའི་ཕྱིར་ཏེ། རང་ཉིད་འཛིན་པར་འདོད་པའི་ཤེས་པ་ལ་མི་སྣང་བ་ཉིད་ཀྱི་ཕྱིར་སྤྱི་དེ་ནི། རང་གི་ཡུལ་ལ་ཤེས་ཙམ་གྱི། །དོན་བྱེད་པར་ཡང་མི་རུང་སྟེ། །
ནུས་པ་མ་ཡིན་ནོ། །མི་རུང་ཕྱིར་ཏེ་ངོ་བོ་མེད། །དངོས་པོ་མེད་པ་ཡིན་ཏེ། རྣམ་པར་ཤེས་པ་ཙམ་གྱི་འབྲས་བུ་བྱེད་པ་ཡང་མི་ནུས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །མི་རུང་བ་ཉིད་ཀྱང་ཅིའི་ཕྱིར་དངོས་པོ་མེད་པ་ཡིན་ཞེ་ན། འདི་ལྟར་དེ་ནི་དངོས་པོ་མེད་པའི་མཚན་ཉིད་ཡིན།
འདི་ལྟ་སྟེ་དོན་མེད་པའི་ནུས་པ་ཐམས་ཅད་དང་། བྲལ་བ་འདི་ནི་མེད་པའི་མཚན་ཉིད་ཡིན་ནོ། །དེ་ནི་སྤྱི་ལ་ཡང་ཡོད་པ་དེ་ལྟར་ན་དངོས་པོ་མེད་པའོ། །དེ་དེ་ལྟར་སྤྱི་ནི་དངོས་པོ་མེད་པ་ཡིན་ནོ་ཞེས་བྱ་བར་གནས་སོ། །ཇི་ལྟར་བཤད་ལས་བཟློག་གང་ཡིན། །དེ་ཡང་རང་གི་མཚན་
ཉིད་འདོད། །ཇི་སྐད་དུ་བཤད་པ་ལས་བཟློག་པ་ཡང་བརྗོད་པར་བྱ་བ་མ་ཡིན་པ་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མེད་པའི་དོན་སྣང་བ་ཁྱད་པར་མེད་པར་ཤེས་པའི་ཡུལ་མ་ཡིན་པ། མཚུངས་པ་མ་ཡིན་ཞིང་ཐུན་མོང་མ་ཡིན་པ་གང་ཡིན་པ། བརྡ་དྲན་པ་ལ་ལྟོས་པ་

མེད་པའི་རྟོགས་པ་ཅན། རང་འཛིན་པའི་ཤེས་པ་ལ་གཞན་གྱི་ངོ་བོས་དབེན་པ་སྣང་བ་གང་ཡིན་པ་དང་། དོན་བྱེད་པར་ནུས་པ་གང་ཡིན་པ་དེ་ནི་རང་གི་མཚན་ཉིད་འཛིན་པར་འདོད་དོ། །གང་ཡང་དངོས་པོ་མེད་པའི་ངོ་བོ་རྣམ་པར་གཅོད་པའི་མཚན་ཉིད་ཅན་དུ་བསྟན་པའི་སྤྱི་དེ་ཡང་རྣམ་པ་
གསུམ་ཡིན་ཏེ། དབྱེ་བ་གསུམ་ཡིན་ནོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་ཉི་ཤུ་བཞི་པ། ཇི་ལྟར་ཞེ་ན། དངོས་དང་དངོས་མེད་གཉིས་རྟེན་ཕྱིར། །དངོས་པོའི་ཉེ་བར་ལེན་པ་ཅན་དང་། དངོས་པོ་མེད་པའི་ཉེ་བར་ལེན་པ་ཅན་དང་། གཉི་གའི་ཉེ་བར་ལེན་པ་ཅན་ནོ། །དེ་
ལ་དངོས་པོའི་ཉེ་བར་ལེན་པ་ཅན་ནི་སྒྲའི་དོན་གང་གཟུགས་ལ་སོགས་པ་ལ་བརྟེན་ནས་ཐ་སྙད་དུ་བྱས་པ་སྟེ། དཔེར་ན་སྐྱེ་བ་ཉིད་ལ་སོགས་པ་ལྟ་བུའོ། །མེད་པའི་ཉེ་བར་ལེན་པ་ཅན་ནི་སྣང་བའི་དོན་མི་དམིགས་པ་དང་སྐྱེ་བ་དང་ལྡན་པ་མེད་པ་ཉིད་ཅེས་བྱ་བ་ལ་སོགས་པའོ། །གཉི་གའི་ཉེ་
བར་ལེན་པ་ཅན་ནི་མི་དམིགས་པ་ཙམ་དང་། ཤེས་བྱ་ཉིད་ལ་སོགས་པའོ། །གལ་ཏེ་ཡོད་ཤེས་དངོས་པོའི་རྟེན་ཅན་ཡིན། གལ་ཏེ་དངོས་པོའི་ཉེ་བར་ལེན་པ་ཅན་སྤྱི་འཛིན་པར་བྱེད་པའི་ཤེས་པ་ཡིན་པར་འདོད་ན། འོ་ན་ནི་ཤེས་པ་དེ་དངོས་པོ་ལ་དངོས་པོའི་ཡུལ་ཅན་ཐོབ་པར་འགྱུར་རོ་
ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། ཡོད་དང་རྗེས་འབྲེལ་ཕྱིར་ཞེས་བྱ་བ་སྨོས་ཏེ། དངོས་པོ་ཡོད་ན་ཡོད་པའི་ཕྱིར་དང་། མེད་ན་མེད་པའི་ཕྱིར་རོ། །སྦྱོར་བ་ནི་ཤེས་པ་གང་ཞིག་དངོས་པོ་ཡོད་ན་འགྱུར་ཞིང་མེད་ན་མི་འགྱུར་བ་དེ་ནི་དངོས་པོའི་ཡུལ་ཅན་ཡིན་ཏེ། དཔེར་ན་མིག་
གི་རྣམ་པར་ཤེས་པ་ལྟ་བུའོ། །ཆོས་ཐམས་ཅད་ཀྱི་སྤྱི་འཛིན་པའི་ཤེས་པ་ཡང་དངོས་པོ་ཡོད་ན་འགྱུར་ཞིང་མེད་ན་མི་འགྱུར་རོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །སྐྱོན་དེ་ཡོད་པ་མིན་ནོ། །ཅིའི་ཕྱིར་ཞེ་ན། ལན་བཤད་ཟིན་ཕྱིར་ཏེ། བརྗོད་བྱ་ཉིད་ཕྱིར་ཞེས་བྱ་བ་ལ་སོགས་
པའི་གཏན་ཚིགས་ཀྱིས་སྤྱི་འཛིན་པའི་ཤེས་པ་དངོས་པོ་མེད་པའི་ཡུལ་ཅན་ཉིད་ཡིན་པར་བསྟན་པའི་ཕྱིར་རོ། །དེས་ཀྱང་འགལ་བ་མི་འཁྲུལ་པ་ཅན་ཉིད་མ་བསྟན་ཏོ། །འོ་ན་ཅི་ཡིན་ཞེ་ན། དམ་བཅས་པ་ལ་རྗེས་སུ་དཔག་པས་གནོད་པ་ཡིན་ནོ། །འདས་སྩོགས་གཞན་དུ་མཐོང་

ཕྱིར་རོ། །བུམ་པར་གྱུར་པ་དང་བྱེད་པར་འགྱུར་རོ་ཞེས་བྱ་བ་མེད་པ་ལ་སྒྲ་ལས་བྱུང་བའི་ཤེས་པ་དངོས་པོ་མེད་པར་མཐོང་བ་དེ་ལྟར་ན་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་དངོས་ཆོས་ཉིད་ཉམས་འགྱུར། །གལ་ཏེ་དངོས་པོ་མེད་པར་སྤྱི་
འཛིན་པར་ཤེས་པར་འགྱུར་བ་དེའི་ཚེ། །དངོས་པོའི་ཆོས་ཉིད་ཡིན་པ་དམ་བཅས་པ་ཉམས་པར་འགྱུར་རོ་ཞེ་ན། ཇི་སྐད་དུ་བཤད་ཟིན་པའི་སྐྱོན་འདི་མེད། ཅིའི་ཕྱིར་ཞེ་ན། དངོས་པོ་འཛིན་པ་སྔོན་འགྲོ་ཅན། །སྤྱི་དེའི་ཤེས་པའམ་སྤྱིའི་ཤེས་པ་དེ་ཡིན་པར་འགྱུར་རོ་ཞེས་དགོངས་པའི་
ཕྱིར་རོ། །སྤྱི་ནི་གཟུགས་ལ་སོགས་པ་བཞིན་དུ་བདག་ཉིད་དངོས་པོའི་ངོ་བོ་ཉིད་ཀྱིས་ཤེས་པའི་ཡུལ་ཡིན་པའི་ཕྱིར། དངོས་པོའི་ཆོས་སུ་འདོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། གཟུགས་ལ་སོགས་པ་མཐོང་བས་བསྒོས་པའི་བག་ཆགས་ལ་བརྟེན་ནས་རྣམ་པར་རྟོག་
པ་སྐྱེ་བ་ན། རང་ཉིད་ཀྱིས་གཟུང་བའི་རྣམ་པ་ལ་གཟུགས་ལ་སོགས་པའི་རྣམ་པ་ཉིད་དུ་ཞེན་པས། འཇུག་པ་དེ་ལྟར་ན་གཟུགས་ལ་སོགས་པ་མཐོང་བའི་སྟོབས་ཀྱིས་སྐྱེ་བའི་ཕྱིར་དང་། དེར་ཞེན་པའི་ཕྱིར་དངོས་པོའི་ཆོས་ཡིན་ནོ་ཞེས་ཐ་སྙད་དུ་བྱས་པ་ཡིན་ནོ་ཞེས་བྱ་བའི་
དོན་ཏོ། །དེ་ཉིད་ཀྱི་ཕྱིར་རང་གི་མཚན་ཉིད་གཅིག་མ་གཏོགས་པར་གཞལ་བྱའི་ཁྱད་པར་གཞན་ཅུང་ཟད་ཀྱང་དོན་བྱེད་པར་ནུས་པ་ཡོད་པ་མ་ཡིན་ནོ། །དེ་བས་ན། རང་གི་མཚན་ཉིད་གཅིག་གཞལ་བྱ། །གཞལ་བྱ་ཡིན་པར་འོས་པས་ན་གཞལ་བྱའོ། །རང་གི་མཚན་ཉིད་གཅིག་པུ་ཁོ་
ན་ལ་སྐྱེས་བུ་རྟོག་པ་དང་ལྡན་པ་དོན་བྱེད་པ་དོན་དུ་གཉེར་བས་ཡོད་པ་དང་མེད་པ་ཉིད་དུ་དཔྱད་པར་བྱ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་གི་མཚན་ཉིད་ལ་དཔྱོད་པའི་རྟེན་གཞན་མེད་པའི་ཕྱིར་བཤད་པ། རང་གི་མཚན་ཉིད་དེ་ལས་དོན་བྱེད་གྲུབ་ཕྱིར་ཏེ། རྒྱུའི་ཕྱིར་སྐྱེས་བུའི་དོན་བྱེད་པ་
དོན་དུ་གཉེར་བ་དོན་བྱེད་ནུས་པའི་དངོས་པོ་དཔྱོད་པའི་སྒོ་ནས་ཡུལ་དུ་བྱེད་པར་ཡིན་གྱི་གཞན་ནི་མ་ཡིན་ནོ། །དོན་བྱེད་པར་ནུས་པ་ཡང་རང་གི་མཚན་ཉིད་ཁོ་ན་ཡིན་པ་དེ་ལྟར་ན་དེ་ཡོད་པ་དང་། དེ་མེད་པ་ཉིད་དུ་དཔྱོད་པར་བྱེད་པ་ཡིན་པ་དེ་བས་ན་དེ་ཉིད་ལ། ཡོད་མེད་ཉིད་དུ་དཔྱོད་ཕྱིར་ཏེ། རྒྱུའི་

ཕྱིར་རང་གི་མཚན་ཉིད་གཅིག་པུ་ཁོ་ན་གཞལ་བྱ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྤྱི་ལ་ཡང་དཔྱོད་པ་འཇུག་པ་ཉིད་མ་ཡིན་ནམ། དེ་ཇི་ལྟར་ན་གཅིག་པུ་ཁོ་ན་གཞལ་བྱ་ཡིན་ཞེས་བརྗོད་ཅེ་ན། བདེན་ཏེ། འོན་ཀྱང་སྤྱི་ལ་དཔྱོད་པ་ཡང་རང་གི་མཚན་ཉིད་ཀྱི་རྟེན་ཅན་ཡིན་
ནོ། །དེ་ལྟ་ན་འགའ་ཞིག་དེ་དངོས་པོ་ཉིད་ཡིན་ཞེས་སྟོན་པར་བྱེད་དོ། །དེས་ན་ཅི་སྟེ་འབའ་ཞིག་ལ་རུང་བའམ་མ་ཡིན་ནོ་ཞེས་དངོས་པོའི་རྗེས་སུ་འབྲངས་ནས་དཔྱད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་མེད་པ་ཉིད་དུ་ངེས་པ་ལ་དཔྱོད་པ་ཅུང་ཟད་ཀྱང་མི་རུང་ངོ་། །མེད་པའི་ཡུལ་གྱི་དཔྱོད་པ་
ཡང་དངོས་པོ་རྟེན་ཅན་ཉིད་ཡིན་ཏེ། དངོས་པོ་ཉིད་ལ་ཡོད་པ་དང་མེད་པ་ཉིད་དཔྱོད་པའི་ཕྱིར་རོ། །གལ་ཏེ་འོ་ན་གཞལ་བྱ་གཅིག་ཁོ་ན་ཡིན་ན། སློབ་དཔོན་གྱིས་རང་དང་སྤྱིའི་མཚན་ཉིད་ལས་གཞལ་བྱ་གཞན་ཡོད་པ་མ་ཡིན་ནོ་ཞེས་ཡུལ་རྣམ་པ་གཉིས་གསུངས་ཏེ། རང་གི་མཚན་
ཉིད་ལ་གཞལ་བྱ་གཉིས་པ་ཡོད་པའི་ཕྱིར། སློབ་དཔོན་གཞལ་བྱ་གཉིས་ཉིད་བཞེད་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། རང་གི་མཚན་ཉིད། དེ་ཡི་རང་གཞན་ངོ་བོ་དག །རྟོགས་ཕྱིར་ཏེ། རྒྱུའི་ཕྱིར་གཞལ་བྱ་གཉིས་སུ་བཞེད། རང་གི་མཚན་ཉིད་ཀྱི་རང་གི་ངོ་བོ་མངོན་སུམ་
གྱི་ཤེས་པས་རྟོགས་པའི་ཕྱིར་རང་གི་མཚན་ཉིད་གཅིག་ཉིད་ཡིན་ནོ། །དེ་ཉིད་ལ་རྗེས་སུ་དཔག་པའི་ཤེས་པས་གཟུང་བའི་རྣམ་པའི་སྒོ་ནས་དེའི་ངོ་བོར་ཞེན་པས་རྟོགས་པའི་ཕྱིར་སྤྱི་བཤད་དོ། །ཇི་ལྟར་ན་གཞན་གྱི་ངོ་བོའི་སྒོ་ནས་རང་གི་མཚན་ཉིད་རྟོགས་པ་ཡིན་ནོ་ཞེས་བྱ་བ་དེ་
རྟོགས་པར་འགྱུར་ཞེ་ན། འདི་ལྟར་རྣམ་པར་རྟོག་པའི་རྗེས་སུ་དཔག་པ་ཕྱི་རོལ་ཉིད་དུ་སྣང་བའི་ཆ་རང་གི་མཚན་ཉིད་མ་ཡིན་པ་ལ་རང་གི་མཚན་ཉིད་དུ་ཞེན་པས་སྐྱེས་བུ་འདིའི་དོན་བྱེད་ནུས་པའི་དོན་ཉིད་ལ་འཇུག་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་གལ་ཏེ་སྤྱི་རྗེས་སུ་དཔག་པ་དེའི་
ཚེ། དོན་བྱེད་པ་སྒྲུབ་པར་བྱེད་པ་དེ་ཉིད་ལ་འཇུག་པར་འགྱུར་ཏེ། དེ་ཙམ་རྟོགས་པའི་བསམ་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེའི་ཡུལ་གྱི་དོན་རྟོགས་པས་ལྡོག་པར་འདོད་པའི་དུས་ཕྱིས་མེ་ལ་འཇུག་པར་མི་འགྱུར་བའི་དེ་ཉིད་འཇུག་པར་མི་འགྱུར་ཏེ། དེ་ལ་གང་ཞིག་གི་

