Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 175

Văn bản gốc(Tây Tạng)

Trang 11 / 24 (50.000 ký tự/trang)
་བུའོ། །སྩོགས་པ་སྨོས་པས་ནི། སྔ་ན་མེད་པ་དང་ལྷ་ཉིད་དང་། མཐོ་རིས་ལ་སོགས་པ་དགག་པ་དེ་ལྟ་བུ་ལ་སོགས་པ་བཟུང་ངོ་། །རྟགས་གང་ཡིན་པ་དེ་ནི་ཐེ་ཚོམ་ཟ་བར་བྱེད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དོན་རྣམས་དབང་པོ་ལས་
འདས་པ། ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་པ་རྣམས་འགའ་ཞིག་དང་ལྷན་ཅིག་འགལ་བ་གྲུབ་པ་མེད་ཕྱིར་དེའི་རྒྱུའི་ཕྱིར་རོ། །དེ་ནི་གནས་སྐབས་གཞན་བསྟན་ཟིན་ཅིང་ཇི་ལྟར་བསྐལ་པ་རྣམས་འགའ་ཞིག་དང་། ལྷན་ཅིག་འགལ་བར་རྟོགས་པར་དཀའ་བ་ཡིན་
ནོ་ཞེས་སྟོན་པར་ཡང་འགྱུར་རོ། །རྟོགས་པའི་ཐབས་སུ་གྱུར་པ་འགལ་བ་ཡང་རྣམ་པ་གཉིས་ཏེ། རྒྱུ་མ་གཏུགས་པ་ཅན་འབྱུང་བ་གཞན་ཡོད་ན་མེད་པ་དང་། ཕན་ཚུན་སྤངས་ཏེ། གནས་པའི་མཚན་ཉིད་ཅན་ཡིན་ནོ། །འགལ་བ་རྣམ་པ་དེ་གཉི་ག་ཡང་སྨྲ་བ་ཉིད་དང་། ཐམས་
ཅད་མཁྱེན་པ་ཉིད་ལ་ཡོད་པ་མ་ཡིན་ནོ། །དེས་ན་ཆོས་ཅན་གཅིག་ལ། གལ་ཏེ་སྨྲ་རིགས་ཡོད་འགྱུར་ལ། །གནོད་བྱ་གནོད་བྱེད་ངོ་བོ་གང་། །ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་བས་ན་སྨྲས་པ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བ་ཞེས་བྱ་བ་འགལ་བ་མེད་པ་ཉིད་ཡིན་

ནོ། །འགལ་བ་མེད་པར་གྲུབ་པ་ཡང་གོ་བར་བྱེད་པ་མ་ཡིན་ནོ་ཞེས་སྔར་བསྟན་ཟིན་ཏོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་དེ་འདྲ་མི་དམིགས་ཕྱིར། །གལ་ཏེ་ཡང་འགལ་བ་ཡོད་པ་མ་ཡིན་པ་དེ་ལྟར་ན་ཡང་སྐྱེས་བུ་གང་གི་དོན་ཐམས་ཅད་ཀྱི་ཡུལ་ཅན་གྱི་ཤེས་པ་དེ་འདྲ་བ་ཉིད་མི་
དམིགས་པའི་ཕྱིར་དེ་ཡང་ཡོད་པ་མ་ཡིན་ནོ་ཞེས་ངེས་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ཡིན་པ་དེའི་ཚེ། དེ་འདྲ་བ་མི་དམིགས་པ་དེ་ཉིད་སྐྱེས་བུའི་ཕུལ་དུ་བྱུང་བ་འགོག་པ་ལ། སྒྲུབ་པར་བྱེད་པར་བརྗོད་ན། སྨྲས་པ་ཉིད་ལ་སོགས་པ་ཤིན་ཏུ་བླུན་པོ་སྟོན་པར་བྱེད་པ་ཉེ་བར་འགོད་
པས་ཅི་ཞིག་བྱ། འོན་ཀྱང་ཐམས་ཅད་མཁྱེན་པ་ལ་སོགས་པ་དགག་པ་བསྒྲུབ་པར་བྱ་བ་ལ། མི་དམིགས་པ་འདི་སྒྲུབ་པར་བྱེད་པ་ནི་བླ་སྟེ། དེ་ལྟར་ན་ཡང་ཁས་ལེན་པའི་འདོད་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེ་ལྟར་མི་དམིགས་པ་ནི་འདི་འདྲ་བ་ཡང་། འབྲས་བུ་ངེས་
མེད་ཅན། ཐེ་ཚོམ་ཟ་བར་བྱེད་པར་སྔར་ཉིད། རབ་བརྗོད་དེ་ཇི་ལྟར་མི་སྣང་བ་མི་དམིགས་པ་ནི་དགག་པ་ལ་ནུས་པ་ཡོད་པ་མ་ཡིན་ཏེ། འཁྲུལ་པའི་ཕྱིར་རོ། །དེ་ལྟར་ན་སྣང་བའི་དངོས་པོ་ལ་དེ་ལས་གཞན་དམིགས་པའི་རྐྱེན་ཡོད་ན། མ་རྨོངས་པར་དྲན་པའི་འདུ་བྱེད་པ་པོའི་
མངོན་སུམ་འདས་པ་དང་ད་ལྟར་གྱི་ལོགས་ན་མེད་པའི་ཐ་སྙད་འཇུག་པར་འགྱུར་གྱི། ཅིག་ཤོས་ནི་མ་ཡིན་ནོ། །རྒོལ་བ་གང་གི་ཡང་མཐོང་བ་དོན་ཐམས་ཅད་ཡོད་པ་ཉིད་ལ་འཁྲུལ་པ་མེད་པ་དེ་མི་དམིགས་པ་ལས་ཁྱད་པར་མེད་དོ་ཞེས་སྨྲ་བ་ནི་མཛེས་པ་ཡིན་ནོ། །དེ་ལྟར་ན་
ཡང་དེ་ཉིད་དོན་ཐམས་ཅད་ཤེས་པ་ཡིན་པ་དེ་ལྟར་ན་དེ་འདྲ་བ་གཞན་འབྱུང་བ་དག་ཀྱང་མ་སྤངས་པ་ཉིད་ཡིན་ནོ། །ཡུལ་ཉིད་རྣམ་པ་གསུམ་འབྱུང་བར་འགྱུར་ཏེ་གཅིག་ནི་མངོན་སུམ་ཡིན་ཏེ་གང་གི་ནུས་པ་ལས་རྗེས་སུ་འགྲོ་བ་དང་ལྡོག་པ་ཅན་གྱི་བློ་འབྱུང་བ་དེ་ནི་དེ་ལས་གྲུབ་པ་
ཡིན་ནོ། །གང་ཡང་བདག་གི་ཡོད་པ་དང་མེད་པ་ལ་དངོས་སུ་བློའི་སྣང་བའི་རྗེས་སུ་མི་བྱེད་པ་དེ་ཡང་གལ་ཏེ་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་འཇུག་པ་སྒྲུབ་པར་བྱེད་པ་དེའི་བདག་ཉིད་ཀྱི་མཚན་ཉིད་ཅན་གྱི་འབྲེལ་པ་ཅན་གྱི་རྟགས་དང་ལྡན་པར་འགྱུར་བའམ། དམིགས་

པ་དང་མི་དམིགས་པ་དག་གིས་རབ་ཏུ་བསྒྲུབས་པའི་འབྲས་བུའི་རྟགས་དང་ལྡན་པའམ། འབྲས་བུ་ལྡོག་པའི་སྒོ་ནས་རྒྱུ་དང་འབྲས་བུའི་འབྲེལ་པ་ཅན་གྲུབ་པ་ཡིན་ཏེ། དཔེར་ན་དེ་ལས་གཞན་པའི་རྒྱུ་དག་ཡོད་ན་འབྲས་བུ་རྣམ་པར་ཤེས་པ་མི་སྐྱེད་པས།
ཤེས་པ་དེ་སྐྱེད་པ་ལ་ཉེ་བར་སྦྱོར་བ་ཅན་རྒྱུ་གཞན་གང་མེད་ན་མི་སྐྱེ་བ་ཡང་ཡོད་པ་ཡིན་པ་དེ་ལྟར་ན་རྣམ་པར་ཕྱེ་བའི་ངོ་བོ་དབང་པོ་ཞེས་བྱ་བར་གྲགས་པ་ལྟ་བུ་སྟེ། དེ་འདྲ་བའི་དངོས་པོ་དེ་ཐམས་ཅད་ནི་ལྐོག་ཏུ་གྱུར་པ་ཡིན་ནོ། །དེ་ལྟར་ན་གང་རང་བཞིན་དུ་གྱུར་པའམ། འབྲས་བུར་
གྱུར་པའི་རྟགས་ཡོད་པ་མ་ཡིན་པ་དང་། མངོན་སུམ་མེད་དེ། དཔེར་ན་བདག་ལ་སོགས་པ་ལྟ་བུ་སྟེ། དེ་ཐམས་ཅད་ནི་ཤིན་ཏུ་ལྐོག་ཏུ་གྱུར་པ་ཡིན་ནོ། །དེའི་འབྲས་བུ་ཉིད་དུ་འདོད་པའི་དབུགས་འབྱུང་བ་ལ་སོགས་པ་དེ་དག་ནི་རྒྱུ་གཞན་བློ་ལ་སོགས་པ་དག་ནི་བུམ་པ་ལ་སོགས་
པ་ལ་མེད་པས། རིགས་པ་དང་ལྡན་པའི་ལྡོག་པ་མེད་པས། འབྲས་བུ་ཉིད་དུ་མ་གྲུབ་པའི་ཕྱིར། །དེ་ལ་འཇུག་པར་བྱེད་པའམ། ལྡོག་པར་བྱེད་པ་ཡོད་པ་མ་ཡིན་ནོ་ཞེས་ཚུ་རོལ་མཐོང་བས་དེ་ཡོད་པ་ཉིད་དུ་ངེས་པར་མི་ནུས་པ་ལྟ་བུའོ་ཐམས་ཅད་མཁྱེན་པ་ལ་སོགས་པ་ཡང་
དབང་པོ་ལས་འདས་པ་ཡིན་པ། དེ་ཕྱིར་ཤིན་ཏུ་ལྐོག་གྱུར་ལ། །དོན་དེ་ལྟ་བུའི་རྣམ་པ་ལ། །ཡོད་མེད་ཉིད་ནི་རྣམ་ངེས་མེད། །དེ་བས་ན་འགལ་བ་མེད་པའི་དོན་དེ་འདྲ་བས་ལྡོག་པ་སྒྲུབ་པར་བྱེད་པ་མ་ཡིན་གྱི། གསལ་བས་སྒྲུབ་པར་བྱེད་པ་ཉིད་ཡིན་ནོ། །གལ་ཏེ་འགའ་ཞིག་
འགོག་པ་ལ་སྦྱོར་བར་བྱེད་པ་ན། ཆོས་ནི་ཐ་དད་པ་སྦྱོར་བར་བྱེད་དམ། དགག་པར་བྱ་བ་ལས། ཐ་དད་མེད་ཀྱང་རབ་སྦྱོར་བྱེད། །གལ་ཏེ་ཕན་ཚུན་འགལ་བའི་ཆོས་དག་ཀྱང་གཅིག་ལ་ཇི་ལྟར་ན་ཡོད་པ་ཡིན། གང་གིས་ན་འགལ་བ་ཐ་དད་མེད་པའི་སྦྱོར་བར་འགྱུར་ཞེ་ན། དེ་དེ་ལྟར་ནི་
ཡིན་མོད་ཀྱི། འོན་ཀྱང་གཞན་འགལ་བ་དག་ཀྱང་གཅིག་ལ་ཡོད་པར་རྟོགས་པ་དེ་ལྟར་ན། དེའི་དོར་བྱས་ནས་དེ་སྐད་དུ་བརྗོད་དོ། །ཇི་ལྟར་ན་ཐ་དད་པ་རབ་ཏུ་སྦྱོར་བ་ཡིན་ཞེ་ན། དཔེར་ན་ཁ་མེད་སྒྲུབ་པ་ལ། དཔེར་ན་འདི་ན་ཁ་བའི་རེག་པ་མེད་དོ་ཞེས་སྒྲུབ་པར་བྱེད་པ་དེ་ལས་དོན་གཞན་

གྲང་བ་དང་འགལ་བ་མེ་རབ་ཏུ་སྦྱོར་བ་ལྟ་བུའོ། །ཐ་དད་པ་མེད་པ་ནི་དཔེར་ན། སྐྱེ་ལ་ཡོད་ཉིད་འགལ་བ་བཞིན། །ཡོད་པ་ཉིད་སྐྱེད་པར་འགྱུར་རོ་ཞེས་འདོད་པ་གང་ཡིན་པ་དེ་དག་ནི་གང་ཕུལ་དུ་བྱུང་བ་འགའ་ཞིག་ཁོ་ན་སྐྱེ་བའི་སྒོ་ནས་དབང་པོའི་ཡུལ་དུ་གྱུར་པ་ལ་སོགས་པའི་ངོ་
བོར་འབྱུང་བས་སྐྱེ་བ་ཞེས་ཐ་སྙད་ལྡོག་པར་བྱེད་དོ། །ཕུལ་དུ་བྱུང་བ་དེ་སྔར་མེད་པ་ཉིད་སྐྱེ་བ་ཡིན་གྱི། དེ་ལྟ་མ་ཡིན་ན་ད་ལྟར་གྱི་གནས་སྐབས་བཞིན་དུ་སྔར་ཡང་ཡོད་པ་ཡིན་ན། །སྐྱེ་བའི་དོན་གང་ཡིན་པ་དེས་ན་རྣམ་པ་གང་ཡོད་པ་དེ་མི་འབྱུང་ཞིང་འབྱུང་བ་གང་ཡིན་པ་དེ་ལྟར་ཡོད་པ་མ་ཡིན་ནོ། །
གནས་སྐབས་དེ་དང་དེ་འབྲེལ་པས་དེ་ཉིད་དེ་ལྟར་སྐྱེ་བ་ཡིན་ནོ་ཞེས་པའི་རྣམ་པར་རྟོག་པ་ཡང་མི་འགྱུར་ཏེ། སྐྱེ་བ་དང་འཇིག་པ་དང་ལྡན་པ་དག་ནི། རྟག་པ་ལས་གཞན་ཉིད་དུ་སྒྲུབ་པའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་ཐམས་ཅད་ཆེས་པར་འགྱུར་རོ། །སྐྱེས་བུ་སྐྱེ་བའམ་ཤི་བ་ལ་གངས་ཅན་གཡོ་བ་མེད་
པ་འབྱུང་བའམ། འཇིག་པར་རྟོགས་པ་མ་ཡིན་ཏེ། གནས་སྐབས་དང་དེ་དང་ལྡན་པ་དག་ཐ་དད་པ་མེད་པ་ཡང་སྒྲུབ་པ་ཉིད་སྐྱེ་བ་དང་མི་སྐྱེ་བ་འགལ་བ་ཡིན་ནོ། །འགལ་བའི་ཆོས་གནས་སྐབས་པ་དེ་ཉིད་ཀྱི་ཕྱིར། དེ་ཉིད་ཅེས་འདོད་པ་ཡང་མི་འགྱུར་རོ། །དེའི་ཕྱིར་མེད་པ་
ཕུལ་དུ་བྱུང་བ་དེ་ཡོད་པ་ཉིད་ཡོད་པ་དེ་བས་ན། ཡོད་པ་ཉིད་འདི་ནི་སྐྱེ་བ་དང་འགལ་བ་ཞེས་བྱའོ། །གལ་ཏེ་དེ་སྔར་ཡོད་པ་ཉིད་ཡིན་ན་དེ་ཉིད་སྐྱེ་བ་མ་ཡིན་ནོ། །ཅི་སྟེ་དེ་སྐྱེ་བ་ཡིན་ན། འོ་ན་ནི་དེ་སྔར་ཡོད་པ་ཉིད་མ་ཡིན་ནོ་ཞེས་གཅིག་ཏུ་ངེས་པ་ཉིད་ཡིན་ནོ། །ཇི་ལྟར་དངོས་རྣམས་
བསྒྲུབ་པ་ལ། །དངོས་པོ་ཉིད་ནི་སྒྲུབ་བྱེད་འདོད། །ཇི་སྐད་བཤད་པའི། དངོས་གང་ཡང་དག་ཇི་བཞིན་པ། །ཞེས་བྱ་བ་ལ་སོགས་པ་ཇི་ལྟར་དངོས་པོ་ཉིད་དངོས་པོའི་སྒྲུབ་པ་ཡིན་པ་དེ་ལྟར་དངོས་པོ་རྣམས་རང་ལྡོག་ལ་བདག་ཉིད་ལྡོག་པ་དག་ལ། དངོས་པོ་ཉིད་ནི་ལྡོག་བྱེད་
ཡིན། །དེས་ནི་དངོས་པོ་ཉིད་ཀྱིས་དངོས་པོ་སྒྲུབ་པར་བྱེད་པའམ། དངོས་པོ་ལྡོག་པ་ཉིད་ཀྱིས་དངོས་པོ་ལྡོག་པ་ཉིད་གོ་བར་བྱེད་པ་ཉིད་ཡིན་ནོ། །དེས་གང་རྟོགས་པ་དག་གི་སྦྱར་བ་ཡི། །འདོད་པས་སྒྲོ་བཏགས་པའི་ཆོས་ཡིན་གྱི། དངོས་པོ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནི་

བསལ་བ་ཡིན། སྤངས་པ་ཡིན་པར་རིག་པར་བྱ་སྟེ། དཔེར་ན་སྒྲུབ་པར་བྱེད་པ་དང་འགོག་པར་བྱེད་པ་མ་ཡིན་པ་ལྟ་བུའོ། །ཅིའི་ཕྱིར་དངོས་པོ་མེད་པ་ཡིན་ཞེ་ན། བཤད་པ་གང་ལ་ལར་ཡོད་པའི་ཕྱིར་ཏེ། ཇི་ལྟར་འདོད་པ་བཞིན་དུ་གཞན་དུ་གྱུར་པ་གང་ཡིན་
པ་དེ་ནི་དངོས་པོའི་རང་བཞིན་མ་ཡིན་གྱི། འོན་ཀྱང་དེ་ལ་རྟོགས་པས་གཞན་དུ་འགྱུར་བ་ཡིན་གྱི། དངོས་པོའི་རང་བཞིན་ནི་མ་ཡིན་ནོ། །དེ་འདྲ་བའི་ཆོས་དེ་ཡང་གང་ཞེ་ན། ཕྱོགས་དང་ཕྱོགས་མཐུན་གང་རུང་ཉིད། །སོགས་པ་སྨོས་པས་ནི། ཁོ་བོས་ཁས་བླངས་པ་ལ་སོགས་
པ་དང་ལུང་གིས་བསྒྲུབ་པ་བཟུང་ངོ་། །དེ་ལྟར་ན་དེ་དག་ནི་སྨྲ་བ་པོའི་འདོད་པ་ཙམ་དང་རྗེས་སུ་འབྲེལ་པ་ཅན་ཡིན་གྱི། ཕྱོགས་དང་མཐུན་པའི་ཕྱོགས་གང་ཡང་རུང་བ་ལ་སོགས་པའི་རྣམ་པར་རྟོག་པ་ལ་ཡང་། དངོས་པོའི་ཉེ་བ་དང་བསྐལ་པ་དག་ཏུ་མི་འགྱུར་རོ། །འོ་ན་ཅི་ཡིན་ཞེ་ན། དེ་
ལ་ཉེ་བ་དང་བསྐལ་པ་དག་ནི། འདོད་པས་ཉེ་བ་དང་བསྐལ་པ་དག་ཡིན་ནོ། །གལ་ཏེ་ཡང་དངོས་པོ་ལས་འགྱུར་བ་ཡིན་ན། དེའི་འདོད་པས་གཞན་ཉིད་དུ་རྟོགས་པར་མི་འགྱུར་ན་འགྱུར་བ་ཡང་ཡིན་པ་དེའི་ཕྱིར། དེ་དག་ནི་འབའ་ཞིག་གི་ཡང་སྒྲུབ་པར་བྱེད་པ་ཡིན་གྱི། གནོད་པ་ཅན་ཉིད་ཡིན་
ནོ། །གང་ཡང་དངོས་པོ་ལྡོག་པ་ཉིད་དངོས་པོ་རྣམས་ཀྱི་ལྡོག་པར་བྱེད་པ་ཉིད་ཡིན་ནོ་ཞེས་བཤད་པ། དེ་ཡང་ཁྱབ་པར་བྱེད་པའི་ཆོས། ལྡོག་པར་བྱེད་པའི་ལྡོག་པའམ་ཁྱབ་བྱའི་གོ་བྱེད་འདོད། ཁྱབ་པར་བྱེད་པ་མེད་པའི་ཡང་གོ་བར་བྱེད་པ་ཡིན་ནོ། །འདིས་ཀྱང་རྒྱུ་དང་ཁྱབ་པར་
བྱེད་པ་མི་དམིགས་པ་འདྲེན་པར་བསྟན་པ་རྟོགས་པར་བྱའོ། །གང་གི་ཚེ་ཞེ་ན། གལ་ཏེ་རང་གི་ལྡོག་པ་ནི། །རྣམ་འགས་ཡོངས་སུ་གཅོད་པ་ནའོ། །གལ་ཏེ་རྣམ་པ་འགའ་ཞིག་གིས་དེ་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་འཇུག་པ་ཁྱབ་པར་བྱ་བའི་དེ་ཙམ་དང་འབྲེལ་པས་
ཁྱབ་པར་བྱེད་པའི་དངོས་པོར་གྲུབ་པ་ཅན་བདག་ཉིད་མེད་པར་ངེས་པར་འགྱུར་བ་ན། དེ་དག་ཉིད་མེད་པས་དེའི་ཚེ་ཁྱབ་བྱ་ལྡོག་པ་གོ་བར་བྱེད་དོ། །དེ་བཞིན་དུ་བདག་ཉིད་ཇི་ལྟ་བ་བཞིན་དུ་ཚད་མའི་སྒོ་ནས་དེའི་རྒྱུ་དངོས་པོར་གྲུབ་པ་ཅན་བདག་ཉིད་མེད་པར་གྲུབ་པ་ཅན་གྱི་རྒྱུ་ནི་འབྲས་

བུའི་ཡང་ཡིན་ནོ། །ཚད་མ་ཉིད་མེད་ཅེས་པ་གཅིག་དང་འདྲེས་པ་ཅན་ཚད་མ་ཉིད་མ་ཡིན་པ་སྟེ། ཚད་མ་ཉིད་ལྡོག་པ་གང་དེ་ཉིད་མེད་པ་སྟེ། མེད་པའི་ཐ་སྙད་བསྒྲུབ་པར་བྱ་བ་ལ་ཇི་སྐད་དུ་བཤད་པའི་མངོན་སུམ་ལྡོག་པ་གང་ཡིན་པ་རང་བཞིན་མི་དམིགས་པའི་མིང་ཅན་རྟགས་སུ་བརྗོད་
པ་ཡིན་ནོ། །རྟགས་དེ་ནི་ཤིན་ཏུ་རྨོངས་དོན་ཏེ། ཡུལ་རྟོགས་སུ་ཟིན་ཀྱང་དེའི་ཡུལ་ཅན་གྱི་ཐ་སྙད་མ་རྟོགས་པ་གང་ཡིན་པ་དེ་ནི་རྨོངས་པ་ཡིན་ལ། དེའི་དོན་དུ་རྟགས་དེ་འདྲ་བ་བརྗོད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གནག་རྫི་
མོ་བར་གྲགས་ཕྱིར་རོ། །དོན་རྣམ་པ་དེ་ལྟ་བུ་ནི་གནག་རྫི་མོའི་བར་ལ་རབ་ཏུ་གྲགས་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ནི་སྔར་ཞིབ་ཏུ་དཔྱད་ཟིན་པ་དེ་ལྟ་ན། འདིར་ཡང་མ་སྤྲོས་སོ། །མི་དམིགས་པ་ནི་དེ་ཙམ་ཞིག །ཇི་སྐད་དུ་བསྟན་པའི་མི་དམིགས་པ་གང་ཡིན་པ་དེ་ནི་མི་དམིགས་པ་ཡིན་ནོ་ཞེས་
བྱ་བའི་དོན་ཏོ། །དེ་ནི་མེད་པ་སྟེ་དགག་པ་དང་དེའི་ཐ་སྙད་ལ་ཅི་རིགས་པར་ངེས་པའི་འབྲས་ཅན་ཡིན་གྱི་གཞན་མ་ཡིན་ནོ། །མི་དམིགས་པ་ངེས་པར་བྱེད་པ་དེ་ཡང་གང་གི་ཚེ་ཡིན་ན། རྒྱུའམ་རང་བཞིན་དག །མི་སྣང་བ་ལ་སྣང་ཉིད་འདོད། །དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ཉིད་དུ་
ཁས་བླངས་ནས་སོ། །མི་སྣང་བ་ནི་དམིགས་པར་མ་གྱུར་ནའོ། །འདིས་ནི་རྒྱུ་མི་དམིགས་པ་དང་། རང་བཞིན་མི་དམིགས་པ་དང་དོན་གྱིས་ཁྱབ་པར་བྱེད་པ་ཡང་མི་དམིགས་པ་བསྟན་པ་ཡིན་ནོ་ཞེས་བྱ་བ་ན་མཇུག་བསྡུ་བའོ། །དེ་དེ་ལྟར་ཞར་ལ་འོངས་པ་རྫོགས་པར་བྱས་
ནས། རྗེས་སུ་དཔག་པས་ཞེས་བྱ་བ་ལ་སོགས་པས་རྣལ་མ་དང་སྦྱོར་བར་བྱེད་དོ། །སྐབས་ཀྱང་གང་ཡིན་ཞེ་ན། ཁ་དོག་སྤྱི་ལ་སྦྱོར་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པའོ། །ཞར་ལ་འོངས་པ་ཡང་གང་ཞེ་ན། དངོས་མེད་ངོ་བོ་མིན་དེ་ཉིད། །ཅེས་བྱ་བ་ལ་སོགས་པའོ། །གོ་རིམས་
འདི་སྟེ་རྣམ་པར་རྟོག་པའི་རྣམ་པར་ཤེས་པས་ཁ་དོག་གི་སྤྱི་མི་རྟག་པ་ཉིད་དང་སྦྱོར་བར་བྱེད་དོ། །གལ་ཏེ་ཡང་རྣམ་པར་རྟོག་པ་ལ་སྣང་བ་ཅན་གྱི་སྤྱི་ལ་དེ་ལྟར་ཞེན་པ་ཡིན་པ་དེ་ལྟར་ན་ཡང་དངོས་པོ་ཉིད་དུ་གྲུབ་པོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་སྔར་བཤད་པ་ཡིན་ནོ། །གང་གི་ཚེ་

བཞེད་པ་ཡིན་ཞེ་ན། རྗེས་སུ་དཔག་པས་ཏེ་ཚད་མས་ཁ་དོག་ལ་སོགས་པ་ལ་ཡོད་པའི་མི་རྟག་སྩོགས་འཛིན་པ་ཡིན་གྱི་གཞན་གྱི་ཚེ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་གཞན་ལ། གང་ལ་སྐད་ཅིག་ཐ་མ་མཐོང་བའི་ངང་ཚུལ་ཅན་གྱིས་དམིགས་པར་མ་
གྱུར་པ་ན་འདི་ཞིག་པ་ཡིན་ནོ་ཞེས་ངེས་པར་འགྱུར་བ་དེ་ལ། མངོན་སུམ་ཉིད་ཀྱིས་མི་རྟག་པའི་རང་བཞིན་རྟོགས་པའི་ཕྱིར། དེའི་ཚེ་གཟུང་བ་ངེས་པ་ཉིད་ཡིན་པ་དེ་ལྟར་ན། གཟུང་བ་འཛིན་པ་ཉིད་ཀྱི་ཕྱིར། དེའི་ཚེ་ཚད་མ་ཉིད་དུ་མི་བཞེད་དོ། །གང་གིས་དེ་ལས་ཀྱང་དངོས་
པོ་མི་རྟག་པ་ལ་སོགས་པའི་རྣམ་པ་དང་ལྡན་པ་གྲུབ་པ་ཡིན། དེ་བཞིན་དུ་རྗེས་སུ་དཔག་པས་ངེས་པ་ལས་ཀྱང་དུས་ཕྱིས་བྱུང་བ་ལ་རྟོགས་པར་བྱའོ། །གཟུང་བ་འཛིན་པའི་དངོས་པོ་ཡང་ཇི་ལྟར་ཡིན་ཞེ་ན། བཤད་པ་འདི་ལྟར་དངོས་པོ་དེ་ཡང་། དབང་པོ་ལས་ཏེ། མངོན་སུམ་
ལས་ངེས་པར་སྔར་གྲུབ་པ་ཡིན་ནོ། །དེ་ཡང་གང་ལས་ཤེ་ན། དངོས་ལས་མི་རྟག་གཞན་དུ་མེད། །དངོས་པོ་གཡོ་བ་ལས་མི་རྟག་པ་ཞེས་བྱ་བ་གཞན་འགའ་ཞིག་ཀྱང་གཞན་ན་ཡོད་པ་ཡིན་ནོ། །དེ་བས་ན་སྐད་ཅིག་མ་ཐ་མ་འདྲ་བ་གཞན་དང་མཚམས་སྦྱོར་ཅན་མ་ཡིན་པ་མངོན་སུམ་
གྱིས་ཡོངས་སུ་གཅོད་པ་ན་སྲོག་ཆགས་རྣམས་ཀྱི་དེའི་སྐད་ཅིག་མར་གནས་པའི་ཆོས་ཅན་ཉིད་ཀྱི་རང་བཞིན་འཛིན་པ་དེ་ཉིད་མི་རྟག་པ་ཡིན་པ་དེ་ལྟར་ན་མངོན་སུམ་གྱིས་གྲུབ་པ་ཡིན་ནོ། །དེ་ལྟར་ན་གང་ཞིག་གང་གི་བདག་ཉིད་དུ་གྱུར་པ་དེ་ནི་དེ་གྲུབ་པ་ན་གྲུབ་པ་ཡིན་ཏེ། དཔེར་ན་
སྒྲ་ལ་སོགས་པའི་ཆོས་ཅན་དེ་ཉིད་ཀྱི་ངོ་བོ་ལྟ་བུའོ། །གལ་ཏེ་དེའི་མི་རྟག་པ་ལ་སོགས་པའི་ཆོས་དེའི་བདག་ཉིད་དུ་གྱུར་པ་ཡིན་པ་དེའི་ཚེ། གང་གིས་ན་མ་གྲུབ་པ་ཡིན། ཅི་སྟེ་ཡང་མི་རྟག་པ་ཉིད་ལ་སོགས་པ་དངོས་པོ་ལས་དོན་གཞན་ཡིན་པ་དེའི་ཚེ། དངོས་པོ་དེ་འཇིག་པར་
མི་འགྱུར་ཏེ། གཞན་ཡོད་ན་གཞན་འཇིག་པ་ཞེས་བྱ་བ་མ་ཡིན་ནོ། །དེ་བས་ན་དངོས་པོའི་འཇིག་པའི་རང་བཞིན་དུ་གྱུར་པ་ཞེས་བྱའི་རྟོགས་པ་ཡང་རིགས་པ་མ་ཡིན་ཏེ། བདག་ཉིད་གཡོ་བ་མེད་པའི་རང་བཞིན་ཅན་གཞན་གྱི་རང་བཞིན་གཞན་དུ་མེད་པར་ནུས་པ་མ་ཡིན་ནོ། །

བདག་ཉིད་གཡོ་བ་མེད་པའི་རང་བཞིན་ཅན་ཡིན་ན་ནི། མི་རྟག་པ་ཉིད་གཞན་ཡིན་པ་འབྲས་བུ་མེད་པ་ཅན་ཡིན་ནོ། །ངོ་བོ་ཉིད་ཀྱིས་གཡོ་བའི་རང་བཞིན་ཡིན་ན་ཡང་འདི་འཇིག་པའི་ངང་ཚུལ་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་སྔར་བསྟན་ཟིན་པ་དེ་ལྟར་ན་གཞན་
མ་ཡིན་ནོ། །དེ་ཉིད་དང་གཞན་ཉིད་བརྗོད་པར་བྱ་བ་མ་ཡིན་ན་ཡང་། དངོས་པོ་མེད་པ་ཉིད་ཡིན་པའི་ཕྱིར་དེའི་རང་བཞིན་དོན་དམ་པ་མ་ཡིན་པ་དེ་ལྟར་ན་ཀུན་རྫོབ་ཏུ་མི་རྟག་པར་འགྱུར་གྱི་དོན་དམ་པར་ནི་མ་ཡིན་ནོ། །གང་ཡང་དེ་ཉིད་དང་གཞན་ཉིད་བརྗོད་པར་བྱ་བ་མ་ཡིན་པར་སྨྲ་བའི་སྒྲའི་
དོན་དེ་བློ་ལ་བཞག་ནས། དེ་ཡང་ཕྱི་རོལ་ན་མེད་པ་ཉིད་ཀྱི་ཕྱིར། རང་གི་མཚན་ཉིད་ལས་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་ཉིད་མ་ཡིན་ཏེ། གང་གི་ངོ་བོ་ཅུང་ཟད་ཅིག་པ་ཡོད་པ་ཡིན་ན་དེ་དང་དེའི་ངོ་བོ་དང་དབེན་པས་དེ་ཉིད་དམ། གཞན་ཉིད་དུ་བརྗོད་པར་བྱ་བ་རྣམ་པར་གཞག་པར་
འགྱུར་ན། གང་གི་ཡང་ངོ་བོ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ན་དེ་ཇི་ལྟར་རྣམ་པར་གཞག་པར་བྱ། རྣམ་པར་འཇོག་ན་ཡང་རང་བཞིན་ཉིད་དུ་འགྱུར་ན་དེ་ལྟར་ཡང་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །ཆོས་དང་ཆོས་ཅན་རྣམ་པར་རྟོག་པའི་བློ་ལ་སྣང་བའི་ངང་ཚུལ་ཅན་ཡང་ཕན་ཚུན་བརྗོད་པར་བྱ་
བ་ཉིད་མ་ཡིན་ནོ། །དེ་ལྟར་ན་ཆོས་ཅན་ལས་ཆོས་གཞན་མ་ཡིན་ཏེ། ཆོས་ཀྱི་སྒྲ་ནི་ཆོས་ཅན་ལས་དོན་གཞན་མ་ཡིན་པ་སྟོན་པའི་ཕྱིར་རོ། །ཆོས་ཅན་གང་ཡིན་པ་དེ་ཉིད་ཀྱང་ཆོས་མ་ཡིན་ཏེ། ཆོས་ཅན་བརྗོད་པ་བཞིན་དུ་ཆོས་བརྗོད་པའི་སྒྲ་དག་ཀྱང་། རྣམ་པར་གཅོད་པ་གཞན་
འཕེན་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་སྔར་བཤད་ཟིན་ཏོ། །དེའི་ཕྱིར་དངོས་པོ་དུ་མ་ཅན་རང་བཞིན་ཐ་དད་པ་ཅན་གྱི་དངོས་པོ་དེ་བརྗོད་མིན། མི་རྟག་པ་ཉིད་ལ་སོགས་པ་དག་ནི་དེ་ལས་རང་བཞིན་གཞན་ཉིད་དུ་མེད་པའི་ཕྱིར་རོ། །གཡོ་བ་དེའི་རང་བཞིན་ཅན་ཉིད་ལ་མི་རྟག་པ་ཉིད་
ཅེས་བརྗོད་དོ། །རང་བཞིན་གཅིག་པ་ཅན་དེ་མཐོང་བ་ན་མི་རྟག་པ་ཉིད་མཐོང་བ་ཡིན་ནོ། །སྟོབས་ལས་སྐྱེས་ཆོས་བརྗོད་བྱ་ཡིན། །དེ་དང་དེ་ལས་ལྡོག་པའི་དོན་གྱི་ངོ་བོ་མཐོང་བའི་སྟོབས་ལས་སྐྱེས་པའི་བློས་རང་གི་སྣང་བའི་འཁྲུལ་པ་ཀུན་ནས་སྟོན་པའི་ཕྱིར། ཆོས་གཅིག་