ཚེ་ཡང་ནུས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །རང་བཞིན་དུ་གནས་པ་དག་གིས་བུམ་པ་ཡོངས་སུ་བཅད་ནས་བུམ་པ་ཡོངས་སུ་བཅད་པར་ངེས་པ་ལ་གནས་པ་སྣམ་བུས་བསྒྲུབ་པར་བྱ་བའི་དོན་བྱེད་པ་ལ་འཇུག་པ་མ་ཡིན་ནོ། །བསྒྲུབ་པར་བྱ་བའི་དོན་བྱེད་པར་རྟོགས་པའི་
དོན་དུ་རང་གི་མཚན་ཉིད་ལས་རྗེས་སུ་དཔག་པ་ལས་ཀྱང་འཇུག་པ་ཡིན་པ་དེ་བས་ན་དེའི་ངོ་བོར་ཞེན་པ་ཡིན་ནོ་ཞེས་རྟོགས་པར་འགྱུར་རོ། །དེ་དེ་ལྟར་ན་ཇི་ལྟར་རྣམ་པར་རྟོག་པའི་རྗེས་སུ་དཔག་པ་དེ་རང་གི་ཆ་ལས་དངོས་པོ་ཉིད་དུ་ཞེན་པས་དེ་དེ་ལྟར་མ་ཡིན་ནོ། །ཇི་ལྟར་མངོན་ཞེན་མེད་
པ་ཡི། །རྒྱུ་ཡིས་གཉིས་པ། གཞན་གྱི་ངོ་བོར་རྟོགས་པ་ལ་འཁྲུལ་པ་དག་ཏུ་བཞེད་པ་གང་ཡིན་པ་དེ་ནི་དེར་ཞེན་པས་དོན་བྱེད་པ་ལ་འཇུག་པའི་ཕྱིར་རོ། །གལ་ཏེ་གཞན་གྱིས་རྟོགས། གལ་ཏེ་གཞན་མི་གསལ་བའི་ཚུལ་རྣམ་པར་རྟོག་པའི་རྗེས་སུ་དཔག་པ་གཟུང་བའི་རྣམ་
པའི་སྒོ་ནས་རང་གི་མཚན་ཉིད་དུ་ཞེན་པས་དོན་དེའི་གསལ་བའི་ངོ་བོར་རྟོགས་པ་ཡིན་ནོ། །དེ་ཡང་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ལ་ཞེན་པས་འཁྲུལ་པར་འདོད་དོ། །འོ་ན་དེ་ཚད་མ་ཉིད་མ་ཡིན་ཏེ། འདི་ལྟར་སྨིག་རྒྱུ་ལ་སོགས་པ་འཁྲུལ་པའང་ཚད་མ་ཉིད་མ་ཡིན།
འང་གི་སྒྲས་ནི་སྤྱིའི་རྣམ་པར་ཤེས་པ་རང་གི་མཚན་ཉིད་རྟོགས་པ་གཞན་ཉིད་དུ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་དག་ནི་གང་ཞིག་གང་ལས་གཞན་གྱི་ངོ་བོ་ཡིན་པ་དེ་ནི་རྟོགས་པ་ན་དེ་རྟོགས་པར་མི་འགྱུར་ཏེ། དཔེར་ན་སྒྲ་རྟོགས་པས་གཟུགས་རྟོགས་པ་མ་ཡིན་པ་ལྟ་
བུའོ། །རང་གི་མཚན་ཉིད་ཀྱང་རྣམ་པར་རྟོག་པའི་རྣམ་པར་ཤེས་པའི་གཟུང་བའི་རྣམ་པ་ལས་གཞན་གྱི་ངོ་བོ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིན་པར་སེམས་སོ། །གང་འཁྲུལ་པ་ཡིན་པ་དེ་ནི་ཚད་མ་མ་ཡིན་ཏེ། དཔེར་ན་མིག་སེར་གྱི་ནད་ཅན་གྱིས་
སེར་པོ་མཐོང་བ་ལྟ་བུའོ། །རྗེས་སུ་དཔག་པ་ཡང་འཁྲུལ་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཉིད་ཡིན་པར་སེམས་སོ། །རང་གི་མཚན་ཉིད་ཀྱི་བསམ་པ་ཅན་གྱི་ཚད་མ་ཉིད་ཡིན་པ་དེ་བས་ན་འཁྲུལ་པ་མ་ཡིན་པ་དང་རང་གི་ངོ་བོ་ཉིད་དུ་རྟོགས་

པ་ཡིན་ནོ། །བཟློག་པའི་སྦྱོར་བ་དག་ནི་གང་། ཚད་མ་ཉིད་ཡིན་པ་དེ་ནི་འཁྲུལ་པར་མི་འགྱུར་ཏེ། དཔེར་ན་མངོན་སུམ་ལྟ་བུའོ། །རྗེས་སུ་དཔག་པ་ཡང་ཚད་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིན་ནོ་སྙམ་དུ་སེམས་སོ། །གང་ཞིག་གང་གི་རྟོགས་པ་
ཡིན་པ་དེ་ནི་དེའི་ངོ་བོ་ཉིད་དུ་འགྱུར་ཏེ། དཔེར་ན་མིག་གིས་གཟུགས་རྟོགས་པ་ལྟ་བུའོ། །རྗེས་སུ་དཔག་པ་ཡང་རང་གི་མཚན་ཉིད་རྟོགས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་པར་སེམས་སོ། །བསམ་པ་ལ་ནི་སླུ་མེད་ཕྱིར། །ཞེས་བྱ་བ་ལ་སོགས་པས་ལན་
འདེབས་པར་བྱེད་དོ། །འཁྲུལ་པ་ཡིན་ཡང་ཚད་མ་ཡིན། །ཅིའི་ཕྱིར་ཞེ་ན། བསམ་པ་ལ་ནི་སླུ་མེད་ཕྱིར། །རྟོགས་པ་པོ་གང་དོན་བྱེད་པར་ནུས་པའི་དོན་ལ་ཞེན་པ་ཅན་དེ་ལྟར་འདོད་པའི་དོན་ལ་མི་སླུ་བ་ནི་ཚད་མ་ཉིད་ཡིན་ནོ། །གལ་ཏེ་དེ་འདྲ་བ་དེ་ཡོད་པ་མ་ཡིན་ནོ་ཞེས་སྒྲུབ་པ་དེའི་ཚེ་མ་
ངེས་པ་ཡིན་ཏེ། ནོར་བུའི་འོད་ལ་ནོར་བུར་ཞེན་པ་ཅན་གྱིས་དོན་དེ་ཐོབ་པའི་ཕྱིར་རོ། །ཅི་སྟེ་ཡང་འདི་ནི་དོན་ཇི་ལྟ་བ་བཞིན་དུ་མ་ཡིན་པ་འཛིན་པ་ཡིན་ནོ་ཞེས་སྒྲུབ་པ་དེའི་ཚེ་གྲུབ་པ་ལ་སྒྲུབ་པ་ཉིད་ཡིན་ནོ། །ཐལ་བ་དང་པོ་ཉིད་ལ་མ་ངེས་པ་ཉིད་ཡིན་ཏེ། འདི་ལྟར་དེ་ནི། རྟོགས་
པ་རྣམ་པ་གཞན་དུ་མཐོང་། དཔེར་ན་ནོར་བུའི་འོད་ལ་ནོར་བུར་ཞེན་པ་ལྟ་བུའོ། །དོན་དམ་པར་མི་འཛིན་པ་བསྒྲུབ་པར་བྱ་བ་ཡིན་ན། འདོད་པ་སྒྲུབ་པ་ཉིད་ཡིན་ནོ། །བཟློག་པའི་སྦྱོར་བ་དང་པོ་ལ་ནོར་བུའི་འོད་ལ་ནོར་བུའི་བློས་མ་ངེས་པ་ཉིད་ཡིན་ནོ། །གཉིས་པ་ལ་ཡང་མ་གྲུབ་པ་
ཡིན་ཏེ། འདི་ལྟར་ཕྱོགས་འདིའི་ཡང་ལན་བཏབ་ཟིན་ཏོ། །འདི་ལྟར་རྣམ་པར་རྟོག་པའི་ཤེས་པ་དངོས་པོ་འཛིན་པ་མ་ཡིན་ནོ་ཞེས་བྱ་བ་ནི་བརྗོད་བྱ་ཉིད་ཅེས་བྱ་བའི་གཏན་ཚིགས་ཀྱིས་བསྟན་ཟིན་ཏོ། །ནོར་བུ་སྒྲོན་མའི་འོད་དག་ལ། །ཞེས་བྱ་བ་ལ་སོགས་པས་ཐལ་བ་དང་
བཟློག་པ་དག་ལ་དེ་ཉིད་མ་ངེས་པ་ཉིད་སྟོན་པར་བྱེད་དོ། །ནོར་བུའི་འོད་དང་སྒྲོན་མའི་འོད་ནི་ནོར་བུ་དང་སྒྲོན་མའི་འོད་དེ། དེ་དག་ཡུལ་དུ་གྱུར་པ་དག་ལའོ། །སྐྱེས་བུ་གང་གི་ནོར་བུའི་བློ་ཡིས་མངོན་རྒྱུགས་པ། ལོག་པའི་ཤེས་པར་ཁྱད་མེད་ནའང་། །ཇི་ལྟར་དོན་བྱེད་ལ་ཁྱད་

ཡོད། །དེ་ལྟར་ཇི་བཞིན་དོན་མིན་ནའང་། །འཁྲུལ་པ་ཉིད་ཡིན་ན་ཡང་ངོ་། །གང་ཞེ་ན། རྗེས་དཔག་དང་ནི་དེར་སྣང་དག །ཚད་མ་ཉིད་དུ་རྣམ་པར་གཞག །རྒྱུ་གང་གིས་ཤེ་ན། དོན་བྱེད་པ་དང་རྗེས་འབྲེལ་པས། །འདི་ལས་ཇི་ལྟར་འདོད་པའི་དོན་ལ་མི་སླུ་བ་ཁོ་
ན་ཡིན་པ་དེ་ནི་ཚད་མ་ཡིན་ནོ། །སྐྱེས་བུ་གཅིག་ནོར་བུའི་འོད་ལ་ནོར་བུ་དང་། ཅིག་ཤོས་མར་མེའི་འོད་ལ་ནོར་བུའི་བློ་ཅན་གྱི་སྐྱེས་བུ་གཉིས་པོ་དེ་དག་ནི་ནོར་བུར་འཁྲུལ་པར་འདྲ་བ་ཡིན་ཏེ། ནོར་བུ་རང་གི་ངོ་བོ་བཟུང་བ་མེད་པའི་ཕྱིར་རོ། །དེ་ལྟར་ན་གཅིག་ནི་ནོར་བུའི་བློས་
འཇུག་པ་ན་ནོར་བུ་ཐོབ་པ་ཡིན་ཏེ། དེ་ནི་ནོར་བུ་དང་འབྲེལ་པའི་ཤེས་པ་དེ་ལས་དེ་ལ་འཇུག་པའི་ཕྱིར་རོ། །ཅིག་ཤོས་ནི་མ་ཡིན་ཏེ་འབྲེལ་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་དོན་བྱེད་པ་དང་རྗེས་སུ་འབྲེལ་པས་དེ་དག་ལས་གཅིག་ནི་མི་སླུ་བ་ཡིན་ལ་ཅིག་ཤོས་ནི་མ་ཡིན་ནོ་ཞེས་བྱ་
བ་ནི་ཁྱད་པར་ཡིན་ནོ། །དེ་ལྟར་ན་རྗེས་སུ་དཔག་པ་དང་། དེར་སྣང་བ་དག་འཁྲུལ་པའི་ཤེས་པ་ཡིན་པར་ཁྱད་པར་མེད་ན་ཡང་གཅིག་ནི་དོན་བྱེད་པར་ནུས་པའི་དོན་དང་ཕྲད་པ་ཡིན་ཏེ། དེ་ལས་བརྒྱུད་ནས་སྐྱེས་པས་དེ་དང་འབྲེལ་པའི་ཕྱིར་རོ། །ཅིག་ཤོས་ནི་མ་ཡིན་པ་དེ་ལྟར་
གཅིག་ཚད་མ་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེ་དེ་ལྟར་ན་རང་གི་མཚན་ཉིད་ཁོ་ན་རང་གི་ངོ་བོ་དང་གཞན་གྱི་ངོ་བོའི་སྒོ་ནས་རྟོགས་པའི་ཕྱིར་དེ་དག་གི་མཚན་ཉིད་ཅི་འདྲ་བ་དང་། གཞལ་བྱ་གཉིས་ཉིད་དུ་རྣམ་པར་གཞག་ནས། ད་ནི་ཇི་ལྟར་གཞལ་བྱ་གཉིས་ཉིད་ཡིན་པའི་ཕྱིར་
ཚད་མ་ཉིད་ཁོ་ན་བསྟན་པར་བཞེད་ནས། གང་ལ་དོན་གྱི་ནུས་པ་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་དོན་གྱི་ནུས་པ་ལས། །ཞེས་བྱ་བ་གང་ལ་ཞེས་བྱ་བ་དེའི་དོན་གྱི་ནུས་པ་སྟེ་སྟོབས་ལས་སོ། །དོན་དེ་ཡུལ་རུང་བ་ལ་ཉེ་བ་དང་ཉེ་བ་མ་ཡིན་པ་དག་ལས་ཞེས་བྱ་བའི་
དོན་ཏོ། །རྗེས་འགྲོ་ལྡོག་པ་ཅན་གྱི་བློ། །མཐོང་བའི་རྣམ་པ་དེ་ངེས་པར་སྣང་བ་ཅན་ནོ། །དེ་ཡོད་ན་ཡོད་པའི་རྗེས་སུ་བྱེད་པའི་སྒོ་ནས་སྐྱེ་བ་ཞེས་བྱ་བའི་དོན་ཏོ། །དོན་དེ་འདྲ་བ། དེ་ལ་འཛིན་པ་རང་དབང་ཅན། །གཞལ་བྱ་ལ་བརྟེན་པ་ཅན་གྱི་རང་གི་ངོ་བོ་འཛིན་པ་ཅན་ནི་མ་ཡིན་ནོ་ཞེས་

བྱ་བའི་དོན་ཏོ། །དེས་ན་དམིགས་པ་བཤད་པ་ཡིན་ནོ། །དེ་ལྟར་ན་བློའི་སྣང་བས་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་གང་ཡིན་པ་དེ་ནི་མངོན་སུམ་གྱི་ཡུལ་ཡིན་ནོ། །དེ་ལས་གཞན་དངོས་དབང་པོ་འདས། །དོན་གང་ཡང་ཡུལ་དུ་རུང་བ་ཉེ་བ་དང་ཉེ་བ་མ་ཡིན་པའི་མཚན་
ཉིད་ཅན་གྱི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་ངང་ཚུལ་ཅན་གྱི་བློ་དངོས་སུ་མི་བྱེད་པ་དེ་ནི་ལྐོག་ཏུ་གྱུར་པའི་དོན་ཡིན་ནོ། །མངོན་སུམ་དང་ལྐོག་ཏུ་གྱུར་པའི་མཚན་ཉིད་དེ་ཡང་། རྟོགས་པ་པོའི་ད་ལྟར་གྱི་གནས་སྐབས་ལ་ལྟོས་པས་ཡིན་ནོ། །དེ་ལྟ་མ་ཡིན་ན་ལྟ་བ་པོ་དང་
སྣང་བ་ཉིད་ཀྱི་གནས་སྐབས་ཀྱི་ཁྱད་པར་གཞན་དུ་གྱུར་པ་ན། མངོན་སུམ་དང་ལྐོག་ཏུ་གྱུར་པ་དག་རྣམ་པ་གཞན་དུ་འགྱུར་བའི་མཚན་ཉིད་མཚོན་པ་ཡིན་ནོ། །དེ་དེ་ལྟར་ན་འདི་ལྟར་དོན་འགའ་ཞིག་གིས་མངོན་སུམ་ཡིན་པ་དེ་ཐམས་ཅད་སྣང་བའི་རང་བཞིན་གྱི་གནས་སྐབས་ཡིན་པར་
ཁས་ལེན་པའི་ཕྱིར་དང་སོ་སོར་ངེས་པའི་ངོ་བོར་གཟུང་བ་མ་ཡིན་པར་ལྐོག་ཏུ་གྱུར་པ། ཅིའི་མཚན་ཉིད་ཅན་ཡིན་ནོ་ཞེས་ཐ་སྙད་དུ་བྱས་སོ། །དེ་བས་ན་མདོར་བསྡུ་ན་གང་གིས་རང་གི་ངོ་བོ་འཛིན་པ་དེ་ནི་མངོན་སུམ་ཡིན་ཞིང་། གཞན་ནི་ལྐོག་ཏུ་གྱུར་པ་ཡིན་ནོ། །རྣམ་པར་རྟོག་པའི་ཤེས་
པའི་གཟུང་བ་ལྐོག་ཏུ་གྱུར་པའི་དོན་ཡིན་པར་འདོད་པ་གང་ཡིན་པ་དེ་ནི་དེས་དེའི་རང་གི་ངོ་བོ་འཛིན་པས་ན་དེ་ལྐོག་ཏུ་གྱུར་པ་མ་ཡིན་པ་དེ་ལྟར་ན་མངོན་སུམ་དང་ལྐོག་ཏུ་གྱུར་པའི་མཚན་ཉིད་ཐ་དད་པར་མི་འགྱུར་རོ། །དབང་པོའི་སྒོ་ནས་རྟོགས་པ་མེད་པའི་ཕྱིར་རོ། །ལྐོག་ཏུ་གྱུར་པ་
མ་ཡིན་པ་ལ་ཡང་དབང་པོ་ལས་དེའི་རང་བཞིན་ལས་ངོ་བོ་ལྷག་པ་འཛིན་པ་མེད་པ་ན། གང་གིས་ན་དེའི་སྒོ་ནས་མི་རྟོགས་པའི་ཕྱིར་མངོན་སུམ་ཉིད་མ་ཡིན་པར་འགྱུར། དབང་པོའི་སྒོ་ནས་བདེ་བ་ལ་སོགས་པ་མངོན་སུམ་ཉིད་དུ་འདོད་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། རང་གི་ངོ་
བོ་རྟོགས་པ་ལས་ཡིན་ནོ། །རྣམ་པར་རྟོག་པའི་རྣམ་པར་ཤེས་པས་རང་གི་ངོ་བོ་རྟོགས་པ་དེ་ལྟར་དབང་པོས་ཀྱང་ཡིན་པ་དེ་ལྟར་ན་ཁྱད་པར་མེད་པའི་ཕྱིར་དབང་པོ་དོན་མེད་པ་ཡིན་ནོ་ཞེས་བྱ་བ་སྐྱོན་འདི་གཞན་ཡིན་ནོ། །དོན་དེ་ལ་ཕན་ཚུན་མཚན་ཉིད་མི་འདྲ་བ་གསལ་བ་དང་མི་གསལ་བའི་