ལ་རང་བཞིན་སྣ་ཚོགས་པ་བཞིན་དུ་རྣམ་པར་རྟོག་པའི་བློ་ཉེ་བར་གཞག་པའི་ཆོས་རྣམས་ནི། དེར་སྣང་བའི་རྗེས་སུ་བྱེད་པ་དེས་ངོ་བོ་སྣ་ཚོགས་པའི་ཐ་སྙད་དུ་བརྗོད་པ་ཡིན་གྱི། རང་གི་མཚན་ཉིད་ལ་ནི་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་རྟོག་པ་ལས་སྐྱེས་པ་
ཞེས་གསུངས་སོ། །དེའི་ཕྱིར། སྤྱིའི་རྟེན་ནི་གྲུབ་པ་ན་མི་རྟག་པ་ཉིད་ལ་སོགས་པའི་ཆོས་ཀྱི་རྟེན་སྒྲ་ལ་སོགས་པའི་ཆོས་ཅན་ཆ་མེད་པ་མངོན་སུམ་གྱིས་བཟུང་བར་གྱུར་པ་ན། སྤྱི་དེ་ཉིད་ནི་གྲུབ་པ་ཡིན་དེའི་བདག་ཉིད་དུ་གྱུར་པའི་མི་རྟག་པ་ལ་སོགས་པའི་རང་བཞིན་གྲུབ་པ་ཉིད་ཡིན་
ནོ། །དེ་མ་གྲུབ་ན་མི་རྟག་པ་ཉིད་ལ་སོགས་པའི་ཆོས་དང་ལྡན་པའི་སྒྲ་ལ་སོགས་པའི་ཆོས་ཅན་མ་བཟུང་ན། དེ་ལྟར་ཆོས་དེ་དང་ལྡན་པ་སྒྲ་ལ་སོགས་པའི་ཆོས་ཅན་དེའི་རབ་ཏུ་གྲུབ་ཕྱིར་མི་རྟག་པའི་རང་བཞིན་ཤེས་པར་བྱ་བའི་ཕྱིར་རྗེས་སུ་དཔག་པ་འཇུག་པ་ཡིན་ནོ་ཞེས་བྱ་བ་ནི་
ཚིག་གི་ལྷག་མའོ། །དེའི་བདག་ཉིད་དུ་རང་བཞིན་མ་ལུས་པར་ཡོངས་སུ་བཅད་པ་ཅན་ཁ་དོག་ལ་སོགས་པའི་ཆོས་ཅན་མཐོང་བས་བཟུང་བ་མ་ཡིན་ནམ། དེ་ལྟར་ན་དེ་མ་གྲུབ་པ་ཡིན། གང་གིས་ན་དེ་དེ་ཤེས་པར་བྱ་བའི་ཕྱིར། རྗེས་སུ་དཔག་པ་ཡིན་ཞེ་ན། དེ་ནི་དེ་ལྟར་ཡིན་ཏེ།
རང་བཞིན་མ་ལུས་པ་ཕྱོགས་གཅིག་གིས་འཛིན་པ་ནི་མ་ཡིན་གྱི། འོན་ཀྱང་རྣམ་པ་ཐམས་ཅད་དུ་བཞིན་འཛིན་པ་ཡིན་ནོ། །དེ་ལ་མི་རྟག་པ་ལ་སོགས་པའི་རྣམ་པའི་ཁྱད་པར་ཐ་དད་པའི་རང་བཞིན་ཅན་འབའ་ཞིག་བཟུང་དུ་ཟིན་ཀྱང་། འཁྲུལ་པས་དེའི་ངོ་བོ་ཆོད་པ་ཅན་ཉིད་ཡིན་པའི་
ཕྱིར་ངེས་པ་མ་ཡིན་ཞིང་མ་ངེས་པ་ལས་ཀྱང་དེ་དག་མཐོང་བས་མ་བཟུང་བ་དང་འདྲ་བ་ཡིན་པ་དེ་ལྟར་ན། དེ་ནི་དེ་དག་ལ་ཚད་མ་མ་ཡིན་ནོ། །དེ་ལྟར་ན་གལ་ཏེ་དེ་ལ་མཐོང་བ་སྐྱེས་པའི་རྣམ་པ་དེ་དག་ལ་དྲན་པའི་ངེས་པ་སྐྱེད་པ་དེའི་ཚེ། དེ་ལ་དྲན་པའི་སྒོ་ནས་འཇུག་པའི་ཕྱིར་དེ་ཚད་མ་ཡིན་
གྱི། རྣམ་པ་གཞན་དུ་ནི་མ་ཡིན་ཏེ། ཚད་མ་ནི་འཇུག་པའི་འབྲས་བུ་ཅན་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་ཐམས་ཅད་ལས་ཐ་དད་པའི་དངོས་པོའི་ངོ་བོ་ལ་ཁྱད་པར་མེད་པར་མཐོང་བ་སྐྱེས་པར་གྱུར་པ་ཡིན་ན། ཅིའི་ཕྱིར་ཇི་ལྟ་བ་བཞིན་དུ་ཉམས་སུ་མྱོང་བའི་རྣམ་པ་དག་ལ་ངེས་པ་

སྐྱེད་པར་མི་བྱེད། གང་གིས་ན་དེ་དག་གི་རང་བཞིན་མ་གྲུབ་པ་ཉིད་ཡིན་ཞེ་ན། དེ་ཉམས་སུ་མྱོང་བ་ཉིད་ཀྱི་ཕྱིར་ངེས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ཁྱད་པར་ཐམས་ཅད་ལ་ཆ་མེད་པར་ཉམས་སུ་མྱོང་བ་སྐྱེ་བ་ན་ཡང་། རྣམ་པ་གང་དག་ལ་འཁྲུལ་པས་མཆོད་པ་ཡོད་ཅིང་ཆོད་པ་
མེད་ན་ཡང་རྣམ་པ་གང་ཁོ་ན་གོམས་པ་ལ་སོགས་པའི་ངེས་པའི་རྒྱུ་མཚན་ཡོད་པ་ཡིན་ཏེ། དེ་ཉིད་ཁོ་ན་ལ་ཤིན་ཏུ་དང་ཆེས་ཤིན་ཏུ་ཉེ་བས་ངེས་པར་འགྱུར་རོ། །དེས་ནི་མཐོང་བ་སྐྱེས་པ་ལ་ཡང་གང་དང་གང་ལ་ངེས་པ་དེ་ཉིད་ཐ་སྙད་དུ་རུང་བ་བཟུང་བ་ཡིན་ནོ་ཞེས་རྣམ་པར་གཞག་པ་
ཡིན་གྱི། གཞན་མ་ཡིན་པ་དེ་ལྟར་ན་ཁ་ན་མ་ཐོ་བ་མེད་དོ། །གང་གིས་ཡང་མངོན་སུམ་རང་ཉིད་ངེས་པའི་བདག་ཉིད་ཁོ་ན་ཡིན་པ་དེ་ཉིད་ཀྱི་སྐྱོན་འདི་ཡིན་ནོ། །དེ་ལྟར་ན་ངེས་པ་རྣམས་ཀྱིས་རང་གི་དོན་རྟོགས་པ་གང་ཡིན་པ་འདི་ཉིད་ནི་དོན་དེའི་ངེས་པ་ཡིན་ནོ། །དེས་ན་ཐ་དད་པའི་ཁྱད་
པར་གཅིག་གི་སྒོ་ནས་ཀྱང་། སྣ་ཚོགས་པའི་བདག་ཉིད་དུ་དེ་ལས་གཞན་པ་ལ་ཕན་འདོགས་པར་བྱེད་པ་མ་ལུས་པའི་རང་བཞིན་ཅན་གྱི་དངོས་པོ་བཟུང་བ་ན། དེའི་ངེས་པར་ཡོངས་སུ་མ་བཅད་པའི་རང་བཞིན་ཅན་མི་རུང་བའི་ཕྱིར། ཚད་མ་གཞན་འཇུག་པར་མི་འགྱུར་བ་དེ་ལྟར་ན།
མངོན་སུམ་ངེས་པའི་བདག་ཉིད་ཅན་མ་ཡིན་པ་འདོད་པར་བྱའོ། །དེ་བས་ན་བདག་ཉིད་ཇི་ལྟ་བ་བཞིན་དུ་རྒྱུ་མཚན་ཡོད་པར་སྒྲོ་འདོགས་པ་རྣམ་པར་གཅོད་པའི་ཕྱིར་རྗེས་སུ་དཔག་པ་འཇུག་པ་ཡིན་ནོ་ཞེས་བྱ་བ་དེ་རྒྱས་པར་གོང་དུ་བསྟན་ཟིན་ཏོ། །དེའི་ཕྱིར་གང་ཞིག་ལ་ལར་ཡོངས་
སུ་མི་ཤེས་ཏེ། རྒྱུད་རྒྱུན་མི་འཆད་པའི་དུས་ན། མི་རྟག་པ་ཉིད་ལ་སོགས་པའི་རང་བཞིན་ཅན་གྱི་དངོས་པོ་གང་ཡིན་པ་དེ་འཁྲུལ་ཕྱིར་ཏེ། རྒྱུའི་ཕྱིར་སྐད་ཅིག་མ་རྣམས་ཀྱི་ཐ་དད་མ་མཐོང་བ་ཡིན་ནོ། །ངེས་པར་མ་བྱས་པ་ཉིད་ཡིན་ནོ། །ཅི་དང་འདྲ་བར་ཞེ་ན་སྒོང་གི་ཐ་དད་བཞིན།
ཇི་ལྟར་སྒོང་གཉིས་ཐ་དད་པར་མཐོང་དུ་ཟིན་ཀྱང་ཤིན་ཏུ་མྱུར་བ་ལ་སོགས་པའི་འཁྲུལ་པའི་རྒྱུ་མཚན་གྱིས་ལྟ་བ་པོ་ཐ་དད་པ་མེད་པར་ཞེན་པས་སྒོང་དེ་གཉིས་ཡིན་ནོ་ཞེས་ངེས་པ་དེ་དང་འདྲ་བར་རོ། །རྒྱུ་གང་ལས་འཁྲུལ་པ་ཡང་ཡིན་ཞེ་ན། འདྲ་བ་གཞན་ནི་ཡོད་ཕྱིར་རོ། །དངོས་པོ་

སྐད་ཅིག་མར་འཇིག་པ་ཅན་ཐ་དད་པར་དམིགས་པ་དག་ལ་ཡང་ཆ་ཐ་དད་པར་མ་མཐོང་བ་ནི་འདྲ་བ་གཞན་འབྱུང་བས་འཁྲུལ་པ་དེ་ཉིད་འདི་ཡིན་ནོ་ཞེས་ཞེན་པའི་ཕྱིར། མི་རྟག་པ་བཟུང་དུ་ཟིན་ཀྱང་མ་ངེས་པ་ཡིན་ནོ། །དེ་གང་ལས་ཤེ་ན། དེ་ལྟར་རྟགས་མེད་པ་སྟེ་རྟགས་
དང་བྲལ་བ་ཉིད་ཀྱིས་སོ། །བྱིས་པའི་བར་ལ་ནི་བྱིས་པའི་མཐར་ཐུག་པ་ལ་ཡང་ངོ་། །སྐྱེ་བོས་མཐོང་བ་སྟེ། མཐོང་བའི་སྒོ་ནས་ཡོངས་སུ་གཅོད་བྱེད་ངེས་པར་བྱེད་དོ། །གང་ཞེ་ན། མར་མེ་ལ་སོགས་འཇིག་པ་ཅན། །མར་མེ་ལ་སོགས་པ་འདི་མི་རྟག་པ་ཡིན་ནོ་ཞེའོ། །ཅི་འདྲ་བར་གྱུར་
པ་ཞིག་ཅེ་ན། འདྲ་བ་མེད་པར་གཞན་འབྱུང་བ་གང་ལ་འདྲ་བ་མེད་ཅིང་མཚུངས་པ་མེད་པར་སྐད་ཅིག་མ་གཞན་འབྱུང་བ་ཡོད་པ་སྟེ། འདྲ་བའི་སྐད་ཅིག་མ་གཞན་དང་མཚམས་སྦྱོར་བ་མེད་པའི་ངང་ཚུལ་ཅན་ཞེས་བྱ་བའི་དོན་ཏོ། །དེས་ན་སྔར་འདྲ་བ་གཞན་འབྱུང་བས་མ་ངེས་པ་ཡིན་
ནོ་ཞེས་རྟོགས་པར་བྱའོ། །ཇི་ལྟར་གང་གཟུང་བ་ན་ཡང་ངེས་པ་ཉིད་མ་ཡིན་ཞེ་ན། ནུས་པ་དངོས་པོའི་རང་བཞིན་དུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུའི་ནུས་པ་དངོས་པོ་ལས་གཞན་མ་ཡིན་ཏེ། དོན་གཞན་ཉིད་ཡིན་ན་ནི་ཕན་བཏགས་པ་མེད་པའི་ཕྱིར་དེའི་འདི་ཡིན་ནོ་ཞེས་
འབྲེལ་པ་མ་གྲུབ་པའི་ཕྱིར་རམ། ནུས་པ་རྣམས་ལ་ནུས་པ་དང་ལྡན་པ་ཕན་འདོགས་པར་བྱེད་པ་ཡིན་པར་ཁས་ལེན། ནུས་པ་ལ་ནུས་པ་ཕན་འདོགས་པར་བྱེད་པ་ཡིན་ཡང་། དེ་ཐ་དད་ཡིན་པ་དེ་ལྟར་ན། ཇི་སྲིད་ཇི་སྲིད་དུ་ཐ་དད་པ་དག་ཉིད་ཀྱིས་ནུས་པ་ཐ་དད་པ་ཉིད་ལ་ཕན་འདོགས་པར་
བྱེད་དོ་ཞེས་འདོད་པ་དེ་སྲིད་དེ་སྲིད་དུ་དེའི་འདི་ཞེས་བྱ་བའི་འབྲེལ་པ་མེད་པའི་ཕྱིར་ནུས་པ་ཐུག་པ་མེད་པ་ཡིན་ན་དེ་རྒྱུ་ཉིད་དུ་མི་འགྱུར་རོ། །ནུས་པ་རང་གི་བདག་ཉིད་དུ་གྱུར་པ་དག་གིས་ནུས་པ་ལ་ཕན་འདོགས་པར་བྱེད་ན། དེ་དང་འདྲ་བར་འབྲས་བུ་ལ་ཡང་ནུས་པ་ཐ་དད་པ་མེད་པ་
ཉིད་དུ་འགྱུར་བ་དེ་ལྟར་ན། ཐ་དད་པར་རྟོགས་པ་དོན་མེད་པར་འགྱུར་བའི་ཕྱིར་དེ་ནི་བདག་ཉིད་དུ་གྱུར་པ་ཉིད་ཡིན་ནོ། །དེའི་ཕྱིར་ནུས་པ་དངོས་པོའི་རང་བཞིན་དུ་གྱུར་ཀྱང་། འབྲས་བུའི་ཡུལ་ལ་རྒྱུའི་ནུས་པ་གང་ཡིན་པ་དེ་ཡུལ་དུ་གྱུར་པ་ཡིན་ན། འབྲས་བུ་ལ་རྨོངས་རྒྱུ་མཐོང་

བ་ན་ནུས་པའི་བདག་ཉིད་དུ་གྱུར་པ་དེ་གཟུང་ན་ཡང་ངེས་པ་མེད་པ་ཡིན་ཏེ། དེ་ལ་རྣམ་པར་རྨོངས་པ་ཉིད་དུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན། མཐོང་བ་མེད་ཕྱིར་རོ་མ་མཐོང་བ་ཡང་གང་ཞེ་ན། དེ་མ་ཐག་མེད་དེ་འབྲས་བུ་དེ་མ་ཐག་པ་མེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ནུས་པ་ཆོད་པ་ཅན་གྱི་
རྒྱུ་དེ་འདྲ་བ་དེ་ཡིན་ན་གང་གི་དེ་མ་ཐག་པའི་འབྲས་བུ་མི་སྐྱེ་ཞིང་མི་སྐྱེ་ན་སྣང་བར་མི་འགྱུར་ཏེ། དེ་མ་ཐག་མ་མཐོང་བའི་ཕྱིར་དང་། དེའི་འབྲས་བུ་ཅན་མ་ཡིན་པ་ཆོས་མཐུན་པ་ཅན་ཉིད་ཡིན་པའི་ཕྱིར་ངེས་བྱེད་ཀྱི་སྐྱེས་བུ་ལ་རྣམ་པར་འབྱེད་པའི་ཕྱིར་གྱི་གསལ་མེད་ཕྱིར་རོ། །འཁྲུལ་
པའི་ཕྱིར་དེ་ལ་རྣམ་པར་ངེས་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་རྣམ་པར་རྨོངས་པ་དེ་ཉིད་བཟློག་པའི་ཆེད་དུ་ནི། རྗེས་སུ་དཔག་པ་བརྗོད་པ་ཡིན། དེ་ལྟ་མ་ཡིན་ན་གལ་ཏེ་ཇི་ལྟར་མཐོང་བ་བཞིན་དུ་དངོས་པོ་དེ་ཁོ་ན་ཉིད་ཐམས་ཅད་ལ་ཡང་སྒྲོ་བཏགས་པས་ངེས་པ་ལ་གགས་
བྱེད་པ་མེད་པ་དེའི་ཚེ། རྗེས་སུ་དཔག་པས་ཅི་ཞིག་བྱ། བློ་གྲོས་ཆེན་པོ་སྒྲོ་བཏགས་པས་མཆོད་པ་གང་ཡིན་པ་བློ་གྲོས་ཆེན་པོ་ལ་ཡངས་པ་ཅན་དེ་དག་གིས་མཐོང་ཉིད་ལས་ཏེ་གཟིགས་པ་ཉིད་ཀྱི་ཕྱིར་དངོས་པོའི་ནུས་པ་རྣམ་པ་ཐམས་ཅད་ངེས་པར་བྱེད་ཅིང་ངེས་པར་མཛད་
པར་རོ། །དེའི་ཕྱིར་ཐམས་ཅད་ལས་ནི་ལོག་པའི། རིགས་མཐུན་པ་དང་རིགས་མི་མཐུན་པ་དེ་དང་དེ་ལས་ལོག་པའི་རང་བཞིན་ཅན་ཞེས་བྱ་བའི་དོན་ཏོ། །རྣམ་པར་གནས་པའི་རང་བཞིན་ཅན་གྱི་དོན་དེ་ལ་ནི། ལྡོག་པའི་རྒྱུ་མཚན་གྱི་བློ་རྣམ་པར་གཅོད་པ་དེ་དང་དེ་ལ་བརྟེན་པའི་
རྣམ་པར་རྟོག་པ་དོན་དམ་པར་ཐ་དད་པ་མེད་པ་དེ་ལ་ཡང་། ཐ་དད་རྟེན་ཅན་བཞིན་འཇུག་སྟེ། ཡུལ་ཐ་དད་པ་བཞིན་དུའོ། །གང་དང་གང་ལས་དངོས་པོ་ལོག་པ་དེ་དང་དེ་ལ་ལྟོས་ནས་དངོས་པོ་གཞན་ལས་ལོག་པ་གང་ཡིན་པ་དེ་ལ་བརྟེན་ནས་རང་བཞིན་ཐ་དད་པ་མེད་ན་ཡང་དངོས་པོའི་
རང་བཞིན་དེ་དང་དེ་ལ་ཐ་དད་པ་བཞིན་དུ་སྟོན་པར་བྱེད་པའི་བློ་འཇུག་པར་འགྱུར་གྱི། དངོས་པོ་ཡང་དེ་འདྲ་བ་མ་ཡིན་ནོ། །དེ་དེ་ལྟར་ན་བློ་འཇུག་པ་ཡོད་ན། ཇི་སྐད་དུ་བརྗོད་སྒྲ་འཇུག་འགྱུར། །དེ་དང་དེ་ལས་ཐ་དད་པ་དེ་དང་དེ་ལ་དེའི་ཐ་དད་པ་ཤེས་པར་བྱ་བའི་ཕྱིར། བརྡར་