རྣམ་པ་ཡོད་པ་མ་ཡིན་ལ། གང་རྣམ་པ་གསལ་བ་འཛིན་པ་ལས་དབང་པོ་འབྲས་བུ་དང་བཅས་པར་འགྱུར་རོ་ཞེས་བཤད་དོ། །རྣམ་པར་བརྟག་པར་བྱ་བ་གང་ཡིན་པ་དེའི་ངོ་བོ་མངོན་སུམ་གྱི་སྒོ་ནས་རྣམ་པ་ཇི་ལྟར་ཡང་གཟུང་བར་བྱ་བ་མ་ཡིན་གྱི་འོན་ཀྱང་རྣམ་
པར་རྟོག་པ་ཐམས་ཅད་ནི་དོན་ཉམས་སུ་མྱོང་བས་བྱས་པའི་འཁྲུལ་པ་དེ་ཡིན་ནོ། །དེ་ལ་སྐྱོན་ཡོད་པ་ཉིད་མ་ཡིན་ཏེ། འཁྲུལ་པ་ཡིན་ན་ཡང་རྣམ་པར་རྟོག་པ་གང་གི་བརྒྱུད་པ་ཡང་ཉེ་བ་ན་ཡོད་པ་ཡིན་ན། འདི་ལྟར་རྣམ་པར་རྟོག་པའི་ཤེས་པའི་གཟུང་བའི་ཆ་ཉིད་ལ་རང་གི་མཚན་
ཉིད་དུ་ཞེན་པའི་ངོ་བོ་དེ་ཉིད་དུ་ངེས་པར་བྱས་ནས། སྐྱེས་བུ་འཇུག་པ་ནི་དོན་དང་ཕྲད་པ་ཡིན་ནོ། །རྣམ་པར་རྟོག་པ་དེ་ཉིད་ཚད་མ་ཡིན་གྱི་གཞན་དོན་མཐོང་བ་སྔོན་དུ་སོང་བ་ཅན་ལས་སྐྱེས་པའི་ཕྱིར་བརྒྱུད་ནས་འོངས་པ་ཡིན་དུ་ཟིན་ཀྱང་མ་ཡིན་ནོ། །དེ་བས་ན། མ་མཐོང་བདག་ཉིད་
ངོ་བོ་དེ། །རང་གི་མཚན་ཉིད་ཀྱི་རང་གི་ངོ་བོ་མ་མཐོང་བ་དེ་ནི་དངོས་སུ་རྟོགས་པ་དེ་ཡོད་པ་ཙམ་གྱིས། རྟོགས་པ་འདི་རྟེན་དོན་གཞན་ཡིན། །དོན་གཞན་གྲུབ་པས་དེ་གྲུབ་པ་ཡིན་ཏེ། །དེའི་གཞན་ལ་བརྟེན་པ་ཅན་གྲུབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྟགས་ཅན་རྟོགས་པ་
ནི་དེའི་རང་གི་ངོ་བོ་མ་བཟུང་ན་ཡང་རྟགས་འཛིན་པ་བཞིན་དུ་དེ་མི་སླུ་བའི་ཕྱིར་ཏེ་རྟོགས་པ་ཞེས་ཐ་སྙད་གདགས་ཏེ་དེས་ཀྱང་ལྐོག་གི་དོན་རྟོགས་པའི་ཕྱིར་རོ། །རྟེན་གྱི་དོན་དུ་འདོད་པ་གང་ཡིན་པ་དེ་ནི། གལ་ཏེ་དེ་རྟེན་བསྒྲུབ་པར་བྱ་བའི་ཆོས་མེ་མ་ཡིན་པ་རྣམ་པར་གཅོད་པ་གང་
ཡིན་པ་དེའི་རྟེན་ས་ཕྱོགས་ལ་སོགས་པའི་ཆོས་ཅན་ནོ། །གལ་ཏེ་ཆོས་ཅན་དེ་དང་འབྲེལ་པ་ཅན་འགྱུར་ནའོ། །འདིས་ནི་ཆོས་ཅན་དང་འབྲེལ་པ་ཅན་བསྟན་ཏོ། །ཡང་རྣམ་པ་གཞན་དུ་དོན་གཞན་ཟུར་གྱིས་བསྟན་པ་སྟེ། གང་ལ་ལྐོག་ཏུ་གྱུར་པའི་དོན་རྟོགས་པའི་རྟེན་གྱི་དོན་
སྣང་བ་དེ་ཆོས་ཅན་ནོ། །བསྒྲུབ་པར་བྱ་བ་གང་ལ་རྟེན་ཆོས་ཅན་ཡོད་པ་དེ་ནི་དེ་རྟེན་ཅན་ནོ། །གལ་ཏེ་བསྒྲུབ་པར་བྱ་བའི་ཆོས་དེ་དང་འབྲེལ་པ་ཅན་དུ་འགྱུར་བ་སྟེ། མེད་ན་མི་འབྱུང་བར་འགྱུར་ནའོ། །འདིས་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་བསྟན་ཏོ། །དེ་ལྟར་ན་གལ་ཏེ་ཚུལ་གསུམ་

དང་ལྡན་པ་ཡིན་ན། དེ་ཚེ་གོ་བྱེད་ཡིན། དེ་ལྟ་མ་ཡིན་ན་འབའ་ཞིག་ལས་ཐམས་ཅད་ལ་ཐམས་ཅད་རྟོགས་པའི་ཕྱིར། ཐམས་ཅད་ལ་ཐམས་ཅད་ཀྱི་གོ་བར་བྱེད་པར་འགྱུར་རོ། །དེ་བས་ན་ཆོས་ཅན་དང་འབྲེལ་པ་ཅན་གྱི་རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པའི་དོན་ལས་བསྐལ་
པའི་དོན་རྟོགས་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །དོན་དེ་འདྲ་བ་ལས་དེ་རྟོགས་པ་དེ་ནི་སོ་སོར་ངེས་པའི་ཚུལ་གྱིས་མ་ཡིན་ཏེ། །དེ་མེད་ན་ཡང་དེ་ཡོད་པའི་ཕྱིར་རོ། །འོན་ཀྱང་། དེ་ཚེ་གོ་བྱེད་རྗེས་འགྲོ་བ། །སྤྱི་ཡིས་ངོ་བོ་ཉིད་དུ་རྟོགས། །རྟགས་ནི་རྟགས་ཅན་ཉིད་ཡོད་ན་ཡོད་
པའི་ཕྱིར་གོ་བར་བྱེད་པ་ཡིན་ནོ། །དོན་ཙམ་ཡོད་ན་འགྱུར་བ་གང་ཡིན་པ་དེ་ནི་དོན་ཙམ་ཡིན་ལ་དེ་ནི་གོ་བར་བྱེད་པའི་རྗེས་སུ་འགྲོ་བར་བྱེད་པས་ན་གོ་བར་བྱེད་པའི་རྗེས་སུ་འགྲོ་བའོ། །གོ་བར་བྱེད་པའི་རྗེས་སུ་འགྲོ་བ་ཡང་དེ་ཡིན་ལ་སྤྱིའི་ངོ་བོ་ཡང་ཡིན་པས་ན་དེ་སྐད་ཅེས་བྱའོ། །
གང་གི་ཚེ་གོ་བར་བྱེད་པའི་རྗེས་སུ་འགྲོ་བ་སྤྱིའི་ངོ་བོ་ཡིན་པ་དེ་ལྟར་ན་གོ་བར་བྱེད་པའི་རྗེས་སུ་འགྲོ་བའི་སྤྱིའི་ངོ་བོ་ཉིད་དུ་རྟོགས་པ་དེའི་ཚེ། །བསྐལ་པའི་དོན་རྗེས་སུ་འགྲོ་བ་དང་། ལྡོག་པ་དང་ལྡན་པའི་རྟགས་ལས་ངེས་པ་ཡིན་གྱི་སོ་སོར་ངེས་པའི་ངོ་བོར་ཡང་མ་ཡིན་ཏེ།
དོན་ཙམ་དང་རྟགས་ཀྱི་འབྲེལ་པ་གྲུབ་པའི་ཕྱིར་རོ། །གང་གི་ཕྱིར་འབྲེལ་པ་ཅན་གྱི་དོན་ལས་ལྐོག་ཏུ་གྱུར་པའི་དོན་ལ། སྤྱི་ཉིད་དུ་རྟོགས་པ་འབྱུང་བར་འགྱུར་གྱི་རྣམ་པ་གཞན་དུ་མ་ཡིན་པ། དེའི་ཕྱིར་ལྐོག་གྱུར་དོན་ཐམས་ཅད་ཁྱད་པར་དུ་ནི། དཔེར་ན་མེ་རྩྭ་ལས་འབྱུང་བ་དང་།
ལོ་མ་ལས་འབྱུང་བ་དང་གསལ་བ་དང་། ཆེན་པོ་དང་། ཆུང་ངུ་ཞེས་བྱ་བ་རང་གི་རྣམ་པ་སོ་སོར་ངེས་པར་རྟོགས་མི་འགྱུར། ངེས་པར་མི་འགྱུར་ཏེ། འོན་ཀྱང་མེ་ཡོད་པ་ཙམ་ཡིན་ནོ། །འབྲེལ་པ་ཅན་གྱི་ཆོས་དག་ལས། རྗེས་སུ་འགྲོ་བ་དང་ལྡོག་པ་དང་ལྡན་པའི་རྟགས་
དག་ལས་དེ་དང་ལྡན་པའི་ཆོས་ཅན་ལ། བསྒྲུབ་པར་བྱ་བའི་ཆོས། རྟོགས་སྐྱེ་བ་གང་། དེ་ནི་རྗེས་དཔག་ཡིན་ནོ། །ཆོས་ཅན་ལས་སྐྱེས་ཞེས་བྱ་བ་འདིས་ནི་ཆོས་ཅན་དང་འབྲེལ་པ་ཅན་བསྟན་ཏོ། །འབྲེལ་པ་ཅན་གྱིས་ཞེས་བྱ་བ་འདིས་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་བསྟན་ཏོ། །ཚུལ་

གསུམ་པའི་རྟགས་ལས་ལྐོག་ཏུ་གྱུར་པའི་དོན་ལ། སྤྱིའི་ངོ་བོ་ཉིད་དུ་རྟོགས་པ་དེ་ཡང་རྗེས་སུ་དཔག་པ་ཉིད་གང་ཡིན་པའི་རྒྱུ་དེ་ཉིད་ཀྱི་ལྐོག་ཏུ་གྱུར་པའི་དོན་དེ་དག་གི་སྒྲུབ་བྱེད་གཅིག་རྗེས་སུ་དཔག་པ་ཉིད་ཡིན་ནོ། །འདིས་ནི་རྗེས་སུ་དཔག་པ་ལས་གཞན་པ་ལས་
རྟོགས་པ་ཡོད་པ་མ་ཡིན་ནོ་ཞེས་བསྟན་ཏོ། །གང་གི་ཕྱིར་དེ་ལྟར་ན་རང་གི་ངོ་བོ་རྟོགས་པ་གང་ཡིན་པ་དེ་ནི་མངོན་སུམ་ཡིན་ལ། ཇི་སྐད་དུ་བཤད་པའི་རྟགས་ཡོད་ན་ལྐོག་ཏུ་གྱུར་པའི་དོན་གཞན་ཐམས་ཅད་ནི་རྗེས་སུ་དཔག་པར་བྱ་བ་ཡིན་ཏེ། རྣམ་པ་གཞན་གྱིས་རྟོགས་པ་མི་སྲིད་པའི་ཕྱིར་རོ། །
དེ་ཕྱིར། མངོན་སུམ་ལྐོག་ཏུ་གྱུར་པ་ལས། །གཞལ་བྱ་གཞན་ནི་ཡོད་མ་ཡིན། །གང་ཞིག་གཞན་ནི་སྒྲུབ་པར་བྱེད་པའོ། །གང་གིས་ན་རྗེས་སུ་དཔག་པ་ལས་ཚད་མའི་ཁྱད་པར་གཞན་ཅུང་ཟད་ཡོད་པར་འགྱུར། དེ་ཕྱིར་གཞལ་བྱ་གཉིས་ཉིད་ཀྱིས། །ཚད་མ་དག་ནི་གཉིས་ཉིད་བཞེད། །མངོན་
སུམ་གྱི་རང་གི་དོན་གྱི་ངོ་བོ་རྟོགས་པ་ནི་མངོན་སུམ་གྱི་ཚད་མ་ཡིན་ལ། ལྐོག་ཏུ་གྱུར་པའི་ཇི་སྐད་བཤད་པའི་གཞན་གྱི་ཡན་ལག་ཙམ་གྱི་རྟོགས་པ་རྗེས་སུ་དཔག་པ་ཡིན་པ་དེ་ལྟར་ན་ཚད་མ་ནི་གཉིས་ཁོ་ན་ཡིན་ནོ། །གཞལ་བྱ་གཉིས་ནི་མཐོང་ཕྱིར་རོ། །རང་གི་མཚན་ཉིད་དང་ཅིག་ཤོས་ཏེ། གཞལ་
བྱ་གཉིས་བསྟན་པའི་ཕྱིར་རོ། །གསུམ་གཅིག་གྲངས་ནི་བསལ་བའམ། །གཞལ་བྱ་གཉིས་བསྟན་པས་ཚད་མ་གསུམ་ལ་སོགས་པ་བསལ་བ་དང་། ཚད་མ་གཅིག་བསལ་ཅིང་སློབ་དཔོན་གྱིས་མངོན་སུམ་མ་ཡིན་པའི་ཚད་མ་ཡང་ཡོད་དོ་ཞེས་བསྟན་ཏོ། །གང་གི་ཕྱིར་གཞལ་བྱ་
གཞན་གསུམ་པ་མེད་པའི་ཕྱིར་ཚད་མ་གསུམ་ལ་སོགས་པ་ཡོད་པ་མ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་མེད་ན་གཞལ་བྱ་ཉིད། །མིན་ཕྱིར་གཅིག་ཡིན་མངོན་སུམ་ལས་གཞན་པའི་དོན་འབའ་ཞིག་ལྐོག་ཏུ་འགྱུར་བའི་དོན་འཇིག་རྟེན་ཕ་རོལ་ལ་སོགས་པ་འབའ་ཞིག་ཀྱང་
ཡོད་པ་མ་ཡིན་ནོ། །འོ་ན་ཅིའི་ཕྱིར་ཞེ་ན། མེད་པ་ཉིད་ཡིན་ཞིང་མེད་པ་ཉིད་ཀྱི་ཕྱིར་གཞལ་བྱ་མ་ཡིན་ལ། གཞལ་བྱ་མ་ཡིན་པ་ཉིད་ཀྱི་ཕྱིར་མངོན་སུམ་གྱི་དངོས་པོ་གཞལ་བྱ་གཅིག་ཉིད་ཡིན་ནོ། །སྦྱོར་བ་ནི་གང་མེད་པ་དེ་ནི་གཞལ་བྱ་མ་ཡིན་ཏེ། དཔེར་ན་རི་བོང་གི་རྭ་ལ་སོགས་པ་

ལྟ་བུའོ། །སྤྱི་ཡང་མེད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིན་པར་སེམས་སོ། །ཁོ་བོའང་འདོད། དེ་ནི་ཁོ་བོ་ཅག་ཀྱང་འདོད་པ་ཉིད་ཡིན་ནོ། །གཞལ་བྱ་གཉིས་སུ་རྣམ་པར་གཞག་པ་ཡིན་ནོ། །རང་གི་མཚན་ཉིད་ལས་གཞལ་བྱ་གཞན་སྤྱི་ནི་ཡོད་པ་མ་ཡིན་པ་
དེ་ལྟར་ན་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །མེད་པ་གཞལ་བྱ་ཉིད་མ་ཡིན་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ་གཏན་ཚིགས་མ་ངེས་པ་ཡིན་ནོ། །འདི་ལྟར་དེས་ཀྱང་ཚད་མ་གཞན་འབའ་ཞིག་གིས་འཇིག་རྟེན་ཕ་རོལ་མེད་པར་ངེས་པར་བྱ་བ་ཡིན་ལ། དེ་ཡང་ངེས་པར་བྱེད་པ་ནི་གཞལ་བྱ་ཉིད་ལས་མ་
འདས་པའི་ཕྱིར་རང་ཉིད་ཀྱིས་མ་ངེས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་འཇིག་རྟེན་ཕ་རོལ་ལ་སོགས་པ་མེད་པའི་ཡུལ་ཅན་གྱི་ཚད་མ་མེད་པ་དེའི་ཚེ། འཇིག་རྟེན་ཕ་རོལ་ལ་སོགས་པ་མེད་པ་ནི་དེ་རང་གི་རྣམ་པར་མ་ངེས་པ་ཡིན་ནོ། །དེ་ཉིད་ལ་རྣམ་པར་ངེས་པ་མེད་ན་ཡང་། གཞན་ཡང་དེ་
ལ་རྟོགས་པ་སྐྱེད་པར་མི་ནུས་པ་ཡིན་ན་དེ་ལ་མེད་པའི་ངེས་པ་ཡང་ཡོད་པ་ཡིན་ནོ། །དེ་བས་ན་དེ་ངེས་པ་ཡོད་ན། མེད་པའི་ངེས་པ་གང་ཡིན་པ་དེ་ཉིད་ཚད་མ་གཉིས་ཡིན། རྗེས་སུ་དཔག་པ་ཞེས་བྱ་བའི་ཚད་མ་གཞན་ཤུགས་ཀྱིས་འགྱུར་རོ། །དེ་བས་ན་མེད་པ་གཞལ་བྱ་ཡིན་པ་དེ་
ལྟར་ན་དཔེར་བསྒྲུབ་པར་བྱ་བས་སྟོང་པ་ཡིན་ནོ། །སྦྱོར་བ་ཡང་གང་ཞིག་རྣམ་པ་འབའ་ཞིག་གིས་ངེས་པ་ཡིན་པ་དེ་ནི་ཚད་མས་ཡོངས་སུ་དཔྱད་པར་བྱ་བ་ཡིན་ཏེ། དཔེར་ན་མངོན་སུམ་གྱི་དོན་ལྟ་བུའོ། །མེད་པ་ཡང་རྣམ་པ་འབའ་ཞིག་གིས་ངེས་པར་འདོད་དོ་ཞེས་བྱ་བ་ནི་རང་བཞིན་
གྱི་གཏན་ཚིགས་སོ། །དེ་ལྟར་ནི་འགྱུར་མོད་ཀྱི། མངོན་སུམ་ཉིད་ལས་འཇིག་རྟེན་ཕ་རོལ་དང་སྐྱེས་བུ་ཁྱད་པར་མེད་པ་ལ་སོགས་པ་གྲུབ་པ་དེ་ལྟར་ན་ཚད་མ་གཉིས་པ་ཡོད་པ་མ་ཡིན་ནོ་ཞེ་ན། དེ་ནི་མེད་ལ་དབང་སྐྱེས་བློ་མ་ཡིན། མངོན་སུམ་ལས་མེད་པ་གྲུབ་པ་མ་ཡིན་ནོ། །ཅིའི་
ཕྱིར་ཞེ་ན། དབང་པོ་ལས་སྐྱེས་པའི་བློ་དེ་ནི། དོན་གྱི་སྟོབས་ལས་སྐྱེ་ཕྱིར་རོ། །མངོན་སུམ་ལས་མེད་པ་གྲུབ་པར་འདོད་པས་དེ་མེད་པའི་ཡུལ་ཅན་ཉིད་དུ་བསྟན་པར་འགྱུར་ན། དེ་ཡང་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དོན་གྱི་ནུས་པ་ལ་ལྟོས་ནས་སྐྱེ་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་