བྱས་པ་གང་དང་གང་ཡིན་པ་དེ་དང་དེའི་ངོར་བྱས་ནས། བརྡ་ཇི་ལྟ་བ་བཞིན་དུ་སྒྲ་ཡང་ཐ་དད་པ་ཁོ་ནར་འཇུག་པར་འགྱུར་རོ། །དེ་དང་དེ་ལས། ལྡོག་པའི་དངོས་པོ་དེ་ཡིས་ནི། །ངོ་བོ་ཉིད་ཀྱིས་བློ་སྐྱེད་འགྱུར། །རང་བཞིན་གྱིས་རང་གི་རྣམ་པ་དག་ལས་ངེས་པའི་བློ་
སྐྱེད་པར་བྱེད་དོ། །ངོ་བོ་ཅི་འདྲ་བ་ཞིག་ཅེ་ན། རང་དང་ནི་རྗེས་སུ་མཐུན་པའི་སྟེ། དེའི་བདག་ཉིད་ཇི་ལྟར་གནས་པ་དེ་ཁོ་ན་བཞིན་དུ་སྐྱེད་པར་བྱེད་དོ། །གང་གི་ཚེ་ཞེ་ན། འཁྲུལ་རྒྱུ་མེད་ན། རྒྱུ་ངེས་པ་གོམས་པ་ལ་སོགས་པ་ཡོད་ནའོ། །དེ་དེ་ལྟར་ན་དངོས་པོ་ཉིད་མི་རྟག་པ་ཉིད་ཡིན་ནོ། །
འདྲ་བ་གཞན་དང་མཚམས་སྦྱོར་བ་མེད་པའི་ངང་ཚུལ་ཅན་དེ་འཛིན་པ་ན། མངོན་སུམ་གྱིས་མི་རྟག་པ་ཉིད་གྲུབ་པ་ཡིན་ནོ་ཞེས་རང་ཉིད་ཀྱི་འདོད་པ་བསྟན་ནས། རང་གི་སྡེ་པ་ཁ་ཅིག་ཞིག་ནས་མེད་པ་མི་རྟག་པ་ཉིད་དུ་འདོད་པ་ཇི་ལྟར་གྲུབ་པ་དེ་བསྟན་པའི་ཕྱིར་མི་དམིགས་པའི་རྟགས་དག་ལས་
ཞེས་བྱ་བ་ལ་སོགས་པས་དེ་སྟོན་པར་བྱེད་དོ། །ཡང་མི་རྟག་པ་ཉིད་ནི་དངོས་པོ་ཉིད་དམ། མངོན་སུམ་གྱིས་གྲུབ་པ་ནི་མ་ཡིན་གྱི། ཞིག་ནས་མེད་པས་མི་རྟག་པ་ཉིད་དུ་འགྱུར་བ་ནི་བླ་སྟེ། དེ་ལྟར་ན་ཡང་སྐད་ཅིག་མ་ཐ་མ་མཐོང་བའི་དུས་འདི་ལའང་འཇིག་པ་གྲུབ། དེ་ཡང་མི་རྟག་
པ་ཉིད་ཀྱི་མིང་ཅན་ཡིན་ནོ། །གང་ལས་ཤེ་ན། མི་དམིགས་པའི་རྟགས་དག་ལས་སྐད་ཅིག་མ་ཐ་མ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ཕྱིས་མི་དམིགས་པའི་ཕྱིར་མི་རྟག་པ་གྲུབ་པ་ཡིན་ནོ། །དེ་ལྟར་ན། དངོས་པོ་སྔར་བྱུང་མེད་འགྱུར་བ། །མི་རྟག་ཅེས་ནི་བསྟན་པ་ཡིན། །སྔར་
སྣང་བར་གྱུར་པ་ལས་ཕྱིས་མི་དམིགས་པའི་ཕྱིར། ཤེས་པ་མེད་པ་ན་དངོས་པོ་འདི་མི་རྟག་ཅེས་བྱ་བར་རྣམ་པར་གཞག་པ་ཡིན་ནོ། །དངོས་པོ་མེད་པའི་མཚན་ཉིད་ཅན་གྱི་མི་རྟག་པ་ཉིད་ཡིན་ན། མེད་པ་ལ་ལྟོས་ནས་དངོས་པོ་འདིའི་མི་རྟག་པ་ནི་འདི་ཡིན་ནོ་ཞེས་བྱ་བའི་ཐ་དད་པའི་ཐ་
སྙད་ཐོབ་པ་མ་ཡིན་ནོ་སྙམ་དུ་སེམས་པ་རིགས་པ་ལ་སོགས་པ་གང་གི་མི་རྟག་པ་ཉིད་ཀྱི་སྒྲ་ཡིན་ནའོ། །ཅི་ཞིག་འདོད་པའི་ངང་ཚུལ་ཅན་བརྗོད་ཅེ་ན། མཐའ་གཉིས་ཆོད་ཡོད་དང་། འབྲེལ་པ་བརྗོད་པའི་ངང་ཚུལ་ཅན། །མཐའ་ཡང་དེ་ཡིན་ལ་གཉིས་ཀྱང་ཡིན་པས་ན་

མཐའ་གཉིས་སོ། །མཐའ་རྣམ་པ་གཉིས་ཞེས་བྱ་བའི་དོན་ཏོ། །ད་ལྟར་གྱིས་ཆོད་པ་ནི་མཐའ་གཉིས་པོ་དེ་ལ་ཆོད་པའོ། །མཐའ་གཉིས་པོ་ཆོད་པ་ནི་མཐའ་གཉིས་ཆོད་པའོ། །མཐའ་གཉིས་ཆོད་པ་ཡང་དེ་ཡིན་ལ་ཡོད་པ་ཉིད་ཀྱང་ཡིན་པ་དེ་ལྟར་ནའོ། །དེ་ལྟ་བུར་གྱུར་པའི་ཡོད་
པ་དེ་ཡང་མི་རྟག་པ་ཉིད་ཡིན་གྱི། ཡོད་པ་ཙམ་ཉིད་ནི་མི་རྟག་པའི་མཚན་ཉིད་མ་ཡིན་ཏེ། ནམ་མཁའ་ལ་སོགས་པ་ཡང་དེ་དང་ལྡན་པའི་ཕྱིར་མི་རྟག་པ་ཉིད་དུ་ཐལ་བའི་ཕྱིར་རོ། །འོ་ན་ཅི་ཡིན་ཞེ་ན། སྔ་ནས་མེད་པ་དང་། ཞིག་ནས་མེད་པའི་མཚན་ཉིད་ཅན་གྱི་མཐའ་
གཉིས་ཀྱི་ཁྱད་པར་དུ་གྱུར་པ་དབུས་ན་གནས་པའི་ཡོད་པ་ཉིད་གང་ཡིན་པ་དེ་ནི་མི་རྟག་པ་ཉིད་ཡིན་པའམ། དེ་ལྟ་བུར་གྱུར་པའི་ཡོད་པ་ཉིད་ཀྱི་འཕྲོད་པ་འདུ་བ་ཉིད་མ་ཡིན་ནོ་ཞེ་ན། དེ་སྐད་དུ་སྨྲ་བ་དེས་མཐའ་གཉིས་ཀྱི་དབུས་ན་གནས་པའི་ཡོད་པ་ཉིད་གང་ཡིན་པ་དེས་དེའི་
མཐའ་ཞེས་འདོད་པ་གང་། དེའི་རིགས་པ་མ་ཡིན་ནོ་སྙམ་དུ་དགོངས་ནས་གང་ལ་འདི་སྐད་ཅེས་འདྲི་བར་མཛད་པ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་སྔ་ཕྱི་མེད་ཡིན་ཡང་། །འདི་ལ། འདྲི་བར་བྱ་བ་ཅི་ཞིག་ཡོད། །སྔ་ན་མེད་པ་དང་། ཕྱི་ནས་མེད་པ་ཞེས་བྱ་བ་
གཉིས་པོ་འདི་ལ་མཐའ་ཞེས་བརྗོད་དོ་ཞེ་ན། གལ་ཏེ་དེ་ལྟ་ཡིན་ན་སྔ་ན་མེད་པ་དང་། ཕྱི་ནས་མེད་ཉིད་དངོས་པོ་མི་རྟག་ཅིས་མ་ཡིན། ཅིའི་ཕྱིར་མི་འདོད་དོ། །དེ་ཉིད་མི་རྟག་པ་ཉིད་དུ་འགྱུར་བ་ཡིན་ན། བརྒྱུད་པ་འདིས་ཅི་ཞིག་བྱ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ།
བམ་པོ་ཉི་ཤུ་དྲུག་པ། དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་དྲུག་སོགས་མི་རུང་ཕྱིར་ཞེ་ན། གལ་ཏེ་མེད་པ་མི་རྟག་པ་ཡིན་པ་དེའི་ཚེ་དེའི་སྒོ་ནས་དངོས་པོའི་ཐ་དད་པ་མི་རུང་བའི་ཕྱིར་འདིའི་མི་རྟག་པ་ཉིད་འདི་ཡིན་ནོ་ཞེས་ཐ་དད་པར་བརྗོད་པའི་ངང་ཚུལ་ཅན་གྱི་དྲུག་པ་མི་རུང་ངོ་། །སོགས་
པ་སྨོས་པས་བདུན་པ་ལ་སོགས་པའི་རྣམ་པར་དབྱེ་བ་དང་། ཆོས་དང་ཆོས་ཅན་གྱི་དངོས་པོའི་ཐ་སྙད་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གཟུང་ངོ་། །མཐའ་དེ་ཇི་ལྟར་འགྱུར་གལ་ཏེ་མེད་པའི་ཕྱིར་དངོས་པོ་ལ་དྲུག་པ་ལ་སོགས་པ་མི་རུང་བ་དེའི་ཚེ། དེ་ཡོད་པ་ཉིད་དམ་དེ་དང་འབྲེལ་

པའམ་གཞན་ལ་ལར་སྔ་ན་མེད་པ་དང་ཞིག་ནས་མེད་པ་དེ་དག་སྦྱོར་བ་ན་ཡང་། དྲུག་པ་ལ་སོགས་པ་མི་རུང་བར་འགྱུར་ཏེ། དངོས་པོ་གཞན་དུ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ཡོད་པ་ཉིད་རྟག་པ་ཡིན་ན་ཡོད་པ་དང་འབྲེལ་པ་ཡང་
རྟག་པ་ཉིད་ཡིན་ཏེ། དེ་དག་ནི་ཡོད་ཉིད་དང་འབྲེལ་རྟག་ཉིད་ཕྱིར། རྒྱུའི་ཕྱིར་དེ་དག་གི་སྔ་ན་མེད་པའམ། ཞིག་གནས་མེད་པ་ཡོད་པ་མ་ཡིན་ཏེ། རང་གི་ངོ་བོ་ཉམས་པའི་ཕྱིར་རོ། །དེ་ན་དེ་དག་གི་ཐ་མ་དག་ཏུ་ཡོད་པ་ཉིད་དང་འབྲེལ་པ་དག་གི་ཁྱད་པར་རིགས་པ་མ་ཡིན་ཏེ།
དཔེར་ན་སྔ་ན་མེད་པ་དང་ཞིག་ནས་མེད་པ་ལ་ཡོད་པ་ཉིད་ལ་སོགས་པ་ལྟ་བུའོ། །སྦྱོར་བ་ནི་གང་མི་རྟག་པར་མི་འགྱུར་བ་དེ་ནི་སྔ་ན་མེད་པ་དང་། ཞིག་ནས་མེད་པ་དག་ཏུ་ཁྱད་པར་དོན་དམ་པར་རིགས་པ་མ་ཡིན་ཏེ། དཔེར་ན་ནམ་མཁའ་ལྟ་བུའོ། །ཡོད་པ་ཉིད་དང་འབྲེལ་པ་
ཡང་མི་རྟག་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་རྒྱུ་འབྲས་མཐའ་ཡིན་ན། །སྔ་ན་མེད་པ་དང་ཞིག་ནས་མེད་པའི་ཐ་མ་ཁྱད་པར་དུ་གྱུར་པ་མ་ཡིན་པ་གང་གིས་སྐྱོན་འདི་ཡོད། འོ་ན་ཅི་ཡིན་ཞེ་ན། དངོས་པོའི་
རྒྱུ་ནི་མཐའ་གཅིག་ཡིན་ལ། དེའི་འབྲས་བུ་ནི་མཐའ་གཉིས་པ་ཡིན་ནོ། །དེས་ན་རྒྱུ་དང་འབྲས་བུར་གྱུར་པའི་ཐ་མ་དག་ཏུ་ཁྱད་པར་ཡོད་པ་མ་ཡིན་ནོ་སྙམ་པ་འདིས་ཕྱོགས་གཞན་གྱི་དོགས་པ་བསུ་བ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་པ་དེའི་ཚེ། ཁྱད་པར་མེད་པ་ཉིད་འགྱུར་ཏེ། རྒྱུ་
དང་འབྲས་བུར་གྱུར་པའི་ཐ་མ་ལ་ཁྱད་པར་ཉིད་དུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འབྲེལ་མེད་ཕྱིར་རོ། །ཁྱོད་ཀྱི་འདོད་པས་དངོས་པོ་ལ་སྔ་ན་མེད་པ་དང་ལྷན་ཅིག་དངོས་པོ་སྔ་ན་མེད་པ་ཞེས་བྱ་བའི་ཐ་སྙད་ཀྱི་འབྲེལ་པ་ཡོད་པ་མ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་གང་དང་འབྲེལ་པ་
ཡོད་པ་མ་ཡིན་པ་དེ་ནི། དེའི་ཞེས་བྱ་བའི་དོན་དམ་པའི་ཐ་སྙད་རིགས་པ་མ་ཡིན་ཏེ། དཔེར་ན་ནམ་མཁའ་དང་དུས་ལྟ་བུའོ། །དངོས་པོ་དང་སྔ་ན་མེད་པར་ཡང་འབྲེལ་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །དེ་ལྟར་ན་རིགས་པ་པ་དེ་དངོས་པོ་སྔ་

ན་མེད་པ་འདོད་མ་ཡིན། གང་གི་ཚེ་འདི་ལྟར་དངོས་པོའི་སྔ་ན་མེད་པ་མི་འདོད་པ་དེའི་ཚེ་རྒྱུ་དང་འབྲས་བུ་དག་མ་ཡིན་ནོ། །དེ་ལྟར་ན་རྒྱུ་དང་འབྲས་བུ་དག་ནི་སྔ་ན་མེད་པ་ལ་ལྟོས་ནས་འགྱུར་བ་ཡིན་གྱི། རྣམ་པ་གཞན་དུ་ནི་མ་ཡིན་ནོ། །འབྲས་བུ་ཞེས་བྱ་བ་ནི་འགའ་ཞིག་ཐག་ཉེ་བ་
ན་སྔར་མེད་པ་ལས་འབྱུང་བ་གང་ཡིན་པ་དེ་འབྲས་བུ་ཡིན་ན། གང་ཡང་སྔ་ན་མེད་པ་མ་ཡིན་པ་དེ་ནི་སྐྱེ་བ་མ་ཡིན་ནོ། །གང་གི་ཚེ་མི་སྐྱེ་བ་དེའི་ཚེ་དེ་འབྲས་བུ་མ་ཡིན་ཞིང་། གང་གི་ཚེ་དེ་འབྲས་བུ་མ་ཡིན་པ་དེའི་ཚེ། ཅུང་ཟད་ཀྱང་མི་བྱེད་ལ། གང་མི་བྱེད་པ་འདི་ལ་འབྲས་བུ་
ཡོད་པ་མ་ཡིན་ནོ། །འབྲས་བུ་ཉིད་མ་ཡིན་པའི་ཕྱིར་རྒྱུ་མ་ཡིན་ནོ། །དེ་ལྟར་ན་རྒྱུ་དང་འབྲས་བུ་དེ་དག་ཀྱང་འདི་དངོས་པོ་ལ་གྲུབ་པ་མིན་ནོ། །ཅི་འདྲ་བ་ཞིག་ཅེ་ན། ཁྱད་པར་ཅན་དེ་ཞེས་བྱ་ཅན་ཞེས་བྱ་བ་སྟེ། རྒྱུ་དང་འབྲས་བུའི་ཐ་སྙད་གང་ལ་སྔ་ན་མེད་པའི་ཁྱད་པར་ཏེ།
བྱེ་བྲག་ཡོད་པ་དེ་ནི་ཁྱད་པར་ཅན་དེའོ། །རྒྱུ་དང་འབྲས་བུར་གྱུར་པ་གང་ལ་ཁྱད་པར་ཅན་དེ་ཞེས་བྱ་བ་ཡོད་པ་དེ་ནི་ཁྱད་པར་ཅན་དེ་ཞེས་བྱ་བ་ཅན་ནོ། །སྔ་ན་མེད་པ་ལ་བརྟེན་ནས། རྒྱུ་དང་འབྲས་བུའི་ཐ་སྙད་ནི་ཐོབ་པ་ཅན་གྱི་རྒྱུ་དང་འབྲས་བུ་གྲུབ་པ་མ་ཡིན་ཏེ། ཇི་སྐད་དུ་བཤད་
པའི་རིགས་པས་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་དག་ཀྱང་གང་ཞིག་སྔ་ན་མེད་པ་ཡོད་པ་མ་ཡིན་པ་དེ་ནི་སྐྱེ་བ་མ་ཡིན་ཏེ། དཔེར་ན་ནམ་མཁའ་ལྟ་བུའོ། །དངོས་པོ་ལ་ཡང་སྔ་ན་མེད་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གང་མི་སྐྱེ་
བ་དེ་ནི་འབྲས་བུ་མ་ཡིན་ཏེ། དཔེར་ན་ནམ་མཁའ་དེ་ཉིད་ལྟ་བུའོ། །དངོས་པོ་སྔ་ན་མེད་པ་དང་བྲལ་བ་ཡང་སྐྱེ་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །གང་ལ་འབྲས་བུ་མེད་པ་དེ་ནི་རྒྱུ་མ་ཡིན་ཏེ། དཔེར་ན་གཏན་ནས་མེད་པ་ལྟ་བུའོ། །དངོས་པོར་མངོན་
པར་འདོད་པས་ཡང་འབྲས་བུ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །ཡོད་ཉིད་རང་རྒྱུ་དང་འབྲེལ་པ། །བྱེད་པའི་ཕྱིར་ནི་རྒྱུ་ཡིན་ལོ། །ཁྱེད་ཀྱིས་ཅི་འདྲ་བའི་འབྲས་བུའི་སྐྱེ་བ་བསྟན་པ་དེ་འདྲ་བ་ནི། དངོས་པོ་སྐྱེ་བར་བྱེད་པའི་ཕྱིར་རྒྱུ་ཞེས་མི་བྱའོ། །