དོན་ཡོད་པ་ཉིད་དང་ཡུལ་རུང་བ་ཉེ་བ་ཉིད་ལ་ལྟོས་པ་མེད་པ་ཡིན་ནོ། །ཅི་སྟེ་བློ་དོན་གྱི་ནུས་པ་ཉིད་ལ་ལྟོས་པ་ཡིན་ཞེ་ན། དེའི་ཚེ་ན། དོན་ནུས་པ་ལ་ལྟོས་མེད་ན། །ཆོད་པ་ལ་སོགས་པ་དེས་ཀྱང་དངོས་པོའི་ནུས་པ་ཉིད་ལ་གགས་བྱེད་པ་མེད་པ་ཉིད་ཀྱི་ཕྱིར། ཆོད་པ་ལ་
སོགས་ཡོད་ན་ཡང་། །དབང་སྐྱེས་བློ་ནི་སྐྱེ་བར་འགྱུར། །ཇི་ལྟར་ན་རང་ཉིད་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ། གཞན་དམིགས་པའི་མཚན་ཉིད་ཅན་གྱི་མངོན་སུམ་གྱིས་མེད་པ་གྲུབ་པར་འདོད་ཅེ་ན། དེ་ལ་ཡང་མངོན་སུམ་ནི་མེད་པའི་ཡུལ་ཅན་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན།
དེ་ཉིད་ཀྱིས་དངོས་པོ་ཉིད་ཡོངས་སུ་གཅོད་པར་བྱེད་མོད་ཀྱི། འོན་ཀྱང་གཞན་གང་ཡིན་པ་དེ་ཞེས་བརྗོད་དོ། །དེ་ལྡོག་པའི་སྒོ་ནས་དེས་དེ་ཉིད་ཀྱི་རང་བཞིན་ངེས་པ་འབའ་ཞིག་ཡོངས་སུ་གཅོད་པའི་ཕྱིར། གཞན་རྣམ་པར་གཅོད་པར་བྱེད་པ་ཡིན་ནོ་ཞེས་བརྗོད་དོ། །དེ་ལྟར་ནི་འགྱུར་
མོད་ཀྱི། གལ་ཏེ་མངོན་སུམ་ལྡོག་པ་ལས། །མེད་པའང་ངེས་པ་ཉིད་ཡིན་ནོ། །ཁོ་བོ་ནི་མངོན་སུམ་འཇུག་པར་གྱུར་པ་མེད་པ་སྒྲུབ་པ་ཡིན་ནོ་ཞེས་མི་སྨྲའོ། །འོ་ན་ཅི་ཡིན་ཞེ་ན་མངོན་སུམ་དེ་ཉིད་ལྡོག་པ་ནི་གནས་སྐབས་གཞན་ཡིན་ཞིང་དེ་ལྡོག་པ་ལས་མེད་པ་ངེས་པ་ཡིན་ནོ་ཞེ་ན། དེ་
ལྟར་ན་ནི་འགལ་བའམ་མངོན་སུམ་ཉིད་ལྡོག་པ་ལས་མེད་པ་ངེས་པ་ཡིན་ནོ་ཞེས་བྱ་བ་ནི་རང་གི་ཚིག་དང་འགལ་བ་ཡིན་ནོ། །དེ་ལྡོག་པ་ལས་ངེས་པར་འགྱུར་བ་གང་ཡིན་པ་དེ་ནི་མངོན་སུམ་ལས་འགྱུར་བ་མ་ཡིན་ཏེ། མངོན་སུམ་དེ་དང་དེ་མེད་པ་དེ་གཅིག་པ་ཉིད་དུ་མི་རུང་བའི་ཕྱིར་
རོ། །གཅིག་ཉིད་དུ་ཡིན་ན་ཡང་དངོས་པོ་བཞིན་དུ་དོན་གྱི་བྱ་བ་བྱེད་པའི་ཕྱིར་དེ་མེད་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། དངོས་པོ་ཉིད་ཡིན་ནོ། །དེ་བས་ན་མེད་པ་སྒྲུབ་པར་བྱེད་པ་མངོན་སུམ་ཡིན་ནོ་ཞེས་སྨྲ་བས་དེ་ཡོད་པ་ཉིད་དུ་ཉེ་བར་འཇོག་པ་ལས་མེད་པ་དེ་སྒྲུབ་པར་བྱེད་པ་
ཉིད་ཡིན་པ། དེ་ལྡོག་པ་ལས་ཞེས་བྱ་བའི་ཚིག་ལས་ཡོད་པ་ཉིད་ལྡོག་པས་སྒྲུབ་པར་བྱེད་པ་ཉིད་མ་ཡིན་པར་སྨྲས་པར་འགྱུར་རོ། །སྒྲུབ་པར་བྱེད་པ་ཉིད་དང་སྒྲུབ་པར་བྱེད་པ་ཉིད་མ་ཡིན་པ་དེ་དང་དེ་ནི་འགལ་བ་ཡིན་ནོ། །སྦྱོར་བ་དག་ནི་གང་ཞིག་གི་སྒྲུབ་པར་བྱེད་པ་ཡིན་པ་

དེ་ནི་དེ་གྲུབ་པ་ནི་ཐག་ཉེ་བ་ན་ཡོད་པ་ཅན་དུ་འགྱུར་ཏེ། དཔེར་ན་འབྲས་བུ་ཅན་གྱི་མེ་ལ་སོགས་པའམ་གཟུགས་ལ་སོགས་པའི་སྒྲུབ་པར་བྱེད་པ་སྒྲོན་མ་ལ་སོགས་པ་ལྟ་བུའོ། །མེད་པ་ཡང་མངོན་སུམ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གང་ཞིག་གང་
ལ་ཡོད་པ་མ་ཡིན་པ་དེ་ནི། དེའི་རྟོགས་པར་བྱེད་པའམ་གསལ་བར་བྱེད་པ་མ་ཡིན་ཏེ། དཔེར་ན་གཟུགས་ཀྱི་སྒྲོན་མ་མེད་པ་ལྟ་བུའོ། །མངོན་སུམ་ཡང་མེད་པར་རྟོགས་པ་ལ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །དེ་བས་ན་མངོན་སུམ་ལས་མེད་པ་གྲུབ་པ་མ་
ཡིན་ནོ། །གང་ཡང་ཁོ་བོ་ཅག་མི་དམིགས་པ་མངོན་སུམ་གྱིས་གྲུབ་པར་འདོད་པ་དེ་ལ་མེད་པ་ཡུལ་དུ་བྱེད་པའི་ཕྱིར་མངོན་སུམ་གྱི་ཚད་མས་གྲུབ་པ་མ་ཡིན་གྱི། འོན་ཀྱང་ཤེས་པ་གཅིག་ལ་འདྲེར་རུང་བར་སྣང་བའི་དོན་དག་ལས། དེ་དངོས་པོ་གཅིག་ཉིད་གཞན་དང་འདྲེ་བ་ཅན་མ་ཡིན་
པ་ཉིད་དེ་ལས་གྲུབ་པ་ཉིད་ཡིན་ནོ། །དེ་ཡང་དངོས་པོ་གཞན་གྲུབ་པ་ཉིད་ན། མེད་པ་གྲུབ་པ་ཡིན་པའི་ཕྱིར་རོ། །དེ་ལྟར་འཇིག་རྟེན་ཕ་རོལ་ལ་སོགས་པ་ནི་མ་ཡིན་ཏེ། དེ་དང་མཚུངས་པར་རུང་བའི་གནས་སྐབས་ཅན་གྱི་དངོས་པོ་གཞན་དང་འདྲེ་བ་མེད་པ་ཅན་རྟོགས་པ་མེད་པའི་ཕྱིར་རོ། །དེ་དག་
ནི་ཤེས་པ་གཅིག་ལ་འདྲེ་བ་མི་རུང་བའི་ཕྱིར་རོ། །གཞན་གྱིས་མངོན་སུམ་ལྡོག་པ་ལས་མེད་པ་ཞེས་བྱ་བའི་ངེས་པ་ཁས་ལེན་ན། ལྡོག་པ་དེ་འཁྲུལ་པ་མེད་པ་ཅན་གང་ལས་ཡིན་ཏེ། རྟོགས་པ་པོའི་མངོན་སུམ་ལོག་པ་ལས་རྣམ་པ་གཞན་དུ་ཡང་སྣང་བའི་ཕྱིར་རོ། །ཅི་སྟེ་འདིའི་
འཁྲུལ་པ་མེད་པ་འགའ་ཞིག་གིས། སྒྲུབ་པར་བྱེད་པ་དེའི་ཚེ་རྗེས་སུ་འགྲོ་བ་དང་ལྡོག་པ་ཅན་དེ་མེད་པ་དང་ལྷན་ཅིག་ཁས་བླང་བར་བྱའོ། །གལ་ཏེ་རྗེས་སུ་འགྲོ་བ་དང་ལྡོག་པ་ཅན་ཡིན་པ་དེའི་ཚེ་དེ་ཉིད་རྗེས་འགྲོ་དང་། ལྡོག་པ་ཅན་གྱི་རྟགས་ཡིན་ནོ། །དེ་ལྟར་ན་རྗེས་སུ་དཔག་པ་ཚད་
མར་འགྱུར་ཏེ། འཁྲུལ་པ་མེད་པར་བསྟན་པའི་ཕྱིར་རོ། །ཀྱང་གི་སྒྲ་ནི་རིམ་པ་གཞན་དུ་སྦྱར་བ་ཡིན་ཏེ། འདིས་ཀྱང་གྲུབ་པ་ཡིན་ནོ། །གང་ཞེ་ན། ཚད་མ་གཉིས་སོ། །གང་ལས་ཤེ་ན། གཞན་སེམས་ཉིད་ནི་རྟོགས་པ་ལས། །ཡང་ན་ཀྱང་གི་སྒྲ་ནི་ངེས་པར་གཟུང་བ་ཡིན་ཏེ།

གྲུབ་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཚུ་རོལ་མཐོང་བ་ཅན་དག་གི་མངོན་སུམ་གཞན་དང་འབྲེལ་པ་ཅན་གྱི་བློ་ཤེས་པ་མ་ཡིན་ནོ། །དེ་བས་ན་རྣམ་པ་གཞན་དུ་རྟོགས་པ་ཡང་རྗེས་སུ་དཔག་པ་ཡིན་ནོ། །སེམས་རྟོགས་པ་ཞེས་བྱ་བ་ཡང་མེད་པ་ཉིད་མ་ཡིན་ནོ། །ཅིའི་ཕྱིར་
ཞེ་ན། སྨྲ་སྩོགས་ལ་ནི་འཇུག་ཕྱིར་དང་། །རྒྱུའི་ཕྱིར། དེ་ཡི་ངོ་བོ་ངེས་པར་འགྲུབ། །སེམས་ཀྱི་ངེས་པའོ། །གང་གི་ཕྱིར་སྐྱེས་བུ་འདི་གསོང་པོར་སྨྲ་བ་ལ་སོགས་པའི་སྨྲ་བ་ལ་འཇུག་པ་དེའི་ཕྱིར། ངེས་པར་གཞན་སེམས་དང་ལྡན་པ་ཡིན་ནོ་ཞེས་རྟོགས་སོ། །སྦྱོར་བ་ནི་གང་ཞིག་གང་ལ་
སེམས་དང་ལྡན་པ་ཐ་སྙད་དུ་འཇུག་པར་བྱ་བ་ལ་འཇུག་པར་བྱེད་པ་དེ་ནི་སེམས་དང་ལྡན་པ་ངེས་པ་ཅན་ཡིན་ཏེ། དཔེར་ན་ཚུ་རོལ་མཛེས་པ་ལ་དེ་ཉིད་བདག་ཉིད་སེམས་དང་ལྡན་པ་ལ། ཐ་སྙད་འཇུག་པར་བྱེད་པ་ལྟ་བུའོ། །ཇི་སྐད་དུ་བཤད་པའི་ཚུ་རོལ་མཛེས་པའི་བུ་སྲོག་དང་བཅས་པ་
ཡང་ཐ་སྙད་ལ་འཇུག་པར་བྱེད་དོ་ཞེས་བྱ་བ་ནི་འབྲས་བུའི་གཏན་ཚིགས་སོ། །དེ་ནི་གཞན་གྱི་སེམས་རྟོགས་པར་བྱེད་པ་སྨྲ་བ་ལ་སོགས་པའི་རྟགས་སོ། །གཞན་ཡང་ཤིང་ཤ་པ་དང་དུ་བའི་ཁྱད་པར་དང་། ཆུ་བརྟན་པ་ལ་སོགས་པ་སྟེ། །ཤིང་དང་མེ་དང་རྟེན་ལ་སོགས་པ་ནི་རྟོགས་པར་
བྱེད་པ་ཉིད་ནི་ཚད་མ་ཉིད་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མི་སླུ་ཕྱིར། བདག་ཉིད་ཇི་ལྟ་བ་བཞིན་དུ་མི་སླུ་བའི་རྒྱུའི་ཕྱིར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་ལ་ལ་དག་ཏུ་ནི། །འཁྲུལ་ཕྱིར་ཡིད་བརྟན་མེད་ཡིན་ཞེས། །གལ་ཏེ་ཡང་ཤིང་ཤ་པ་དང་དུ་བའི་ཁྱད་པར་དང་། ཆུ་བརྟན་པ་
ལ་སོགས་པ་ཤིང་དང་མེ་དང་རྟེན་ལ་སོགས་པ་ལ་ཡང་མི་སླུ་བ་དེ་ལྟར་དེའི་མཚན་ཉིད་ཅན་གཞན་ལ་འཁྲུལ་པ་མཐོང་བ་དེ་ལྟར་ན། ཐམས་ཅད་ལ་ཡང་ཡིད་བརྟན་དུ་མེད་པ་ཡིན་ཞེ་ན། རྟགས་ལ་འཁྲུལ་པ་ནི་ཡོད་པ་ཡིན་ཏེ། འོན་ཀྱང་རྟགས་ལོག་མཐོང་ཕྱིར་དེ་དེ་འདྲ། ཁྱོད་
ལ་སྣང་བར་འགྱུར་རོ། །ཤིང་ཤ་པ་ལ་སོགས་པ་ཤིང་ལ་སོགས་པ་ལ་མི་སླུ་བའི་རང་བཞིན་གང་ཡིན་པ་དེ་ཐམས་ཅད་ནི་དེའི་བདག་ཉིད་དང་དེ་ལས་བྱུང་བ་དག་གིས་འབྲེལ་པའི་ཕྱིར་རོ། །འབྲེལ་པ་དེ་ཡང་རྟགས་ཀྱི་མི་སླུ་བའི་མཚན་ཉིད་ཡིན་ཏེ། དེ་གང་ལ་ཡོད་པ་དེ་ནི་སླུ་བར་བྱེད་པ་