འོ་ན་ཅི་ཡིན་ཞེ་ན། ཡོད་པ་ཉིད་དང་ལྷན་ཅིག་འབྲས་བུའི་དོན་འབྲེལ་ཅིང་ལྡན་པ་སྟེ། འཕྲོད་པ་འདུ་བ་ཞེས་བྱ་བའི་དོན་ཏོ། །ཡང་ན་རང་གི་རྒྱུ་དང་འབྲས་བུ་དེ་འབྲེལ་པ་གང་ཡིན་པ་དེ་ནི་སྐྱེ་བར་འདོད་དོ། །འོ་ན་དེ་ལྟ་ན་ནི། ཡོད་ཉིད་དེ་ཡོད་པ་ཉིད་དང་རྒྱུ་དག་
འབྲེལ་པ་དེ་ཡང་། དངོས་པོ་གཉིས་དེ་དག་ཀྱང་རྟག་ཡིན། འོ་ན་འདིར་འབྲས་ཅི། ཡོད་པ་ཉིད་དང་འབྲེལ་པར་དང་རྒྱུ་དང་འབྲེལ་པ་ལ་སྐྱེ་བར་ཁས་ལེན་པ་ན། རེ་ཞིག་ཡོད་པ་ཉིད་ནི་རྟག་པ་ཉིད་ཀྱི་ཕྱིར་བྱེད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འབྲེལ་པ་ཡང་མ་ཡིན་ནོ། །དེ་
བས་ན་ཅུང་ཟད་ཀྱང་མི་བྱེད་པ་དེ་ལྟར་ན། གང་གིས་གང་སྐྱེད་པར་བྱེད་པས་རྒྱུ་ཡིན། གང་མེད་པ་དེ་བྱས་པ་ཡིན། བདག་ཉིད་ཡོད་པ་མ་ཡིན་པ་དེ་རྒྱུས་བྱས་པ་མིན་ན། དངོས་པོ་སྔ་མེད་ལྡན་མིན་ཏེ། །དངོས་པོ་ལ་སྔ་ན་མེད་པ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འབྲེལ་
པ་ཁས་མི་ལེན་ཕྱིར་རོ། །སྔ་ན་མེད་པ་དང་ལྷན་ཅིག་འབྲེལ་པ་ཁས་མི་ལེན་པའི་ཕྱིར་རོ། །དེ་བས་ན་གང་གི་ཕྱིར་དངོས་པོ་སྔ་ན་མེད་པ་དང་། བྲལ་བ་དེ་ཉིད་ཀྱི་ཕྱིར་བྱེད་པ་མ་ཡིན་ནོ། །འབྲས་བུ་ཉིད་མ་ཡིན་པ་དེའི་ཕྱིར་རིལ་འདི་རྟག་པ་ཡིན་ཏེ། ཐོབ་པ་དེ་ལྟར་ན་འགའ་
ཞིག་ཀྱང་མི་རྟག་པ་ཉིད་དུ་མི་འགྱུར་རོ། །སྦྱོར་བ་དག་ནི་གང་སྔ་ན་མེད་པ་མ་ཡིན་པ་དེ་ནི་བྱས་པ་མ་ཡིན་ཏེ། དཔེར་ན་ནམ་མཁའ་ལྟ་བུའོ། །དངོས་པོ་ཡང་སྔ་ན་མེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པ་དང་གང་འབྲས་བུ་མ་ཡིན་པ་དེ་ནི་མི་རྟག་པ་མ་ཡིན་
ཏེ། དཔེར་ན་ནམ་མཁའ་ལྟ་བུའོ། །མངོན་པར་འདོད་པའི་དངོས་པོ་ཡང་འབྲས་བུ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་སྟེ་ཐལ་བ་བསྒྲུབ་པའོ། །གང་གི་ཚེ་འདི་ལྟར་དངོས་པོའི་སྔ་ན་མེད་པ་ལ་སོགས་པའི་འབྲེལ་བ་ཁས་མི་ལེན་པ་དེའི་ཚེ་སྐྱོན་ཡིན་
ནོ། །དེའི་ཕྱིར་སྒྲ་གང་དག་ལ་ཐ་དད་པ་མེད་པའི་དོན་དུ་མངོན་པར་འདོད་པ་སྟེ། དཔེར་ན་དངོས་པོ་སྔ་ན་མེད་པ་ཡོད་དོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཡིན་པ་དེ་ལྟར་ན། ཐ་དད་མེད་དོན་མངོན་འདོད་ཅན། །སྒྲ་ལའང་ཡུལ་དུ་གྱུར་པ་དེ་དག་ལ། །ལྡོག་པ་ནི་རྟེན་ཡིན་ཏེ་ལྡོག་པའི་རྒྱུ་

ཡིན་ནོ། །བློ་དེ་ཉིད་ནི་རྣམ་པར་རྟོག་པའི་བློ་ཉིད་དོ། །དོན་མེད། ཞེན་པ་ནི་དངོས་པོར་གྱུར་པའི་རྟེན་དང་བྲལ་བའོ། །བརྗོད་བྱ་ཐ་དད་ཚུལ་ཅན་ནི་གང་ལ་བརྗོད་བྱའི་དོན་ཐ་དད་པའི་ངང་ཚུལ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དོན་ཐ་དད་པ་མེད་ན་ཡང་བརྡའི་ངོར་བྱས་ནས་དོན་
ལ་ཐ་དད་པ་བཞིན་དུ་ཞེན་པར་བྱེད་པས་ན། ལྡོག་པའི་ཐ་སྙད་ཀྱི་རྒྱུ་མཚན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དངོས་པོར་གྱུར་པའི་འབྲེལ་པ་རྟེན་མ་ཡིན་པ་ཡང་འབྲེལ་པ་བརྟག་པར་ཇི་ལྟ་བ་བཞིན་དུ་རྒྱས་པར་བསྟན་ཟིན་པ་དེ་ལྟར་ན་འདིར་མ་བསྟན་ཏོ། །འོ་ན་གང་འདི་མི་རྟག་པ་ལ་
སོགས་པའི་རྣམ་པར་ཁ་དོག་ལ་སོགས་པ་འཛིན་པ་ཡིན་པ་དེ་ཇི་ལྟར་ཞེས་བྱ་བའི་ལན་བཤད་ནས། དེ་ནི་དུ་མར་ཞེས་བྱ་བའི་ལན་གདབ་པར་བཞེད་ནས་སྐད་ཅིག་རེ་རེར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱད་པར་ངོ་ཤེས་ནི་སྔར་ཡོངས་སུ་མཐོང་བའི་རྟགས་ལས་ངོ་ཤེས་
པ་གང་ཡིན་པ་དེ་ནི་དེ་ཉིད་འདི་ཡིན་ནོ་ཞེས་བྱའོ། །དེ་ནི་ཚད་མ་ཉིད་མ་ཡིན་གྱི། འོན་ཀྱང་འཁྲུལ་པའི་ཤེས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྐད་ཅིག་རེ་རེར་ཐ་དད་ཕྱིར་མཐོང་བ་གང་ཡིན་པ་དེ་ནི་འགག་པ་ཡིན་ལ་དེ་ཉིད་ནི་གཞན་ཡིན་ཏེ། ཕྱིས་གཞན་ལ་དེ་མ་ཡིན་པ་
ལ་དེ་ཉིད་འདི་ཡིན་ནོ་ཞེས་འཛིན་པ་ནི་འཁྲུལ་པའི་ཤེས་པ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི་ཇི་ལྟར་མཐོང་བ་ཉིད་ཀྱི་ཁྱད་པར་དེ་བཟུང་བ་ནི་མ་ཡིན་གྱི་འོན་ཀྱང་སྤྱི་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ཡིན་ན་ཁྱད་པར་ཡུལ་ཅན་མ་ཡིན་ནོ། །རྗེས་སུ་དཔག་པ་དེ་ནི་ཁྱད་པར་མཐོང་བ་ཞེས་
བརྗོད་པར་བྱ་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མཐོང་བ་མཚུངས་པ་དེ་འཛིན་ཕྱིར། །སྔ་ཕྱིར་མཐོང་བའི་ཕྱིས་ཕྱི་མ་འཛིན་པའི་ཕྱིར་རྗེས་སུ་དཔག་པ་དེ་ནི་སྤྱི་མཐོང་བ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ནི་འགྱུར་མོད་ཀྱི། འདིར་མེའི་སྤྱི་ཙམ་འཛིན་པ་འབའ་ཞིག་ནི་
མ་ཡིན་ཏེ་འོན་ཀྱང་། སོ་སོར་ངེས་པའི་ཡུལ་དུ་གནས་པའི་མེའི་ཁྱད་པར་སྤྱིའི་སྒོ་ནས་ཤེས་པའི་ཕྱིར་རོ་ཞེ་ན། ཁྱད་པར་ལ་བརྟེན་པ་འདི་ཙམ་གྱིས་ནི་མི་ཉམས་པ་མ་ཡིན་ནོ། །དེ་ལྟར་ན་ཨ་ཀ་རུའི་དུ་བ་ལ་སོགས་པས་དེ་སྐྱེད་པར་བྱེད་པའི་མི་ཤེས་པ་ན་ཡང་མེའི་སྤྱི་ཉིད་

རྟོགས་པ་ཡིན་གྱི། སོ་སོར་ངེས་པ་ཁྱད་པར་ཅན་ནི་མ་ཡིན་པ་དེ་ལྟར་ན་གང་དེ་ནི་ཅིར་ཡང་མི་རུང་ངོ་། །དེ་ལྟར་ནི་འགྱུར་མོད་ཀྱི་གལ་ཏེ་དེ་ཉིད་དཔེ་ཡིན་པ། དེ་ལྟར་སྤྱི་འཛིན་མ་ཡིན་ན་གང་ལ་དཔེ་དང་དཔེས་བསྟན་པ་ཐ་དད་པ་དེ་ལ་དེ་དག་ནི་སྤྱིར་རྗེས་སུ་དཔག་པར་
འགྱུར་ལ་འདིས་ནི་དཔེས་བསྟན་པ་གང་ཡིན་པ་དེ་ཉིད་དཔེ་ཡིན་ཏེ། དཔེར་ན་དེ་ཉིད་འདི་ཡིན་ནོ་ཞེས་རབ་ཏུ་བསྟན་པའི་ཕྱིར་རོ། །དེའི་ཕྱིར་སྤྱིའི་སྒོ་ནས་རྗེས་སུ་དཔག་པ་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ཡིན་པ་དེའི་ཚེ་དཔེ་ནི་གྲུབ་པ་ཡིན་པར་འགྱུར་གྱི། མ་གྲུབ་པ་མ་ཡིན་པ་དེ་
ལྟར་ན། དཔེ་ཉིད་ཡིན་པའི་ཕྱིར་འདི་ཉིད་ཀྱིས་གྲུབ་པར་འགྱུར་ཏེ། དཔེ་ཉིད་ཡིན་ཕྱིར་རྒྱུ་ཡི་ཕྱིར། །གྲུབ་པ་འདི་ལ་སྟེ། སྔར་ཡོངས་སུ་མཐོང་བ་ལ་ཤེས་པར་བྱེད་པའི་ཚད་མས་ཀྱང་ནི་ཅི་ཞིག་བྱ་དགོས་པ་ཅུང་ཟད་ཡོད་པ་མ་ཡིན་ཏེ། སྒྲུབ་པར་བྱེད་པ་ནི་མ་རྟོགས་པ་ཤེས་
པར་བྱེད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་རྗོད་བྱེད་སྐྱོན་མེད་ན། །གལ་ཏེ་ཡང་དེས་སྔར་དེ་བཟུང་ཟིན་པ་དེ་ལྟར་ན་ཡང་ཆོད་པས་བརྗོད་པ་ཡིན་ལ། བརྗོད་པ་ཉིད་ཀྱི་ཕྱིར་ཕྱིས་ཀྱང་རྟགས་ཀྱི་རྟོགས་པ་ཡིན་ནོ་ཞེ་ན། གལ་ཏེ་དོན་དེ་བཟུང་བ་
བརྗེད་པ་ཡིན་པ་དེའི་ཚེ། དེ་ཉིད་ཕྱིར་ན་བརྗེད་པ་ཉིད་ཀྱི་ཕྱིར་མ་གྲུབ་པ་ནི་རྟོགས་པའི་ཡན་ལག་མ་ཡིན་པ་དེ་ལྟར་ན་དཔེ་མ་ཡིན་ཏེ། མ་གྲུབ་པ་དཔེར་འགྱུར་བ་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྟོགས་པའི་ཡུལ་ཅན་ཚད་མར་འགྱུར་བར་རིགས་པ་མ་ཡིན་ཏེ། ཁྱད་
པར་མཐོང་བ་ཞེས་བྱ་བ་ངོ་ཤེས་པ་དྲན་པ་བདག་ཉིད་ཀྱིས་རྟོགས་པའི་ཡུལ་ཅན་ཉིད་དུ་ཁས་བླངས་པ་ཡིན་པས། དཔེ་དེ་ཉིད་ཀྱིས་དེ་ཉིད་རྟོགས་པར་ཁས་ལེན་པའི་ཕྱིར་དང་མ་གྲུབ་པ་ཡང་དཔེ་ཉིད་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཁྱད་པར་མཐོང་བ་ལ་ཚད་མར་ནུས་པ་
ཡོད་པ་མ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་མཐོང་བ་དེ་དངོས་ནི། །ཚད་མས་གྲུབ་ན་དེ་ལྟར་གྱི་དོན་མཐོང་བ་འདི་ཡིན་ནོ་ཞེས་བྱ་བའི་ཤེས་པའི་ཡུལ་ཉིད་ཡིན་པས་ན་དེའི་དངོས་པོ་སྟེ། སྔར་མཐོང་བའི་དོན་གྱི་དངོས་པོ་གང་ཡིན་པ་དེ་ཁོ་བོས་སྔར་མཐོང་བ་དེ་ཉིད་ད་

ལྟར་མཐོང་བ་དེ་འདི་ཡིན་ནོ་ཞེས་ད་ལྟར་མཐོང་བའི་དོན་ལ་སྔར་མཐོང་བའི་དོན་གྱི་དངོས་པོའི་ཆོས་རྟོགས་པ་མེད་པར་ཁྱད་པར་མཐོང་བ་ཞེས་བྱ་བའི་ཚད་མས་རྟོགས་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། རྣམ་པ་གཉི་ག་ལ་སྐྱོན་ཡོད་པའི་ཕྱིར་རོ། །རེ་ཞིག་གལ་ཏེ་དུས་སྔ་ཕྱིར་མཐོང་
བའི་དོན་ཐ་དད་པ་ཡིན་པ་དེའི་ཚེ། དངོས་པོ་གཞན་ལ། དེ་ཉིད་སྒྲོ་འདོགས་ཕྱིན་ལོག་ཡིན། །དངོས་པོ་གཞན་ཉིད་ལ་གཞན་དུ་དེ་ཉིད་འདི་ཡིན་ནོ་ཞེས། དོན་དེའི་དངོས་པོ་དེ་ཉིད་དུ་སྒྲོ་འདོགས་པ་ནི་ཕྱིན་ཅི་ལོག་ཡིན་གྱི། ཚད་མ་ཉིད་དུ་འགྱུར་བ་མ་ཡིན་ཏེ། ཐ་དད་པར་
གྱུར་པ་དག་ལ་གཅིག་ཉིད་དུ་ཞེན་པའི་ཕྱིར་རོ། །ཅི་སྟེ་དུས་སྔ་ཕྱིར་མཐོང་བའི་དོན་དེ་དག་ཐ་དད་པ་མེད་པ་དེའི་ཚེ། དེ་གྲུབ་ཕྱིར་ན་ཚད་ཉིད་ཡིན། །ཁྱད་པར་མཐོང་བའོ། །ཁྱད་པར་མེད་པའི་དོན་དེ་ནི་གཅིག་ཉིད་ཡིན་ལ་དེ་ཡང་སྔར་མཐོང་བ་དེ་གྲུབ་པའི་ཕྱིར་ཏེ། མཐོང་བའི་ཡུལ་
ཅན་གྱི་མཐོང་བ་དང་དྲན་པའི་འདུ་བྱེད་ཉམས་པ་མེད་པའི་ཕྱིར་དེ་ཡུལ་ཅན་གྱི་ཤེས་པ་ཕྱི་མ་ཚད་མ་མ་ཡིན་ཏེ། སྔར་གྱི་མཐོང་བ་བརྗེད་ན་ནི་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བར་མི་འགྱུར་རོ། །སྔར་མཐོང་བའི་དོན་གྱི་དངོས་པོ་དེའི་ཆོས་མ་རྟོགས་པ་ཕྱིས་རྟོགས་པ་ཡིན་ནོ་
ཞེས་བཤད་པ་མ་ཡིན་ནམ། བཤད་པ་ནི་བདེན་ཏེ། དེ་ཡང་རིགས་པ་མ་ཡིན་ཏེ། གང་གིས་ན་དོན་གྱི་ཆོས་ཅུང་ཟད་གང་ཡིན་པ་འདི་ནི་དེའི་རང་བཞིན་ལས་ཕྱི་རོལ་དུ་གྱུར་པ་ནི་མ་ཡིན་ན། སྔར་མེད་ཅིང་ཕྱིས་འབྱུང་བ་ཡིན། གལ་ཏེ་འགྱུར་ན་དེ་ཉིད་དེ་དག་གི་རང་བཞིན་གྱི་རྟེན་ཐ་དད་པ་ཡིན་པ་དེ་
ལྟར་ན་ཐ་དད་པ་ཉིད་དུ་འགྱུར་རོ། །དེའི་ཡང་སྐྱོན་བཤད་ཟིན་ཏོ། །དེ་བས་ན་སྐྱེས་བུ་ལྟ་བ་པོས་དེ་ཉིད་འདི་ཡིན་ནོ་ཞེས་དེ་འབའ་ཞིག་རྣམ་པར་རྟོག་པ་ཙམ་གྱིས་གཅིག་ཏུ་བྱེད་པ་ཡིན་གྱི། དོན་གྱི་རང་བཞིན་གྱི་ཁྱད་པར་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར། མངོན་སུམ་
ཅིག་ཤོས་ལ་གཅིག་ཕྱིར། །གཅིག་གྲུབ་གཉི་ག་ལ་ཡང་ཡིན། །སྔར་མཐོང་བ་གང་ཡིན་པ་དེ་ཉིད་མངོན་སུམ་དུ་འདོད་པ་ཁྱད་པར་མེད་པ་ཕྱིས་འབྱུང་བ་ཡིན་ནོ། །དེ་ལ་གཅིག་ལ་གྲུབ་པ་ན་གཞན་ལ་གྲུབ་པ་ཉིད་ཡིན་པ་དེ་ལྟར་ན། དེ་ཤེས་པ་ཕྱི་མ་ནི་ཚད་མ་ཉིད་མ་ཡིན་ནོ། །