མ་ཡིན་ཏེ། སླུ་བར་བྱེད་པ་དག་ལ་ནི་དེའི་ངོ་བོ་ཡོད་པ་མ་ཡིན་ནོ། །རྟགས་སླུ་བ་མེད་པ་ཅན་དེ་འདྲ་བ་དེ་ནི་ཉེ་བར་མཚོན་པ་མེད་པའི་ཕྱིར་རྟགས་ཉིད་མ་ཡིན་ལ། ཅུང་ཟད་ཙམ་ཆོས་མཐུན་པ་ཉིད་ལས་རྟགས་ཉིད་དུ་ཞེན་ཅིང་དེ་ལ་འཇུག་པ་ལ་སླུ་བ་མཐོང་བའི་ཕྱིར་ཁྱེད་ཅག་ལ་རྟགས་
ཐམས་ཅད་འཁྲུལ་པ་ཡིན་ནོ་ཞེས་དེ་དེ་འདྲ་བར་སྣང་བར་འགྱུར་རོ། །དེ་ཙམ་གྱིས་ནི་རྟགས་ཡང་དག་པ་ཉིད་ཀྱང་འཁྲུལ་པ་ཡིན་པར་མི་འགྱུར་གྱི། འོན་ཀྱང་རྟོགས་པ་པོ་རྟགས་ཀྱི་རྗེས་སུ་འབྲང་མི་ནུས་པས་སྐྱོན་དེ་བྱས་པ་ཡིན་ནོ། །དེ་ལྟར་ན་དངོས་པོ་གང་ལས་དུ་བ་དང་ཤིང་
ཤ་པ་ལ་སོགས་པའི་རྟགས་ལས་ལ་ལར་མེ་དང་ཤིང་ལ་སོགས་པའི་དངོས་པོ་ལ་ནིའོ། །འགའི་ཚེ་སྐྱེས་བུ་འདི་ལ་རྟོགས་པ་འགྲུབ། མེ་ལ་སོགས་པ་དེ་ལས་དུ་བ་ལ་སོགས་པ་དེ་ནི་ངེས་པ་སྐྱེས་པ་ཡིན་གྱི། འདོད་རྒྱལ་དུ་ནི་མ་ཡིན་ནོ། །དེའི་རང་བཞིན་ཉིད་དུའང་འགྱུར། བསྒྲུབ་
པར་བྱ་བ་ཤིང་ལ་སོགས་པ་དེའི་ཤིང་ཤ་པ་ལ་སོགས་པ་རང་བཞིན་ཉིད་ཡིན་པར་ཡང་འགྱུར་རོ། །དེས་ནི་འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་ཀྱི་འབྲེལ་པའི་མཚན་ཉིད་བསྟན་ཏོ། །འབྲེལ་པ་ནི་དེ་ཡོད་ན་ཡོད་ཅིང་། དེ་མེད་ན་མེད་པ་ཡིན་ཏེ། དུ་བ་ལ་སོགས་པའི་དོན་གཞན་དང་དེ་ནི་
རང་གི་རྒྱུ་སྟེ། མེ་ལ་སོགས་པ་རང་རྒྱུ་མཚན་མེད་པར་དོན་ནི་ཡོད་མ་ཡིན། དུ་བ་ལ་སོགས་པ་ཡོད་པ་མ་ཡིན་ཏེ། རྒྱུ་མེད་པ་ཅན་དུ་ཐལ་བའི་ཕྱིར་རོ། །རང་བཞིན་དག་སྟེ་ཤིང་ལ་སོགས་པ་མེད་པར་ཤིང་ཤ་པ་ལ་སོགས་པ་ཡོད་པ་མ་ཡིན་ཏེ། དེ་མེད་ན་དེ་ཉིད་མེད་པའི་ཕྱིར་རོ། །དེ་གང་
ལས་ཤེ་ན། ཤིང་གི་བདག་ཉིད་ཀྱི་ཁྱད་པར་ཉིད་ལ་ཤིང་ཤ་པ་ལ་སོགས་པར་ཐ་སྙད་བཏགས་པའི་ཕྱིར་རོ། །རང་བཞིན་ཡོངས་སུ་སྤངས་ནས་ངོ་བོ་གཞན་དུ་མི་འགྱུར་བ་དེ་ལྟར་ན་མ་འཁྲུལ་བ་ཡིན་ནོ། །དེ་དག་ནི་འབྲས་བུ་དང་རང་བཞིན་ཉིད་དུ་གྱུར་པའི་དོན་དག་གོ། །མཐོང་བ་ནི་མི་སླུ་བར་
རོ། །ངོ་བོ་གང་ཡིན་པ་ནི་དེ་ལས་བྱུང་བའི་མཚན་ཉིད་ཅན་དང་། དེའི་བདག་ཉིད་ཀྱི་མཚན་ཉིད་ཅན་ནོ། །དེ་ཉིད་གཞན་གྱི་དེ་ལྟ་བུའི་རིགས་ཅན་གྱི་རྟགས་དག་གི་ཡང་མཚན་ཉིད་ཡིན། གལ་ཏེ་སྲིད་པར་འགྱུར་བ་དེའི་ཚེ་དེ་མི་སླུ་བའི་རང་བཞིན་ཅན་ཉིད་ཡིན་ཏེ། དེ་ལས་མི་སླུ་བར་དེ་ལྟར་

ན་ཡིད་བརྟན་དུ་མེད་པ་མ་ཡིན་ནོ། །གང་ལ་རྟགས་ཀྱི་མཚན་ཉིད་དེ་ཡོད་པ་མ་ཡིན་པ་དེ་ནི་རྟགས་འགྱུར་བ་དེ་ལྟར་ན་དེ་འཁྲུལ་པ་ལས་གནོད་པ་ཅུང་ཟད་ཀྱང་མེད་དེ། རྟགས་མ་ཡིན་པ་སྐྱོན་ཅན་ཡིན་པས་ཀྱང་རྟགས་སྐྱོན་ཅན་དུ་མི་འགྱུར་རོ། །མཐོང་བའི་ཞེས་བྱ་བ་ལ་
སོགས་པས་མི་དམིགས་པ་འཁྲུལ་པ་མ་ཡིན་པར་བསྟན་ཏོ། །རང་བཞིན་སྣང་བ་ཡིན་ན་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ཡིན་ནོ། །དེ་ནི་རང་བཞིན་མི་དམིགས་པའི་དབང་དུ་མཛད་ནས་གསུངས་པ་ཡིན་ནོ། །རང་གི་རྒྱུ་མཚན་ཁྱབ་པར་བྱེད་པའམ། རྒྱུ་སྣང་བ་ཡིན་ནོ་ཞེས་བྱ་བ་དེ་ནི་
ཁྱབ་པར་བྱེད་པ་དང་རྒྱུ་མི་དམིགས་པའི་དབང་དུ་མཛད་ནས་གསུངས་པའོ། །རང་བཞིན་རྒྱུ་མཚན་སྣང་བ་སྟེ། །སྣང་བའི་རང་བཞིན་ཅན་དེ་ཡོད་ལ། མཐོང་བ་ཡི་ནི་རྒྱུ་གཞན་དག །སྣང་བ་ལ་སོགས་པ་ཡོད་ནའོ། །དེས་ནི་ལྡོག་པ་ཙམ་རྟགས་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན།
གཞན་དམིགས་པ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །མི་སྣང་ན་ཡང་། མི་དམིགས་ནའང་སྟེ། །ཇི་སྐད་བཤད་པའི་རང་བཞིན་མི་དམིགས་པ་ལ་སོགས་པ་ཡོད་པ་ཡོད་ནའང་ཞེས་བྱ་བའི་དོན་ཏོ། །ཡོད་པ་ཡང་ཇི་ལྟར་ཡིན་ཏེ། མ་ཡིན་པ་ཉིད་དོ། །གང་གི་ཞེ་ན། དེ་ལྡན་གྱི་སྟེ། ཇི་
སྐད་དུ་བཤད་པའི་མི་དམིགས་པ་དང་ལྡན་པའོ། །རང་བཞིན་མི་དམིགས་པ་དང་ལྡན་པ་དང་། ཁྱབ་པར་བྱེད་པ་མི་དམིགས་པ་དང་ལྡན་པ་དང་། རྒྱུ་མི་དམིགས་པ་དང་ལྡན་པ་སྟེ། བུམ་པ་བདག་ཉིད་ལ་སོགས་པ་དང་། ཤིང་ཤ་པ་ལ་སོགས་པ་དང་དུ་བ་ལ་སོགས་པ་ཅི་
རིགས་པར་བྱེད་པ་ཡིན་ནོ། །དེ་དེ་ལྟར་ན་འབྲེལ་པ་ནི་རྟགས་ཀྱི་མཚན་ཉིད་ཡིན་ལ་དེ་ཡང་གཅིག་ཏུ་མ་འཁྲུལ་པ་ཅན་ཡིན་ནོ། །དེ་བས་ན་རྗེས་སུ་དཔག་པ་ཚད་མར་མི་འདོད་པ་གང་ཡིན་པ་དེས་ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་འབྲེལ་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་ཁས་
བླང་བར་བྱའོ། །དེ་ལེན་ཡང་མི་སླུ་བ་ཡང་ངེས་པར་ཁས་ལེན་པ་ཅན་ཉིད་ཡིན་ཏེ། དེ་འདྲ་བ་ལ་འཁྲུལ་པ་མེད་པའི་ཕྱིར་རོ། །ཁས་མི་ལེན་ན་ཡང་གལ་ཏེ་འགའ་ཞིག་དང་ལྷན་ཅིག་བསྟན་པར་ནུས་པ་དེའི་ཚེ་ཡང་རྗེས་སུ་དཔག་པ་མ་ཡིན་མ་སྤངས་པ་ཉིད་ཡིན་ནོ། །འདིར་གཏན་

ཚིགས་འབའ་ཞིག་གི་འབྲེལ་པ་སྟོན་ཅིང་བསྟན་ཀྱང་ཟིན་ཏོ། །དེས་ན་རྗེས་སུ་དཔག་པ་མེད་པའི་སྐབས་མེད་དོ། །ཅི་སྟེ་དེ་ལྟར་ན་ཡང་རྗེས་སུ་དཔག་པ་ཚད་མ་ཉིད་མ་ཡིན་པར་འདོད་པ་དེའི་ཚེ་སྤྱིའི་བློ་ནི་ཚད་མིན་ནའང་ལྐོག་ཏུ་གྱུར་པའི་དོན་གྱི་ཡུལ་ཅན་རྟགས་ལས་སྐྱེས་པའི་བློ་
ནིའོ། །དེ་མེད་ཐོབ་འགྱུར། དེའི་བློས་རྣམ་པར་གཞག་པར་གྱུར་པ་ཡོད་པ་ཅན་ལྐོག་ཏུ་གྱུར་པའི་དོན་དེ་མེད་པ་ཐོབ་པར་འགྱུར་རོ། །དེ་ལྟར་ན་གང་གིས་མཐོང་བ་ཉིད་འབའ་ཞིག་ཚད་མ་ཡིན་པ་དེའི་དེ་ལ་མཐོང་བ་འཇུག་པ་དེ་ཉིད་ཡོད་པ་ཡིན་ནོ། །གང་ཡང་ས་ཕྱོགས་དང་ཀུན་དགའ་
ར་བ་ལ་སོགས་པ་སྔར་མཐོང་བ་དེ་ལས་མཐོང་བ་ལོག་པ་དེ་ལྟར་ན་དེ་ཡང་དེའི་ཚེ་མེད་པར་འགྱུར་རོ། །མཐོང་བར་འགྱུར་བ་རྟོགས་པར་བྱ་བ་གང་ཡིན་པ་དེ་ཡང་ཡོད་པ་མ་ཡིན་ཏེ། སྣང་བ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་མཐོང་བ་ཉིད་འཇུག་པ་དང་ལྡོག་པ་དངོས་པོ་དག་
ལ་འཇུག་པར་བྱེད་པ་དང་ལྡོག་པར་བྱེད་པ་དེ་ལྟར་བྱེད་པ་པོར་འགྱུར་རོ། །དེས་ན་ལྐོག་ཏུ་གྱུར་པའི་དོན་མེད་པ་ཉིད་ཡིན་ནོ། །ཅི་དང་འདྲ་བར་ཞེ་ན། ཕ་རོལ་གྱི་དངོས་པོ་བཞིན་ཇི་ལྟར་འཇིག་རྟེན་ཕ་རོལ་ལ་སོགས་པ་མཐོང་བ་ཡོད་པ་མ་ཡིན་པ་དེ་ལྟར་དེ་ཡོད་པ་ཉིད་མ་ཡིན་པར་འདོད་
དོ། །དེ་ལྟར་འདིར་ཡང་ཁྱོད་ཀྱི་འདོད་པས་ལྐོག་ཏུ་གྱུར་པའི་དོན་ཐམས་ཅད་མེད་པར་ཐལ་བར་འགྱུར་ཏེ། ཚད་མ་ཉིད་མེད་པར་ཁྱད་པར་མེད་པའི་ཕྱིར་དང་། མངོན་སུམ་ལས་གཞན་པའི་ཚད་མ་ཉིད་མེད་པའི་ཕྱིར་རོ། །ཡོད་པ་ཡིན་ན་ཡང་འཇིག་རྟེན་ཕ་རོལ་ལ་སོགས་པ་ཡང་མེད་
པར་ངེས་པ་མ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་དབང་པོ་རྣམས། དུས་གཞན་དུ་ནི་རྟོགས་འགྱུར་ན། དབང་པོ་རྣམས་ཀྱི་དམིགས་པ་ཁོ་ན་ཡོད་དོ་ཞེས་ནི་མི་སྨྲའོ། །འོ་ན་ཅི་ཡིན་ཞེ་ན། དེ་དག་གིས་མཐོང་བར་གྱུར་པ་དང་མཐོང་བར་འགྱུར་བ་
རྣམ་པ་འགའ་ཞིག་གིས། འཛིན་པར་འགྱུར་བ་གང་ཡིན་པ་དེ་ཡིན་ན། དེ་ལྟར་དེ་ཡོད་པ་མ་ཡིན་པ་གང་ཡིན་པ་དེ་ཉིད་ཡིན་ནོ། །གལ་ཏེ་དེ་ལྟར་ཡིན་པ་དེའི་ཚེ་མཐོང་བ་ལོག་པ་ན་ཕ་རོལ་གྱི་དངོས་པོ་ལ་ཡང་རྣམ་གྲངས་ཀྱིས་མཐོང་བར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་གང་ལས་ཡིན།

རྣམ་གྲངས་ཀྱིས་ཀྱང་དབང་པོ་རྣམས་ཀྱིས་འདི་བཟུང་བ་མ་ཡིན་ནོ་ཞེས་བྱ་འདི་ལ་ངེས་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་རྣམ་གྲངས་ཀྱིས་ཀྱང་དབང་པོ་ལས་འདས་པ་བཟུང་བ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་གཟུང་བར་བྱ་བ་ལ་དབང་པོ་ལས་འདས་པ་ཉིད་མེད་པའི་ཕྱིར་རོ། །རྟོགས་
པ་པོའི་མིག་ལ་སོགས་པའི་དབང་པོ་རྣམས་དང་། གནས་སྐབས་ཀྱི་ཁྱད་པར་ལ་ལྟོས་ན་དོན་ལ་དབང་པོ་ལས་འདས་པ་ཉིད་དུ་བརྗོད་དོ། །དེ་གཟུགས་ལ་སོགས་པའི་ཁྱད་པར་གཞན་ལ་ཡང་ཡོད་དོ། །དེ་ཡང་དུས་གཞན་དུ་གཟུང་བར་བྱ་བ་ཉིད་ཡིན་ནོ། །དེ་དང་འདྲ་བར་གནས་སྐབས་
གཞན་ཐོབ་པ་དག་གིས་ཀྱང་མངོན་པར་འདུས་བྱས་པ་ལ་སོགས་པ་དང་ལྡན་པའི་ཕྱིར། འཇིག་རྟེན་ཕ་རོལ་ལ་སོགས་པ་ཡང་འགྱུར་བ་དེ་ལྟར་ན་འགའ་ཞིག་ཀྱང་དུས་གཞན་དུ་མི་འཛིན་པའི་ངེས་པ་མེད་པ་ཡིན་ནོ། །དེ་ལྟར་ན་ཡང་དེ་མིན་ཏེ། །དབང་པོ་རྣམས་ཀྱིས་དུས་གཞན་དུ་
རྟོགས་པ་མ་ཡིན་པ་གང་ཡིན་པ་དེ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དབང་པོ་ཡི་ནི་ནུས་སྩོགས་ལ། དབང་པོའི་བློ་ནི་མེད་ཕྱིར་རོ། །མིག་ལ་སོགས་པའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྐྱེད་པའི་ནུས་པ་འགའ་ཞིག་གི་ཚེ་ཡང་དུས་གཞན་
དུ་དབང་པོས་རྟོགས་པར་བྱ་བ་མ་ཡིན་ནོ། །སྩོགས་པ་སྨོས་པས་ནི་ཟས་ལ་སོགས་པ་ནི་བྲུ་བ་བཟློག་པ་ལ་སོགས་པའི་ནུས་པ་བཟུང་ངོ་། །དེ་ལྟར་ན་འདི་མེད་པ་ཐོབ་པ་ཡིན་ན་ནུས་པ་ཡང་ཡོད་པ་དེའི་ཕྱིར་དབང་པོ་རྣམས་ཀྱིས་དུས་གཞན་དུ་གཟུང་བ་མ་ཡིན་པ་གང་ཡིན་པ་དེ་ཡོད་པ་མ་ཡིན་
ནོ་ཞེས་བྱ་བ་ནི་རིགས་པ་མ་ཡིན་ནོ། །ཅི་སྟེ་ཡང་དབང་པོའི་ནུས་པ་ལ་སོགས་པ་དེ་ཡང་ཡོད་པ་ཉིད་མ་ཡིན་པ་དེ་ལྟར་ན། དེ་མེད་པ་རྟོགས་པ་ཉིད་དུ་འདོད་པ་དེའི་ཚེ་མེད་པ་རྟོགས་པ་ཡིན་ན་ནི། བློ་སྐྱེ་རྒྱུ་མཚན་ཅན་མེད་འགྱུར། །མིག་ལ་སོགས་པའི་བློའི་སྐྱེ་བ་ནི་རྒྱུའི་ཚོགས་པ་
ལ་རག་ལུས་པ་མེད་པར་སྐྱེ་བའི་ཕྱིར་གློ་བུར་བ་ཡིན་པར་འགྱུར་རོ། །དེ་བས་ན་བློ་ནི་གཞན་ལ་ལྟོས་པ་མེད་པའི་ཕྱིར་རྟག་ཏུ་ཡོད་པའམ་མེད་པ་ཉིད་དུ་འགྱུར་ན་དེ་ལྟར་ནི་མ་ཡིན་ནོ། །དེ་བས་ན་དེ་ལས་གཞན་པའི་རྒྱུ་གཞན་ཡོད་ཀྱང་འབྲས་བུ་རྣམ་པར་ཤེས་པ་མི་སྐྱེ་བས་མིག་ལ་

སོགས་པའི་ནུས་པ་མཐོང་བ་ཡིན་ནོ་ཞེས་རྣམ་པར་གཞག་པ་ལ་བསྙོན་པར་ནུས་པ་མ་ཡིན་ནོ། །དབང་པོ་ལ་སོགས་པའི་ནུས་པ་དབང་པོ་ལས་འདས་པ་དེ་ཉིད་རང་གི་ངོ་བོའི་སྒོ་ནས་རྟོགས་པ་མེད་པའི་ཕྱིར་ཁྱད་པར་དུ་རྟོགས་པ་མ་ཡིན་གྱི་སྤྱིའི་སྒོ་ནས་རྟོགས་པར་འགྱུར་རོ། །དེའི་ཚེ་ལྐོག་
ཏུ་གྱུར་པའི་དོན་དེ་ལ་སྤྱི་འཛིན་མིན་ནོ། །རྣམ་རྟོག་མེད་པར་ཞེས་བྱ་བའི་དབང་པོའི་ནུས་པ་ལ་སོགས་པ་སྒྲུབ་པར་བྱེད་པའི་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ནི་མངོན་སུམ་གྱི་ཚད་མར་འགྱུར་བར་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་རང་གི་མཚན་ཉིད་ལ་མངོན་སུམ་འཇུག་
པར་འགྱུར་གྱི་ལྐོག་ཏུ་གྱུར་པ་ལ་མ་ཡིན་ནོ། །ཇི་ལྟར་ཞེ་ན། རྣམ་པར་རྟོག་པ་མེད་ཉིད་ཀྱིས། །རྣམ་པར་རྟོག་པ་ཉིད་མ་ཡིན་པའི་རྒྱུ་ཉིད་ཀྱིས་ཏེ། འོག་ནས་སྐབས་སུ་བབ་པ་སྟོན་པར་འགྱུར་རོ། །སྤྱིའི་ཤེས་པ་ནི་རྣམ་པར་རྟོག་པ་ཉིད་ཡིན་ནོ། །རྣམ་པར་རྟོག་པ་ཉིད་ཡིན་པའི་རྒྱུ་དེའི་
ཕྱིར་རྗེས་དཔག་ཡིན་གྱི། དེ་མངོན་སུམ་གྱི་ཚད་མ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞལ་བྱ་ངེས་ན་ཁ་དོག་གི། །མི་རྟག་པ་ནི་རྟོགས་མི་འགྱུར། །རང་དང་སྤྱིའི་མཚན་ཉིད་དག་ལས་གཞལ་བྱ་གཞན་ཡོད་པ་མ་ཡིན་ནོ་ཞེས་ངེས་པ་ཁས་ལེན་ན་ནི། སྔོན་པོ་ལ་སོགས་པའི་ཁ་དོག་
ལ་སོགས་པའི་སྐད་ཅིག་མ་ཐ་མ་འཇིག་པ་མཐོང་བ་དག་གིས་ཁ་དོག་མི་རྟག་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་རྟོགས་པར་མི་འགྱུར་རོ། །སྩོགས་པ་སྨོས་པས་ནི་སྒྲ་ལ་སོགས་པ་བཟུང་ངོ་། །དེ་ལྟར་ན་སྒྲ་ལ་སོགས་པ་ནི་རང་གི་མཚན་ཉིད་ཡིན་ལ། མི་རྟག་པ་ལ་སོགས་པ་ནི་སྤྱི་
ཡིན་ཏེ། སྤྱི་དང་ཁྱད་པར་འདི་དག་ཀྱང་འདྲེས་པར་འཛིན་པའི་ཕྱིར་རོ། །སྤྱི་དེ་ཉིད་དམ་རང་གི་མཚན་ཉིད་མ་ཡིན་ནོ། །དེ་བས་ན་སྤྱི་དང་ཁྱད་པར་གྱི་གཞལ་བྱ་གཞན་དེ་གཞལ་བྱར་ཡང་མི་འགྱུར་ན། གཞལ་བྱ་ཡིན་པ་དེ་བས་ན། །དེ་བློ་སྒྲ་འདི་མི་རྟོག་གོ། །ཞེས་བྱ་བའི་སྤྱི་དང་ཁྱད་
པར་གྱི་ངོ་བོ་འཛིན་པའི་བློ་མངོན་སུམ་དང་རྗེས་སུ་དཔག་པ་དག་ལས་ཚད་མ་གཞན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རེ་ཞིག་དེ་མངོན་སུམ་གྱི་ཚད་མ་ཉིད་མ་ཡིན་ཏེ། སྤྱི་ཡང་འཛིན་པའི་ཕྱིར་རོ། །རྗེས་སུ་དཔག་པ་ཡང་མ་ཡིན་ཏེ། རྟགས་མེད་པར་ཡང་དེ་ལྟར་རྟོགས་པ་ཡོད་ཕྱིར་

ཏེ་ཁྱད་པར་འཛིན་པའི་ཕྱིར་རོ། །ཤེས་པ་ཁྱད་པར་དག་ནི་མཐོང་བ་གང་དེ་ཡང་ཚད་མ་གཞན་ཡིན་ནོ། །འདི་ལྟར་མངོན་སུམ་གྱི་དུས་གཅིག་གི་ཚེ་མེ་ལ་སོགས་པ་བཅད་པ་ཉིད་ཀྱང་གང་གི་ཚེ་དུས་གཞན་དུ་དུ་བ་ལ་སོགས་པ་དེ་ཉིད་ཀྱིས་མེ་དེ་ཉིད་འདི་ཡིན་ནོ་ཞེས་ཡོངས་སུ་གཅོད་
པར་བྱེད་པ་དེའི་ཚེ། ཁྱད་པར་མཐོང་བའི་རྗེས་སུ་དཔག་པ་དེ་ལ་མེར་འཛིན་པ་གང་ཡིན་པ་དེ་ནི་སྤྱི་ཉིད་མཐོང་བའི་རྗེས་སུ་དཔག་པའི་ཚད་མ་ལས་གཞན་ཡིན་ནོ། །འདིར་རྗེས་སུ་དཔག་པར་འདོད་པའི་མཚན་ཉིད་དེ་ཉིད་ཁྱད་པར་མཐོང་བ་དེ་ལ་མེད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྟགས་
ཀྱི་འབྲེལ་པ་མ་གྲུབ་ཕྱིར། ཁྱད་པར་རྟགས་ཀྱི་འབྲེལ་པ་མི་རུང་བའི་ཕྱིར་རོ། །རྣམ་པ་དེ་དག་གིས་ཚད་མ་མང་པོ་ཉིད་དང་དེ་སྲིད་པ་ཉིད་དུ་འགྱུར་ཏེ། གཞལ་བྱ་མང་བ་ཉིད་ཀྱི་ཕྱིར་རམ། ཡུལ་གཅིག་ཉིད་ལ་ཤེས་པ་དུ་མ་འཇུག་པའི་ཕྱིར་རོ། །དེ་ད་ལྟར་ན་གཉི་ག་ཡང་སྟོན་པར་བྱེད་
དེ། ཁ་དོག་གི་མི་རྟག་པ་རྟོགས་པའི་ཕྱིར་དང་ཁྱད་པར་གྱི་དོན་གྱི་ཡུལ་ཡོད་པས་གཞལ་བྱ་མང་ཕྱིར་ཏེ། རྒྱུའི་ཕྱིར་མང་པོ་ཉིད་ཡིན་ནོ། །གང་དག་ཅེ་ན། ཚད་མ་ཡང་ངོ་། །ཡུལ་གཅིག་ལ་ཡང་ཚད་མ་དུ་མ་ཉིད་ནི་འཇུག་ཕྱིར་ཚད་མ་མང་པོ་ཉིད་ཡིན་ནོ། །ཇི་ལྟར་ཞེ་ན་དཔེར་ན་
ཁྱད་པར་མཐོང་བའི་ཚད་མས་ཁྱད་པར་འཛིན་པ་ལྟ་བུའོ། །དེ་ནི་འོ་ན་ཞེས་བྱ་བ་ལ་སོགས་པའི་གཞུང་འདིས། གཅིག་གསུམ་གྲངས་སེལ་ཀྱང་མི་འགྱུར། །ཀྱང་གི་སྒྲ་ནི་རིམ་པ་གཞན་དུ་སྦྱར་བ་ཡིན་ཏེ། གསུམ་དང་གཅིག་གི་གྲངས་ནི་སེལ་བའམ། གཞལ་བྱ་གཉིས་ནི་མཐོང་
བའི་ཕྱིར་རོ་ཞེས་བཤད་པ་གང་ཡིན་པ་དེ་ཡོད་པ་མ་ཡིན་ནོ་ཞེས་བསྟན་ཏོ། །རེ་ཞིག་གཅིག་གི་གྲངས་བསལ་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡུལ་ལ་ངེས་པ་མེད་ཕྱིར། གང་གི་ཚེ་སྤྱིའི་ཡུལ་ཅན་རྗེས་སུ་དཔག་པ་ཁོ་ན་མ་ཡིན་གྱི། འོན་ཀྱང་ཡུལ་གཅིག་ལ་ཡང་ཚད་མ་
གཞན་འཇུག་པར་བྱེད་པ་དེའི་ཚེ་མངོན་སུམ་གྱི་འཇུག་པ་ཡང་སྤྱི་དང་རྗེས་སུ་འབྲེལ་པའི་ཕྱིར། མངོན་སུམ་མ་ཡིན་པའི་ཡུལ་རྟོགས་པའི་དོན་དུ་རྗེས་སུ་དཔག་པ་རྟོགས་པ་མ་ཡིན་པ་དེ་ལྟར་ན་ཚད་མ་གཅིག་ཉིད་དུ་འགྱུར་རོ། །གསུམ་ལ་སོགས་པའི་གྲངས་བསལ་བ་ཡང་

མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གཞལ་བྱ་གཞན་ནི་ཡོད་ཕྱིར་རོ། །གཞལ་བྱ་གཉིས་ཉིད་ཀྱིས་ཚད་མ་གཉིས་འདོད་ན། གང་གི་ཚེ་སྤྱི་དང་ཁྱད་པར་གྱི་མཚན་ཉིད་ཅན་གྱི་གཞལ་བྱ་གཞན་ཡོད་པ་དེའི་ཚེ་ཚད་མ་གཞན་ཡོད་པར་འགྱུར་བ་དེ་ལྟར་ན་ཚད་མ་གཉིས་ཁོ་ན་མ་ཡིན་ནོ། །ཁ་དོག་གི་མི་
རྟག་པ་ཉིད་རྟོགས་པའི་སྤྱི་དང་ཁྱད་པར་གྱི་མཚན་ཉིད་ཅན་གྱི་ཡུལ་གཞལ་བྱ་གཞན་འགོད་པའི་སྐབས་ཉིད་ཡོད་པ་མ་ཡིན་ཏེ། དོན་བྱེད་ནུས་དང་མི་ནུས་ཕྱིར། །ཞེས་བྱ་བ་ལ་སོགས་པས་གཞལ་བྱ་གཞན་མེད་པར་བསྟན་ཟིན་པའི་ཕྱིར་རོ། །དེའི་སྒོ་ནས་གང་གིས་ན་ཚད་མ་མང་པོ་
ཉིད་ཀྱི་སྐབས་ཡོད་པ་ཡིན། དེ་ལྟར་ན་ཡང་བརྗོད་པར་བྱ་སྟེ། སྐྱོན་འདིར་ཐལ་བར་མི་འགྱུར་ཏེ། དཔེར་ན་སྒྲ་མི་རྟག་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་སྤྱི་དང་ཁྱད་པར་རྟོགས་པར་བྱེད་པའི་ཚད་མ་གཞན་དུ་འགྱུར་བའོ། །ཅིའི་ཕྱིར་ཞེ་ན། ཁ་དོག་སྤྱི་ལ་སྦྱོར་ཕྱིར་རོ། །རྣམ་པར་
རྟོག་པའི་རྣམ་པར་ཤེས་པ་དེ་ཁ་དོག་གི་སྤྱི་མི་རྟག་པ་ཉིད་དང་སྦྱོར་བ་ཡིན་གྱི། ཁྱད་པར་ནི་མ་ཡིན་ཏེ། དེས་དེ་མི་འཛིན་པའི་ཕྱིར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་སྤྱི་མི་རྟག་པ་ཉིད་དང་སྦྱོར་བ་དེའི་ཚེ་སྤྱི་དངོས་པོ་མེད་པའི་དེའི་ཚེ་མི་རྟག་པ་ལ་སོགས་པ་དེ་དག་གིས་འཐོབ་
པར་འགྱུར་གྱི། རང་གི་མཚན་ཉིད་ཀྱི་ནི་མ་ཡིན་ཏེ། དེ་ལ་མི་འཇུག་པའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་གང་ལ་མི་འཇུག་པ་དེ་ནི་དངོས་པོ་དེའི་ཆོས་སུ་འགྱུར་བ་མ་ཡིན་ཏེ། དཔེར་ན་སྐྱེ་བ་མེད་པ་ལ་སོགས་པ་ལྟ་བུའོ། །མི་རྟག་པ་ཉིད་ལ་སོགས་པ་དངོས་མེད་ངོ་བོ་མིན། འོན་ཀྱང་
དངོས་པོ་ཉིད་ཀྱི་རང་བཞིན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ཉིད་ཀྱི་སྟེ་དངོས་པོའོ། །དེ་ལྟར་མི་རྟག་པ་ལ་སོགས་པའི་རྣམ་པར་གྲུབ་པ་དག་གིས་བསྒྲུབས་ཕྱིར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་གཞན་ལ་གཞན་གྲུབ་མིན། །སྤྱི་ལ་མི་རྟག་པ་ལ་སོགས་པ་སྒྲུབ་པ་ཡིན་གྱི་རང་
གི་མཚན་ཉིད་ལ་མ་ཡིན་ན། དེ་ཇི་ལྟར་ན་མི་རྟག་པ་ལ་སོགས་པའི་རྣམ་པ་དང་། འབྲེལ་པ་ཅན་གྱི་སྤྱི་སྒྲུབ་པ་ཡིན་ན་དངོས་པོ་རྣམ་པར་རྟོག་པའི་ཡུལ་ལས་འདས་པ་ལ་མི་རྟག་པའི་རྣམ་པར་རྟོག་པར་འགྱུར་ཞེ་ན། སྐྱོན་དེ་མིན་ཏེ་དེ་ཉིད་གྲུབ་ཕྱིར་རོ། །གལ་ཏེ་ཡང་རྣམ་པར་རྟོག་པ་ལ་

སྣང་བའི་སྤྱི་དེ་ཉིད་དེ་ལྟ་བུའི། དངོས་པོར་ཞེན་པའི་སྒོ་ནས་འཛིན་པ་དེ་ལྟར་ན་ཡང་། དངོས་པོ་རང་གི་མཚན་ཉིད་དེ་སྐད་ཅིག་མ་ལ་སོགས་པའི་རྣམ་པར་ཡོད་པ་ཉིད་དུ་འཇོག་པ་དེ་ལ་སྣང་བར་འགྱུར་རོ། །རྣམ་པར་རྟོག་པ་དེ་དག་ལ་ཡང་འཇུག་པ་ན་ཡང་རྣམ་པར་
རྟོག་པ་མི་སླུ་བ་ཉིད་ཡིན་ནོ། །དེ་བས་ན་རང་ཉིད་བསླད་པ་ཡིན་ན་ཡང་དངོས་པོ་རྣམ་པ་དེ་ལྟ་བུ་དང་འབྲེལ་པ་སྐྱེ་བ་ཅན་ཉིད་ཡིན་པས་ན་དངོས་པོ་དེ་ལྟ་བུའི་རྣམ་པ་སྒྲུབ་པར་བྱེད་པ་ལ་དེ་ཚད་མ་ཡིན་ཏེ། ཚད་མ་ནི་དེ་ཙམ་གྱི་དགོས་པ་ཅན་ཉིད་ཡིན་པའི་ཕྱིར་དེ་ལྟར་འགལ་བ་མེད་དོ། །བརྒྱུད་
པས་དོན་གྱི་སྒོ་ནས་འོངས་པའི་རྣམ་པར་རྟོག་པ་ཐམས་ཅད་ནི་མཐོང་བ་དང་འདྲ་བར་རང་གི་མཚན་ཉིད་སྣང་བ་མེད་པ་ཅན་གྱི་འཁྲུལ་པ་དག་དེའི་རྣམ་པར་ཞེན་པ་ཡིན་ན་ཡང་། རྣམ་པར་རྟོག་པ་གང་ལ་རྒྱུ་བརྒྱུད་པ་གཞན་ཉེ་བ་ཡོད་པ་དེ་ནི་ཇི་ལྟར་ཞེན་པའི་རྣམ་པ་དང་ལྡན་པའི་
དངོས་པོ་ལ་དེར་ཞེན་པའི་སྒོ་ནས་འཇུག་པར་བྱེད་པ་དེ་ལྟར་ན། མི་སླུ་བ་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །དངོས་དང་ཡང་དག་ཇི་བཞིན་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་མེ་ནི་དུ་བ་ལ་སོགས་པ། སྐྱེད་པའི་ནུས་པ་དང་ལྡན་པ་ལྟ་བུའམ།
དཔེར་ན་སྒྲ་མི་རྟག་པ་ལ་སོགས་པའི་རྣམ་པ་དང་ལྡན་པ་ལྟ་བུའོ། །དེ་ནི་རྒྱུ་དང་རྣམ་པར་ངེས་པའི་རང་བཞིན་མེ་ལ་སོགས་པའོ། །དེ་འདྲ་བ་ཡི་རྟགས་སེམས་ཀྱི། །རྒྱུ་ཡིན་རྣམ་པ་དང་ལྡན་པ་གང་ཡིན་པ་དེ་རྒྱུ་དང་རང་བཞིན་གྱི་རྣམ་པ་དེ་ཉིད་ལ་དེའི་འབྲས་བུར་གྱུར་པ་དུ་བ་
ལ་སོགས་པའི་དངོས་པོའམ་དེའི་རང་བཞིན་དུ་གྱུར་པ་མཚོན་པར་བྱེད་པ་ནི་དེ་དེ་འདྲ་བའི་རྟགས་ཡིན་ནོ། །དེའི་ཡུལ་ཅན་གྱི་སེམས་གང་ཡིན་པ་དེ་ནི་ཤེས་པ་གང་ཡིན་པའོ། །དུ་བ་ལ་སོགས་པ་དེའི་འབྲས་བུའམ་དེའི་རང་བཞིན་སྤྱི་ལ་སོགས་པ་ཙམ་དུ་ཡོད་པ་ཉིད་ལ་སོགས་པ་
དང་། ཁྱད་པར་གཞན་དུ་སྒྲོ་བཏགས་པ་སྟེ། སྐྱེ་བ་དང་ལྡན་པ་ཉིད་དང་བྱས་པ་ཉིད་ལ་སོགས་པ་རྟོགས་པར་བྱེད་པ་ཉིད་ཡིན་ནོ། །དེའི་དངོས་པོ་མེད་པར་མི་འབྱུང་བ་དེའི་འབྲས་བུ་དང་རང་བཞིན་གྱི་རྣམ་པའི་ཡུལ་ཅན་ཡང་དེ་འདྲ་བའི་སེམས་ཀྱི་རྟགས་ཡིན་ཏེ། དེའི་རྒྱུ་དོན་དམ་