འོན་ཀྱང་ཞེན་པའང་སྟེ། ངེས་པ་མཁས་པ་རིགས་པར་ཤེས་པ་དག་གིས་ཤེས། ཅི་འདྲ་བ་ཞིག་ཅེ་ན། གཞན་དང་མཚམས་ནི་སྦྱོར་བ་ཡི། །དུས་སྔར་འབྱུང་བའི་ངང་ཚུལ་ཅན་མཐོང་བ་དང་ངོ་། །དེ་ལ་མཚམས་སྦྱོར་བ་ཞེས་བྱ་བ་ནི་མཐོང་བའི་འདུ་བྱེད་ལ་
རྨོངས་པ་ཅན་གྱི་སྔོན་མཐོང་བའི་རྣམ་པ་འཛིན་པར་ཞེན་པའོ། །དེའི་ཁྱད་པར་མཐོང་བ་འདི་ལ་མཐོང་བ་ཉིད་དུ་འདོད་པ་ཡོད་པ་ཡིན་ནོ་ཞེས་ཤེས་པ་ཉིད་ཡིན་ཏེ། ཁྱད་པར་ཡང་བརྗོད་པར་བྱའོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་དེ་རྟགས་ལ་ལྟོས་ཕྱིར། །དྲན་མིན་གལ་ཏེ་དྲན་པར་
འགྱུར་ན། དུ་བ་ལ་སོགས་པའི་ཉེ་བར་མཚོན་པ་ལ་ལྟོས་པ་མ་ཡིན་ལ། ལྟོས་པ་ཡང་དེ་ཉིད་འདི་ཡིན་ནོ་ཞེས་འགྱུར་བ་དེའི་ཕྱིར་དྲན་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ཚད་མ་ཉིད་ཡིན་ནོ་ཞེ་ན། དེ་ལྟར་ནི་མ་ཡིན་ཏེ། འཁྲུལ་ཕྱིར་རོ། །རེ་ཞིག་དྲན་པ་ནི་རྒྱུ་མཚན་མེད་པར་སྐྱེ་བ་
མ་ཡིན་ཏེ། ཐམས་ཅད་ལ་དུས་ཐམས་ཅད་དུ་ཐལ་བའི་ཕྱིར་རོ། །དེས་ན་འགའ་ཞིག་གི་ཚེ་དེ་འབད་རྩོལ་ལ་སོགས་པ་མཐུན་པ་ཡོད་ན་འགྱུར་ཞིང་འགའ་ཞིག་གི་ཚེ་ཕྱི་རོལ་གྱི་རྟགས་འགའ་ཞིག་ལ་ལྟོས་ནས་སྐྱེ་བར་འགྱུར་རོ། །དེས་ན་གལ་ཏེ་དེ་རྟགས་ལ་ལྟོས་ཕྱིར་ཞེས་བྱ་བ་འདིར་
ཚུལ་གསུམ་པའི་རྟགས་ལས་འགྱུར་རོ་ཞེས་བྱ་བ་གཏན་ཚིགས་ཀྱི་དོན་ཡིན་པ་དེའི་ཚེ། གཏན་ཚིགས་མ་གྲུབ་པ་ཡིན་ཏེ། ཚུལ་གསུམ་པ་མེད་པའི་ཕྱིར་རོ། །ཅི་སྟེ་རྟགས་མཐོང་བ་གང་ཡིན་པ་འགའ་ཞིག་ལས་ཞེས་བྱ་བ་ཡིན་པ་དེའི་ཚེ་ཡུལ་ལ་སོགས་པ་མཐོང་བ་དང་འདྲིས་པ་
ཀུན་རྫོབ་ལ་སོགས་པས་ཀྱང་ངོ་ཤེས་པ་འབྱུང་བར་འགྱུར་ན། ཡུལ་ལ་སོགས་པ་དེ་ནི་དེའི་མ་འཁྲུལ་བའི་རྟགས་ཀྱང་མ་ཡིན་ནོ་དེ་ལྟར་ན་འཁྲུལ་པ་ཡིན་ནོ། །གནས་སྐབས་སྔ་ཕྱི་དག་ལ་ཡང་ཐ་དད་པ་མེད་པར་བསྟན་པ་ནུས་པ་མ་ཡིན་ན། གང་གིས་ན་དེ་ཁྱབ་པར་མཐོང་བ་
ཡིན་པར་འགྱུར། ཁྱད་པར་མེད་པ་ཡིན་ན་ཡང་སྔར་གྱི་མངོན་སུམ་གང་ཡིན་པ་དེ་ནི་ཕྱིས་ཀྱང་དེ་ཉིད་ཡིན་པ་དེ་ལྟར་ན། ཐ་དད་པ་མེད་པ་ཉིད་ཀྱི་ཕྱིར་ལྐོག་ཏུ་གྱུར་པ་ཞེས་བྱ་བར་མི་འགྱུར་ན། རྣམ་པར་ཕྱེ་བ་འདི་ཡང་ཡོད་པ་ཡིན་ནོ། །དེ་བས་ན་ཁྱད་པར་ཁོ་ན་མཐོང་བ་མ་ཡིན་པ་དེ་ལྟར་ན།

དོན་གཅིག་དུ་མར་མཐོང་བ་སྲིད་པ་ཡོད་པ་མ་ཡིན་ནོ། །དེ་བས་ན་དུ་མར་ཞེས་བྱ་བ་འདི་ཡང་འཁྲུལ་པ་ཡིན་ནོ། །གྲངས་ལ་སོགས་པ་ལ་ལོག་པར་རྟོགས་པ་བཞིའི་ནང་ནས། གྲངས་ལ་ལོག་པར་རྟོགས་པ་བསལ་ནས། རང་གི་ངོ་བོ་ལ་ལོག་པར་རྟོགས་པ་བསལ་བར་བཞེད་པས།
མངོན་སུམ་རྟོག་དང་བྲལ་བ་ཅན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དབང་པོ་ལ་བརྟེན་པས་ན། མངོན་སུམ་ཞེས་བྱ་བ་འདིས་ནི་མཚན་ཉིད་ཀྱི་གཞི་བསྟན་ཏོ། །རྟོག་དང་བྲལ་བ་ཅན་ཞེས་བྱ་བ་ནི་མཚན་ཉིད་ཡིན་ཏེ། རྟོག་པ་ལས་བྲལ་བའམ། འདི་ལ་རྟོག་པ་དང་བྲལ་བ་ཅན་ནམ་
རྟོགས་པས་བྲལ་བ་ནི་བྲལ་ཞིང་སྤངས་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །སློབ་དཔོན་གྱིས་འདིར་རྟོག་པ་དང་མ་འདྲེས་པ་ལ་མངོན་སུམ་ལས་འཐད་པ་ཅུང་ཟད་ཀྱང་མ་བཤད་དེ། འདི་ལྟར། མངོན་སུམ་རྟོག་དང་བྲལ་བ་ཅན། །མངོན་སུམ་ཉིད་ཀྱིས་གྲུབ་པར་འགྱུར། འདི་ལ་
རིགས་པ་གཞན་གྱིས་ཅི་ཞིག་བྱ། ཇི་ལྟར་ཞེ་ན་ཀུན་གྱི་རྣམ་རྟོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུ་ཀུན་གྱི་རྣམ་རྟོག་ནི། །སོ་སོར་རང་གིས་རིག་བྱ་ཡིན། །རང་རིག་པའམ་ཤེས་པ་གཞན་གྱིས་སོ། །ཅི་འདྲ་བ་ཞིག་ཅེ་ན་མིང་རྟེན་ཅན་གང་ལ་མིང་ལ་རྟེན་ཡོད་པའམ།
མིང་གི་རྟེན་ཡིན་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །རྣམ་པར་རྟོག་པ་བརྗོད་པ་དང་འདྲེར་རུང་བ་ཞེས་བྱ་བའི་དོན་ཏོ། །དེས་ནི་མཐོང་བ་ལས་གཟུང་བ་དང་འཛིན་པ་ཡོད་པ་ཡང་རྟོག་པ་མེད་པ་ཉིད་ཡིན་ནོ་ཞེས་བཤད་དོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། རྣམ་པར་རྟོག་པ་དང་
འདྲེས་པའི་མཐོང་བ་ཅན་དེ་ནི་མངོན་སུམ་ཡིན་པ་དེ་ཉིད་ཀྱི་ཕྱིར། རྟོག་དང་བྲལ་བ་གྲུབ་པ་ཡིན་ནོ། །དེ་ལྟར་ན་དེ་ནི་རྣམ་པར་རྟོག་པ་དང་བྲལ་བའི་བདག་ཉིད་ཡོངས་སུ་བཅད་ནས་སྐྱེ་བར་འགྱུར་རོ། །དེ་ལྟར་ན་མི་དམིགས་པ་ལས་རྟོག་པ་དང་བྲལ་བ་གྲུབ་པས་ན། རྗེས་སུ་དཔག་
པས་གྲུབ་པ་མ་ཡིན་ནམ། ཇི་ལྟར་ན་འདི་མངོན་སུམ་ཉིད་ཀྱིས་གྲུབ་པར་འགྱུར་ཞེ་ན། བདེན་ཏེ། མི་དམིགས་པ་ནི། རྣམ་པར་གཅོད་པ་ཙམ་མམ། མེད་པ་བསྒྲུབ་པར་བྱ་བ་མ་ཡིན་ཏེ། འོན་ཀྱང་མ་ཡིན་པར་འཇུག་པས་གཞན་དམིགས་པ་ཡིན་ནོ། མཐོང་བའི་རང་བཞིན་ཉིད་

ཀྱིས་མེད་པ་གྲུབ་པ་ཡིན་ན་ཡང་རྨོངས་པ་ལ་ཐ་སྙད་འཇུག་པར་བྱེད་དོ། །དེ་ནི་གཞན་དུ་རྒྱས་པར་དཔྱད་ཟིན་པས་འདིར་ཡང་མ་སྤྲོས་པ་དེ་ལྟར་ན་སྐྱོན་མེད་དོ། །ཐམས་ཅད་ཅེས་བྱ་བ་ལ་སོགས་པས་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་སྟོན་པར་བྱེད་དོ། །ཐམས་ཅད་ལ་
ནི་དཔྱོད་བསྡུས་ནས། ཡུལ་ཐམས་ཅད་ལས་རྣམ་པར་རྟོག་པ་བཟློག་ནས་སོ། །ནང་གི་བདག་ཉིད་གཡོ་མེད་པས། །ཡིད་དང་མིང་དང་རྣམ་པར་རྟོག་པའི་ངོ་བོ་མ་ལུས་པ་ནུབ་པར་གྱུར་པས་སོ། །གནས་ནའང་མིག་གིས། མིག་གི་དབང་པོའི་བློ་གང་ཡིན་པས་གཟུགས་དག་ནི་སྐྱེས་
བུས་མཐོང་བའི་བློ་དེ་དབང་སྐྱེས་ཡིན་མངོན་སུམ་རྟོག་པ་དང་བྲལ་བ་ཡིན་ནོ། །དབང་པོའི་བློ་ལ་རྣམ་པར་རྟོག་པ་ཡོད་མོད་ཀྱི། འོན་ཀྱང་ངེས་པ་མ་ཡིན་ནོ་ཞེས་བྱ་བ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་རྟོག་པ་མེད་པའི་གནས་སྐབས་ལས་དུས་ཕྱིས་སྐྱེས་བུ་ཡང་ཅུང་ཟད་ཅིག་རྣམ་རྟོག་པ་
ཁོ་བོའི་རྣམ་རྟོག་དེ་འདྲ་འགྱུར་ཅེས་རིགས་དེ་གལ་ཏེ་དབང་པོའི་ཤེས་པ་དེ་ཡིན་པར་གྱུར་ན་སྔར་ཡང་ངེས་པར་འགྱུར་ན། སྔར་བཤད་གནས་སྐབས་ཀྱི། རྣམ་པར་རྟོག་པ་བསྡུས་པའི་གནས་སྐབས་ཀྱི་དབང་པོ་ལ་རྟོག་པ་མེད་དོ། །དབང་པོའི་རྣམ་པར་ཤེས་པ་ལ་ངེས་པ་མ་ཡིན་ནོ། །དེས་
ན་དེ་དེ་ལ་ཡང་ཡོད་པ་མ་ཡིན་ནོ་ཞེས་ཤེས་པར་འགྱུར་རོ། །འདིས་ཀྱང་མངོན་སུམ་ནི་རྟོག་པ་དང་བྲལ་བ་ཁོ་ན་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཁྱད་པར་གཅིག་ལ་མཐོང་བ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གང་ལ་སྒྲ་སྦྱོར་བ་ན། དེའི་མིང་དེ་དང་འདྲེས་པའི་ཤེས་པས་གཟུང་བར་
འགྱུར་ན། རང་གི་མཚན་ཉིད་ལ་སྒྲ་སྦྱོར་བ་མ་ཡིན་ནོ། །དེ་ལྟར་ན་གཅིག་ལ་ཅིག་ཅར་སྒྲ་སྦྱོར་བ་ལས་ཐམས་ཅད་དུ་དོན་རྟོགས་པར་བྱ་བའི་ཕྱིར་འདི་སྦྱོར་བ་ཡིན་ན། ཁྱད་པར་གཅིག་ལ་བྱེ་བྲག་ལ། མཐོང་བ་ནི་བརྡའི་དུས་ན་ཡང་ཡུལ་ལ་སོགས་པ། གཞན་འབའ་ཞིག་ལ་མཐོང་
མི་འགྱུར། དེ་ལྟར་ན་དབང་པོས་གཟུང་བའི་དོན་ཐ་སྙད་ཀྱི་དུས་ན་ཉེ་བར་སྦྱོར་བ་ཅན་མ་ཡིན་པས་དེ་ལ་སྒྲ་སྦྱོར་བ་མ་ཡིན་ཏེ། འདི་ནི་ཐ་སྙད་ཀྱི་དོན་ཅན་ཉིད་ཡིན་པའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་ཐ་སྙད་ཀྱི་དུས་ན་རྗེས་སུ་འགྲོ་བའི་ངང་ཚུལ་ཅན་མ་ཡིན་པའི་དོན་དེ་ལ་ནི་ཐ་སྙད་འདོགས་

པ་པོ་དག་གིས་སྒྲ་སྦྱོར་བ་བྱེད་པ་མ་ཡིན་ཏེ། དཔེར་ན་དོན་གཞན་ལ་ཐ་སྙད་ཀྱི་དུས་ན་ཡོད་པ་མ་ཡིན་པ་ལྟ་བུའོ། །ཁྲ་མོའི་ཁྱད་པར་གཅིག་ཀྱང་ཡུལ་དང་དུས་གཞན་གྱི་བ་ལང་གི་ཐ་སྙད་ཀྱི་རྗེས་སུ་འགྲོ་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །གང་གི་ཚེ་ཕན་ཚུན་
ལྡོག་པའི་ངོ་བོ་ཅན་གྱི་ཁྱད་པར་སྒྲ་མི་སྦྱོར་བ་དེའི་ཚེ། ཇི་ལྟར་ན་མཐོང་བས་དེ་དང་འདྲེས་པར་རང་བཞིན་ཁྱད་པར་ཅན་གྱི་དོན་འཛིན་པར་འགྱུར། སྦྱོར་བ་ནི་གང་ཞིག་གང་ལ་སྒྲ་མི་འགོད་པ་དེ་ནི། ཁྱད་པར་ཅན་གྱི་དོན་དེ་འཛིན་པ་མ་ཡིན་ཏེ། བ་ལང་གི་རྫས་རྟའི་སྒྲ་མ་སྦྱར་བ་ཅན་ཁྱད་པར་ཅན་
གྱི་རྟ་འཛིན་པ་མ་ཡིན་པ་ལྟ་བུའོ། །བ་ལང་གི་ཁྱད་པར་ལ་ཡང་སྒྲ་མི་འགོད་པ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པའོ། །སྤྱི་ལ་སྒྲ་འགོད་པར་ཁས་ལེན་པས་ཀྱང་གྲུབ་པ་ལ་སྒྲུབ་པ་མ་ཡིན་ཏེ། འདི་ལྟར་ཁྱད་པར་དེ་ལས་སྤྱི་གཞན་ཐ་དད་པ། ཐ་དད་པའམ་ཐ་དད་པ་མ་ཡིན་
པའམ་རྟག་པ་གཅིག་པུ་དབང་པོ་གཅིག་གི་གཟུང་བར་བྱ་བ་གསལ་བའི་ཁྱད་པར་རྣམས་ཀྱི་རྗེས་སུ་འགྲོ་བའི་ཕྱིར་སྤྱིའི་ངོ་བོ་ཡོད་མིན། གང་ལ་སྒྲ་སྦྱོར་བར་བྱེད། ཅིའི་ཕྱིར་ཞེ་ན། བློ་ཐ་དད་མེད་ཕྱིར་སྤྱི་འདི་དང་དེ་དང་ལྡན་པ་འདི་ཞེས་བྱ་བ་ལྟར་སྣ་ཚོགས་པར་སྣང་བ་ཅན་གྱི་བློ་ལ་སྣང་
བ་མེད་པའི་ཕྱིར་རོ། །འདིས་ནི་སྤྱི་མེད་པའི་ཐ་སྙད་རྟོགས་པའི་ཕྱིར་རང་བཞིན་མི་དམིགས་པ་བསྟན་ཏོ། །གང་གི་ཕྱིར་འདི་ལྟར་སྤྱི་མེད་པ་དང་ཁྱད་པར་ལ་སྒྲ་མི་འགོད་པ་དང་། འདིས་འདི་མིང་དང་མ་འདྲེས་པ་ཉིད་མཐོང་བ་དེའི་ཕྱིར་ཁྱད་པར་ཡུལ་ཅན་ཉིད། མིང་དང་འདྲེས་པའི་ངང་ཚུལ་
ཅན་མ་ཡིན་པ་ཐམས་ཅད་དབང་པོ་ལས་སྐྱེས་པ་ཡིན་ཞེས་བྱ་བར་རྟོགས་པར་བྱའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ཁྱད་པར་རྣམས་ལ་ཕན་ཚུན་འདྲེ་བ་ཅན་མ་ཡིན་པ་རྣམས་ལ་སྒྲ་རྣམས་ནི་འཇུག་ལ་ཡོད་པ་མ་ཡིན་ནོ་ཞེས་བྱ་བས་སྔ་མ་ཉིད་གཞུང་བཙུགས་པ་ཡིན་ནོ། །ཅིའི་ཕྱིར་སྒྲ་
རྣམས་ཁྱད་པར་ལ་འཇུག་པ་མ་ཡིན་ཞེ་ན། ཁྱད་པར་རྗེས་འགྲོ་མེད་པའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། གཅིག་ལ་ཁྱད་པར་མཐོང་བ་ཐ་སྙད་ཀྱི་དུས་སུ་ཉེ་བར་འཇོག་པ་མེད་པའི་རྒྱུ་ཡིན་པའི་ཕྱིར་དེ་ལ་བརྡ་ནི་འཇུག་པ་མ་ཡིན་ནོ། །འདིས་ནི་གང་ཞིག་ཐ་སྙད་ཀྱི་དུས་ན་རྗེས་སུ་འགྲོ་བའི་ངང་

ཚུལ་ཅན་མ་ཡིན་པའི་དོན་ཞེས་བྱ་བའི་སྦྱོར་བའི་དོན་བཤད་པ་ཡིན་ནོ། །སྒྲ་རྣམས་ཡུལ་ཡང་གང་དེ་ཉིད་དོན་ལ་སྒྲ་དེ་རྣམས་ཉིད་ནི་སྦྱོར་བར་བྱེད། དོན་འདིའི་སྦྱོར་བར་བྱེད་པ་ནི་འདི་ཡིན་པ་དེ་ལྟར་ན་གཞན་མ་ཡིན་ནོ། །དབང་པོའི་དོན་རྗེས་སུ་འགྲོ་བ་ཅན་མ་ཡིན་
པ་ནི་སྒྲ་རྣམས་ཀྱི་ཡུལ་མ་ཡིན་པ་དེ་ལྟར་ན་དེ་ལ་སྒྲ་འགོད་པ་མ་ཡིན་ཞིང་མི་འགོད་པའི་ཕྱིར་དེ་ཡང་དེས་དོན་ཁྱད་པར་ཅན་འཛིན་པ་མ་ཡིན་ནོ། །དེས་ནི། གང་ཞིག་གང་ལ་སྒྲ་མི་འགོད་པ་དེ་ནི་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་བསྟན་པ་ཡིན་ནོ། །དེའི་འདི་ཞེས་བྱ་བ་ལ་སོགས་པས་
གཏན་ཚིགས་མ་གྲུབ་པར་འགོད་པར་བྱེད་དེ། དོན་དེའི་རྗོད་པར་བྱེད་པ་འདི་ཡིན་ནོ་ཞེས་འབྲེལ་བ་ཤེས་པར་བྱེད་པ་ན་འབྲེལ་པ་བྱེད་པའི་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་དེ་རྗོད་པར་བྱེད་པ་དང་། བརྗོད་པར་བྱ་བའི་མཚན་ཉིད་ཅན་གྱི་དངོས་པོའི་དོན་སྣང་བ་ནི་གང་ཡིན་པའི་དངོས་པོ་དེ་
དག་ཉིད་ནི་འབྲེལ་པ་ཡིན། བརྗོད་པར་བྱ་བ་འདིའི་རྗོད་པར་བྱེད་པ་འདི་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །འཆད་པ་པོ་དང་ཉན་པ་པོའི་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་དག་ལ་སྣང་བའི་སྒྲའི་དོན་མཐོང་བའི་རྣམ་པར་ཤེས་པ་ལ་སྣང་བའམ་དེ་དག་ལ་སྦྱོར་བ་མ་ཡིན་ནོ། །ཅིའི་ཕྱིར་དབང་པོའི་
ཤེས་པ་ཉིད་ལ་འབྲེལ་པ་མི་བྱེད་ཅེ་ན་དེ་ནི་དཔྱོད་པར་བྱེད་པ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར་རོ། །དཔྱོད་པར་བྱེད་པ་མེད་པར་ནི་འབྲེལ་བ་རྟོགས་པ་མེད་པའི་ཕྱིར་རོ། །དབང་བའི་ཤེས་པ་ནི་སོ་སོར་ངེས་པའི་ཡུལ་ཅན་ཉིད་ཡིན་པས་ན་དེས་གཟུང་བར་བྱ་བའི་སྒྲའི་དོན་དག་ལ་འབྲེལ་
པ་མ་ཡིན་ཏེ། དེ་དག་ལ་འབྲེལ་བར་ཤེས་པས་འཛིན་པ་མེད་པར་ཕྱིར་རོ། །ཡུལ་དུ་མ་བྱས་པ་ལ་འདིའི་འདི་ཞེས་བྱ་བ་སྦྱོར་བ་མི་རུང་བའི་ཕྱིར་རོ། །སྦྱོར་བ་ནི་གང་ངག་འདིའི་འདི་ཞེས་བྱ་བའི་འབྲེལ་བ་བྱེད་པའི་ཤེས་པ་ལ་སྣང་བ་མེད་པ་དེ་དག་ནི་ཤེས་པ་དེས་འབྲེལ་པ་བྱེད་པ་མ་
ཡིན་ཏེ། དཔེར་ན་བ་ལང་གི་སྒྲ་དང་དོན་དག་གི་འབྲེལ་པ་ཤེས་པ་ལ་རྟའི་སྒྲ་དང་དོན་དག་མི་སྣང་བ་ཤེས་པ་དེས་འབྲེལ་པ་བྱེད་པ་མ་ཡིན་པ་ལྟ་བུའོ། །རང་གི་དབང་པོའི་ཤེས་པ་ལ་སྣང་བའི་སྒྲ་དང་དོན་གྱི་རང་བཞིན་དག་དེའི་འདི་ཞེས་བྱ་བའི་འབྲེལ་པ་བྱེད་པའི་ཡིད་ཀྱི་རྣམ་པར་ཤེས་

པ་ལ་སྣང་བ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པའོ། །གང་གི་ཕྱིར་དེ་ལྟར་ན་དོན་སྣང་བ་གང་ཡིན་པ་དེ་དག་ཉིད་ལ་འབྲེལ་པ་ཡིན་པ་དེའི་ཚེ། འབྲེལ་པའི་དུས་ན། དབང་པོའི་སྤྱོད་ཡུལ་མིན། གཟུགས་ལ་སོགས་པའི་མཚན་ཉིད་ཅན་གྱི་དོན་འབྲེལ་པ་བྱེད་པའི་ཡིད་ཀྱི་རྣམ་
པར་ཤེས་པ་ལ་སྣང་བ་མ་ཡིན་ནོ། །དེ་བས་ན་དེ་ལ་སྒྲ་སྦྱོར་བ་མ་ཡིན་པ་དེ་ལྟར་ན་བརྗོད་པ་དང་འབྲེལ་པ་མེད་པ་ཅན་གྱི་དབང་པོའི་ཤེས་པ་ཉིད་ཀྱིས་དོན་རྟོགས་པ་ཡིན་ནོ། །འབྲེལ་པ་བྱེད་པའི་ཤེས་པ་ལ་དབང་པོའི་སྤྱོད་ཡུལ་སྣང་བའི་ཕྱིར་འདིར་བརྡ་བྱེད་ཉིད་ཡིན་པ་དེ་ལྟར་ན་ཡང་
གཏན་ཚིགས་མ་གྲུབ་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དབང་པོའི་སྤྱོད་ཡུལ་གྱི་དོན་གསལ་བར་ནི་སྣང་བ་ཅན་འབྲེལ་པ་བྱེད་པའི་དུས་དེ་ཚེ་སྣང་བ་མེད་ཕྱིར་རོ། །རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ལ། རང་གི་མཚན་ཉིད་མི་གསལ་བར་སྣང་བ་མཐོང་བ་བཞིན་དུ་གསལ་བའི་ངོ་
བོར་སྣང་བ་མ་ཡིན་པ་དེ་ལྟར་ན་བརྡ་བྱེད་པ་མ་ཡིན་ནོ། །དེ་ལྟར་ན་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་མཐོང་བ་དང་ཐོས་པ་ལས་འདས་པ་ཡིན་ན་ཡང་། ཕྱིས་འགའ་ཞིག་ལས་ཉེ་བར་མཚོན་པས་འབྲེལ་པ་བྱེད་པ་ཉིད་ཡིན་ཏེ་དོན་ཉེ་བ་ལ་ཡང་སྒྲ་སྦྱོར་བ་དམིགས་ནས། དེ་ལ་སྔར་
བརྡ་མ་བྱས་པ་ཅན་རང་ཉིད་ཀྱིས་དཔྱད་ནས་འབྲེལ་པ་བྱེད་པའི་ཕྱིར་དང་། དབང་པོ་བྱ་བ་མེད་པ་ཅན་གྱི་ཡང་འབྲེལ་པ་འཛིན་པའི་ཕྱིར་དང་། དབང་པོའི་དོན་ལ་བརྡ་བྱེད་ན་ཕྱིས་ཀྱང་མཐོང་བ་བཞིན་དུ་སྒྲ་ལས་ཤེས་པར་ཐལ་བའི་ཕྱིར་རོ། །སྣང་བ་ཐ་དད་ན་ཡང་ཡུལ་གཅིག་
པ་ཅན་ཉིད་རིགས་པ་མ་ཡིན་ཏེ། འདི་ལྟར་ཤེས་སྣང་ཐ་དད་པའི་ཡང་། དངོས་རྣམས་ཁྱད་པར་མེད་པ་ཡིན། །སྣ་ཚོགས་པ་དང་གཅིག་ཉིད་དུ་རྣམ་པར་གཞག་པའི་རྒྱུ་གཞན་མེད་པའི་ཕྱིར་རོ། །གལ་ཏེ་མཐོང་བ་དང་མཉན་པ་ལས་འདས་པ་ལ་སོགས་པའི་དུས་ན་རང་
གི་མཚན་ཉིད་ལ་སྒྲ་འགོད་པར་ནི་མི་འགྱུར་མོད་ཀྱི། གང་གི་ཚེ་རྟོགས་པ་པོས་རྟོགས་པར་བྱ་བ་ལ་ཡུལ་ཉེ་བ་བསྟན་ནས་དེ་རྗོད་པར་བྱེད་པའི་སྒྲ་སྦྱོར་བར་བྱེད་པ་དེའི་ཚེ། འཆད་པ་པོ་དང་ཉན་པ་པོའི་རྣམ་པར་ཤེས་པའི་ཡུལ་བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པའི་ངོ་བོ་གཉི་ག་

ཡང་རང་གི་མཚན་ཉིད་ཡིན་པ་དེ་ལྟར་ན། དེའི་ཚེ་རང་གི་མཚན་ཉིད་ལ་སྒྲ་འགོད་པ་ཡོད་པ་ཡིན་ནོ་ཞེ་ན། དེ་ནི་དེ་མ་ཡིན་ཏེ། འདི་ལྟར་མིག་གི་དོན་སྣང་བ་ལ་ཡང་། མིག་དང་རྣ་བའི་དབང་པོ་དག་རང་གི་ཡུལ་འཛིན་པ་ལ་བརྡ་བྱེད་པ་ཡིན་ན་ཡང་གཞན་ཤེས་པར་བྱེད་
པས་སྒྲ་འདིའི་བརྗོད་པར་བྱ་བ་འདི་ཡིན་ནོ་ཞེས་བརྗོད་པ་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ལ་སྣང་བའི་དོན་གང་ཡིན་པའི་དོན་དེ་ཉིད་སྒྲའི་སྦྱོར་བྱེད་ཀྱི། སྟོན་པར་བྱེད་པ་དེས་ཐ་སྙད་ཀྱི་དོན་དུ་ཡིན་གྱི། དབང་པོའི་སྤྱོད་ཡུལ་མ་ཡིན་ཏེ། གཟུགས་ལ་སོགས་པའི་དོན་ཏོ། །ཅིའི་ཕྱིར་
ཞེ་ན། དབང་པོ་བྱ་བ་མེད་པ་ཅན་བསྟན་པར་བྱ་བ་མིག་འཛུམས་པ་ཅན་ནོ། །གཞན་ངག་ཙམ་གྱིས་རྟོགས་པར་བྱེད་པ་པོའི་ཚིག་ཙམ་གྱིས་སྣང་མེད་ཕྱིར། མཐོང་བ་བཞིན་དུ་སྒྲ་ལས་བྱུང་བའི་ཤེས་པ་ལ་སྣང་བ་མེད་པའི་རྒྱུའི་ཕྱིར་རོ། །གལ་ཏེ་དབང་པོའི་དོན་ལ་སྒྲ་སྦྱོར་བར་འགྱུར་ན།
སྒྲ་ལས་བྱུང་བ་ལ་ཡང་མཐོང་བ་བཞིན་དུ་སྣང་བར་འགྱུར་རོ། །གལ་ཏེ་ཡང་དབང་པོའི་ཡུལ་ལ་སྒྲས་བརྡར་བྱས་པ་མ་ཡིན་པ་དེ་ལྟར་ན་ཡང་། སྒྲ་དང་འདྲེས་པ་དེ་དག་དབང་པོའི་ཤེས་པས་གཟུང་བར་འགྱུར་རོ་ཞེས་བྱ་བའི་རྟོག་པ་ཡང་ལེགས་པ་མ་ཡིན་ནོ། །དེ་ལྟར་ན་འབྲེལ་པ་
མ་བྱས་པ་ཅན་དུ་ཡང་བྱས་པ་མིན། གང་ལ་སྒྲས་བརྡར་མ་བྱས་པ་ཅན་དེ་ནི་དོན་དེ་ཤེས་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །སྦྱོར་བ་ཡང་གང་ཞིག་གང་དང་ལྷན་ཅིག་འབྲེལ་པ་ཅན་དུ་བྱས་པ་མ་ཡིན་པ་དེ་ནི། དོན་དེ་ཤེས་པར་བྱེད་པ་མ་ཡིན་ཏེ། དཔེར་ན་བ་ལང་གི་སྒྲ་རྟ་
དང་ལྷན་ཅིག་འབྲེལ་པ་མ་བྱས་པ་ཅན་ཡིན་པ་ལྟ་བུའོ། །དབང་པོའི་དོན་ཡང་སྒྲ་ཐམས་ཅད་འབྲེལ་པ་ཅན་དུ་བྱས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །ཅི་སྟེ་ཡང་བརྡར་མ་བྱས་པ་ཅན་ཡང་ཤེས་པར་བྱེད་པ་ཡིན་པ་དེའི་ཚེ། བདག་ཉིད་ཤེས་པར་ཐལ་ཕྱིར་རོ། །
བརྡ་ལ་ལྟོས་པ་མེད་པས་ཀྱང་མིང་གིས་ཉེ་བར་གཞག་པའི་དོན་འཛིན་པར་འགྱུར་ན། འཛིན་པ་མ་ཡིན་པ་དེའི་ཕྱིར་དོན་བརྡར་མ་བྱས་པ་སྒྲས་ཤེས་པར་མི་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། དབང་པོའི་སྒོར་རྗེས་སུ་འབྲང་བའི་ངང་ཚུལ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་གང་

བདེ་བརྗོད་པ་དང་འདྲེ་བ་སྦྲུལ་སྦྲུལ་ཞེས་སྦྱོར་བར་བྱེད་པ་དང་། མཐོང་བར་བྱེད་པ་རྒྱུན་འབྱུང་བས་འཇུག་པ་དེ་རྣམ་པར་རྟོག་པ་ཡིན་ན་ཡང་རྟོག་པ་མེད་པའི་ཤེས་པ་བཞིན་དུ་མངོན་སུམ་ཉིད་དུ་འདོད་དོ། །དེ་ལྟར་མ་ཡིན་ན་མཐོང་བ་རྣམ་པར་ཆད་པར་འགྱུར་བ་དང་། རྣམ་པར་
རྟོག་པ་རྣམ་པར་ཆད་པར་འགྱུར་ཏེ། རྣམ་པར་རྟོག་པ་ཡིན་པས་ན། །མཐོང་བ་མ་ཡིན་པའི་ཕྱིར་དང་། མཐོང་བ་ཡིན་པས་རྣམ་པར་རྟོག་པ་མ་ཡིན་པའི་ཕྱིར་དང་དེ་གཉིས་ལྷན་ཅིག་མི་འཇུག་པའི་ཕྱིར་རོ། །མཐོང་བ་དང་རྣམ་པར་རྟོག་པ་འདི་ལ་རྣམ་པར་མ་ཆད་པ་ཡང་ཡོད་པ་མ་ཡིན་
ནོ། །དེའི་ཕྱིར་མཐོང་བ་ཉིད་རྣམ་པར་རྟོག་པ་ཡིན་ནོ་ཞེ་ན། སྐྱོན་དེ་ཡོད་པ་མ་ཡིན་ཏེ། འདི་ལྟར་རྣམ་པར་རྟོག་པ་དང་བཅས་པ་དང་རྣམ་པར་རྟོག་པ་མེད་པའི་རྣམ་པར་ཤེས་པ་དག་ཅིག་ཅར་འཇུག་པར་འགྱུར་ཏེ། རྟོག་བཅས་རྟོག་པ་མེད་པའི་ཡིད། །ཡིད་ཀྱི་རྣམ་པར་ཤེས་པ་དེ་
དག་ནི་ཅིག་ཅར་དུ་ནི་འཇུག་ཕྱིར་རམ། རྒྱུའི་ཕྱིར་རྟོགས་པ་པོ་རྨོངས་པ་དག་སྣང་བ་ཐ་དད་པས་རྣམ་པར་རྟོག་པ་དང་བཅས་པ་དང་། རྣམ་པར་རྟོག་པ་མེད་པའི་རང་བཞིན་ཐ་དད་དེ་ཟིན་ཀྱང་དེ་མ་མཐོང་བར་དེ་དག་ལ་ནི་གཅིག་ཏུ་ཞེན་པ་དེ་ནི་རྣམ་པར་ཤེས་པ་ཅིག་ཅར་འཇུག་པར་ཁས་
ལེན་པ་ལ་བརྟེན་ནས་བཤད་པ་ཡིན་ནོ། །འཇུག་པ་མྱུར་ཕྱིར་རྣམ་པར་རྟོག་པ་དང་མཐོང་བ་དག་གོ་རིམས་བཞིན་དུ་འབྱུང་བའི་ངང་ཚུལ་ཅན་ཡིན་ན་ཡང་འཇུག་པ་མྱུར་བའི་ཕྱིར་དེ་དག་རྣམ་པར་ཆད་པ་མེད་པར་འཁྲུལ་པས་གཅིག་ཏུ་ཞེན་པར་འགྱུར་རོ། །དོན་དམ་པར་ཁོ་བོ་ཅག་ལན་འདི་
འདོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཁོ་བོ་འདི་ལ་མགུ་བ་མི་རྟེན་པས་ཕྱིས་རྣམ་པར་ཤེས་པ་ཅིག་ཅར་འཇུག་པ་སྟོན་པར་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་རྣམ་རྟོག་ཆོད་པ་ཡིན། །མཐོང་བ་རྒྱུན་འཆད་འགྱུར་ཞེ་ན། །གལ་ཏེ་སྔར་བརྗོད་པ་དང་འདྲེ་བ་ཅན་མ་ཡིན་པའི་
མཐོང་བ་དང་། ཕྱིས་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་དང་ཡང་མཐོང་བ་དང་། ཡང་རྣམ་པར་རྟོག་པ་ཞེས་བྱ་བ་དེ་ལྟ་བུའི་གོ་རིམས་ཡོད་པ་མ་ཡིན་པ་ན་གང་གི་ཚེ་རྣམ་པར་རྟོག་པ་ཡིན་པ་དེའི་ཚེ། མཐོང་བ་མ་ཡིན་ཞིང་གང་གི་ཚེ་འདི་ཡིན་པ་དེའི་ཚེ་རྣམ་པར་རྟོག་པ་མ་ཡིན་པ་དེ་