པར་དངོས་པོ་དེ་ཡིན་པའི་ཕྱིར་རོ། །དེ་ལས་བྱུང་བ་ནི་རྟགས་ཤེས་པ་དེ་ལས་སྐྱེས་པ་གང་ཡིན་པ་དེ་ནི་དེ་ལས་བྱུང་བའོ། །གང་ཞེ་ན། རྟགས་ཅན་བློའོ། །གང་ལ་ཞེ་ན། དེ་ལྟ་ལའོ། །འབྲས་བུའི་རྟགས་སྐྱེས་པ་མེ་ལ་སོགས་པ་ལའམ། བྱས་པ་ཉིད་ལ་སོགས་པའི་རང་བཞིན་དུ་
གྱུར་པ་མི་རྟག་པ་ལ་སོགས་པ་ལ་འགྱུར་གྱི། རྣམ་པ་གཞན་དུ་གྱུར་པ་ལ་ནི་མ་ཡིན་ནོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་ཉི་ཤུ་ལྔ་པ། དེ་ལྟར་ན་གང་གི་ཕྱིར་རྒྱུ་བརྒྱུད་པ་འདིས་བསྐྱེད་པ་གང་ཡིན་པ་དེས་རྣམ་པ་ཇི་ལྟ་བུར་གྱུར་པའི་དོན་དེ་ལ་རྣམ་པ་དེ་ལྟ་
བུར་ཞེན་པ། དེ་ཕྱིར་དངོས། གཞལ་བྱར་འདོད་པ་དོན་གྱི་བྱ་བ་ཉིད་ཡོད་ན། རྟགས་ཅན་བློ་དེ་ལྟར་འགྱུར་བའི་ཕྱིར་མི་སླུ་བ་ཉིད་ཡིན་ནོ། །དེ་བས་ན་གལ་ཏེ་ཡང་རྣམ་པར་རྟོག་པ་ཐམས་ཅད་རང་གི་མཚན་ཉིད་ལས་བརྒྱུད་པས་སྐྱེ་བ་འདྲ་བ་ཡིན་པ་དེ་ལྟར་ན་ཡང་ཐམས་ཅད་ཀྱི་དངོས་པོའི་རྣམ་
པ་ཇི་ལྟ་བ་བཞིན་དུ་ཞེན་པ་ནི་འདྲ་བ་མ་ཡིན་ཏེ། འོན་ཀྱང་འགའ་ཞིག་ཁོ་ན་ཡིན་ནོ། །དེའི་ཕྱིར་ཇི་སྐད་དུ་བཤད་པའི་རྒྱུའི་བརྒྱུད་པས་སྐྱེ་བའི་དུས་ན་ཡོད་པ་མ་ཡིན་པ་འཁྲུལ་པའི་རྐྱེན་ཇི་ལྟ་བ་བཞིན་དུ་དངོས་པོ་ལ་མེད་པའི་རྣམ་པ་སྒྲོ་འདོགས་པ་ཡིན་པ་དེ་ལྟར་ན་དེ་ཉིད་ལོག་པའི་ཤེས་
པ་ཡིན་ནོ། །གལ་ཏེ་ཡང་ཇི་སྐད་དུ་བཤད་པའི་རྒྱུའི་བརྒྱུད་པའི་ཁྱད་པར་ལས་སྐྱེ་བ་དེ་ནི་དངོས་པོ་ཇི་ལྟ་བ་བཞིན་དུ་གནས་པའི་གོ་བར་བྱེད་པའི་རྟགས་ཤེས་པ་ལ་བརྟེན་ནས་དངོས་པོ་ལ་ཡོད་པའི་རྣམ་པ་ཉིད་དུ་ངེས་པར་བྱེད་པ་ཡིན་ཏེ། དངོས་པོ་ཕྱིན་ཅི་མ་ལོག་པའི་རྣམ་པ་སྟོན་པར་བྱེད་
དོ། །དེའི་རྣམ་པ་གྲུབ་པས་དངོས་པོའི་རྣམ་པ་གྲུབ་པ་ཡིན་ནོ་ཞེས་རྟོགས་པར་འགྱུར་ཏེ། ཚོགས་པའི་ཁྱད་པར་ལས་སྐྱེ་བ་ཅན་བཞིན་གྱི་གཟུགས་བརྙན་གྱི་ཤེས་པའི་ཡུལ་ལ། མཚན་མ་ལ་སོགས་པ་གྲུབ་པས་བཞིན་གྱི་མཚན་མ་ལ་སོགས་པ་གྲུབ་པ་ཡིན་ནོ། །དེ་ནི་དོན་ལ་
ཡོད་པའི་རྣམ་པར་ཞེན་པའི་ཤེས་པ་ཡིན་ཏེ། དེ་ལ་འཇུག་པ་ནི་དེ་ལྟ་བུར་གྱུར་པའི་དོན་དང་ཕྲད་པའི་ཕྱིར་རོ། །གང་གི་ཚེ་སྐྱེས་བུ་མི་འཇུག་པ་ན་ཡང་འགའ་ཞིག་ལས་ཕྲད་པ་མེད་པ་དེའི་ཚེ་ཡང་ཇི་ལྟ་བུར་འགྱུར་བའི་རྒྱུའི་ཚོགས་པ་དང་འབྲེལ་བའི་རྣམ་པར་རྟོག་པ་དེ་ལ།

རྣམ་པ་གཞན་དུ་ཞེན་པ་མེད་པའི་ཕྱིར་དེ་ནི་ཚད་མ་ཉིད་ཡིན་ནོ། །དེ་ལྟར་ན་ཡང་གལ་ཏེ་ཡང་ཇི་ལྟར་རྣམ་པ་སྲིད་པ་བཞིན་དུ་དཔག་པར་བྱ་བའི་དོན་ངེས་པར་བྱེད་པ་ནི་རྣམ་པར་རྟོག་པའི་རྗེས་སུ་དཔག་པ་ཡིན་པ་དེ་ལྟར་ན་ཡང་དེས་རྒྱུ་རྣམ་པ་གཉིས་ཀྱིས་རང་གི་མཚན་
ཉིད་ཀྱི་རང་གི་ངོ་བོ་འཛིན་པ་ཉིད་མ་ཡིན་ཏེ། མཐོང་བ་བཞིན་དུ་མི་སྣང་བའི་ཕྱིར་དང་། དངོས་སུ་མ་སྐྱེས་པའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་མཐོང་བ་བཞིན་དུ་དངོས་པོའི་ངོ་བོ་གསལ་བར་སྣང་བར་འགྱུར་ཏེ། དངོས་པོ་ལ་ཕན་ཚུན་མཚན་ཉིད་མི་འདྲ་བའི་རྣམ་པ་ཡོད་པ་མ་ཡིན་ན། གང་
གིས་མི་གསལ་བར་འཛིན་གྱི་ཅིག་ཤོས་ཀྱི་མ་ཡིན་གཏན་ཚིགས་ཀྱིས་བརྒྱུད་པ་འདི་ཙམ་ལ་ལྟོས་ནས་སྐྱེས་པ་ཡང་མ་ཡིན་ཏེ། མཐོང་བ་བཞིན་དུ་དེའི་རང་གི་ངོ་བོ་འཛིན་པ་ཉིད་ཀྱིས་དེ་ལས་སྐྱེ་བའི་ཆོས་ཅན་ནི་བརྒྱུད་པ་ལས་སྡོད་པ་མི་རུང་བའི་ཕྱིར་རོ། །དངོས་པོ་བརྒྱུད་པར་སྡོད་
པ་དང་ལྡན་པ་ཡིན་ན་དངོས་པོས་འཇིག་པ་སྲིད་པའི་ཕྱིར་རོ། །འདས་པ་དེ་ལ་ཡང་དོན་དམ་པར་དེའི་ངོ་བོར་གཟུང་དུ་མེད་པའི་ཕྱིར་རོ། །དེའི་འཁྲུལ་པ་ཡང་ཉམས་སུ་མྱོང་བའི་བག་ཆགས་སད་པ་ཡིན་གྱི། རྟགས་ཀྱིས་བྱས་པ་ནི་མ་ཡིན་ནོ། །དེའི་ཕྱིར། དེ་ལྟར་རྟགས་དང་
རྟགས་ཅན་བློ། །བསྟན་མ་ཐག་རྒྱུ་དེ་ལྟར་ན་རྟགས་དང་རྟགས་ཅན་གྱི་བློ་གང་ཡིན་པ་དེ་དག་ནི་རྟགས་དང་རྟགས་ཅན་གྱི་བློ་དག་གོ། །དངོས་པོ་ལ་སྟེ་གཞལ་བྱ་ལའོ། །འབྲེལ་ཕྱིར་ཏེ། རྒྱུའི་ཕྱིར་དེར་སྣང་བ་ཡིས་ནི་སྟོང་པའང་། རྟགས་དང་རྟགས་ཅན་དེ་དག་ཏུ་རང་གི་མཚན་
ཉིད་སྣང་བ་ནི་དེ་སྣང་བ་སྟེ། དེས་སྟོང་པ་ཡིན་ཡང་ངོ་ཞེས་བྱ་བའི་དོན་ཏོ། །དེ་འདྲ་བ་ཡིན་ན་ཡང་རྟགས་ཅན་གྱི་མི་རྟག་པ་ཉིད་ངེས་པའི་ཕྱིར་སླུ་བྱེད་མ་ཡིན་ནོ། །ཇི་ལྟར་འདོད་པའི་དོན་ལ་སླུ་བ་ཉིད་མ་ཡིན་ནོ། །གལ་ཏེ་རྟགས་ལས་སྐྱེས་པའི་བློ་ཚད་མ་ཡིན་པ་དེ་བས་ན་དེ་ནི་མངོན་
སུམ་དང་འདྲ་བར་འཁྲུལ་པར་གཞག་པ་མི་རུང་ངོ་ཞེ་ན། དེ་དངོས་སླུ་བྱེད་ཉིད་མིན་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་རྗེས་སུ་དཔག་པའི་དོན་དང་ཕྲད་པ་ཉིད་ཡིན་ན་ཡང་། འཁྲུལ་པ་རྣམ་གཞག་བྱས་པ་ཡིན། །རྟགས་དང་རྟགས་ཅན་གྱི་བློ་དེ་དག་གོ། །ཅིའི་

ཕྱིར་ཞེ་ན། དེ་ཡི་ངོ་བོས་སྟོང་པ་ཡང་། །དེ་ཡི་ངོ་བོར་ཞེན་ཕྱིར་རོ། །རྟགས་དང་རྟགས་ཅན་གྱི་རང་གི་ངོ་བོ་གཟུང་བ་མེད་ན་ཡང་རྟགས་དང་རྟགས་ཅན་གྱི་དོན་དུ་ཞེན་པའི་ཕྱིར། དེའི་དངོས་པོ་མ་ཡིན་པ་དེ་ལ་དེ་ལྟར་ཞེན་པ་ནི་འཁྲུལ་པའི་རྒྱུ་མཚན་དུ་རྣམ་པར་གཞག་པ་ཡིན་ནོ་ཞེས་སྟོན་པར་
བྱེད་དོ། །དེ་དེ་ལྟར་ན་འཁྲུལ་པ་ཡིན་ཡང་དོན་ལ་མི་སླུ་བའི་ཕྱིར་ཚད་མ་ཡིན་ན་ཡང་ལོག་པར་ཞེན་པའི་ཕྱིར་འཁྲུལ་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་དངོས་པོ་དང་དེ་འབྲེལ་བའི་ཕྱིར་རྟགས་གོ་བར་བྱེད་པ་ཡིན་པ་དེའི་ཕྱིར་དངོས་པོ་རྟོགས་བྱ་ཡིན་ཏེ་གོ་བར་བྱ་བ་ཡིན་ནོ། །ཁྱབ་བྱེད་
ནི་བསྒྲུབ་པར་བྱ་བའི་ཆོས་ཞེས་བྱ་བའི་དོན་ཏོ། །རྒྱུ་མཚན་ནི་རྒྱུ་ཉིད་དོ། །གང་གི་ཞེ་ན། ཁྱབ་བྱ་སེམས་ཀྱི་སྟེ། རྟགས་ཤེས་པའོ། །གང་རྟགས་ཀྱི་རྒྱུ་མཚན་ནི་རྒྱུ་ཉིད་ཡིན་གྱི། ཁྱབ་པར་བྱེད་པའི་རང་བཞིན་ནི་མ་ཡིན་ཏེ། དེ་ལ་རྟགས་དང་རྟགས་ཅན་ནི་བདག་ཉིད་གཅིག་པ་
ཉིད་ཀྱིས་རྒྱུ་དང་འབྲས་བུ་མེད་པའི་ཕྱིར་རོ། །རྟགས་ཤེས་པའི་རྒྱུ་ཉིད་ཀྱང་གཉིས་ལ་ཡང་ཡོད་པ་ཡིན་པ་དེ་ལྟར་ན། རྒྱུ་དང་ཁྱབ་པར་བྱེད་པ་དག་འདྲེན་མར་རྒྱུ་མཚན་གྱི་ངོ་བོར་བརྟེན་པར་བཞེད་པས་རྟགས་འབྲས་བུ་ཉིད་དུ་མ་གསུངས་ཀྱི་འོན་ཀྱང་དེ་ཤེས་པ་ཉིད་ཡིན་ནོ། །ཁྱབ་པར་
བྱ་བའི་སེམས་ཀྱི་རྒྱུ་མཚན་དེ་ཡང་གང་ཞེ་ན། རང་བཞིན་ནམ་རྒྱུ་ཉིད་ཀྱི་ཞེས་བྱ་བ་སྨོས་པ་ལ། ནམ་གྱི་སྒྲ་ནི་རིམ་པ་བཞིན་དུ་སྦྱར་བ་ཡིན་ཏེ། རང་བཞིན་ནམ་རྒྱུ་ཉིད་ཅེས་བྱ་བའི་དོན་ཏོ། །ཁྱབ་པར་བྱེད་པའི་ཆོས་ནི་དཔེར་ན་མི་རྟག་པ་ལ་སོགས་པ་ལྟ་བུའམ། རྒྱུ་ནི་མེ་ལ་སོགས་
པ་ལྟ་བུའོ། །དེ་ཡང་ནི་ཁྱབ་པར་བྱེད་པའི་སེམས་སོ། །དེའི་བློ་ཡིན། ཁྱབ་པར་བྱེད་པའི་གཏན་ཚིགས་ཡིན་པ་དེ་ལྟར་ན་དངོས་པོ་སྒྲུབ་པར་བྱེད་པའི་གོ་བར་བྱེད་པ་ནི། འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་གཉིས་ཁོ་ན་ཡིན་ཏེ། དེ་ལས་བྱུང་བ་དང་། དེའི་བདག་ཉིད་ཀྱིས་
འབྲེལ་པ་ཉིད་ཀྱི་ཕྱིར་རོ། །མི་དམིགས་པས་མེད་པ་དང་མེད་པའི་ཐ་སྙད་ཀྱི་དགག་པ་དག་ནི་སྒྲུབ་པར་བྱེད། གང་ཞེ་ན། ཐམས་ཅད་དུ་གང་ལ་ཡང་དངོས་སུ་མི་དམིགས་པའི་ཕྱིར་རོ་ཞེས་ཐོས་པ་མ་ཡིན་ཏེ། དཔེར་ན་འདི་ན་གྲང་བའི་རེག་པ་མེད་དེ་མེ་ཡོད་པའི་ཕྱིར་རོ་ཞེས་བྱ་

བ་ལྟ་བུའོ། །འདིར་ཡང་ཐམས་ཅད་དུ་ཞེས་བྱ་བ་སྨོས་པས་མི་དམིགས་པ་ཉིད་ཀྱི་དགག་པ་གྲུབ་པ་ཡིན་ནོ་ཞེས་ཤེས་པར་བྱེད་པ་ཡིན་ནོ། །ཅིའི་ཕྱིར་ཡང་མི་དམིགས་པ་ལས་ཀྱང་དགག་པ་འགྲུབ་པ་ཡིན་ཞེ་ན། འདི་ལྟར། ཚད་མས་གྲུབ་པར་སྨྲ་རྣམས་ཀྱི། །
དོན་ནི་བཟློག་པ་ཉིད་ལས་ཡིན། །དངོས་པོ་གང་ལས་གྲུབ་པ་ཡིན། །ཞེས་འདྲི་བ་ལ། འདི་སྐད་དུ་བདག་ཉིད་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་དུ་ཉེ་བར་འཇོག་པར་བྱེད་པའི་ཚད་མ་ལས་དོན་ཡོད་པ་ཉིད་དུ་གྲུབ་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །དེ་ལྟར་ན་ཚད་མ་ཡོད་པ་ཉིད་ཀྱིས་དོན་
ཡོད་པ་ཉིད་དུ་གྲུབ་པ་ཡིན་ནོ་ཞེས་སྨྲ་བ་རྣམས་ཀྱི་དོན་གྱིས་ཚད་མ་ལྡོག་པ་ལས་དོན་མེད་པ་ཉིད་གྲུབ་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་དོན་ཡོད་པ་ཉིད་ཉེ་བར་འཇོག་པར་བྱེད་པའི་ཚད་མར་ཉེ་བས་དོན་འགྲུབ་པར་མི་འགྱུར་རོ། །དེས་ན་ཚད་མ་ལྡོག་པ་ཁས་ལེན་པ་མེད་ན་མི་འབྱུང་བ་ནི་མེད་པ་
ཉིད་ཁས་ལེན་པ་ཡིན་པས་ཚད་མ་ལྡོག་པ་ཉིད་མི་དམིགས་པ་ཡིན་ནོ། །དེ་བས་ན་མི་དམིགས་པ་ལས་དགག་པ་གྲུབ་པ་ཡིན་ནོ། །གདོན་མི་ཟ་བར་མི་དམིགས་པ་ཉིད་ལས་དགག་པ་གྲུབ་པ་མ་ཡིན་ཏེ། དཔེར་ན་འདི་ན་གྲང་བའི་རེག་པ་མེད་དེ་མེ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའམ།
དཔེར་ན་འདི་ལ་སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དག་མེད་དེ། གདུང་བར་བྱེད་པའི་བྱེ་བྲག་ཉེ་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་སྦྱོར་བ་དག་མཐོང་བའི་ཕྱིར་དམིགས་པ་ལས་ཀྱང་མ་ཡིན་ནམ། དེ་ཇི་ལྟར་ན་ཡང་ཐམས་ཅད་དུ་མི་དམིགས་པས་དགག་པ་དག་
ནི་སྒྲུབ་པར་བྱེད་ཅེས་བརྗོད། ཇི་ལྟར་ན་དམིགས་པ་འདི་ཁོ་ན་མི་དམིགས་པར་འགྱུར་ཞེ་ན། བཤད་པ། གང་ཡང་སྦྱོར་བ་བྱེད་པ་ན་དེ་དང་འགལ་བའི་ཆོས་བསྟན་པ་འདི་མཐོང་སྟེ། རང་བཞིན་འགལ་བ་དམིགས་པ་ཞེས་བྱ་བའི་དོན་ཏོ། །དེའི་རྒྱུར་ནི་སྤུ་ལོང་ཞེས་པའི་རང་
བཞིན་དེའི་རྒྱུ་གྲང་བའི་རེག་པ་གང་ཡིན་པ་དེའི་ཡང་གང་འགལ་བ་དམིགས་པ་སྟེ། དཔེར་ན་གདུང་བར་བྱེད་པའི་བྱེ་བྲག་ཉེ་བ་ཉིད་ལ་སོགས་པ་ལྟ་བུའོ། །གང་ལ་ཞེ་ན། དེ་བཀག་པ་ལ། རང་བཞིན་དགག་པར་བྱ་བ་ལའོ། །དེ་ཉིད་ལ་སྟེ། དགག་པར་བྱ་བའི་དོན་

ལ་རྣམ་པ་འདིས། །དེ་ནི་ཚད་མིན་ཉིད་དུ་བསྟན། །དེའི་ཡུལ་ཅན་ཚད་མ་ལྡོག་པ་བསྟན་པས་དོན་གྱིས་མི་དམིགས་པ་ཉིད་རབ་ཏུ་སྦྱར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་གང་ལས་ཤེ་ན་གཞན་དུ་ན་དོན་དེས་མི་དམིགས་པ་མ་བཀག་པ་ཅན་གཞན་མེད་ཉིད་དེ་ཐབས་གང་གིས་
རྟོགས་པར་འགྱུར་ཏེ། རྣམ་པ་འགའ་ཞིག་གིས་ཀྱང་མ་ཡིན་ནོ། །ཆོས་གཅིག་ཡོད་པ་བརྗོད་པས་ཅིག་ཤོས་མེད་པའི་ཕྱིར་རོ། །གཞན་ཡོད་ན་གཞན་མེད་པར་མི་འགྱུར་ཏེ། ཤིན་ཏུ་ཐལ་ཆེས་པའི་ཕྱིར་རོ། །སྦྱོར་བ་ནི་གང་ལ་ཆོས་གཅིག་ཡོད་པར་བརྗོད་པ་དེ་ནི་གཞན་
པ་དེ་མེད་པར་རྟོགས་པ་མ་ཡིན་ཏེ། དཔེར་ན་གཟུགས་དང་གོང་བུ་ཡོད་པར་བརྗོད་པ་ནི། གྲང་བའི་རེག་པ་དེ་ཉིད་མེད་པར་རྟོགས་པ་མ་ཡིན་པ་ལྟ་བུའོ། །འདིར་ཡང་གྲང་བའི་རེག་པ་མེད་དེ་མེ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་འདི་ལ་ཆོས་གཅིག་ཡོད་པར་བརྗོད་པ་ཡིན་ནོ་ཞེས་བྱ་
བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །འདིར་ཡང་ཁྱབ་པས་མ་ངེས་པ་ཉིད་དུ་དོགས་པར་རིགས་པ་མ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །གཏན་ཚིགས་ལ་ཁྱད་པར་ཡོད་ན་འགྱུར་རོ། །གང་ཡང་དགག་པའི་ཕྱིར་མེ་ལ་སོགས་པ་འགྲུབ་པར་འགྱུར་བ་དེ་དང་
ལྷན་ཅིག་གོང་བུ་ལ་སོགས་པ་བསྒྲུབ་པར་འགྱུར་བ་ཁྱད་པར་མེད་པ་ཉིད་ཡིན་པ་དེ་ལྟར་ན་མ་གྲུབ་པ་ཡིན་པར་ཡང་བསམ་པར་མི་བྱའོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་འགའ་ལས་ཡིན། མེ་དང་གྲང་བའི་རེག་པ་འགལ་བ་དེས་ན་དེ་བསྒྲུབས་པ་ལས་དེ་མེད་པར་
རྟོགས་པ་ཡིན་གྱི། འགལ་བ་མེད་པ་གཞན་ལས་ནི་མ་ཡིན་ནོ། །དེ་བས་ན་གཏན་ཚིགས་མ་གྲུབ་པ་ཉིད་ལ་སོགས་པའི་སྐྱོན་ཡོད་པ་ཡིན་ནོ་ཞེ་ན། མ་གྲུབ་པ་ལ་སོགས་པ་མ་ཡིན་ཏེ། འདི་ལྟར་གྲང་བའི་རེག་པ་དང་མེ་འགལ་བ་དེ་ཡང་ཚད་མ་ཅིས་གྲུབ། མ་
གྲུབ་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་དེའི་གནས་སྐབས་ཅན་གྱི་སྐྱོན་ཉིད་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་ལྷན་ཅིག་མི་གནས་ཕྱིར་རོ་ཞེ་ན། གང་ན་མེ་ཡོད་པ་དེ་ན་གྲང་བའི་རེག་པ་ཡོད་པ་མ་ཡིན་ཏེ། དེ་དང་ལྷན་ཅིག་མི་གནས་པའི་ཕྱིར་འགལ་བ་ཉིད་ཡིན་ནོ་ཞེ་ན།

དེ་ལྟར་ནི་འགྱུར་མོད་ཀྱི། ལྷན་ཅིག་མི་གནས་པའི་འགལ་བ་སྒྲུབ་པར་བྱེད་པ་དེ་ཉིད་ཚད་མ་གང་ལས་འདོད་པ་སྟེ། ཤེས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ནི་འགྱུར་མོད་ཀྱི། འདི་ལ་དྲི་བར་བྱ་བ་ཅི་ཞིག་ཡོད། གལ་ཏེ་སྣང་བ་མཐོང་བ་མེད་ཕྱིར་ཞེ་ན།
གང་ལ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་རྒྱུ་མ་གཏུགས་པ་ཅན་གྱི་གྲང་བའི་རེག་པ་ཡོད་པ་ན། མིག་དམིགས་ན་དེ་ལས་དེ་ཉེ་བ་ཉིད་རྒྱུ་མཚན་དུ་བྱས་ནས་དེ་མཐོང་བའི་ཕྱིར་མེད་པ་གྲུབ་པ་ཡིན་ནོ་ཞེ་ན། མཚན་ཉིད་མིན་མི་དམིགས་པ་ཡིན་ནོ་ཞེས་བྱ་བ་ལ་དོན་གྱི་ཁྱད་པར་
མེད་དོ། །དེ་ཉིད་ནི་ཁོ་བོ་ཅག་གིས་ཀྱང་དྲང་པོའི་རིམ་པར་བརྗོད་པ་ཡིན་ན་དེ་ཅིའི་ཕྱིར་ཁྱེད་ཅག་ལ་ཚིག་རྩུབ་པོར་སྣང་བ་འདིར་སྒྲ་ལ་སྡང་བ་འབའ་ཞིག་ཏུ་ཟད་དོ། །གང་གི་ཕྱིར་མི་དམིགས་པ་མ་གཏོགས་པར་དགག་པའི་རྒྱུ་གཞན་ཡོད་པ་མ་ཡིན་པ་དེ་ཕྱིར་རང་སྒྲས་ཀྱང་བརྗོད་པ་
དཔེར་ན་མི་དམིགས་པ་ཞེས་བྱ་བ་ལྟ་བུའོ། །ཀྱང་གི་སྒྲ་རིམ་པ་བཞིན་དུ་སྦྱར་བ་ལས་ཇི་ལྟར་རང་གི་སྒྲས་ཀྱང་བརྗོད་ཅིང་སྒྲུབ་པའི་སྒོ་ནས་ཀྱང་མི་དམིགས་པ་བརྗོད་པ་ཉིད་ཡིན་ནོ། །དེ་ནི་མེད་པ་དང་དེའི་ཐ་སྙད་ཀྱིས་ཅི་རིགས་པར་སྒྲུབ་བྱེད་ཡིན་ནོ། །རྒོལ་བ་གང་གི་ཡང་དགག་པ་ལ་མི་
དམིགས་པ་དེ་ཚད་མིན། དེ་ཡིས། རྣམ་ཀུན་དགག་པ་བརྗོད་བྱ་མིན། །འགའ་ཞིག་གི་ཚེའང་དེས་དགག་པ་བརྗོད་པར་མི་བྱ་སྟེ། དེ་ལས་གཞན་པའི་གཏན་ཚིགས་དེ་འགའ་ཞིག་ཀྱང་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རང་བཞིན་འགལ་བ་ལ་སོགས་པའི་སྦྱོར་བའི་སྒོ་
ནས་དོན་གྱིས་མི་དམིགས་པ་ཉིད་རབ་ཏུ་སྦྱར་བ་ཡིན་ནོ་ཞེས་བསྟན་པ་དེས་ན་དེ་དང་འགལ་མོད་ཀྱི། འབྲས་བུ་བརྗོད་པ་རང་བཞིན་འགལ་བའི་འབྲས་བུ་དམིགས་པ་སྟེ། དཔེར་ན་འདི་ནི་གྲང་བའི་རེག་པ་མེད་དེ་དུ་བ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ཏེ། ཇི་ལྟར་
འདིས་ཀྱང་དགག་པ་ལ་དངོས་སུ་རང་ཉིད་དམིགས་པ་ལྡོག་པའི་རྟགས་སུ་བརྗོད་ཀྱི། གཞན་ཅུང་ཟད་ཀྱང་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །མི་དམིགས་པ། ཀུན་ལ་སྦྱོར་བ་འབའ་ཞིག་དག །ཐ་དད་དོན་ལ་ཐ་དད་མེད། །འབྲས་བུ་མི་དམིགས་པ་ལ་སོགས་པ་མི་དམིགས་པའི་

སྦྱོར་བ་རྣམས་ལའོ། །ཇི་ལྟར་རང་བཞིན་མི་དམིགས་པ་ལ་དངོས་སུ་མི་དམིགས་པ་སྟོན་པ་དེ་ལྟར་མེད་དོ་ཞེས་ཉེ་བར་བཀོད་པའི་རྣམ་པ་ཙམ་ཐ་དད་པ་ཡིན་ནོ། །མི་དམིགས་པ་འཕེན་པར་བྱེད་པའི་དོན་སྒྲུབ་པའི་སྒོ་ནས་ཀྱང་བརྒྱུད་པས་མི་དམིགས་པ་དོན་དམ་པར་འཆད་པ་ཡིན་པ་དེ་ལྟར་
དོན་ལ་ཐ་དད་པ་མེད་དོ། །དེ་ལྟར་ན་དངོས་སུ་དགག་པ་ལ་དམིགས་པ་སྦྱོར་བར་བྱེད་པའམ། དེ་འཕེན་པར་བྱེད་པའི་དོན་ཞེས་བྱ་བ་དགག་པ་ལ་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་དེ་ལྟར་ན་ཇི་ལྟར་རང་བཞིན་འགལ་བའི་ཆོས་བརྗོད་པས་འགལ་བའི་དོན་སྒྲུབ་པའི་སྒོ་ནས་རང་བཞིན་དགག་
པ་ལ་གོ་བར་བྱེད་པ་ཡིན་པ་དེ་ལྟར་ན་དེ་དང་འགལ་བའི་དོན་གྱི་འབྲས་བུ་བརྗོད་པ་ན་ཡང་འགལ་བའི་དོན་ཉེ་བའི་ཕྱིར་རོ། །འདིར་འགལ་བའི་དོན་གྱི་འབྲས་བུ་བརྗོད་པ་སྨོས་པ་ནི་ཉེ་བར་མཚོན་པ་ཡིན་ཏེ། རྒྱུ་དང་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་བརྗོད་པ་ཡང་གོ་བར་བྱེད་པ་ཉིད་ཡིན་
པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་དགག་ལ་ཚད་མ་སྨྲ་གང་ཡིན། །ཡང་ཇི་སྐད་དུ་བསྟན་པའི་འགལ་བ་གཉིས་ཀྱིས་ཀྱང་དོན་འགལ་བ་བརྗོད་པ་མེད་པ་བྱས་པའི་དོན་ཏེ། དོན་འགལ་བ་མེད་པ་ཉིད་རྗོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ནི་རང་བཞིན་འགལ་བའི་འབྲས་
བུ་དམིགས་པ་ལ་སོགས་པའི་སྦྱོར་བ་ལ་རྟོགས་པར་བྱའོ། །དེ་ཡང་བསྒྲིབས་མེད་པར་ཞེས་བྱ་བར་སྦྱར་རོ། །བསྒྲིབས་མེད་པར་ཞེས་བྱ་བ་ལ་བསྒྲིབས་པའི་དོན་ལ་མཐོང་བ་མེད་པའི་ཕྱིར་བསྒྲིབས་པ་ཉེ་བར་བཏགས་ནས་མི་དམིགས་པར་བསྟན་ཏོ། །བསྒྲིབས་མེད་པར་ཞེས་
བྱ་བ་ལ་བསྒྲིབས་པ་བཀག་པས་དེ་མི་བྱེད་པ་ཡིན་ནོ། །དེ་བས་ན་ཅི་འདྲ་བའི་དམིགས་པའི་རང་བཞིན་ཅན་དུ་ངེས་པའི་དོན་དེ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་དེ་འདྲ་བ་མི་དམིགས་པ་མ་བསྟན་པར་ཞེས་བྱ་བའི་དོན་ཏོ། །འདིས་ཀྱང་རང་བཞིན་མི་དམིགས་པའི་སྦྱོར་བ་ལྟར་
བཅོས་པ་བསྟན་ཏོ། །ཐབས་བཅས་ཞེས་བྱ་བ་ནི་རང་བཞིན་དང་བཅས་པ་དང་། རང་ཉིད་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མ་ཡིན་ན་ཡང་ཐབས་གང་གིས་དེའི་རྒྱུ་དང་། དེའི་ཁྱབ་པར་བྱེད་པ་དང་དེའི་འབྲས་བུ་སྟེ། སྣང་བའི་རང་བཞིན་མི་དམིགས་པའི་ཐབས་གང་གིས་

མེད་དོ་ཞེས་ངེས་པ་དེ་ཡང་དམིགས་པའི་མཚན་ཉིད་ཀྱིར་གྱུར་པའི་མི་དམིགས་པ་བསྟན་པར་ཞེས་བཤད་པར་འགྱུར་རོ། །དེ་དེ་ལྟར་ན་མ་འགལ་བ་བརྗོད་པ་མེད་པ་དང་རང་བཞིན་དེ་ཡང་བསྒྲུབ་པ་མེད་པར་ཚད་མ་སྨྲ་བ་གང་ཡིན་པ་དེ། རིགས་པའི་རྗེས་སུ་འབྲང་
ཅན་མིན་ཏེ། འཁྲུལ་པ་ཉིད་ཡིན་པའི་ཕྱིར་གོ་བར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། ཅི་དང་འདྲ་བར་ཞེ་ན། སྨྲ་ལ་སོགས་པ་ཀུན་ཤེས་དང་། །འཇིག་རྟེན་གཞན་སྩོགས་འགོག་པ་བཞིན། །ཞེས་བྱ་བ་སྨོས་ཏེ། བརྗོད་པར་འདོད་པའི་སྐྱེས་བུ་ལ་ལ་ཞེས་ཐམས་ཅད་
མཁྱེན་པ་མ་ཡིན་ཏེ། སྨྲ་བ་ཉིད་ཀྱི་ཕྱིར་རོ། །སྩོགས་པ་སྨོས་པས་ནི་སྐྱེས་བུ་ཉིད་དང་། དབང་པོ་ལ་སོགས་པ་དད་པའི་ཕྱིར་རོ་ཞེས་བྱ་བ་བཟུང་ངོ་། །སྐྱེས་བུ་འདི་ལ་ཡང་སྐྱེས་བུ་ཉིད་ཡིན་པའི་ཕྱིར་འཇིག་རྟེན་ཕ་རོལ་ཡོད་པ་མ་ཡིན་ཏེ། དགྲ་བཅོམ་པ་འདོད་པའི་སྐྱེས་
བུ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་ལྟ