ལྟར་ན། རྣམ་པར་རྟོག་པས་ཆོད་པའི་རྒྱུ་ཡིས་མཐོང་བ་རྒྱུན་ཆད་པ་སྟེ། བར་དང་བཅས་པར་འགྱུར་གྱི། རྒྱུན་གྱིས་འབྱུང་བ་མ་ཡིན་ན། འགྱུར་བ་ཡང་མ་ཡིན་པ་དེའི་ཕྱིར་རྣམ་པར་རྟོག་པའི་ཤེས་པ་ཁོ་ན་དོན་འཛིན་པའི་མངོན་སུམ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་ན་དེ་
གཞན་གྱི་སྟེ་རྣམ་པར་རྟོག་པ་མངོན་སུམ་ཡིན་པར་སྨྲ་བ་གཞན་གྱི་ཡང་བ་ལང་ལ་སོགས་པ་ཐག་ཉེ་བའི་ཡུལ་ལ་མངོན་སུམ་དུ་འཇུག་པ་ན། རིགས་ནི་ཐ་དད་པའི་རྣམ་པར་རྟོག་པ་མངོན་སུམ་དུ་ཕྱོགས་པར་འགྱུར་བ་ན། དོན་འདི་བརྗོད་པར་བྱ་བ་མ་ཡིན་པའི་ངོ་བོ་དང་རྗེས་སུ་འབྲེལ་
པའི་རྣམ་པ་གཞན་མངོན་སུམ་དུ་འགྱུར་བ་ཡོད་ན། ད་ལྟར་གྱི་ཡུལ་འཛིན་པའི་ངང་ཚུལ་ཅན་གྱི་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་མངོན་སུམ་ཉིད་དུ་འདོད་པ་དེ་ཇི་ལྟར་མིན་ཆོད་པ་མ་ཡིན་པའམ་ཆོད་ན་ཡང་ཇི་ལྟར་མཐོང་བ་རྣམ་པར་འཆད་པ་མ་ཡིན་པར་འགྱུར། གཞན་གྱིས་ཀྱང་
འདི་ལ་ལན་བཏབ་པར་བྱས་པ་ཡིན་པ་སྟེ་དེ་ལྟར་ན་སྐྱོན་འདི་ནི་མ་བཀོད་པ་ཉིད་མཛེས་པ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་མགལ་མེ་མཐོང་བ་བཞིན། །དངོས་ཕྱོགས་སྟོབས་དང་ལྡན་འདོད་ན། །གལ་ཏེ་ཡང་རིགས་མི་མཐུན་པའི་རྣམ་པར་རྟོག་པ་ཉེ་བའི་དུས་ན་མཐོང་བ་མེད་
པ་དེ་ལྟ་ན་ཡང་མཐོང་བ་རྣམ་པར་ཆད་པར་འགྱུར་བ་མ་ཡིན་ཏེ། མཐོང་བ་གཞན་སྐྱེ་བ་ཤིན་ཏུ་མྱུར་བར་འཇུག་པས་དེ་སྟོང་པའི་དུས་ན་ཡང་། མཚམས་སྦྱོར་བར་འགྱུར་བ་ཉིད་ཡིན་པའི་ཕྱིར་རོ། །མཐོང་བ་ཉིད་སྟོབས་དང་ལྡན་པའི་བར་དུ་ཞུགས་པ་དེ་གཉིས་ཀྱིས་གནོད་པ་བྱས་པ་
མཐོང་བ་མེད་པ་སྟོབས་མེད་པ་དེའི་མཚམས་སྦྱོར་བའི་བར་ཆད་བྱེད་པའམ། མཐོང་བ་ལ་གནོད་པའི་ཕྱིར་ནུས་པ་ཡོད་པ་མ་ཡིན་ཏེ། མགལ་མེའི་འཁོར་ལོ་མཐོང་བ་བཞིན་ནོ། །དཔེར་ན་མགལ་མེའི་འཁོར་ལོའི་ཆས་ཡུལ་སྔ་མ་སྔ་མ་སྤང་ཞིང་། ཡུལ་ཕྱི་མ་ཕྱི་མར་འཇུག་
པ་ཅན་གྱིས་འཁོར་ལོར་སྣང་བ་ཅན་གྱི་ཡུལ་མ་ལུས་པ་ལ་ཁྱབ་པར་བྱེད་པ་མ་ཡིན་པ་དེ་ལྟར་ན་དེ་ཉིད་ལ་ཡུལ་རྣམ་པར་ངེས་པར་སྣང་བ་ཅན་ཉིད་ཀྱིས་མཐོང་བར་འགྱུར་རོ། །འོན་ཀྱང་འཁོར་ལོར་སྣང་བའི་མཐོང་བ་ཡིན་ནོ་ཞེས་མཚམས་སྦྱོར་བའི་ཕྱིར་འཁོར་ལོ་མཐོང་ངོ་སྙམ་

པའི་བློ་འབྱུང་བ་དེ་དང་འདྲ་བར་འདིར་ཡང་ཞེས་བྱ་བ་ནི་གཞན་གྱི་ཡིན་ནོ། །དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་འགའ་ཞིག་གི་ཚེ་མ་མཐོང་བས་ཀྱང་གནོད་པ་ཉིད་ཡིན་ཏེ། དཔེར་ན་དོན་མཐོང་བ་ངེས་པར་མ་བྱས་པ་ཕྱིས་དམིགས་པར་གྱུར་པ་ན་ཁོ་བོས་མ་མཐོང་ངོ་ཞེས་ཞེན་པར་བྱེད་པ་
ལྟ་བུའོ། །དེ་བས་ན་དངོས་པོའི་ས་ཕྱོགས་སྟོབས་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་ངེས་པ་མ་ཡིན་ནོ། །མགལ་མེ་མཐོང་བ་ཡང་སྐབས་སུ་བབ་པའི་ཐེ་ཚོམ་ཟ་བ་སེལ་བར་བྱེད་པའི་ངང་ཚུལ་ཅན་མ་ཡིན་ཏེ། འདི་ལ་ཡང་ཅི་དབང་པོ་ཉམས་པར་བྱས་པ་ལས་དོན་གྱིས་སྟོང་པ་རྣམ་
པར་བསླད་པ་འཁོར་ལོར་སྣང་བའི་མཐོང་བ་འདི་འཇུག་པར་འགྱུར་རམ། འོན་ཏེ་མཐོང་བ་འཇུག་པར་འགྱུར་བར་མཚམས་སྦྱོར་བའི་ཕྱིར་ཞེས་ཐེ་ཚོམ་ཟ་བའི་ཕྱིར་རོ། །གཞན་ཡང་མཚམས་སྦྱོར་བ་ཡང་མཐོང་བ་ལས་མ་ཡིན་གྱི། འོན་ཀྱང་དྲན་པ་ལས་ནི་ཡིན་ནོ། །འདི་ཡང་ཡུལ་དུ་
བྱས་པ་ལས་མཚམས་སྦྱོར་བར་བྱེད་པ་ཡིན་གྱི། འདིའི་ཡུལ་གང་ཡིན་པ་དེ་གསལ་བ་ནི་མ་ཡིན་ཏེ། མཐོང་བའི་ཡུལ་བཞིན་ནོ། །དེས་ན་དྲན་པའི་ཡུལ་དང་མཐོང་བའི་ཡུལ་མཚམས་སྦྱོར་བར་བྱེད་པའི་ཕྱིར་འཁོར་ལོར་སྣང་བ་ཡོངས་སུ་གསལ་བར་འགྱུར་བ་མ་ཡིན་ཏེ་དེ་དག་ནི་རྣམ་
པ་ཐ་དད་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །མགལ་མེའི་འཁོར་ལོ་སྣང་བ་གསལ་བ་གཅིག་པོ་འདི་མཐོང་བ་ཡང་ཡིན་ནོ། །དེས་ན་མཚམས་སྦྱོར་བར་བྱེད་པའི་ཕྱིར། རྒྱུན་མི་འཆད་པར་འཛིན་པའི་རིགས་པ་ཡིན་ནོ་ཞེས་བྱ་བ་ཡང་ལན་ཉིད་མ་ཡིན་ནོ། །མཐོང་བ་ཉིད་ཀྱང་མཚམས་སྦྱོར་བར་
བྱེད་པ་མ་ཡིན་ཏེ། དེ་ནི་འདས་པའི་ཡུལ་གྱི་རྣམ་པ་འཛིན་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཡང་ཁས་བླངས་ནས་བརྗོད་པར་བྱ་སྟེ། དེ་གཞན་ལ་ཡང་མཚུངས་པ་ཡིན། རིགས་ཐ་དད་པའི་རྣམ་པར་རྟོག་པས་ཆོད་པའི་ཕྱིར་གཞན་གྱིས་ཀྱང་ལན་གདབ་པའི་ཕྱིར་ཇི་ལྟར་མཐོང་བ་
རྣམ་པར་ཆད་པར་ཐོབ་པར་མི་འགྱུར་ཞེ་ན། འཇུག་པ་མྱུར་བ་ལ་སོགས་པས་ལན་དུ་བརྒལ་བ་གང་ཡིན་པ་དེ་དང་དེ་ནི་ཁོ་བོའི་ཕྱོགས་ལ་རྣམ་པར་རྟོག་པ་དང་། མཐོང་བ་དག་ལ་རིམ་བཞིན་དུ་འབྱུང་བ་ཡོད་ན་ཡང་རྣམ་པར་ཆོད་པ་ཅན་མ་ཡིན་པའི་མཐོང་བ་དང་ཞེན་པ་རབ་ཏུ་བསྒྲུབ་

པའི་ཕྱིར། གཞུང་བཙུགས་པ་ཉིད་ཡིན་ནོ། །ཡི་གེ་ཅིག་ཅར་ཐོས་པ་ཡིན། །གལ་ཏེ་མྱུར་བར་འཇུག་པའི་ཕྱིར་རྣམ་པར་ཆད་པ་མེད་པར་མགལ་མེའི་འཁོར་ལོ་ལ་སོགས་པ་ལ་མཐོང་བ་ལ་མཚམས་སྦྱོར་བ་དེའི་ཚེ། མཚོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་ཡི་གེ་དག་གི་
འཇུག་པ་ཆེས་ཤིན་ཏུ་མྱུར་བ་དེ་ལྟར་ན། གོ་རིམས་མེད་པར་འཛིན་པར་འགྱུར་རོ། །དེ་ལྟར་ན་གོ་རིམས་ཐ་དད་པ་ལས་མཉན་པ་ཐ་དད་པར་མི་འགྱུར་ཏེ། དཔེར་ན་མཚོ་དང་རོ་ཞེས་བྱ་བ་ལྟ་བུའོ། །དེ་བཞིན་དུ་མྱུར་དུ་མཐོང་བ་འཇུག་པ་དང་། ཆུའི་ཐིགས་པ་འཐིག་པ་ལ་སོགས་པའི་སྔོན་
པོ་དག་ལ་ཡང་འཇིག་པ་མྱུར་བའི་ཕྱིར་གཅིག་ཏུ་འཛིན་པའི་ཞེན་པར་འགྱུར་ཏེ། མགལ་མེའི་འཁོར་ལོ་མཐོང་བ་བཞིན་ནོ། །གཞན་ཡང་འདིར་ཏེ་རྣམ་པར་ཤེས་པ་ཅིག་ཅར་མི་སྐྱེ་བའི་ཕྱོགས་ལའོ། །དབང་རྣམས་ཏེ་མིག་ལ་སོགས་པ་ནས་ཡིད་ལ་ཐུག་པའི་དྲུག་པོ་རྣམས་སོ། །ཡོད་ན་
ཡང་སྟེ་ཡོད་པར་གྱུར་ནའོ། །དབང་པོ་རྣམས་ཅི་འདྲ་བ་ཞིག་ཅེ་ན། དོན་ཀུན་དང་ནི་ཅིག་ཅར་ནི། །འདུས་ཅན་ཏེ་ཅིག་ཅར་སྤྱོད་ཡུལ་དུ་གྱུར་པའི་རང་གི་ཡུལ་ཅན་རྣམས་སོ། །དེ་ཡང་ཡིད་ཀྱི་དབང་པོ་ལ་བརྗོད་པ་མ་ཡིན་ཏེ། དེ་ནི་ད་ལྟར་གྱི་ཡུལ་ཅན་ཉིད་མ་ཡིན་པའི་ཕྱིར་རོ། །དེ་དེ་ལྟར་
ན་གང་གི་ཚེ་གླིང་བུ་ལ་སོགས་པ་སིལ་སྙན་གྱི་ངོ་བོ་མཐོང་བ་ན་དེ་ཉིད་ལས་སྒྲ་ཐོས་པ་དང་། ཨུཏྤ་ལ་སྔོན་པོ་ལ་སོགས་པའི་དྲི་བསྣམས་པ་ན་ག་པུར་ལ་སོགས་པའི་རོ་མྱང་བ་དང་། སྟན་ལ་སོགས་པ་ལ་རེག་ན་རེག་བྱ་མྱོང་ཞིང་ཅུང་ཞིག་སེམས་པར་བྱེད་པ་ཐམས་ཅད་རྣམ་པ་མེད་པ་ཉིད་དུ་
དམིགས་པ་ཡིན་ནོ། །དེ་ལྟར་ན་དབང་པོ་བྱ་བ་བྱེད་པ་ཡོད་ན་ཡང་རྣམ་པར་ཤེས་པ་ལྔ་པོ་རྣམས་ཀྱིས་ཆོད་ན་ཡོང་ངོ་། །གང་གི་ཚེ་གོ་རིམས་བཞིན་དུ་འབྱུང་བའི་ངང་ཚུལ་ཅན་ལས་རྣམ་པར་ཤེས་པ་རེ་རེ་རྣམ་པར་ཆད་པ་མེད་པ་བཞིན་དུ་སྣང་བ་དེའི་ཚེ་རྣམ་པར་ཤེས་པ་གཞན་འཇུག་པ་མེད་
ན། ཇི་ལྟར་ཡི་གེ་དག་ཅིག་ཅར་ཐོས་པར་མི་འགྱུར་ཞེ་ན། ཆོད་མེད་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཤེས་པ་ལྔ་ཐ་དད་པས་ཆོད་པ་ཡིན་ཡང་། ཆོད་མེད་བཞིན་དུ་སྣང་བའི་བློ། །གང་དེ་ཤེས་པ་རིགས་མི་མཐུན་པས་ཆོད་པ་ཡོད་ན། རོ་དང་མཚོ་ཞེས་བྱ་བ་ལ་

སོགས་པ་ཡི་གེ་མིང་གི་མཐར་ཐུག་པའི་ཡི་གེ་འཛིན་པ་དེ་ལ་དམིགས་པ་ཅན་གྱི་ཤེས་པའི་སྐད་ཅིག་ཡི་གེ་སྔ་མ་རྣམས་ཤེས་པ་དང་ལྷན་ཅིག་འདྲེས་ཕྱིར་ཡང་ཡི་གེ་འཛིན་པའི་བདག་ཉིད་ཅན་གཅིག་ཏུ་འདྲེས་པར་གྱུར་པ་ནི་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ཆོད་པར་སྣང་བ་སྟེ།
ཡི་གེ་རེ་རེ་སྣ་ཚོགས་པའི་ངོ་བོ་འཛིན་པའི་ངོ་བོ་ཅན་རྣམ་པར་ཆོད་པར་འགྱུར་རོ་ཞེ་ན། དེ་ཡང་ངོ་མཚར་སྐད་ཅིག་མ་འཛིན་པ་ལ་སྡོད་པ་ཡོད་པ་མ་ཡིན་པས་ན། མ་ཆོད་པ་ཉིད་སྒྲུབ་པར་བྱེད་དོ། །དེས་ན་འདིར་ཡང་ཡི་གེའི་ཡན་ལག་གི་རྣམ་པ་གཅིག་ཏུ་གྱུར་པ་ཅན་མཐོང་བ་རྣམ་པར་མཆོད་པར་འགྱུར་
ན། འགྱུར་བ་ཡང་མ་ཡིན་ནོ། །དེ་ཕྱིར་བློ་ནི་ཅིག་ཅར་འགྱུར། །རྐྱེན་ཇི་ལྟ་བ་བཞིན་རྣམ་པར་ཤེས་པ་ཅིག་ཅར་སྐྱེ་བར་འགྱུར་རོ། །དེ་ལྟར་སྐྱོན་འདི་ཡོད་པ་མ་ཡིན་ཏེ། རྣམ་པར་རྟོག་པས་མཐོང་བ་ལ་ཆོད་པ་མེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་སྣང་བ་ལ་ཡང་ཁྱད་མེད་